༄༅།།ཚེ་རིང་རྣམ་རྒྱལ་གྱི་སྒྲུང་རྩོམ《མཛེས་མའི་ལུང་བ》།
རྩོམ་པ་པོ།:ཚེ་རིང་རྣམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-31 10:53:41
ཀློག་གྲངས།:
མཛེས་མའི་ལུང་བ།
ཚེ་རིང་རྣམ་རྒྱལ།(སྒྲུང་གཏམ།)
མཛེས་མའི་ལུང་བ་རུ་དེང་རབས་བོད་པའི་རིག་གནས་ཀྱི་ས་བོན་འབུས་ཀྱིན་ཡོད་ལ་མཛེས་མའི་ལུང་བ་རུ་གནའ་བོའི་བོད་ཀྱི་སྒྱུ་རྩལ་གྱི་རིན་ཐང་བརྡར་གྱིན་ཡོད།ཚེ་རིང་རྣམ་རྒྱལ།(སྒྲུང་གཏམ།)
དོན་དག་ག་གེ་མོ་ཞིག་གི་ཆེད་དུ་ངས་སློབ་གྲྭའི་མགོ་ཁྲིད་ལ་ཆེད་དུ་གནང་བ་ཞུས་ཏེ་མདོ་སྨད་དུ་མིང་དུ་གྲགས་པའི་མཛེས་མའི་ལུང་བར་ཐེངས་གཅིག་འགྲོ་དགོས་བྱུང་། སྤྱིར་ན་ང་རང་མཛེས་མའི་ལུང་བར་འགྲོ་དོན་ནི་རང་དོན་ཁོ་ནའི་ཕྱིར་དུ་ཡིན་ན་ཡང་། བསམ་ཡུལ་ལས་འདས་པ་ཞིག་ལ་མཛེས་མའི་ལུང་བར་ཐོན་པ་ན་ངས་ རང་དོན་བརྗེད་དེ་གཞན་དོན་མིན་པའི་སྤྱི་དོན་ཙམ་ཞིག་སྒྲུབ་དགོས་སོང་། དེ་ནི་ང་རང་མཛེས་མའི་ལུང་བའི་ མཛེས་མ་དག་གིས་ཆ་རྒྱུས་མེད་ཅིང་སྤྱོད་ལུགས་རྫབ་རྫོབ་ཡིན་པའི་ཐག་རིང་གི་མགྲོན་པོ་ང་ལ་བསམ་གཟས་ཏེ་བཀོད་སྒྲིག་བྱས་པ་དང་གཅིག་འདྲ་རེད། ང་རང་མཛེས་མའི་ལུང་བར་ཐོན་པའི་དགོང་མོ་དེར་ངས་གཉེན་ཉེ་ཚང་གི་ལྷག་བསམ་རྣམ་དག་གི་སྣེ་ལེན་ལོངས་སུ་སྤྱོད་ཀྱིན་པའི་སྐབས་སུ་ཁོ་ཚང་ལ་གློ་བུར་དུ་ལོ་ན་ཅུང་གཞོན་པའི་བུད་མེད་ཅིག་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁྱིམ་དུ་འཛུལ་བྱུང་བས་ངའི་གཉེན་ཉེ་ཚང་གི་མི་ཚང་མས་ང་དང་མཉམ་དུ་སེམས་ལྷོད་ལྷོད་སྒོས་དགོང་ཟས་ཟ་མཚམས་བཞག་སྟེ་ཁ་རོག་གེར་སྐྱེས་གཟུགས་དང་མོ་སྒོ་སོགས་གང་གི་ཐད་ནས་ང་དང་བསྡུར་ན་མཛེས་མར་བརྩིས་ཆོག་པའི་བུད་མེད་དེ་གདོང་ལ་བལྟས་ཏེ་ངག་ནས་དོན་དག་གང་བཤད་ལ་ངང་སྒུག་བྱས་འདུག་པས་ངས་ཀྱང་ལག་གི་དཀར་ཡོལ་མདུན་ཅོག་སྟེང་དུ་བཞག་སྟེ་གཉེན་མི་ཚོ་དང་ཆབས་ཅིག་ཏུ་མོའི་གདོང་ལ་ལྟ་དགོས་སོང་། མོ་རང་ངའི་ཁ་གཏད་དུ་ཡོད་པའི་རྐུབ་སྟེགས་ཆུང་ངུ་དེའི་སྟེང་དུ་འདུག་ཞོར་དུ་མགོ་ལ་དཀྲིས་ཡོད་པའི་ཁ་དོག་དཀར་བོའི་མགོ་དཀྲིས་གྲོལ་བ་ན་ད་གཟོད་མོའི་གདོང་གི་མཛེས་ཉམས་མ་ལུས་ཝ་ལེར་ངའི་མིག་གི་མཐོང་ལམ་དུ་མངོན་བྱུང་བས་ངས་ད་སྔ་ཁོ་མོར་བཀོད་པའི་སྡོམ་ཚིག་དེ་ནོར་སོང་བ་གཞི་ནས་རྟོགས་སོང་། ཡིད་ལ་ཡང་མ་དྲན་པ་ཞིག་ལ་ལྷིང་འཇགས་ཀྱི་རི་གྲོང་ཆུང་ངུ་འདི་ལྟ་བུ་ཞིག་ཏུ་ཡང་འདི་འདྲ་བའི་མཛེས་མ་ཞིག་ཡོད་པ་རེད་ཨང་སྙམ་པའི་སོམ་ཉིའི་ཀློང་དུ་ཞུགས་པའི་ང་རང་རེ་ཞིག་ལ་གྲགས་མེད་འགུལ་མེད་སྒོས་ཁོ་མོའི་གདོང་གི་རྣམ་རིག་རྒོད་པའི་མིག་ཟུང་། དཀར་ཞིང་དམར་བའི་མཁུར་རིས། ཐང་དཀར་གྱི་གཤོག་རྩལ་བརྐྱངས་འདྲའི་སྨིན་མ་དང་ནག་ཅིང་སྣུམ་པའི་སྐྲ་ལོ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་ཧ་ལས་དགོས་སོང་། དེ་ནི་ང་རང་ཡུན་རིང་ཞིག་ལ་སོས་དལ་བག་ཕབ་ཀྱི་སྒོ་ནས་བུད་མེད་མཛེས་མ་ཞིག་གི་གདོང་ལ་གི་ཁྱད་ཆོས་རོལ་མྱོང་བྱེད་པའི་གོ་སྐབས་ཤོར་བའི་དབང་གིས་ཡིན་ནམ། ཡང་ན་བྲེལ་ཟིང་གི་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་འདི་ལྟ་བུའི་ཟོལ་བཅོས་བྲལ་བའི་བུད་མེད་ཡག་མ་ཞིག་མེད་པ་ཡིན་ནམ། གང་ལྟར་ཆ་རྒྱུས་མེད་པའི་བུད་མེད་འདིས་ངའི་སེམས་ལ་བཞག་བྱུང་བ་ནི་མཛེས་མ་ཞེས་པའི་མིང་དོན་དེ་ཁོ་ན་རེད་དོ། །
“ཨ་ཁུ་དོན་འགྲུབ་ཧྲུའུ་ཅི་ལགས། ངས་གོ་ཐོས་ལྟར་ན་མི་འགྱངས་བར་ཁུལ་ཐོག་ཏུ་བོད་པའི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་སྟོན་ཞིག་སྤེལ་རྒྱུ་ཡིན་ཟེར། དེ་བས་ཁྱོས་འུ་ཚོའི་སྡེ་བའི་ནང་གི་གསར་མོ་དག་ད་ཐེངས་རྒྱན་གོས་འགྲེམ་སྟོན་དུ་ཞུགས་པར་རོགས་ཤིག་བྱེད་རོགས། དྲང་མོར་བཤད་ན་རང་སྡེ་ནང་གི་གསར་མོ་དག་ཀྱང་མི་རབས་ནས་མི་རབས་བར་གནས་ལ་སོང་ནས་ཁེམ་དང་འཇོར་གྱི་ལས་ཀ་ཁོ་ན་ལས་མི་འདོད་པར་རང་རང་གི་རྩལ་དང་ནུས་པར་བརྟེན་ནས་བོད་པའི་རྒྱན་གོས་དང་གཙགས་དྲུབ། ཞབས་བྲོ་དང་རོལ་མོ། རི་མོ་སོགས་ཀྱི་ཆ་ལ་འབད་པ་བྱས་ཏེ་ཚོང་ལས་ཀྱི་ཕྱོགས་སུ་བསྐྱོད་འདོད་ཡོད་པ་མ་ཟད། ད་དུང་མི་རིགས་རང་གི་ཐོན་རྫས་ཙག་ཙིག་སོགས་འདོན་སྤེལ་བྱས་ཏེ་འཚོ་བའི་ལག་འབབ་སོགས་གང་ཐད་ནས་དུས་དང་མཐུན་པའི་སྒོ་ནས་ཇེ་ལེགས་སུ་གཏོང་འདོད་ཡོད་པ་ཡིན། དོན་དག་འདིར་ཧྲུའུ་ཅི་ལགས་ཀྱིས་རོགས་ཤིག་བྱེད་དགོས། ”
ངས་གང་ཡིན་འདི་ཡིན་གྱི་དམིགས་ཡུལ་མེད་པར་མོའི་གདོང་ལ་ཧད་དེ་སྡོད་བཞིན་པའི་སྐབས་སུ་བུད་མེད་དེས་དེ་ལྟར་བཤད་ཀྱིན་ངའི་གཉེན་ཉེ་རྒན་པོའི་གདོང་ལ་རེ་བའི་མིག་གིས་གཡོ་མེད་དུ་བལྟས་འདུག མ་གཞི་མོས་ཨ་ཁུ་དོན་འགྲུབ་ཞེས་པ་ནི་མཛེས་མའི་ལུང་བའི་ཧྲུའུ་ཅིར་འབོད་པའི་ངའི་གཉེན་ཉེ་རྒན་པོ་ཁོ་རང་ཡིན་ལ་ལུང་བ་འདིའི་མི་རྣམས་ཀྱིས་དོན་དག་ཆེ་མ་ཆུང་གསུམ་གང་ཡོད་སྒྲུབ་པར་ཁོ་ལ་སྐྱབས་བཅོལ་བྱེད་པ་ནི་ཁོས་གཞན་དོན་དེ་རང་དོན་གྱི་ཚུལ་དུ་བཞག་སྟེ་ནུས་པ་གང་ཡོད་ཀྱིས་སྒྲུབ་ཀྱིན་ཡོད་པའི་དབང་གིས་ཡིན་ནམ་སྙམ་བཞིན་ངས་ཀྱང་བུད་མེད་དེའི་མིག་ཟུང་དང་མཉམ་དུ་ཨ་ཁུ་དོན་འགྲུབ་ཀྱི་གདོང་ལ་ཞིབ་ལྟ་བྱེད་དགོས་སོང་། ཆབ་དཔལ་རིག་གསུམ་དར་རྒྱས་ཆེན་པོ་མེད་ཅིང་ཕྱི་ཕྱོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་གོམས་ལོབས་ཆེར་མེད་པར་མི་རབས་ནས་མི་རབས་བར་རི་གྲོང་དུ་འཚོ་བ་རོལ་གྱིན་ཡོད་པའི་མི་ཞིག་ལ་ཆ་མཚོན་ནས་བཤད་ན་རང་གི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་བྱེད་དགོས་ན་རང་སྡེ་ནང་དུ་ཀུན་གྱིས་ཁས་ལེན་བྱེད་པའི་ལོ་ལོན་རྒན་པ་ཚོས་ཅི་བཤད་དང་དུ་ལེན་དགོས་པ་ནི་མི་རིགས་འདིའི་སྙོམས་སུ་མེད་པའི་ཆོས་ཉིད་ཅིག་ཏུ་གྱུར་ཡོད་པས་བུད་མེད་འདིས་ཀྱང་རང་སྡེ་བའི་དོན་འགྲུབ་ཧྲུའུ་ཅི་བཙལ་ཏེ་བུད་མེད་དག་གི་ཐུན་མོང་གི་རེ་འདུན་ལེགས་འགྲུབ་འབྱུང་བར་རོགས་རམ་བྱེད་དགོས་པའི་རེ་བ་འདོན་གྱིན་ཡོད་པ་རེད།
“སྒྲོལ་མ་མཚོ ། ངས་ཀྱང་ཁ་སང་དེ་རིང་དེའི་ཕྱོགས་ལ་འདང་བརྒྱག་བཞིན་པའི་སྒང་ཡིན། ཁྱོད་ཚོ་གསར་མོ་དག་ལ་དེ་ལྟ་བུའི་ཕུགས་འདུན་ཡོད་ཚེ་ང་རྒན་པོས་ནུས་པ་གང་ཡོད་ཀྱིས་གོང་རིམ་ལ་ཡར་ཞུ་བྱེད། འདིའི་སྐོར་གྱི་རྣམ་གྲངས་བརྩོན་ལེན་བྱེད་དགོས་ན་ཐོག་མར་རང་སྡེའི་གསར་མོ་དག་ལ་རྣམ་གྲངས་ལག་བསྟར་བྱེད་པའི་ནུས་པ་དང་ཁྱད་ཆོས་ཡོད་དགོས་པ་སྨོས་མ་དགོས་པ་རེད། ཡ་ངས་ཤི་རེ་བྱེད། རྗེས་ཕྱོགས་དོན་དག་གང་ཡོད་སྦ་གསང་མེད་པར་ཤོད་དང་སྡེ་བའི་གཞུང་ནས་ཀྱང་གང་ནུས་སྒོས་རོགས་རམ་བྱེད་ཁོ་ཐག་ཡིན། དེར་སྡོད་ལ་དགོང་ཇ་འཐུང་། འདི་ངའི་ཚ་བོ་ཡིན། ད་ལྟ་ཞིང་ཆེན་བརྙན་འཕྲིན་ཁང་དུ་གསར་འགྱུར་གྱི་བྱ་བ་གཉེར་བཞིན་ཡོད་པ་ཡིན། ཁོའི་མིང་ལ་བསྟན་པ་ཟེར། རྗེས་ཕྱོགས་དོན་དག་འདིའི་དྲིལ་བསྒྲགས་ཀྱི་ཕྱོགས་ནས་ཁོས་ང་ཚོར་རོགས་བྱེད་པ་ཡིན། ”
ཨ་ཁུ་དོན་འགྲུབ་ཀྱིས་གདོང་ལ་ཅུང་ཡིད་ཚིམ་པའི་ཉམས་ཀྱིས་དགོང་ཟས་ཟ་མཚམས་བཞག་སྟེ་བེུད་མེད་དེ་ལ་དེ་ལྟར་བཤད་པ་ན། མོས་ཀྱང་གདོང་ལ་སྔ་ན་མེད་པའི་འཛུམ་མདངས་ཤིག་ངོམ་གྱིན་ངའི་མགོ་ནས་རྐང་བའི་བར་དུ་ཞིབ་ལྟ་ཐེངས་གཅིག་བྱས་པ་ལས་གྲོང་ཁྱེར་དུ་ཡང་འདི་ལྟ་བུའི་མི་ཕོ་བཙོག་གམ་ཆ་ ལུགས་སྡུག་པོ་ཞིག་ཀྱང་ཡོད་སྲིད་པ་རེད་དམ་སྙམ་པའི་ཐེ་ཚོམ་སྐྱེས་ཀྱིན་ཡོད་པ་འདྲ། ཡང་མོས་ངའི་གདོང་ལ་བལྟས་ཏེ་ལན་གཅིག་དགོད་ཞོར་དུ་ལག་ཏུ་དཀར་ཡོལ་བཟུང་སྟེ་དགོང་ཟས་ཟ་མགོ་ཚུགས་པ་ལ་བལྟས་ན་མོས་ང་རང་ལ་བརྩེ་དུང་ཐད་ནས་ཚོད་བགམ་ཐེངས་གཅིག་ཀྱང་བྱེད་འདོད་ཡོད་པ་དང་ཡང་འདྲའོ། ། གང་ལྟར་ཨ་ཁུ་དོན་འགྲུབ་ཀྱི་ངག་ལས་ངས་བུད་མེད་དེའི་མིང་ལ་སྒྲོལ་མ་མཚོ་ཟེར་བ་ད་གཟོད་རྟོགས་པ་ཡིན།
“དེ་ན་ད་ལྷག་དུ་བཟང་གི་མགྲོན་པོའི་ཁ་པར་ཨང་གྲངས་ཤོད་དང་ང་ཚོ་གཞི་རིམ་སྡེ་བའི་བུད་མེད་དག་བརྙན་འཕྲིན་དུ་འབུད་པའི་གོ་སྐབས་ཤིག་གནང་རོགས། གཞན་ཡང་ང་ཚོ་བུད་མེད་དག་གིས་མི་ཤེས་པ་དང་སྒོས་སུ་ཞབས་བྲོ་དང་རོལ་མོ་དྲིལ་བསྒྲགས་སོགས་ཀྱི་ཆ་ནས་རོགས་ཤིག་བྱེད་རོགས། སྡེ་བ་འདིའི་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་ང་ཡིན། ”
ངས་མུ་མཐུད་དུ་དགོང་ཟས་ཟ་མགོ་རྩོམ་པའི་སྐབས་སུ་སྒྲོལ་མ་མཚོ་ཞེས་པའི་བུད་མེད་དེས་གདོང་ལ་སྔར་མེད་ཀྱི་ཉམས་འགྱུར་ཞིག་ངོམ་བཞིན་དེ་ལྟར་བཤད་པ་རེད། སྐབས་དེར་ང་ཅུང་དོགས་མི་བདེ་བའི་ངང་ནས་ངའི་ཉེ་འཁོར་དུ་དལ་ཅག་གེར་སྡོད་པའི་གཉེན་མི་དག་ལ་བལྟས་པ་ན་ཁོ་ཚོས་ཀྱང་རེ་བའི་མིག་གིས་ངའི་གདོང་ལ་བལྟས་ཡོད་པ་ལས་ངས་སྒྲོལ་མ་མཚོ་དང་སྒྲོལ་མ་མཚོ་འདྲ་བའི་བུད་མེད་དག་ལ་རོགས་གང་ཐུབ་བྱེད་དགོས་པའི་རེ་བ་འདོན་གྱིན་ཡོད་པ་དང་འདྲ་བས་ངས་ཀྱང་རང་གི་འབྲེལ་གཏུགས་ཁ་པར་གྱི་ཨང་གྲངས་དང་དེའི་ཕྱོགས་ནས་གང་ནུས་སྒོས་རོགས་བྱེད་པའི་ཁས་ལེན་བྱས་པ་ཡིན། དེ་ནི་ང་ཚོ་མི་རྐྱང་སྤྱི་ལ་ཡོད་པའི་ཐུན་མོང་གི་ཞན་ཆ་ཞིག་སྟེ་ས་གནས་གང་དུ་བུད་མེད་མཛེས་མ་སུ་ཞིག་གིས་རེ་བ་བཏོན་པ་ན་དེ་མ་ཐག་ཏུ་བུད་མེད་དེས་བཏོན་པའི་རེ་བ་དེ་སྒྲུབ་ཐུབ་མིན་ལ་བསམ་བློ་མི་གཏོང་བར་ཁས་ལེན་བྱེད་དོན་ནི་བུད་མེད་དེའི་རིགས་ལ་མི་རྐྱང་ཚོའི་རྣམ་ཤེས་དབང་མེད་དུ་འགུགས་པའི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་དང་གཅིག་འདྲ་རེད། དྲང་མོར་བཤད་ན་ངས་ཀྱང་སྒྲོལ་མ་མཚོས་བཤད་པའི་རེ་འདུན་དེ་རང་གིས་སྒྲུབ་ཐུབ་མིན་མི་ཤེས་རུང་མོའི་ཡག་མོ་སྒོ་དང་ཚིག་སྙན་མོ་སོགས་ཀྱི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གིས་ངང་ངམ་ཤུགས་ཀྱིས་ཁས་ལེན་བྱས་ཟིན་ན་ཡང་། དོན་དག་འདིའི་རིགས་ནི་ངེས་པར་དུ་ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་ཆོག་མཆན་ཐོབ་དགོས་པ་ལས་ངས་རང་འདོད་དུ་སྒྲུབ་ཆོག་པ་ཞིག་གཏན་ནས་མ་ཡིན་ནོ། །
རི་སུལ་དུ་ཆགས་པའི་གྲོང་སྡེ་ཆུང་ཆུང་འདིའི་མིང་ལ་མཛེས་མའི་ལུང་བ་ཞེས་འབོད་དོན་ནི་རི་གྲོང་འདིའི་མ་སྐྱེས་སྐྱེས་ཐམས་ཅད་ཡག་མ་ཡིན་པའི་ཆ་ནས་བཏགས་པ་མ་ཡིན་པར་ལུང་བ་འདིར་ཡོད་པའི་མགོ་ཅོ་ཐོགས་ཐམས་ཅད་ནི་ལུང་བ་གཞན་པའི་བུད་མེད་དག་དང་བསྡུར་ན་ཕྱི་རྣམ་པ་དང་ནང་བསམ་བློ་སོགས་གང་ཐད་ནས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལྡན་པའམ་ཡང་ན་ལུང་བ་འདིའི་བུད་མེད་དག་གིས་རང་གི་ནུས་པ་དང་ལག་རྩལ། བློ་རིག་བཅས་ལ་བརྟེན་ནས་དུས་དང་མཐུན་པའི་ཁེ་ལས་སམ་སྒྱུ་རྩལ་གྱི་ལས་རིགས་མང་པོ་ཞིག་གཉེར་གྱིན་ཡོད་པའི་ཆ་ནས་དེ་ལྟར་བཏགས་པ་རེད། ཕྱི་ཚུལ་གྱི་ཡག་མོ་སྒོའི་ཆ་ནས་ཀྱང་གོན་པ་གོན་ལུགས་དང་མཛེས་ཆས་སྤྲས་ཚུལ་སོགས་གྲོང་ཁྱེར་གྱི་བུད་མེད་ཚོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད་པ་འདི་ཡང་ལུང་བ་འདིའི་བུད་མེད་དག་ཕྱི་ཕྱོགས་ཀྱི་མི་སྣ་གང་མང་ཞིག་ལ་འབྲེལ་འདྲིས་བྱས་པ་ལས་གོམས་ཤིང་འདྲིས་པ་སྨོས་མ་དགོས་སོ། ། རྒྱུ་མཚན་དེ་དག་གི་དབང་གིས་ལུང་བ་འདིའི་མིང་ལ་མཛེས་མའི་ལུང་བ་ཞེས་པའི་མིང་སྙན་མོ་ཞིག་སུས་བཏགས་འདིས་བཏགས་མེད་པར་ལུང་བ་འདིའི་མིང་དུ་གྲུབ་ཡོད་ཚོད་རེད། དེ་ལས་ཀྱང་དུད་ཁྱིམ་ལྔ་བཅུ་ཡས་མས་ལས་མ་གཏོགས་མེད་པའི་ལུང་བ་འདིའི་བུད་མེད་ཕལ་ཆེ་བ་ཞིག་ནི་ཞིང་ལས་རྐྱང་རྐྱང་གཉེར་ནས་ནར་སོན་པ་ཡིན་པས་ཁོ་མོ་ཚོས་བོད་རྒྱ་ཡིག་རིགས་གང་ལ་ཡང་ཆ་རྒྱུས་ཏིལ་ཙམ་མེད་ན་ཡང་སྒྲོལ་མ་མཚོ་ལྟ་བུ་བུད་མེད་རེ་འགའ་སྟེ་སློབ་གྲྭར་འགྲིམས་མྱོང་ལ་དེང་དུས་ཀྱི་ཚོང་རའི་འགྲོ་ལུགས་དང་འཛད་སྤྱོད་པའི་དགོས་མཁོ་སྐོང་ནུས་པ་སྐོར་ཞིག་གིས་སྣེ་ཁྲིད་ལ་བརྟེན་ནས་ལུང་བ་འདིའི་བུད་མེད་ཕལ་ཆེ་བ་ཞིག་གིས་གདོད་མའི་ལམ་ལུགས་ལ་བཅོས་བསྒྱུར་སྒོས་ལག་གི་ཁེམ་དང་འཇོར་སར་བཞག་སྟེ་རང་གི་བློ་གྲོས་ལ་བརྟེན་ནས་དུས་རབས་དང་བསྟུན་ནས་ཚོང་རའི་དཔལ་འབྱོར་དམིགས་སུ་བཟུང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་པ་རེད། ལུང་བ་འདིར་ཐོན་པ་ན་སྡེ་བ་འདིའི་ཕྱིའི་རྣམ་པ་དང་ནང་གི་ཇ་དངོས། འགྲིམ་འགྲུལ་གྱི་ཡོ་བྱད། ད་དུང་གསར་མོ་དག་གི་ཀུན་སྤྱོད་དང་འགྲོ་ལུགས་སོགས་ཀྱིས་མི་སེམས་ལ་དུས་རབས་གསར་བ་ཞིག་གི་རྣམ་པ་ངང་གིས་སྟེར་བར་བྱེད་པ་འདི་ཡང་མཛེས་མའི་ལུང་བ་ཞེས་པའི་མིང་འདི་དང་འབྲེལ་བ་དམ་པོ་ཞིག་ཡོད་པར་སྙམ།
ཞག་མ་གཅིག་གི་དུས་ཚོད་ནི་འཕྲུལ་སྣང་དང་བསམ་གཞིགས་ཀྱི་ཀློང་ནས་སྐྱ་རེངས་གསར་བ་ཞིག་གི་སྔོན་འགྲོ་བསུ་དགོས་བས་ང་རང་སྔ་མོ་ནས་ལངས་ཏེ་དྭངས་ཤིང་གཙང་བའི་མཛེས་མའི་ལུང་བའི་མཁའ་དབུགས་ལོངས་སུ་སྤྱོད་ཆེད་ཕྱོགས་གཅིག་ནས་ལུས་ཕུང་སྦྱོང་བརྡར་དང་ཕྱོགས་གཅིག་ནས་སྡེ་བ་འདིའི་ནང་དུ་འཆམ་འཆམ་དུ་སོང་བ་ཡིན། ང་གཉེན་ཉེ་ཚང་ལས་བུད་དེ་མདུན་ཕྱོགས་སུ་གྱོ་མོ་དམར་བོས་བརྩིགས་པའི་ཐོག་ཁང་ཆེན་པོ་ཞིག་ཡོད་པའི་ཕྱོགས་སུ་སོང་བ་ན་ཐོག་ཁང་དེ་ནི་མཛེས་མའི་ལུང་བའི་སྡེ་དཀྱིལ་དུ་ལས་ཡོད་ལ་ལྷས་རའི་ནང་དུ་བསྒྲེངས་པའི་རྒྱལ་དར་དམར་པོ་དེ་བསིལ་རླུང་འཇམ་པོ་ཞིག་གིས་ཡར་བསྐྱོད་མར་སྒུལ་བྱེད་ཀྱིན་ཡོད་པ་འདིས་སྡེ་བ་འདི་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པར་གཟི་བྱིན་གྱི་སྣང་བརྙན་ཁྱད་པར་ཅན་ཞིག་སྟོན་གྱིན་ཡོད་པ་དང་གཉིས་སུ་མ་མཆིས་པ་རེད། ང་རང་སོས་དལ་བག་ཕབ་ཀྱིས་ཐོག་ཁང་དེའི་མདུན་དུ་སོང་བ་ན་སྒོ་བྱང་སྟེང་དུ་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་སློབ་སྟོན་ཁང་ཞེས་པའི་མིང་སྙན་པོ་ཞིག་བོད་རྒྱ་ཤན་སྦྱར་གྱིས་བྲིས་ཡོད་པ་རེད། ངས་བློ་རྩེ་གཅིག་སྒྲིམ་གྱིས་སྒོ་བྱང་གི་ནང་དོན་དང་འབྲེལ་བ་དམ་པོ་ཡོད་པའི་རིག་གནས་སྒྱུ་རྩལ་གྱི་ཕྱོགས་སུ་བསམ་གཞིགས་གཏོང་བཞིན་པའི་སྐབས་སུ་གློ་བུར་དུ་ངའི་རྒྱབ་ཕྱོགས་སུ་ཆ་རྒྱུས་རགས་ཙམ་ཡོད་པའི་སྐད་གདངས་སྙན་མོ་ཞིག་ངའི་རྣ་བའི་ལམ་དུ་རྒྱུ་བྱུང་བ་རེད།
“ཨ་ལ། གསར་འགོད་པ་བསྟན་པ་རེད་ལ། ཁྱོད་འདི་འདྲའི་སྔ་མོ་ཞིག་ནས་གནས་འདིར་ཡོངས་དོན་ཅི་ཡིན། ཁྱོད་འདིར་ཕེབས་པ་ནི་ང་ཚོའི་བསོད་ནམས་རེད། ཉི་ཤར་གྱི་རྩེ་མོ་རྟེན་འབྲེལ་གྱི་མགོ་མ་ཁྱོད་འདྲ་བའི་མགྲོན་པོ་གལ་ཆེན་ཞིག་ཐོན་པ་ནི་ངས་ང་ཚོ་མཛེས་མའི་ལུང་བའི་ཚབ་བྱས་ཏེ་ཁྱེད་ལ་ལྷག་བསམ་རྣམ་དག་དགའ་བསུ་བྱས་པ་ཡིན། ཁྱིམ་དུ་འགྲོ། ཕྱོགས་གཅིག་ནས་མཛེས་མ་དག་གི་ལག་ཟུང་ལས་བྱུང་བའི་ཐོན་རྫས་དག་ལ་ཡང་གཟིགས་ཞིབ་རེ་གནང་རོགས། ”
ངས་དེ་མ་ཐག་ཏུ་ཁ་ཕྱིར་འཁོར་ནས་བལྟས་པ་ན་ཆ་རྒྱུས་ཡོད་པའི་སྐད་གདངས་དེ་ནི་མདང་དགོང་ངའི་གཉེན་ཉེ་ཚང་དུ་ཐོན་པའི་བུད་མེད་སྒྲོལ་མ་མཚོའི་སྐད་གདངས་ཡིན་པ་གཞི་ནས་རྟོགས་སོང་། ང་ཅུང་ངོ་གནོངས་པའི་ངང་ནས་གང་ཞིག་བྱེད་དགོས་པ་ཡང་མི་ཤེས་པར་གྱུར་བའི་སྐབས་སུ་ཁོ་མོས་དེ་ལྟར་བཤད་ཞོར་དུ་ང་རང་མོའི་མལ་ཁྱིམ་དུ་གདན་འདྲེན་ཞུ་བའི་རྣམ་འགྱུར་བསྟན་པ་རེད། སྐབས་གླགས་དེ་དང་བསྟུན་ནས་ངས་ཀྱང་ཁོ་མོས་གདན་ཞུས་ལྟར་ལྷས་རའི་ནང་དུ་སོང་བ་ན། ལང་ཚོ་དར་ལ་བབས་པའི་བུ་མོ་ཉི་ཤུ་ལྷག་གིས་ཞོགས་པའི་དུས་སྐབས་བཟང་བོ་འདི་བེད་སྤྱད་དེ་ཞབས་བྲོའི་སྟངས་སྟབས་སྦྱངས་བཞིན་ཡོད་པ་ཡིན་ལ་སྒྲོལ་མ་མཚོས་མཚམས་སྦྱོར་བྱས་པ་ལྟར་ན་འདི་ནི་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་སློབ་སྟོན་ཁང་གི་ཞབས་བྲོ་རུ་ཁག་ཡིན་པ་དང་བསྟུད་མར་ལོ་གསུམ་གྱི་རིང་ལ་ནང་ལོགས་སུ་འཁྲབ་སྟོན་དུ་བསྐྱོད་དེ་དཔལ་འབྱོར་གྱི་ཡོངས་འབབ་འབོར་ཆེན་ཞིག་བཙལ་བ་ཡིན་ལ་མི་འགྱངས་པར་ཡང་བསྐྱར་གྲོང་ཁྱེར་ཆེ་སར་སོང་ནས་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་དང་བརྒྱུད་སྒྲོགས་བྱེད་ཞོར་དུ་རང་རང་གི་འཚོ་བར་དགོས་ཤིང་མཁོ་བའི་དཔལ་འབྱོར་གྱི་ལག་འབབ་མི་ཉུང་བ་ཞིག་བཙལ་བར་སྟ་གོན་བྱེད་ཀྱིན་པའི་སྐབས་ཡིན་ཟེར། ངས་ཁོ་མོས་མཚམས་སྦྱོར་བྱས་པ་ནང་ལྟར་སྐྱེས་མའི་ཞབས་བྲོ་རུ་ཁག་གིས་ཞབས་བྲོ་སྦྱོང་བརྡར་བྱེད་པར་ཞིབ་དུ་ལྟ་དགོས་སོང་། དེ་དང་མཉམ་དུ་ང་རང་སྒྲོལ་མ་མཚོས་ལམ་ཁྲིད་པ་ལྟར་རྗེས་སུ་འབྲངས་ཏེ་ཐོག་ཁང་གི་ནང་དུ་སོང་བ་ན་ཁང་བ་གྱན་བཞི་ལྔ་ཙམ་གྱི་ཆེ་ཆུང་ཡོད་པ་ཞིག་གི་ནང་དུ་བུད་མེད་མང་པོ་ཞིག་གིས་བློ་རྩེ་གཅིག་སྒྲིམ་གྱིས་རང་རང་གི་བྱང་ཆ་ལྡན་པའི་གཙག་དྲུབ་ཀྱི་ལས་འགན་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། ཐོག་མར་ངས་ཁང་ཆེན་དེའི་སྒོ་བྱང་སྟེང་དུ་བལྟས་པ་ན་གཙག་དྲུབ་ཁང་ཞེས་བྲིས་འདུག་པ་ཡིན་ལ་སྒྲོལ་མ་མཚོས་མཚམས་སྦྱོར་བྱས་པ་ནི་གཙག་དྲུབ་ཁང་འདིའི་ནང་དུ་ལེགས་འགྲུབ་བྱས་པའི་ཐོན་རྫས་མང་པོ་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་ཤིན་ཏུ་བྲིན་ཆེ་བ་ཡིན་ལ་དཔལ་འབྱོར་གྱི་ལག་འབབ་ཀྱང་ཧ་ཅང་མང་པོ་ཞིག་བླངས་མྱོང་བ་ཡིན། ད་ལྟ་ཁོ་མོ་ཚོས་གཙག་བཞིན་པའི་རི་མོ་འདི་དག་ནི་བོད་རང་གི་ཁྱད་ཆོས་གཞིར་བཟུང་ནས་ལས་སྣོན་བྱེད་ཀྱིན་ཡོད་པ་ཡིན་ལ། ཐོན་རྫས་འདི་དག་ཕྱིའི་རྒྱལ་ཁབ་ག་གེ་མོར་བཙོང་བའི་གན་རྒྱ་ཡང་བཞག་ཡོད་པ་ཡིན། གལ་ཏེ་ཐེངས་འདིའི་གཙག་དྲུབ་འདིའི་ལེགས་འགྲུབ་བྱས་ཚེ་མི་རེ་རེ་ལ་ཆ་སྙོམས་ཀྱིས་སྒོར་ཁྲི་བདུན་བརྒྱད་ཙམ་གྱི་ཡོངས་སྒོ་ཡོད་པས་རི་གྲོང་གི་ཁྱིམ་ཚང་ཞིག་ལ་ཆ་མཚོན་ནས་བཤད་ན་དངོས་གནས་གྲངས་ཀ་ཆུང་ཆུང་ཞིག་མ་རེད་ཞེས་ལབ་རྗེས་མུ་མཐུད་དུ་ངའི་ལམ་སྣེ་ཁྲིད་པ་ལས་ངས་ཁོ་མོས་ང་ལ་ད་རུང་ལས་གནས་གཞན་དག་ཅིག་མཚམས་སྦྱོར་བྱེད་རྒྱུ་ཡོད་པ་ཡང་གསལ་བོར་རྟོགས་སོང་། ངེད་གཉིས་ཀྱིས་དེ་ལྟར་གླེང་མོལ་བྱེད་ཞོར་དུ་ཉིས་ཐོག་ཏུ་འགོས་པ་ན་སྔར་གཅིག་ཐོག་གི་ཁང་ཆེན་དེ་ལྟ་ཞིག་གི་ནང་དུ་སྐྱེས་པ་སྐྱེས་པ་མང་པོ་ཞིག་གིས་སྐད་ངག་སྦྱོང་བརྡར་བྱེད་ཀྱིན་ཡོད་ལ་སྒོ་བྱང་སྟེང་དུ་གླུ་གར་ཁང་ཞེས་བྲིས་འདུག རང་ལ་སྐད་ངག་མེད་ཀྱང་གླུ་གར་ལ་དགའ་མོས་ཡོད་པའི་ང་རང་ཁོ་མོའི་རྗེས་སུ་འབྲངས་ཏེ་ཁྱིམ་དུ་འཛུལ་བ་ན་གསར་བུ་གསར་མོ་དག་གིས་ལ་ལས་དབྱངས་ཡིག་སྦྱོང་བརྡར་བྱེད་པ་དང་ལ་ལསས་རྣོ་སྦྲེང་དང་མགུལ་སྦྲེང་། པི་ཝང་དང་གླིང་བུ། སྦུག་ཆལ། དུང་ཆེན་དང་རྔ་སོགས་མདོར་ན་ངོས་ཟིན་པ་དང་མི་ཟིན་པའི་རོལ་ཆས་མང་པོ་ཞིག་འབུད་དཀྲོལ་རྡུང་གསུམ་ལ་སྦྱོང་བརྡར་བྱེད་ཀྱིན་ཡོད་པ་རེད། སྒྲོལ་མ་མཚོས་བཤད་ན་གླུ་གར་ཁང་འདི་ལས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་སོགས་སུ་ཞུགས་པའི་གླུ་བ་གླུ་མ་མང་པོ་ཞིག་ཡོད་པ་མ་ཟད། བོད་རྒྱ་སྐད་གཉིས་ཀྱིས་མི་རིགས་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཚོ་བའི་བདེ་སྡུག་མང་པོ་ཞིག་སྙན་པའི་དབྱངས་ལ་དྲངས་ཏེ་རྒྱལ་ཁབ་ཕྱི་ནང་དུ་བག་ཆགས་ཟབ་མོ་ཞིག་བཞག་མྱོང་བ་ཡིན་ཟེར། ཁོ་མོས་དེ་ལྟར་བཤད་ཞོར་དུ་ད་དུང་རི་མོ་ཁང་དང་ཐང་ག་བཞེངས་སྒྲུབ་ཁང་། རྒྱན་གོས་གསར་བཟོ་ཁང་སོགས་མདོར་ན་བོད་རང་གི་ཡུལ་སྲོལ་གོམས་འདྲིས་དང་མཐུན་པའི་རིག་གནས་སྒྱུ་རྩལ་མང་པོ་ཞིག་ལ་བརྟེན་ནས་མཛེས་མའི་ལུང་བ་འདིའི་ནར་སོན་བཞིན་པའི་གསར་བུ་གསར་མོ་མང་པོ་ཞིག་གི་འཚོ་བའི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད་ལ་སྒོས་སུ་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་པའི་གཞོན་ནུ་དག་ལ་རང་རང་གི་འཇོན་ནུས་ངོམ་པའི་སྟེགས་བུ་ཞིག་ཀྱང་སྐྲུན་བཞིན་ཡོད་པ་རེད། ངས་ཁོ་མོས་མཚམས་སྦྱོར་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་ཏེ་ཕྱིར་འཁོར་ཏེ་གཉེན་ཉེ་ཚང་ལ་ལོག་གྲབས་བྱེད་དུས་ཁོ་མོ་དང་ཁོ་མོ་འདྲ་བའི་རི་གྲོང་ནས་ནར་སོན་ཞིང་སློབ་གྲྭར་འགྲིམས་མ་མྱོང་བའི་བོད་པའི་བུ་མོ་མང་པོ་ཞིག་གིས་རང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་དང་བླ་ན་མེད་པའི་ལག་ཤེས་བཟོ་ལས་འབོར་ཆེན་ཞིག་རྒྱལ་ཁབ་ཕྱི་ནང་ལ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་ནི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་ཡིན་པས་ངས་ཆེད་དུ་འདིའི་ཕྱོགས་ཀྱི་ཆེད་བསྒྲིགས་ཀྱི་ལེ་ཚན་ཞིག་སྒྲུབ་པར་སྟ་གོན་བྱེད་དགོས་སྙམ་སོང་།
“ཡ། གསར་འགོད་པ་ངའི་མལ་ཁང་དུ་འགྲོ དེ་རིང་ང་ལ་བཀོད་སྒྲིག་བྱེད་རྒྱུ་ལས་དོན་དག་གཞན་ཡོད་མི་སྲིད། འུ་གཉིས་ཀ་ངའི་མལ་ཁང་དུ་འགྲོ་ལ་ནངས་ཇ་འཐུང་ཞོར་ལ་ཁ་བརྡ་ཞིབ་མོ་བྱེད། ཁྱོད་དེ་འདྲའི་བྲེལ་བ་ཆེ་དོན་ཅི་ཡོད། ཡང་གཅིག་བཤད་ན་ནམ་རྒྱུན་ང་གཅིག་པུས་ནངས་ཇ་འཐུང་ན་བྲོ་བ་ཡང་མེད་ཀི ད་རིང་ཁྱོས་ང་ལ་ནངས་ཇ་འཐུང་རོགས་བྱོས། འགྲོ གཡས་ཕྱོགས་སུ་འགྲོ་དང་ངའི་མལ་ཁང་གཡས་ཀྱི་གྲལ་ཤུར་དང་པོའི་དཀྱིལ་དུ་ཡོད། ”
ང་ཕྱིར་གཉེན་ཉེ་ཚང་ལོག་གྲབས་བྱེད་ཀྱིན་པའི་སྐབས་སུ་སྒྲོལ་མ་མཚོས་དེ་ལྟ་བུའི་རེ་བ་ནན་མོ་བཏོན་པ་ན་ངས་ཀྱང་ངོ་ཟློག་མ་ནུས་པར་ཁོ་མོའི་རྗེས་སུ་འབྲངས་ཏེ་མོའི་མལ་ཁང་གི་ཕྱོགས་སུ་འགྲོ་བཞིན་ཡོད་ན་ཡང་། ངའི་སེམས་ལ་ཡང་དང་བསྐྱར་དུ་དྲན་བཞིན་པ་ནི་བུད་མེད་འདིའི་ཁྱོ་གས་མཐོང་ཚེ་ང་དང་ཁོ་མོ་གཉིས་ལ་ལྟ་སྟངས་གཞན་ཞིག་འཛིན་པར་དོགས་སྣང་གིས་ཁོ་མོའི་རྗེས་སུ་འབྲངས་ཏེ་མོའི་མལ་ཁང་དུ་སོང་བ་ཡིན།
ཁོ་མོའི་མལ་ཁང་གི་སྒོ་བྱང་སྟེང་དུ་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞུང་ལས་ཁང་ཞེས་བྲིས་འདུག་པས་ངས་སྒོ་བྱང་འདིར་མིག་གིས་ཡང་ཡང་ལྟ་བཞིན་ཁོ་མོའི་མལ་ཁང་དུ་འཛུལ་བ་ཡིན། ཁང་མིག་གྱན་གང་ལས་མེད་པའི་མལ་ཁང་འདི་ནི་བལྟས་ཚོད་ཀྱིས་བུད་མེད་མོ་རྐྱང་ཞིག་ལ་ཆེད་དུ་ལས་པ་དང་འདྲ་བར་འོས་ཤིང་འཚམ་པར་འདུག་ལ་གྱང་ངོས་སུ་བཀལ་ཡོད་པའི་ཁོ་མོའི་བོད་གོས་གྱོན་པའི་འདྲ་པར་དེས་ཁྱིམ་འདིར་ཐོན་པའི་མགྲོན་པོ་དག་གི་སེམས་ལ་ཅི་འདྲའི་བུད་མེད་མཛེས་མ་ཞིག་རེད་ཨང་སྙམ་པའི་སྣང་ཚུལ་ཞིག་བཅོས་མིན་དུ་སྟེར་བར་བྱེད་པ་ཡིན་ལ། མདུན་ཅོག་སྟེང་དུ་གྲལ་འགྲིག་པོར་བསྒྲིགས་ཡོད་པའི་དཔེ་དེབ་སོགས་ཀྱིས་ཁོ་མོ་ནི་དཔེ་ཆ་ལྟ་རྒྱུར་དགའ་བའི་བུད་མེད་ཅིག་ཡིན་པ་ཡང་ར་སྤྲོད་བྱེད་ཐུབ་ཚོད་རེད། མི་གཅིག་མ་གཏོགས་མི་ཤོང་བའི་མལ་ཁྲི་དང་དེའི་གམ་དུ་བསླངས་ཡོད་པའི་གོས་སྒམ། ད་དུང་བུད་མེད་ཀྱི་རིགས་ལ་དགོས་ཤིང་མཁོ་བའི་མཛེས་ཆས་དང་བུད་མེད་ཀྱི་རིགས་ལ་མ་གཏོགས་མེད་པའི་དྲི་ཞིམ་བཅས་ཀྱིས་ངའི་སེམས་ལ་ཝ་ལེར་འཆར་འོངས་པ་ནི་མལ་ཁང་འདིའི་ནང་དུ་ཁོ་མོ་གཅིག་པུ་མ་གཏོགས་ཉལ་གྱིན་མེད་པ་དེ་རེད། བར་སྐབས་འདིར་ངས་བསམ་བློ་གཏོང་བཞིན་པ་ནི་ཁོ་མོས་གཉེན་སྒྲིག་མ་བྱས་པ་ཡིན་ནམ་ཡང་ན་གཉེན་འཐོར་བྱས་པ་ཡིན་ནམ། གལ་ཏེ་ཁོ་མོ་ལ་ཁྱོ་ག་ཡོད་ཚེ་ད་ལྟ་མལ་ཁང་འདིའི་ནང་དུ་ཡོངས་བཞིན་ཡོད་པ་དང་ང་དང་ཁོ་མོ་གཉིས་ཀ་མ་གཏོགས་མེད་པ་མཐོང་ཚེ་ཁོས་གོ་བ་ལོག་པར་ལེན་སྲིད་དམ་བཅས་ཀྱིས་སེམས་ལྷོད་ལ་འབབ་མི་ཐུབ་ལ་ཁོ་མོའི་མལ་ཁང་དུ་འདུག་མི་བཟོད་པར་ཕྱིར་ལོག་པའི་ལམ་དུ་ཆས་གྲབས་ཡང་ཡང་བྱས་ན་ཡང་། མོས་ལྷག་བསམ་རྣམ་དག་གིས་མགྲོན་བསུ་བྱེད་པར་སྟ་གོན་བྱེད་ཀྱིན་ཡོད་པས་ངས་རང་ལ་སྔར་མེད་ཀྱི་སྙིང་སྟོབས་ཤིག་བསྐྱེད་དེ་མོའི་མལ་ཁང་དུ་མི་འདུག་ག་མེད་དུ་གྱུར། ཁོ་མོས་ཁ་ལག་བཀྲུ་ཞོར་དུ་ངེད་གཉིས་ལ་འཚམ་པའི་ནངས་ཇ་ཞིག་གཡོ་སྐོལ་བྱེད་བཞིན་ཡོད་ལ་ནངས་ཇ་གཡོ་སྐོལ་བྱེད་ཀྱིན་དུ་ཁྱིམ་འདིའི་སྣོད་ཅ་ལག་སོགས་ལ་གཙང་དག་བྱེད་ཀྱིན་ཡོད་པས་ངེད་གཉིས་ལ་ཁ་བརྡ་གང་ཡང་མེད་པར་རེ་ཞིག་ལ་དལ་ཅག་གེར་བསྡད་པས་གློག་དེམ་ལས་ལྷོག་ལྷོག་ཏུ་གདུ་བཞིན་པའི་ཆུ་ཁོལ་གྱི་སྒྲ་དེས་ལྷིང་འཇགས་ཀྱི་མལ་ཁང་འདིའི་གྲགས་འགུལ་མེད་པའི་སྣང་ཚུལ་ལ་ལེ་བདའ་སྡུག་པོ་ཞིག་བྱེད་ཀྱིན་ཡོད་པ་དང་གཅིག་འདྲ་རེད། བར་གླགས་དེར་ངས་གང་བྱེད་དགོས་པའམ་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་པར་ཁོ་མོའི་མདུན་ཅོག་སྟེང་དུ་ཁ་བཀབ་སྟེ་བཞག་ཡོད་པའི་དཔེ་ཆ་དེར་ཕར་སློག་ཚུར་སློག་བྱེད་དགོས་སོང་། ཐེངས་གཉིས་ལ་མ་གཏོགས་ངོ་མ་འཕྲད་ལ་ཆ་རྒྱུས་ཅི་ཡང་མེད་པའི་སྒྲོལ་མ་མཚོས་གདོང་ལ་ཅི་མི་སྙམ་པའི་འཛུམ་མདངས་ཤིག་ངོམ་བཞིན་གང་མགྱོགས་ཅི་མྱུར་གྱིས་ང་ལ་འོ་ཇ་དཀར་ཡོལ་བླུགས་ཏེ་ངའི་མདུན་ལ་བཞག་པ་དང་མཉམ་དུ། ཤིང་གི་ཀ་ཏོ་ར་ཞིག་གི་ནང་དུ་ཀ་ར་དང་སིལ་ཏོག་མང་པོ་ཞིག་བསྒྲིགས་ཏེ་ཁ་ཞེ་གཉིས་མེད་སྒོས་མགྲོན་བསུ་བྱེད་ཞོར་དུ་ཁོ་མོ་ཡང་ངའི་གམ་དུ་བསྡད་དེ་ངེད་གཉིས་ཀྱིས་མཉམ་འཐུང་མཉམ་ཟ་བྱེད་ཞོར་དུ་ཁ་བརྡའིམགོ་བརྩམས་པ་ཡིན།
“ཡ། གསར་འགོད་པ་ཇ་འཐུང་། ཅི་རེད་བལྟས་ཚོད་ཀྱིས་ཁྱོའི་སེམས་ལྷོད་ལ་འབབ་ཐུབ་ཀྱིན་མེད་པ་འདྲ། ཁྱོད་ལ་དེ་རིང་དོན་དག་གལ་ཆེན་ཞིག་ཡོད་པ་ཡིན་ནམ། ང་དང་མཉམ་དུ་བསྡད་ན་ཁྱོའི་མཚན་སྙན་ལ་གནོད་པར་འདོད་པ་ཡིན་ནམ། དྲང་མོར་བཤད་ན་དེ་རིང་ང་ལ་དོན་དག་གང་ཡང་མེད་པས་ངས་ཆེད་དུ་ཁྱོད་ལ་ཁ་བརྡ་ཞིག་བྱེད་ན་འདོད་པ་ཡིན། གལ་ཏེ་ཁྱོད་ལ་ཁོམ་པ་ཡོད་ན་དེ་རིང་ཁྱོད་གང་དུ་ཡང་མི་འགྲོ་བར་ངེད་གཉིས་ཀྱིས་ཉིན་གཅིག་གི་དུས་ཚོད་བེད་སྤྱད་དེ་རང་རང་སེམས་ཀྱི་བཤད་འདོད་པའི་སྐད་ཆ་དག་སྦ་གསང་མེད་པར་བཤད་འདོད་པ་ཡིན། ཡིན་ན་ཡང་ཁྱོད་བསྡད་ན་མི་འདོད་ན་་་་”
སྒྲོལ་མ་མཚོས་ངའི་གམ་དུ་བསྡད་དེ་ངའི་གདོང་ལ་བལྟས་ཏེ་ནངས་ཇ་འཐུང་ཞོར་དུ་དེ་ལྟར་བཤད་པས་ངས་རང་སེམས་ཀྱི་དོགས་གཞི་འདྲེས་མའི་སྐད་ཆ་དྲང་མོར་བཤད་དགོས་པའི་བསམ་ཚུལ་ཞིག་གིས་མོས་བླུགས་ཡོད་པའི་དཀར་ཡོལ་ནང་གི་འོ་ཇ་ལ་ཧུབ་འགའ་བྱེད་བཞིན་ཡང་སྙིང་དོན་དག་གང་ཞིག་ནས་མགོ་རྩོམ་དགོས་པའི་ཕྱོགས་ལ་བསམ་གཞིགས་གཏོང་དགོས་སོང་། ཡིན་ན་ཡང་སྒྲོལ་མ་མཚོས་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་རེ་བཏང་ན་མོ་ལ་བཤད་འདོད་པའི་སྐད་ཆ་མང་པོ་ཞིག་ང་ལ་བཤད་རྒྱུ་ཡོད་པ་ཡང་གསལ་བོར་རྟོགས་པས་ཉི་མ་དེར་གཉེན་ཉེ་ཚང་ལ་ཡང་མ་ལོག་ལ་རང་དོན་དང་གཞན་དོན་གང་ཡང་མ་སྒྲུབ་པར་མོའི་མལ་ཁང་ནང་དུ་མོ་དང་མཉམ་དུ་གླེང་མོལ་བྱས་ཏེ་འདུག་རྒྱུ་ཐག་གིས་བཅད་པ་ཡིན།
“སྒྲོལ་མ་མཚོ ། ང་ལ་དེ་རིང་དོན་དག་གང་ཡང་མེད་ལ་ཁྱོད་དང་མཉམ་དུ་བསྡད་ན་མི་འདོད་པ་ནི་དེ་བས་ཀྱང་མ་ཡིན། ང་ཅུང་སྐྲག་པ་ནི་ཁྱོད་ཀྱི་ཁྱོ་ག་ཐོན་ཚེ་འུ་གཉིས་སུ་ལ་ཡང་མི་ལེགས་པའི་རྣམ་འགྱུར་སྟོན་པ་མ་ཟད། འགྲིག་མཐུན་གྱི་བཟའ་ཚང་བར་ལ་མི་འདོད་པའི་བར་ཆད་གཏོང་འདོད་ང་ལ་མེད། ང་ནི་མི་རྐྱང་ཞིག་ཡིན་པས་ཁྱོའི་མཚན་སྙན་ལ་གནོད་པ་འདྲ་བཟོ་སྲིད་པར་སྙམ། དེ་མ་གཏོགས་ང་ལ་ལྟ་ཚུལ་གཞན་པ་དང་མི་འདོད་པའི་དྲན་ཚུལ་གང་ཡང་ཡོད་པ་མ་ཡིན། ངས་ཁྱོད་ལ་ཁས་ལེན་དེ་རིང་འུ་གཉིས་སུ་ཡིན་ཡང་སྒོ་ཕྱི་ལ་མི་འགྲོ་བར་ཁྱིམ་འདི་རུ་ཁ་བརྡ་ཡིད་ཚིམ་པ་ཞིག་བཤད”
ངས་རང་སེམས་ཀྱི་དོགས་གཞི་འདྲེས་མའི་སྐད་ཆ་དག་སྦ་གསང་མེད་པར་བཤད་པ་ན་རྒྱབ་དུ་ཁུར་ཡོད་པའི་ཁྲེས་པོ་ལྕི་མོ་ཞིག་ས་ལ་ཕོག་པ་ནང་བཞིན་ཡིད་སེམས་ཅུང་ལྷོད་ལ་བབས་ཏེ་སོས་དལ་བག་ཕབ་ཀྱིས་ནངས་ཇ་འཐུང་བའི་མགོ་བརྩམས་པ་ཡིན། ཁོ་མོས་ཀྱང་རེ་ཞིག་ལ་ཁ་གང་ཡང་མི་གྲགས་པར་ནངས་ཇ་འཐུང་བཞིན་ཡོད་པ་ལས་ངས་དྲི་བ་དང་འདྲ་བའི་སྐད་ཆ་འདི་དག་གིས་མོའི་སེམས་ལ་ཕོག་ཐུག་བཟོས་པ་དང་ཡང་ན་མོས་ངས་དྲིས་པའི་སྐད་ཆ་འདི་དག་གི་ལན་དོན་དག་གང་ཞིག་ལས་མགོ་རྩོམ་དགོས་པ་མ་ཤེས་པར་བསམ་བློ་གཏོང་བཞིན་ཡོད་པ་ཡིན་ནམ། མོས་ཅི་ཡང་མི་བཤད་པས་ངས་ཀྱང་གོ་སྐབས་དེ་དང་བསྟུན་ནས་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ་རྔུབ་འཐེན་བྱེད་ཀྱིན་མུ་མཐུད་དུ་ཁོ་མོས་ང་ལ་ཅི་ཞིག་བཤད་རྒྱུ་ཡིན་པའི་ཕྱོགས་ལ་བསམ་བློ་གཏོང་དགོས་པར་གྱུར། ངེད་གཉིས་ཀྱིས་ཁ་བརྡ་གང་ཡང་མ་བྱས་པར་ཁ་རོག་གེར་སྡོད་པའི་སྐབས་དེར་རིག་གནས་སྒྱུ་རྩལ་སློབ་སྟོན་ཁང་འདིའི་ཡོད་དོ་ཅོག་ཀྱང་ངེད་གཉིས་དང་ཤིན་ཏུ་རྒྱང་ཐག་རིང་བོ་ཞིག་ཏུ་སྣང་བ་འདྲ་བའི་ཚོར་སྣང་ཞིག་དབང་མེད་དུ་སྐྱེས་པར་བྱེད་པ་རེད། ངས་ད་རུང་ཧ་མི་གོ་བ་ཞིག་ནི་མཛེས་མའི་ལུང་བ་ཞེས་པའི་མིང་འདི་ཇི་ལྟར་ཐོགས་པ་ཡིན་པའི་གནད་དོན་དེ་རེད།
“ཡ་གསར་འགོད་པ་ངས་ཁྱོད་ལ་ངའི་ལོ་རྒྱུས་ཤིག་བཤད། ང་ད་ལྟ་མོ་ལོ་སོ་ལྔ་ཡིན། ང་རང་ལོ་བཅོ་བརྒྱད་སྟེང་ཕ་མས་བཀོད་སྒྲིག་ལྟར་ང་ཚོ་སྡེ་བའི་ཁྱིམ་ཚང་ཞིག་གི་མནའ་མ་བྱས་པ་ཡིན། ལོ་ལྔའི་རིང་ལ་ངས་རང་ནུས་གང་ཡོད་ཀྱིས་ཁྱིམ་ཚང་དེ་ནས་མནའ་མ་ཞིག་གི་འགན་འཁྲི་མ་བསྐུལ་དང་ལེན་གྱིས་ལེགས་འགྲུབ་བྱས་ན་ཡང་། ཡིད་སྐྱོ་བ་ཞིག་ལ་ངེད་གཉིས་གཉེན་འཐོར་བྱེད་དགོས་སོང་། དུས་དེ་ནས་བཟུང་ད་ལྟའི་བར་དུ་ང་མོ་རྐྱང་དུ་བསྡད་པ་ཡིན་པས་རང་སེམས་ཀྱི་བཤད་འདོད་པའི་སྐད་ཆ་མང་པོ་ཞིག་སུ་ལ་ཡང་ཤོད་མ་ཐུབ་པར་ཁོག་ཏུ་སྦས་ཏེ་འདུག་དགོས་སོང་། མ་གཞི་ཁྱོད་ཀྱང་ང་དང་ལས་དབང་གཅིག་པ་འདྲ། ང་ཚོ་སྡེ་བ་འདིར་ཆ་མཚོན་ནས་བཤད་ན་སྐྱེས་ཕོ་མོ་སུ་ཡིན་ཡང་ལོ་བཅོ་ལྔའི་ཡན་ལོན་པ་ན་མནའ་མ་ལེན་པའམ་ཡང་ན་གནས་ལ་འགྲོ་དགོས་པ་ལས་རང་གར་ཡུལ་དུ་བསྡད་ན་དེ་ནི་མི་འོས་པའི་གནས་ཚུལ་ཞིག་གི་ལྟ་སྟངས་ཡོད་སྲིད་པ་རེད། ལས་ངན་པ་ཞིག་ལ་ང་ཡང་དེའི་ནང་གི་གཅིག་རེད། སྐབས་ཐོག་དེར་ང་ཚོའི་ཁ་ཡ་ན་ཟླའི་ནང་དུ་མནའ་མ་དང་མག་པར་འགྲོ་བ་ལས་རང་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་སློབ་གྲྭར་སོང་སྟེ་རིག་པའི་གནས་ལ་འབད་པ་བྱེད་པའི་གོ་སྐབས་ལྡན་མ་བྱུང་བ་རེད། དེ་ནི་རང་གི་སྡུག་བསྔལ་ཡིན་ལ་མི་ཚེ་གཅིག་གི་ཕམ་ཁ་ཡང་ཡིན་སྲིད་པ་རེད། ”
མོས་ཁ་བརྡ་བྱེད་མཚམས་འདིར་ཐོན་པ་ན་ངའི་དཀར་ཡོལ་ནང་གི་ཇ་འཐུང་ཚར་བ་མཐོང་རྗེས་ཡར་ལངས་ཏེ་ང་ལ་ཡང་བསྐྱར་ཇ་ལྡུགས་བཞིན་ཡོད་པས་ངས་ད་གཟོད་མོའི་གནས་ཚུལ་མཐའ་དག་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་པའི་དབང་གིས་སེམས་ལྷོད་ལ་བབས་ཏེ་མོའི་མགོ་ནས་རྐང་བའི་བར་གྱི་མཛེས་མའི་ཉམས་འགྱུར་ལ་ཞིབ་ལྟ་ཐེངས་གཅིག་བྱེད་དགོས་སོང་། རྒྱུ་མཚན་གང་ཞིག་གི་རྐྱེན་ཡིན་པ་ངས་ཀྱང་བཤད་དཀའ་གང་ལྟར་མོའི་སྣང་བརྙན་ལས་འཕྲོས་པའི་དགའ་ཕྱོགས་གློ་བུར་བ་ཞིག་གིས་ང་རང་ད་སྔ་དང་མི་འདྲ་བའི་འདོད་ཚུལ་ཞིག་སྐྱེས་བྱུང་བ་ནི་ཁེར་རྐྱང་གི་སྡུག་ཡུས་མྱོང་བཞིན་པའི་ང་ལ་ཡང་ཁོ་མོ་འདྲ་བའི་ཆུང་མ་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་འདོད་ཚུལ་ཞིག་འགོག་མེད་དུ་སྐྱེས་པར་བྱེད་པ་རེད། དེ་བས་ངའི་ལྟ་སྟངས་དང་སེམས་ཀྱི་དྲན་ཚུལ་ལ་ཡང་འགྱུར་ལྡོག་བྱུང་སྟེ་ངེད་གཉིས་ཀྱི་སྤྱིར་བཏང་གི་ཁ་བརྡ་དེ་བརྩེ་དུང་དང་མི་ཚེ་གཉེན་སྒྲིག་གི་ཐད་དུ་འདྲེས་པར་བྱས་པས་ཕན་ཚུན་སུ་ཡིན་ཡང་ཁ་བརྡ་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་བྱུང་བ་རེད།
“ངས་ཁྱོད་ལ་བཤད་ནས་མཚམས་གང་ལ་སླེབས་པ་རེད་དམ། འོ་རེད་རེད། ངས་ཁྱིམ་ཚང་དེ་ནས་གཉེན་འཐོར་བྱས་པའི་ལོ་དེ་ནས་བཟུང་རང་སྡེ་ནང་དུ་སྡོད་པའི་ཐོབ་ཐང་མེད་པ་ལྟར་མལ་གོས་དང་ཟ་སྤྱད་འཐུང་སྤྱད་ཙམ་འཁྱེར་ཏེ་སྒོ་ཕྱི་ལ་བུད་དེ་ཞོར་ལས་བྱེད་པའི་མགོ་བརྩམས་པ་ཡིན། ལོ་ཉེར་གསུམ་ནས་ཉེར་ལྔ་སྟེ་ལོ་ངོ་གསུམ་ལ་ང་རང་ཡུལ་དུ་མ་ལོག་པར་སྒོ་ཕྱི་ནས་ཞོར་ལས་ལས་པས་རང་ཚོད་ཀྱིས་སྒོར་མོ་ཡང་ཅུང་མི་ཉུང་བ་ཞིག་གསོག་འཇོག་བྱེད་ཐུབ་སོང་བ་ཡིན་པས་རང་གི་ལྟོ་རྒྱབ་ལ་འདང་རྒྱག་མེད་པའི་ཚོད་རེད། མོ་ལོ་ཉེར་དྲུག་གི་སྟེང་དུ་ད་ལྟའི་ལས་ཁུངས་འདིའི་ནང་དུ་ཡོངས་ནས་ཤི་འཐབ་འབད་འཐབ་བྱས་སྟབས་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་ཡོད་པ་མ་ཟད། རང་གི་དཔལ་འབྱོར་གྱི་ཡོངས་སྒོ་ཐད་ནས་ཀྱང་སྔོན་དང་བསྡུར་ན་ལྡབ་འགའི་ཇེ་ལེགས་སུ་སོང་བ་ཡིན། རིམ་བཞིན་ལས་ཁུངས་འདིའི་མགོ་ཁྲིད་ཀྱིས་རྒྱབ་སྐྱོར་དང་རྒྱལ་ཁབ་ཀྱི་རྣམ་གྲངས་བརྩོན་ལེན་བྱས་ཏེ་བོད་རང་གི་རིག་གནས་སྒྱུ་རྩལ་གྱི་ལས་འགན་དར་སྤེལ་དུ་གཏོང་བའི་མགོ་བརྩམས་པ་ཡིན། ཡིན་ན་ཡང་བཟའ་ཚང་གི་ཐད་ནས་རང་བློར་འབབ་པའི་མི་ཞིག་དང་མ་འཕྲད་པར་དེ་རིང་བར་དུ་ལུས་པ་ཡིན། ཁྱོད་ནི་ཕལ་ཆེར་ངའི་ཆེས་མཐའ་མཇུག་གི་བཟའ་ཟླ་དེ་ཡིན་པ་འདྲ། ཨ་ལ་ཀུ་རེ་ཡིན”
སྒྲོལ་མ་མཚོའི་ཀུ་རེ་དང་དོན་གཏམ་འདྲེས་མའི་སྐད་ཆ་དེ་དག་གིས་ངའི་སེམས་ལ་གང་ཞིག་དྲན་པར་ཚོད་བགམ་མམ་ཡང་ན་ཁོ་མོས་བཤད་འདོད་པའི་སེམས་གཏམ་ངོ་མ་ཞིག་མངོན་ལྐོག་གང་རུང་ནས་ང་ལ་གསལ་སྟོན་བྱེད་པ་དང་འདྲ་བས། ངས་རེ་ཞིག་ལ་ཁོ་མོའི་འདས་སོང་གི་གཏམ་རྒྱུད་འདྲེས་མའི་སྐད་ཆ་དེ་དག་ལ་གློ་བུར་དུ་ལན་གང་ཞིག་འདེབས་དགོས་པ་ཡང་མི་ཤེས་པར་རིག་གནས་སྒྱུ་རྩལ་གྱི་ཐོན་ལས་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་པར་གྱུར། དྲང་མོར་བཤད་ན་ངའི་ཡིད་ལ་དྲན་གྱིན་ཡོད་པ་ནི་མི་ཚེ་འདིར་དགོས་ཤིང་མཁོ་བའི་བཟའ་ཟླ་ཞིག་འཚོལ་རྒྱུ་དེ་མ་ཡིན་པར་ཁོ་མོ་སོགས་ཀྱིས་སྣེ་ཁྲིད་པའི་རིག་གནས་སྒྱུ་རྩལ་ཁང་འདིའི་མ་འོངས་པའི་གནས་བབ་དང་མཐར་གཏུགས་ཀྱི་དམིགས་ཡུལ་གང་ཡིན་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་རྗེས་ཕྱིར་ལས་ཁུངས་སུ་སོང་ནས་འདིའི་ཕྱོགས་ཀྱི་གསར་འགྱུར་ལེ་ཚན་ཞིག་སྤེལ་འཆར་ཡོད་པ་དེ་ཡིན། ཡིད་ལ་ཡང་མ་དྲན་པ་ཞིག་ནི་དེ་རིང་གནས་འདི་ནས་ཁོ་མོས་བཤད་པའི་སྐད་ཆ་འདི་དག་གིས་ངས་ཀྱང་རང་གི་མི་ཚེ་གཅིག་གི་དོན་ཆེན་དུ་བགྲངས་ཀྱིན་པའི་བཟའ་ཟླ་ཞིག་འཚོལ་བའི་ཕྱོགས་ལ་བསམ་བློ་ངང་གིས་གཏོང་དགོས་སོང་།
“སྐྱོན་ཡོད་པ་མ་རེད། ངས་ཀྱང་ཁྱོད་ཀྱིས་དེ་ལྟ་བུའི་སྐད་ཆ་ཞིག་ཤོད་པར་ངང་སྒུག་བྱས་ཡོད་པ་ཡིན། རེད་མོད་ཀྱང་ང་ནི་གཞུང་ཕྱོགས་ཀྱི་ལས་ཁུངས་སྤྱིར་བཏང་བ་ཞིག་ནས་ལས་ཀ་ལས་ཀྱིན་པའི་ལས་བཟོ་བ་དཀྱུས་མ་ཞིག་ཡིན་སྟབས་ང་ལ་ཁྱོད་ལྟ་བུའི་དཔལ་འབྱོར་གྱི་ཐོན་ཁུངས་དང་ལག་འབབ་ཤིན་ཏུ་ཉུང་ཉུང་ཙམ་ལས་ཡོད་སྲིད་པ་མ་རེད། གསལ་བོར་བཤད་ན་རང་གི་གླ་ཕོགས་ཉུང་ཉུང་དེས་རང་གི་ལྟོ་རྒྱབ་གསོ་བའི་ཐད་ལ་ཡང་དཀའ་ཁག་གང་མང་ཞིག་ལ་འཕྲད་སྲིད་པ་རེད། སྒྲོལ་མ་མཚོ། ཁྱོས་དོན་དག་འདིའི་རིགས་རྩ་བ་ནས་ཤེས་སྲིད་པ་མ་རེད། ”
དུས་ཚོད་ག་འདྲ་ཞིག་འདས་པ་ངས་ཀྱང་གསལ་ཐག་མ་ཆོད། གང་ལྟར་ཁོ་མོས་བཤད་པའི་སྐད་ཆ་དེ་ལ་ལན་གང་ཡང་མ་བཏབ་པར་བསྡད་པའི་དུས་ཡུན་ནི་ཐ་མག་རྐང་གཅིག་གི་རྔུབ་ཚད་དེ་རེད། དེ་བས་ང་ཡང་ཅུང་དོགས་མི་བདེ་བའི་ངང་ནས་ནན་གྱིས་རང་གིས་རང་ལ་སྙིང་སྟོབས་ཤིག་བསྐྱེད་དེ་འདི་ལྟ་བུའི་བར་སྐབས་འདིའི་ཁ་བརྡ་དང་འཚམ་མིན་མི་ཤེས་པའི་ལན་ཞིག་འདེབས་དགོས་སོང་། དེ་ནི་ང་ལ་མཚོན་ན་ཁོ་མོའི་མལ་ཁང་དུ་ཐོན་པར་ངོ་མ་ཆོད་པའི་ལས་འགན་ཞིག་སྒྲུབ་ཐབས་ཙམ་བྱས་པ་དེ་ཡིན། སྐད་ཆ་དེ་བཤད་ཚར་རྗེས་ངས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ་བསམ་གཞིགས་ཀྱི་ཀློང་དུ་འགྲིམས་དགོས་སོང་།
“གསར་འགོད་པ་ཁྱོས་བཤད་པའི་སྐད་ཆའི་ནང་དོན་གཞི་ནས་ཧ་གོ་བ་ཡིན། མི་ཞིག་ལ་དགོས་པ་ནི་རྒྱུ་དང་འབྱོར་བ་མ་ཡིན་པར་བདེ་ཐང་དང་བརྩེ་བ་ངོ་མ་ཡིན་པ་ང་དང་འདྲ་བའི་བརྩེ་བ་དབུལ་བའི་བུད་མེད་སྐོར་ཞིག་གིས་མ་གཏོགས་ཤེས་སྲིད་པ་མ་རེད། གྲོང་ཁྱེར་དུ་འཚོ་བ་རོལ་ན་དཔལ་འབྱོར་གྱི་ཆ་ནས་དཀའ་ཁག་ཤིན་ཏུ་ཆེ་བ་ངས་གསལ་བོར་རྟོགས་ཐུབ། ཡིན་ན་ཡང་ཤི་རེ་བྱེད་དགོས། རྗེས་ཕྱོགས་སུ་དཔལ་འབྱོར་གྱི་ཆ་ནས་དཀའ་ངལ་ཡོད་ན་ངས་ཁྱོད་ལ་རོགས་བྱེད་ནུས། དེ་མིན་ང་ལ་ནུས་པ་གང་ཡང་མེད། ཁྱོས་ང་ཚོའི་རིག་གནས་སྒྱུ་རྩལ་ཁང་གི་ལས་དོན་བརྙན་འཕྲིན་བརྒྱུད་ནས་གསལ་བསྒྲགས་བྱོས་དང་ཁྱོའི་མི་ཚེ་དཀའ་ཁག་གི་ཐད་ནས་ངས་ཁྱོད་ལ་རོགས་རམ་བྱེད། ”
“བཀའ་དྲིན་ཆེ། ཁྱོས་ང་ལ་འདི་ལྟ་བུའི་རམ་འདེགས་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཡིན་ན་ཡང་ཁྱེད་ཚོའི་རིག་གནས་སྒྱུ་རྩལ་ཁང་ཁྱབ་བསྒྲགས་ཀྱི་འགན་འདི་ངའི་འོས་འགན་ཡང་ཡིན་སྲིད་པས་འདི་ཕྱོགས་ནས་ངས་ཁྱེད་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་ལ་ཁྱབ་བསྒྲགས་བྱེད་ངེས། རྒྱུ་མཚན་ཁྱེད་ཅག་གིས་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་སྔོག་འདོན་སྒོས་སྤྱི་ཚོགས་ལ་ཞབས་ཞུ་གང་ལེགས་སྒྲུབ་ཀྱིན་ཡོད་པས་སོ། ”
ངས་དེ་ལྟར་བཤད་པ་ན་ཁོ་མོའི་གདོང་ལ་སྔ་ན་མེད་པའི་འཛུམ་མདངས་གསར་བ་ཞིག་མངོན་པ་དེ་ལས་མོ་ནི་ཐུན་མོང་ལ་ཤ་ཚ་ཞིང་ཐུན་མོང་གི་ལས་དོན་ལ་སེམས་ཁུར་བྱེད་པའི་བུད་མེད་ཅིག་ཡིན་པ་ངང་གི་རྟོགས་སོང་། དེ་བས་ང་ནི་སྔར་ལས་ལྷག་པར་ཁོ་མོ་དང་ཤིན་ཏུ་ཐག་ཉེ་སར་བཅར་དགོས་ལ་ངའི་མིག་ལམ་དུ་མངོན་པའི་ཁོ་མོ་ཡང་སྔར་ལས་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཡོད་པ་རེད། བཤད་མི་ཤེས་པའི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ངེད་གཉིས་ཀྱ་ཁ་བརྡའི་ནང་དོན་ཡང་རིམ་གྱིས་ཐུན་མོང་ཅན་དང་མི་སྒེར་ཅན་གྱི་ཕྱོགས་སུ་བསྒྱུར་བ་ཡིན་ལ། མི་སྒེར་ཅན་གྱི་ཁ་བརྡ་དེ་ལས་ངེད་གཉིས་ཀྱི་བསམ་པའི་དྲན་ཚུལ་ངང་ངམ་ཤུགས་ཀྱིས་ཕྱི་ལ་མངོན་དགོས་པར་གྱུར་བ་རེད།
མཛེས་མའི་ལུང་བ་འདིར་ཆ་མཚོན་ནས་བཤད་ན་ཞིང་ཕྱུགས་ཟུང་འབྲེལ་གྱི་ལམ་ལུགས་ལག་བསྟར་བྱེད་པའི་སྡེ་བ་ཞིག་ཡིན་ལ། དུད་ཁྱིམ་དྲུག་ཅུ་ལྷག་གིས་གྲུབ་པའི་སྡེ་བ་འདིའི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་ནི་ཕྱི་ཕྱོགས་ལ་ཞོར་ལས་སུ་འགྲོ་རྒྱུ་དེ་དང་རང་གི་ས་ཞིང་ཉུང་ཙམ་རྨོ་འདེབས་བྱེད་པ་ལས་འཚོ་བའི་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་ཀྱིན་ཡོད་པས་སྡེ་བ་འདིའི་སྤྱིའི་མཐུན་རྐྱེན་གྱི་ཆ་ནས་དེ་འདྲའི་ལེགས་རྒྱུ་ཡོད་པ་ཞིག་མིན་མོད། འོན་ཀྱང་སྡེ་བ་འདིའི་སྐྱེས་ཕོ་མོ་སུ་ཡིན་ཡང་རང་གི་བློ་གྲོས་ལ་བརྟེན་ནས་སྒོར་མོ་བཙལ་བའི་ཐབས་ཤེས་བཀོལ་གྱིན་ཡོད་པས་སྡེ་བ་འདིའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། སློབ་གྲྭར་འགྲོ་རན་པའི་བྱིས་པ་མཐའ་དག་མ་གཏོགས་སྡེ་བ་འདིའི་གསར་བུ་གསར་མོ་ཡོད་དོ་ཅོག་གིས་དབྱར་དགུན་གྱི་དབྱེ་བ་མེད་པར་སྒོར་མོ་བཙལ་བའི་ཕྱོགས་ལ་བསམ་བློ་གཏོང་བཞིན་ཡོད་སྟབས། ཁྱིམ་ཚང་རང་རང་གི་འཚོ་བའི་ཆ་རྐྱེན་ཡང་སྔར་ལས་ལྡབ་འགྱུར་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་རེད། ལོ་གསར་གྱི་སྐབས་སུ་མ་གཏོགས་མཛེས་མའི་ལུང་བ་ཞེས་པའི་སྡེ་བ་འདིའི་ནང་གི་གསར་བུ་གསར་མོ་སུ་ཡིན་སྒོ་ཕྱི་ལ་བུད་དེ་དཔལ་འབྱོར་གྱི་ཡོངས་ཁུངས་བཙལ་གྱིན་ཡོད་པས་ཡུལ་དུ་ཡོད་པ་ནི་ལོ་ལོན་དང་ནད་པ། ཡང་ན་སློབ་གྲྭས་གནང་བ་བྱིན་ཏེ་འགྲོ་ས་གཞན་མེད་པར་ཡུལ་དུ་ལས་བྱ་འབྲི་བཞིན་པའི་སློབ་མ་ཚོ་ལས་མེད་བར་སྐབས་འདིར་མཛེས་མའི་ལུང་བ་འདི་གྲགས་འགུལ་གང་ཡང་མེད་པར་དལ་ཅག་གེར་གནས་འདུག ཡིན་ན་ཡང་མཛེས་མའི་ལུང་བ་ཞེས་པའི་མིང་འདི་ཐོགས་དོན་ཡང་བུད་མེད་དག་གི་ཕྱི་མོ་སྒོ་རྐྱང་རྐྱང་གི་ཆ་ནས་བཏགས་པ་མ་ཡིན་པར་ད་དུང་མཛེས་མ་ལུང་བ་ཞེས་པའི་སྡེ་བ་འདིར་སྡོད་པའི་གསར་བུ་གསར་མོ་དག་གི་ནང་བསམ་བློ་དང་བློ་ཤེས་རྒྱ། ཐབས་བཀོད་པ་དང་ལག་ཤེས་བྱ་སོགས་སྣ་ཚོགས་དང་འབྲེལ་བ་དམ་པོ་ཞིག་ཡོད་པ་རེད། རེད་མོད་ཀྱང་མ་སྐྱེས་སྐྱེས་ཐམས་ཅན་ཡག་མ་དང་ཕོ་སྐྱེས་སྐྱེས་ཐམས་ཅད་མཁས་པ་ཞེས་པའི་མིང་འདི་སྡེ་བ་འདིར་དམིགས་ནས་བཏགས་པ་དང་ཡང་འདྲའོ། ། མཛེས་མའི་ལུང་བའི་གསར་བུ་གསར་མོ་དག་ནི་སྟོད་ཕྱོགས་འབྲོག་པའི་རི་སྒང་དུ་ཡོད་ལ་སྨད་ཕྱོགས་རྒྱ་ནག་གྲོང་ཁྱེར་དུ་ཡང་ཡོད་སྲིད་པས་མཛེས་མའི་ལུང་བའི་གསར་སྐྱེས་གཞོན་ནུ་དག་གིས་རང་གི་ནུས་པར་བརྟེན་ནས་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་གཞིར་བཟུང་ནས་བོད་ཀྱི་རྒྱན་གོས་དང་གཙགས་དྲུབ། ཐང་ག་དང་མཛེས་སྤྲས། ཞབས་བྲོ་དང་གླུ་གཞས་སོགས་བཟོ་སྐྲུན་དང་དར་སྤེལ་དུ་བཏང་སྟེ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་འགྲེམ་སྤེལ་བྱེད་ཀྱིན་ཡོད་པས་སྡེ་བ་འདིའི་གསར་སྐྱེས་གཞོན་ནུ་དག་ནི་དུས་དང་ལྷན་དུ་མདུན་བསྐྱོད་ཀྱི་ལས་ལ་བྲེལ་གྱིན་ཡོད་པ་འདིས་སྔོན་ཆད་རྒན་རབས་པའི་ལུགས་སྲོལ་ཏེ་གནས་ལ་འགྲོ་བ་དང་མག་པ་ལེན་པའི་སྣང་ཚུལ་འདི་གཞི་ནས་མཇུག་རྫོགས་པ་ཡིན་ལ། ཕྱིའི་གོན་པའི་ཆ་ནས་ཀྱང་ཁ་སང་དེ་རིང་དུས་འདིར་རྒྱལ་ནང་ཁག་ཏུ་ཆེས་དར་རྒྱུགས་ཆེ་བའི་ལྭ་བའི་རིགས་གོན་བཞིན་ཡོད་ལ། ལྷག་པར་དུ་མགོའི་སྐྲ་ཡི་ཁ་དོག་དང་བཞིན་གྱི་རང་མདངས། ལུས་ཀྱི་འཕྲོད་བསྟེན་སོགས་གང་ཐད་ནས་རོང་སྡེ་ཆུང་ཆུང་ཞིག་ནས་ནར་སོན་པའི་ཞིང་བའི་ཁྱིམ་རྒྱུད་ཅིག་རེད་ཞེ་ན་སུ་ཡིན་ཡང་རྣར་མི་འགྲོ་བའི་ཚོད་རེད། དེ་བས་སྡེ་བ་འདིར་ཆ་རྒྱུས་མེད་པའི་མི་ཞིག་ཡིན་ཚེ་ཁོ་ཚོའི་མིག་ལམ་དུ་མངོན་པའི་མཛེས་མའི་ལུང་བ་ནི་མི་རིགས་གཞན་གྱི་སྡེ་བ་ཞིག་ལོས་ཡིན་སྙམ་པའི་འདུ་ཤེས་ཤིག་རང་སེམས་ལ་དབང་མེད་དུ་བསྐྱེད་པར་བྱེད་པ་རེད།
མཛེས་མའི་ལུང་བའི་རྒན་པ་དང་ཕ་མ་དག་གིས་སེམས་ཁུར་བྱེད་ཀྱིན་ཡོད་པ་ནི་རང་གི་བྱིས་པ་འདི་དག་གིས་མི་འགྱངས་པར་བོད་མི་རང་གི་རིགས་རྒྱུད་དེ་མི་རིགས་གཞན་གྱི་རིགས་རྒྱུད་དུ་འགྱུར་བར་བྱེད་པ་དེ་དང་། བོད་རང་གི་ཆོས་ལུགས་ཀྱི་ཆོ་གའི་ཕྱག་ལེན་དུ་མ་ཞིག་གསར་སྐྱེས་གཞོན་ནུ་འདི་དག་གི་རིང་ལ་འཇིག་པར་བྱེད་རྒྱུ་སྙམ་པ་དེ་རེད ། དེའི་དབང་གིས་ལོ་ལོན་དང་རྒན་པ་དག་གི་ལོ་རེ་ཐེངས་གཅིག་རེ་མ་གཏོགས་འདུས་མི་ཐུབ་པའི་ལོ་སར་གྱི་སྐབས་སུ་རང་རང་ཚོད་ཀྱིས་རང་གི་བྱིས་པ་དག་ལ་མི་རིགས་རང་གི་ཡུལ་སྲོལ་གོམས་འདྲིས་དང་རིགས་རྒྱུད་གཙང་མ་འདོར་མི་རུང་བ་དང་། རང་གི་རིགས་རུས་གཙང་མ་གཞན་དུ་བསྒྱུར་མི་རུང་བའི་བློས་བསླངས་བྱེད་ཀྱིན་ཡོད་པ་རེད། ལོ་ལོན་དང་ཕ་མ་དག་གིས་བཤད་པའི་སྐད་ཆ་འདི་དག་ལ་ཡང་གནས་ལུགས་མེད་པ་ཞིག་གཏན་ནས་མ་ཡིན་ཏེ། རྒྱུ་མཚན་རང་གི་བྱིས་པ་ཐམས་ཅད་དུས་ཚིགས་བཞི་བོར་སྒོ་ཕྱི་ལ་སོང་ནས་སྒོར་མོ་མང་པོ་འཚོལ་གྱིན་ཡོད་པས་མི་རིགས་ཀྱང་སྣ་མང་ཞིག་ལ་འབྲེལ་འདྲིས་བྱེད་ཀྱིན་ཡོད་པའི་དབང་གིས་རེད། དྲང་མོར་བཤད་ན་ལོ་ལོན་རྒན་པ་དག་ལ་མཁོ་བ་ནི་སྒོར་མོ་ལས་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་རིགས་རུས་ཆོ་འབྲང་དེ་གཙང་མ་ཞིག་ཡོད་དགོས་པ་དེ་རེད། དེ་ནི་ཁོ་ཚོའི་སྨོན་འདུན་ཡིན་ལ་མི་ཚེ་གཅིག་གི་རེ་འདུན་ཡང་ཡིན་སྲིད་པ་རེད།
ང་ཕྱིར་གནའ་མཁར་ཟི་ལིང་དུ་འབྱོར་ནས་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་ཟླ་ངོ་གཅིག་ལྷག་འདས་ཟིན་པ་ཡིན་ལ། འདས་ཟིན་པའི་ཟླ་ངོ་གཅིག་གི་ཡུན་ལ་སྒྲོལ་མ་མཚོས་ང་ལ་ཡང་འབྲེལ་འདྲིས་མི་བྱེད་ལ་ངས་ཀྱང་སྒྲོལ་མ་མཚོ་ལ་ཡང་འབྲེལ་འདྲིས་བྱེད་པའི་ཁོམ་ལོང་ལྡན་མ་བྱུང་བ་རེད། དེ་རིང་ངས་བོད་ཁུལ་གྱི་མཐོ་རྒྱུགས་དང་འབྲེལ་བའི་ལེ་ཚན་ཞིག་ལེགས་འགྲུབ་བྱས་ཏེ་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ་ངལ་གསོ་བྱེད་པའི་བར་སྐབས་འདིར་ངའི་ཡིད་ལ་རང་དབང་མེད་པར་ང་དང་རྒྱང་ཐག་རིང་བའི་རི་གྲོང་དུ་མི་རིགས་རང་གི་རིག་གནས་སྒྱུ་རྩལ་སྔོག་འདོན་གྱི་ཆ་ལ་འབད་པ་བླ་ལྷག་བྱེད་ཀྱིན་པའི་སྒྲོལ་མ་མཚོ་ཞེས་པའི་བུད་མེད་འདི་དྲན་འོངས་ལ། དེ་དང་མཉམ་དུ་མཛེས་མའི་ལུང་བར་སྡོད་པའི་གཉེན་མི་མཐའ་དག་ཀྱང་ངང་གིས་དྲན་བྱུང་། རྒྱུ་རྐྱེན་གང་ཡང་བཤད་དཀའ་དེ་དག་དྲན་པ་དང་མཉམ་དུ་ང་ཡང་བསྐྱར་མཛེས་མའི་ལུང་བར་ཐེངས་གཅིག་འགྲོ་འདོད་ཀྱི་འདུན་པ་ཡིད་ལ་འགོག་མེད་དུ་ཤར་བྱུང་། དེ་ནི་རང་སེམས་ལ་དྲན་པའི་འཆར་སྒོ་ཙམ་ལས་མངོན་འགྱུར་བྱེད་མི་སྲིད་པ་ཞིག་ཡིན་པ་མགོ་ཁྲིད་ཀྱིས་བཀོད་འདོམས་དང་ལེན་བྱེད་པའི་ངས་གསལ་བོ་ཞིག་ཤེས་ན་ཡང་། ཡིད་ལ་དེ་ལྟ་བུའི་དྲན་ཚུལ་ཞིག་དབང་མེད་དུ་སྐྱེས་བྱུང་བ་རེད། དེ་ལས་ཀྱང་ངའི་སེམས་ཅུང་མི་བདེ་བར་བྱེད་པ་ནི་ངས་ཁོ་མོས་རང་སེམས་རྣམ་དག་གིས་སྣེ་ལེན་བྱེད་པའི་ཉི་མ་དེར་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་གནས་ཚུལ་ཞིག་རང་རེའི་ལས་ཁུངས་ཀྱི་བརྙན་འཕྲིན་བརྒྱུད་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོར་སྒྲོགས་སྤེལ་བྱེད་རྒྱུར་ཁས་ལེན་བྱས་ཡོད་པ་དེ་རེད། དེའི་སྟབས་ཀྱིས་ངས་གློ་བུར་དུ་ལག་གི་ཐ་མག་གི་མེ་རོ་བསད་པ་དང་མཉམ་དུ་མགོ་ཁྲིད་གཞུང་ལས་ཁང་དུ་སོང་ནས་དེའི་སྐོར་གྱི་ཆེད་བསྒྲིགས་ལེ་ཚན་ཞིག་སྒྲུབ་པར་ཡར་ཞུ་བྱེད་དུ་སོང་བ་ཡིན། དགའ་འོས་པ་ཞིག་ལ་ས་གནས་གང་ཞིག་ཡིན་རུང་སྒྲུབ་ཀྱིན་པའི་བྱ་བ་དེ་དོན་དངོས་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅུ་བཞི་བའི་བྱེད་སྒོ་དང་མཐུན་ཞིང་མི་རིགས་མཐུན་སྒྲིལ་གྱི་ལས་འགན་ལེགས་འགྲུབ་བྱེད་པ་ལ་རྔོ་ཐོགས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཡར་སྐུལ་གྱི་ནུས་པ་དང་ལྡན་པ། ཁྱད་པར་དུ་ཆབ་སྲིད་དང་མཐུན་པ་ཞིག་ཡིན་ཚེ་ང་ཚོས་དེ་ལྟར་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་ན་ཡང་། དེའི་རིགས་ལ་ད་དུང་མགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་རབ་དང་རིམ་པ་བསྡུས་ཏེ་གྲོས་མཐུན་བྱུང་རྗེས་ད་གཟོད་ཆེད་བསྒྲིགས་ལེ་ཚན་སྒྲུབ་ཆོག་པའི་ཆོག་མཆན་གནང་བ་ཡིན་ལ་ཆོག་མཆན་ཐོབ་རག་བར་དུ་མ་མཐའ་ཡང་གཟའ་འཁོར་གཅིག་གི་དུས་ཚོད་ཀྱི་རིང་ལ་སྒུག་དགོས་པ་རེད། ཡིད་ལ་ཡང་མ་དྲན་པ་ཞིག་ལ་དེ་རིང་མགོ་ཁྲིད་ཀྱིས་ངས་དེའི་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པ་དང་མཉམ་དུ་གདོང་ལ་ཡིད་ཚིམ་པའི་འཛུམ་མདངས་ཤིག་མངོན་གྱིན་རྟབ་རྟབ་པོར་ངའི་རེ་ཞུ་ཡི་གེ་སྟེང་དུ་མིང་རྟགས་བཀོད་ཟིན་པ་མ་ཟད། མི་འགྱངས་པར་ང་རང་ཡང་བསྐྱར་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་ལ་ཆེད་བསྒྲིགས་གསར་འགྱུར་སྒྲུབ་དུ་འགྲོ་དགོས་པའི་ལས་བགོས་ཀྱང་བྱས་པ་རེད། དེའི་རྐྱེན་གྱིས་ངའི་སེམས་ལ་གློ་བུར་དུ་བཤད་མི་ཤེས་པའི་སྤྲོ་སྣང་ཞིག་འགོག་མེད་དུ་སྐྱེས་པར་བྱེད་པ་ནི་གཅིག་ནས་རང་གིས་སྒྲོལ་མ་མཚོ་ལ་ཁས་ལེན་བྱས་པའི་དོན་དག་ལེགས་འགྲུབ་བྱས་ཟིན་པ་དང་། གཉིས་ནས་ངས་ཡིད་ཀྱི་གཏིང་ནས་གསང་བའི་སྒོ་ནས་དྲན་གྱིན་པའི་སྒྲོལ་མ་མཚོ་དང་ཡང་བསྐྱར་ཐུག་འཕྲད་བྱུང་བ་དེ་རེད། ང་མགོ་ཁྲིད་ཀྱི་གཞུང་ལས་ཁང་གི་སྒོར་བུད་པ་དང་མཉམ་དུ་རང་དབང་མེད་པར་སྒྲོལ་མ་མཚོ་ལ་འབྲེལ་གཏུགས་བྱེད་དགོས་སོང་། དེ་ནི་ང་རང་མོ་དང་ཁ་གྱེས་ཏེ་ཟླ་ངོ་གཅིག་འགོར་བའི་རིང་གི་ཆེས་ཐོག་མར་མོ་ལ་འབྲེལ་འདྲིས་བྱས་པ་ཡིན།
“བདེ་མོ། ཉེ་ཆར་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་ཁྱེད་ལ་འབྲེལ་གཏུགས་བྱེད་མ་ཐུབ་པ་ལ་དགོངས་དག་ཞུས་པ་ཡིན། མིག་སྔར་ཁྱེད་ཀྱི་བདེ་ཐང་དང་བྱ་བ་སོགས་སྔར་བཞིན་བདེ་ལེགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་དམ། ”
ངས་ཁ་པར་གྱི་གློག་ལམ་བརྒྱུད་ནས་ཁོ་མོ་ལ་དེ་ལྟ་བུའི་འཚམས་འདྲི་ཞིག་བྱས་པ་ཡིན་མོད། འོན་ཀྱང་བཤད་དཀའ་བའི་རྒྱུ་རྐྱེན་ཞིག་གིས་མོའི་སྙན་འཇེབས་ཀྱི་སྐད་གདངས་དེ་ཐོས་རྗེས་གང་ཞིག་བཤད་དགོས་པ་ཡང་མི་ཤེས་པ་ཞིག་ཏུ་གྱུར་བ་རེད།
“རེད་རེད། ཁག་མེད་ཀི་གསར་འགོད་པ་ཞིག་ལ་ང་ལྟ་བུའི་ཞིང་གྲོང་གི་བུད་མེད་ཅིག་ལ་ཁ་བརྡ་བྱེད་པའི་ཁོམ་སྐབས་གང་ནས་ཡོད། ཨ་ལ་ཀུ་རེ་ཡིན་ངས་ཀྱང་ཁྱོད་ལ་ཁ་པར་ཞིག་སྔ་མོ་ནས་གཏོང་འདོད་མོད་ཁྱོའི་བྱ་བ་ལ་ཆར་ཆད་གཏོང་བར་དོགས་ནས་གཏོང་མ་ཕོད ། ང་སྔར་བཞིན་བདེ་ལེགས་ཡིན་ཁྱོད་ཀྱང་དེ་འདྲ་ཡིན་སྲིད་དམ། ”
“ངས་ཁྱེད་ལ་ཁས་ལེན་བྱས་པའི་དོན་དག་དེར་མགོ་ཁྲིད་ཀྱིས་ཆོག་མཆན་བཀོད་ཟིན་པ་ཡིན་པས་གནངས་ཉིན་ང་ཆེད་དུ་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་དུ་ཐོན་རྩིས་ཡོད་པས་ཁྱོས་ཀྱང་དེའི་ཐད་ནས་གྲ་སྒྲིག་འཐུས་ཚང་ཞིག་བྱེད་དགོས། ”
“བཀའ་དྲིན་ཆེ། ངས་ཁྱོད་ལ་སྒུག་ནས་འདུག རང་ནུས་གང་ཡོད་སྒོས་ཁྱོད་ལ་སྲི་ཞུ་སྒྲུབ་ངེས་ཡིན། ”
ངས་ཁོ་མོའི་རེ་འདུན་ལ་ཆོག་མཆན་བཀོད་པའི་གནས་ཚུལ་དེ་བཤད་པ་ན་སྒྲོལ་མ་མཚོ་ལ་སྔར་མེད་ཀྱི་སྤྲོ་སྣང་ཞིག་གིས་ང་ལ་བཀའ་དྲིན་ཞུ་བཞིན་ཡོད་ལ། སྒོས་སུ་ང་དང་མོའི་སེམས་སུ་ཡོད་ཅིང་ངག་ནས་བརྟོལ་མ་ནུས་པའི་ཕོ་མོ་བར་གྱི་བརྩེ་དུང་གི་གསང་བརྡ་ཞིག་ཀྱང་བཏང་བྱུང་བས་ང་སྔར་ལས་ལྷག་པར་མཛེས་མའི་ལུང་བར་འགྲོ་འདོད་ཀྱི་འདུན་པ་ཅི་འདྲའི་ཆེ་བ་ལའང་། དེ་ལྟར་བསམ་གཞིགས་གཏོང་བཞིན་གཞུང་ལས་ཁང་དུ་སོང་བ་ན་ངའི་གཡས་སུ་སྡོད་པའི་ལས་གྲོགས་དོན་འགྲུབ་རྡོ་རྗེ་ཡི་གདོང་ལ་ཅུང་འཛུམ་མདངས་དང་བཅས་ངའི་གདོང་ལ་ཡང་དང་བསྐྱར་དུ་ལྟ་བཞིན་ཡོད་པ་ལས་མི་རྐྱང་འདིས་དོ་དགོང་ཡང་བུ་མོ་སུ་ཞིག་ལ་མ་རབས་པྲ་ཚགས་བྱེད་པའི་བསམ་ངན་ཞིག་བཅངས་ཡོད་པ་རེད་སྙམ་པའི་སྣང་ཚུལ་ཞིག་ངའི་སེམས་ལ་འགོག་མེད་དུ་སྐྱེས་སུ་བཅུག་པ་རེད །
དྭངས་ཤིང་གཙང་ལ་མཛེས་ཤིང་སྡུག་པའི་ཞོགས་པའི་ཉི་ཟེར་གྱི་འོད་མདངས་རི་ལ་འཕྲོས་པ་དང་བསྟུན་ནས་ང་ཚོ་གསར་འགྱུར་ཚན་ཆུང་གནའ་མཁར་ཟི་ལིང་ནས་ལམ་དུ་ཆས་ཏེ་རྒྱང་ཐག་རིང་བའི་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་དུ་ཆེད་བསྒྲིགས་ལེ་ཚན་ཕབ་སྐྲུན་གྱི་ལམ་དུ་ཆས་པ་ཡིན། ང་ཚོ་བརྙན་ཕབ་ཚན་ཆུང་གི་རླངས་འཁོར་དེ་ནི་སྦྲུལ་ནག་ཅིག་ཚ་བའི་ཁྲོད་ནས་འདུག་བཟོད་མེད་པར་གོག་འགྲོས་བྱེད་པ་དང་འདྲ་བའི་སྣུམ་ནག་གི་གཞུང་ལམ་སྟེང་དུ་གཤོག་རྩལ་རྒྱས་པའི་བྱ་ཞིག་དང་འདྲ་བར་མཛེས་མའི་ལུང་བའི་ཕྱོགས་སུ་རྒྱུགས་ཀྱིན་ཡོད་ལ། ཡུན་རིང་ཞིག་ལ་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་འུར་ཟིང་གི་ཁྲོད་ནས་ཁོམ་ལོང་དང་ལྷོད་ཡངས་མེད་པའི་ངའི་ལས་གྲོགས་དག་གིས་རླངས་འཁོར་གྱི་སྒེའུ་ཁུང་ལས་མཐོ་སྒང་གི་གསོན་ཉམས་ལྡན་པའི་རང་བྱུང་གི་ཁོར་ཡུག་འདིའི་བླ་ན་མེད་པའི་མཛེས་སྡུག་གི་རྣམ་པ་དག་ལོངས་སུ་སྤྱོད་ཀྱིན་ཡོད་པ་ལས་ང་ཚོས་ཆེད་བསྒྲིགས་ལེ་ཚན་སྐོར་གྱི་ཁ་བརྡ་གང་ཡང་མ་བྱས་པ་ཡིན། དེ་ནི་ནམ་ལངས་ན་གསར་འགྱུར་དང་ས་རུབ་ན་གསར་འགོད་ཀྱི་ལས་ལ་འཐམས་དྲག་པར་སུན་སྣང་སྐྱེས་པའི་དབང་གིས་དེ་རིང་འགྲུལ་བཞུད་ཀྱི་བར་གླགས་འདི་དང་བསྟུན་ནས་རང་ཉིད་ལ་ཁོམ་ལོང་གི་འདུ་ཤེས་ཤིག་དང་རང་དབང་གི་གོ་སྐབས་ཤིག་སྤྲོད་ཀྱིན་ཡོད་པ་འདྲ། ཚང་མས་རི་བོ་གན་ཡག་པ་དང་ཆུ་བོ་འདི་གཙང་བ་སོགས་ལས་དེ་རིང་གི་འགྲོ་དོན་དངོས་མའི་སྐོར་ནས་གང་ཡང་མ་གླེང་ལ་ངས་ཀྱང་ཁ་ཁུ་སིམ་མེར་ཐེངས་འདིའི་ཆེད་བསྒྲིགས་ཀྱི་མགོ་མཇུག་བར་གསུམ་གྱི་སྒྲིག་རིམ་ལ་བསམ་བློ་གཏོང་མཚམས་བཞག་སྟེ་ལས་གྲོགས་ཚོ་དང་ལྷན་དུ་བོད་ཡུལ་གྱི་མཛེས་ཤིང་སྡུག་པའི་ཡུལ་ལུང་གི་རྣམ་པ་དེ་ལོངས་སུ་སྤྱོད་དགོས་བྱུང་། རླངས་འཁོར་གྱི་སྒེའུ་ཁུང་ལས་མངོན་པའི་མཐོ་སྒང་གི་རྣམ་པ་ནི་ལྷའི་ཞིང་ཁམས་ཤིག་དང་གཉིས་སུ་མེད་པར་མི་སེམས་འགུགས་པར་བྱེད་པའི་རྒྱུ་རུ་འགྱུར་སྲིད་པ་ནི་གནས་འདིའི་སྔོ་ཞིང་དྭངས་པའི་ནམ་མཁའ་དང་མཛེས་ཤིང་སྡུག་པའི་མེ་ཏོག ལྗང་ཞིང་ནེམ་པའི་སྤང་ལྗོངས་དང་དྭངས་ཤིང་གཙང་བའི་མཁའ་དབུགས་བཅས་ཀྱི་དགེ་མཚན་དང་འབྲེལ་བ་ཆེན་པོ་ཞིག་ཡོད་པ་ཡིན་ལ། སྒོས་སུ་གནས་འདིའི་མཐའ་ཡས་པའི་རྩྭ་ཐང་དུ་ཡན་གར་བའི་རྒྱུ་བའི་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་དང་སོས་དལ་བག་ཕབ་ཀྱིས་སྙན་པའི་རི་གླུ་ལེན་པའི་རྫི་བོ ། ད་དུང་སྦྲ་ནག་གི་དུད་ཁྱིམ་དང་ཞིམ་མངར་གྱི་འོ་ཇ། བདེ་སྐྱིད་ཀྱི་འཚོ་བ་དང་སྤྲོ་སྣང་གི་དཔལ་ཡོན་བཅས་ཀྱིས་ང་ཚོ་གསར་འགྱུར་ཚན་ཆུང་གི་མི་རེ་རེ་སེམས་ལ་བརྗེད་ཁག་པའི་བག་ཆགས་ཟབ་མོ་ཞིག་འཇོག་བཞིན་ཡོད་པ་ནི་སྨོས་མ་དགོས་སོ། ། ང་ཚོའི་མིག་གི་ལམ་ནས་བོར་ཞིང་སེམས་ཀྱི་དཀྱིལ་དུ་བབས་པའི་སྣང་ཚུལ་འདི་དག་གིས་ང་ཚོ་གསར་འགོད་པ་དག་གི་ཡིད་ལ་ཚོར་སྣང་ག་འདྲ་ཞིག་གི་བག་ཆགས་བཞག་ཟིན་པ་ནི་དེ་བས་ཀྱང་གསང་བ་ལྐོག་གྱུར་གྱི་གཞིའོ། །
“ཐོག་མར་ངས་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་ལས་བཟོ་བ་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་བརྙན་འཕྲིན་ཁང་གི་གསར་འགོད་པ་དག་ཆེད་དུ་ཡུལ་ཐག་རིང་བོ་བརྒྱུད་དེ་གནས་འདིར་ཐོན་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ། ཁོ་མོའི་མིང་ལ་སྒྲོལ་མཚོ་ཟེར། ཀུང་ཟིའི་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན། ཀུང་ཟི་འདིའི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་མིག་སྔར་འཕེལ་རྒྱས་ཀྱི་ཁ་ཕྱོགས། མ་འོངས་པའི་དམིགས་འདུན་བཅས་ཁོ་མོས་ཁྱེད་ཅག་ལ་རེ་རེ་བཞིན་གསལ་བཤད་བྱེད་ངེས་ཡིན། ”
ང་ཚོ་བརྙན་འཕྲིན་ཁང་གི་ཆེད་སྤྱོད་རླངས་འཁོར་དེ་དུས་བཞི་ཙམ་བེད་སྤྱོད་བྱས་ཏེ་རྒྱུགས་པ་ན་ད་གཟོད་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་སྒོ་དྲུང་དུ་ཐོན་པ་དང་ཀུང་ཟི་དེའི་མགོ་ཁྲིད་དང་ལས་བཟོ་བ་ཡོངས་ཀྱིས་ལུས་ལ་བོད་རང་གི་ཐུན་མོང་མ་ཡིན་པའི་གྱོན་གོས་གྲལ་དག་རེ་གོན་ཏེ་ཀུང་ཟི་དེའི་ཕྱི་སྒོའི་འགྲམ་གཉིས་སུ་ལག་ཏུ་ཁ་བཏགས་དཀར་བོ་བཟུང་ནས་གྲལ་ཕྲེང་བསྒྲིགས་ཏེ་ང་ཚོ་ལ་ལྷག་བསམ་རྣམ་དག་གིས་བསུ་མ་བྱས་པ་རེད། ཐོག་མར་ཀུང་ཟི་དེའི་མགོ་ཁྲིད་ཀྱིས་ང་ཚོ་གསར་འགོད་པ་དག་ལ་དགའ་བའི་བསུ་མ་བྱེད་པ་དང་མཉམ་དུ་ཀུང་ཟི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱེད་པའི་འགན་དེ་སྒྲོལ་མ་མཚོ་ལ་སྤྲད་པ་ཡིན་པས་སྒྲོལ་མ་མཚོས་ཀྱང་གདོང་ལ་ཅུང་ངོ་གནོངས་པའི་ཉམས་འགྱུར་དང་བཅས་ཟུར་མིག་གིས་ང་ལ་ཡང་ཡང་ལྟ་བཞིན་ཡོད་པ་ལས་ངས་མོའི་རེ་འདུན་ཇི་བཞིན་དུ་སྐོང་བར་བྱས་པ་ལ་ཡིད་ཚིམ་པའི་རྣམ་འགྱུར་སྟོན་གྱིན་ཡོད་པ་དང་གཅིག་འདྲ་རེད། བར་སྐབས་དེར་ངས་ནམ་རྒྱུན་ཁུར་ལོབས་སུ་གྱུར་ཞིང་བེད་སྤྱོད་གཏོང་བ་ལ་བྱང་ཆ་ལྡན་པའི་བརྙན་ལེན་འཕྲུལ་ཆས་ཀྱི་བརྙན་མིག་ཁོ་མོའི་གདོང་ལ་གཏད་དེ་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་གནས་ཚུལ་མདོར་བསྡུས་ཤིག་ལ་རྒྱུས་ལོན་བྱེད་པའི་གྲ་སྒྲིག་བྱས་པ་ཡིན།
“བརྙན་འཕྲིན་འཕྲུལ་ཆས་མདུན་གྱི་གཟིགས་མོ་བ་ལྷན་རྒྱས། ངའི་མིང་ལ་སྒྲོལ་མ་མཚོ་ཟེར། ང་ནི་མཛེས་མི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན་ལ་ད་ལྟ་ང་ཡོད་སའི་གནས་འདི་ནི་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་ལྷས་རའི་ནང་ཡིན། ཀུང་ཟི་འདིར་ཆ་མཚོན་ནས་བཤད་ན་ད་སྔ་ཡོད་པའི་ལས་བཟོ་བ་ནི་མི་གྲངས་སུམ་བརྒྱ་ལྷག་ཡོད་པ་ལས་སྐྱེས་པ་བརྒྱ་དང་སྐྱེས་མ་ཉིས་བརྒྱ་ཡོད་པ་ཡིན། ཕོ་མོའི་མི་གྲངས་ཀྱི་ཆ་ནས་འདི་ལྟ་བུའི་མང་ཉུང་ཞིག་ཤོར་དོན་ནི་ཀུང་ཟི་འདིའི་ལས་འགན་གཙོ་བོ་ནི་ལག་ཤེས་བཟོ་ལས་ཀྱི་སྐོར་ཡིན་ལ་ལག་ཤེས་བཟོ་ལས་ཀྱི་སྐོར་འདིའི་རིགས་སྐྱེས་མ་ལས་སྐྱེས་པ་དག་གིས་སྒྲུབ་ནུས་པ་ཤིན་ཏུ་ཉུང་ཉུང་ཡིན་པས་སོ། ། ཀུང་ཟི་འདིའི་ཐོན་རྫས་ཀྱི་ཆ་ནས་གཙོ་བོ་ནི་གཙགས་དྲུབ་དང་རྒྱན་གོས་ལས་བཟོ་ཡི་སྐོར་ཡིན་ལ་སྒོས་སུ་བོད་རང་གི་ཐུན་མོང་མ་ཡིན་པའི་གླུ་གར་འཁྲབ་སྟོན་སོགས་ཀྱི་ཆ་ནས་ང་ཚོས་གང་ནུས་ཅི་ལྕོགས་ཀྱིས་འབད་པ་ཆེན་པོ་བྱས་པའི་དབང་གིས་ད་ལྟ་ཀུང་ཟི་འདི་ཅུང་འཕེལ་རྒྱས་ཅན་གྱི་འགྱུར་གྱིན་ཡོད་ལ་ལས་བཟོ་བ་དག་གི་འཚོ་བའི་ཁ་སྣོན་དང་གླ་ཕོགས་སོགས་ཀྱི་ཆ་ནས་ཀྱང་འདོད་མོས་ཚིམ་པའི་སྐབས་ཤིག་ལ་ཐོན་ཡོད་པ་རེད། དེ་ཡང་ཀུང་ཟི་འདིའི་ཐོན་རྫས་དག་ནི་གཙོ་བོ་བོད་ཁུལ་གྱི་ཞིང་ཆེན་རིམ་པ་དང་ནང་ལོགས་ཀྱི་གྲོང་ཁྱེར་ཆེན་པོ་ཞ་མེན་སོགས་སུ་འགྲེམ་སྤེལ་བྱེད་ཀྱིན་ཡོད་པ་ཡིན་ལ་འདི་ལྟར་བྱེད་པའི་དམིགས་ཡུལ་ནི་གཅིག་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་དར་སྤེལ་དང་གཉིས་ནས་སློབ་གྲྭར་འགྲོ་མ་ཐུབ་པའ་མ་སློབ་གྲྭར་སོང་ཡང་ལས་གནས་མ་རྙེད་པའི་གསར་སྐྱེས་གཞོན་ནུ་སྐོར་ཞིག་ལ་ཆེད་དུ་འཚོ་བའི་དཀའ་ཁག་སེལ་བའི་གར་སྟེགས་ཤིག་བསྐྲུན་པ་དེ་རེད ། ཡིད་ཅུང་སྐྱོ་བ་ཞིག་ལ་ཀུང་ཟི་འདིའི་ལས་བཟོ་བ་མང་ཆེ་བ་ཞིག་སློབ་གྲྭར་འགྲོ་ཐུབ་མེད་པས་ཡིག་རྨོངས་ཅན་འབའ་ཞིག་ཡིན། ཡིན་ན་ཡང་ང་ཚོས་རང་ནུས་གང་ཡོད་སྒོས་འབད་པ་ཆེན་པོ་བྱས་པའི་སྟབས་ཀྱིས་གཙག་དྲུབ་དང་རྒྱན་གོས་སོགས་བཟོ་ལས་ཀྱི་ཆ་དང་བྲོ་གར་འཁྲབ་སྟོན་སོགས་གང་གི་ཐད་ནས་གོམས་བྱང་དུ་སོང་ཡོད་ཚོད་རེད། ཡིན་ན་ཡང་ང་ཚོས་ད་དུང་མུ་མཐུད་དུ་འབད་པ་ཆེན་པོ་བྱས་ཏེ་རང་གི་རིག་གནས་དང་རང་གི་འཚོ་བ། རང་གི་སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་གཏོང་བའི་ཆ་ལ་ནུས་པ་གང་ཡོད་བཏོན་སྟེ་ཀུང་ཟི་འདིའི་མཚན་སྙན་ཇེ་རྒྱས་དང་རེ་འདུན་ལེགས་འགྲུབ་ཀྱི་ཆ་ལ་འབད་པ་ཆེན་པོ་བྱས་ཏེ་ཀུང་ཟི་འདིའི་བོད་ཁུལ་ལ་དགེ་མཚན་མི་དམན་པ་ཞིག་ཐོན་པར་ནུས་པ་གང་ཡོད་འདོན་འདོད་ཡོད་པ་ཡིན། ”
མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་བུད་མེད་ཀྲུའུ་རིན་སྒྲོལ་མ་མཚོས་རང་གི་མི་ཚེའི་འཕེལ་རིམ་དང་ད་ལྟའི་གནས་བབ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྣམ་གྲངས་རྩོན་ལེན་བྱེད་པའི་དམིགས་འདུན། རིག་གནས་སྒྱུ་རྩལ་སྔོག་འདོན་གྱི་དགེ་མཚན་སོགས་ང་ཚོ་གསར་འགོད་པ་དག་ལ་ཁ་གསལ་ཁུངས་དག་གིས་གསལ་བཤད་བྱས་པ་མ་ཟད། ཁོ་མོས་རང་གི་ནུས་པ་གང་ཡོད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་བཞག་རིག་གནས་སྔོག་འདོན་སོགས་ཀྱི་ཆ་ལ་འདོན་བཞིན་པའི་གནས་ཚུལ་སོགས་ཐོགས་བཀག་མེད་པའི་སྒོ་ནས་བརྙན་ལེན་འཕྲུལ་ཆས་སི་ཕབ་ལེན་བྱས་ཚར་བ་ན་ཁོ་མོའི་གདོང་ལ་སྔ་ན་མེད་པའི་རྒྱལ་ཁའི་འཛུམ་མདངས་ཤིག་ངོམ་གྱིན་ཡིད་སེམས་ལ་ན་གཞོན་ཕོ་མོ་གང་རུང་ལ་ཡོད་ཆོག་པའི་འདོད་ཆགས་ཀྱི་ཉམས་འགྱུར་ཞིག་ཟུར་མིག་གི་ལམ་ནས་ངའི་སྙིང་ལ་ཕོག་པར་བྱས་པ་ཡིན་ལ། ངས་ཀྱང་གདངས་མེད་པའི་གདོང་གི་ཉམས་འགྱུར་ཞིག་གིས་ང་རང་ད་ལྟ་ཁྱོད་ལ་དགའ་བའི་མགོ་བརྩམས་པ་ཡིན་ཞེས་པའི་སྣང་ཚུལ་ཀློག་གྱུར་བ་ཞིག་ཀྱང་མངོན་དགོས་པར་གྱུར།
མཛེས་མའི་ལུང་བ་འདི་ནི་མཐའ་གཉིས་དམའ་ལ་མཐོ་རྒྱུ་མེད་པའི་རི་ཚོགས་ཀྱིས་བསྐོར་བའི་གྲམ་གཞོང་ཞིག་ཏུ་ཆགས་ཡོད་པ་ཡིན་ལ། གྲམ་པའི་མཐིལ་དུ་ཉིན་མཚན་བར་མེད་དུ་ཤག་ཤག་གི་གླུ་དབྱངས་བར་མེད་དུ་ལེན་བཞིན་པའི་ཆུ་ཕྲན་འདིས་ལུང་བ་འདི་དུས་རབས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་གནས་བབ་དེ་ཡུལ་ཕྱོགས་ཀུན་ལ་ཁྱབ་བསྒྲགས་བྱེད་པར་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་དང་གཅིག་འདྲ་རེད། ཆུ་ཕྲན་དེའི་འགྲམ་ངོགས་གཉིས་སུ་འབྲུ་རིགས་སྣ་ལྔ་སོན་འདེབས་བྱེད་བཞིན་པའི་ཞིང་ས་ཡིན་ལ་ཞིང་གི་རྣང་མའི་སྟེང་དུ་ལུང་བ་འདིའི་ཕ་མེས་ཡང་མེས་ནས་བཏབ་པ་ལོས་ཡིན་སྙམ་པའི་སྡོང་རྒན་ཆེན་པོ་ལོ་འདབ་རབ་ཏུ་རྒྱས་པ་དག་གིས་ཆེད་དུ་ས་ཞིང་འདིའི་འབྲུ་རིགས་སྐྱེ་འཕེལ་གྱི་ཆ་ལ་ཚ་བས་གནོད་འཚེ་གཏོང་བར་འགོག་སྲུང་བྱེད་ཀྱིན་ཡོད་པ་དང་གཅིག་འདྲ་རེད། དེ་ལས་ཀྱང་ཉམས་དགའ་བ་ཞིག་ནི་གྲམ་པའི་གཡས་གཡོན་དུ་སྔོ་ལྗང་ངེར་མཆིས་པའི་ནེའུ་གསིང་གི་ངོགས་སུ་ལུང་བ་འདིའི་ཁྱིམ་ཚང་དག་གིས་ཞིང་འདེབས་པ་དང་འབྲེག་པའི་སྐབས་སུ་མ་གཏོགས་བེད་སྤྱོད་ཆེན་པོ་བྱེད་ཀྱིན་མེད་པའི་རྟ་དྲེལ་དང་བ་གླང་སོགས་བརྟད་ཡོད་ལ་ཕྱོགས་གཉིས་ཀའི་རི་ངོས་སུ་གང་འདོད་དུ་རྩྭ་ཟ་བཞིན་པའི་མང་རྒྱུ་མེད་པའི་ར་ལུག་གི་ཁྱུ་དག་ལ་ཟོག་རྫི་ཡང་མེད་པ་དག་ནི་སྲོད་དུས་སུ་སྐབས་སུ་རང་འགུལ་གྱིས་མར་བབས་ཏེ་རང་ཁྱིམ་དུ་འཛུལ་བཞིན་ཡོད་པ་འདི་ཡང་ཡུན་རིང་གི་སྦྱོང་བརྡར་ལས་ཐོབ་པའི་གོམས་གཤིས་ཤིག་ཡིན་པ་འདྲ། ཉིན་གུང་གི་སྐབས་སུ་དྭངས་ཤིང་གཙང་བའི་ཆུ་ཕྲན་གྱི་འགྲམ་དུ་ལང་ཚོ་དར་ལ་བབས་པའི་གཞོན་ནུ་མ་དག་གིས་ཀུ་རེ་དང་དགོད་སྒྲའི་ཁྲོད་ནས་ལྭ་བ་སོགས་བཀྲུ་བཞིན་ཡོད་པ་འདི་ལྟ་བའི་སྣང་ཚུལ་ནི་རི་གྲོང་ཁོ་ན་ལ་མ་གཏོགས་མེད་པའི་སྤྲོ་སྐྱིད་ཀྱི་བྱ་འགུལ་ཞིག་ཏུ་གྱུར་ཡོད་པ་རེད། ཁྱིམ་ཚང་རེ་རེའི་ལྷས་དཀྱིལ་དུ་དར་ཤིང་རིང་མོ་དེ་བསླངས་ཡོད་པའི་སྟེང་དུ་ཁ་དོག་སྣ་ཚོགས་ཀྱི་དར་ལྕོག་མང་པོ་ཞིག་བཏགས་པ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་ཡོད་པ་ནི་ཕྱོགས་ཡོངས་ཀྱི་མགྲོན་པོ་དག་ལ་ཆེད་དུ་དགའ་བའི་བསུ་མ་བྱེད་པ་དང་གཉིས་སུ་མ་མཆིས་པ་རེད། དེ་ལས་ཀྱང་སྡེ་བ་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ནངས་དགོང་གི་སྐབས་སུ་ཁྱིམ་ཚང་རེ་རེའི་ཁང་ཀླད་དུ་བསང་མཆོད་ཀྱི་དུ་བ་སྔོ་ལོག་ལོག་དགུང་དུ་འཕྱུར་བ་དང་ལྷན་དུ་ལུང་བ་འདིའི་ག་ས་གང་དུ་མིའི་སྣ་ལམ་དུ་འཐུལ་བར་བྱེད་པ་ནི་ཤུག་པའི་དྲི་ཞིམ་དེ་རང་རེད། རྒན་པ་རྣམས་ཀྱིས་རང་གི་ཚ་བོ་ཚ་མོ་ཐམས་ཅད་ལ་ལྟ་སྐྱོང་བྱེད་ཀྱིན་ཁྱིམ་ལས་ཙག་ཙིག་ལས་ཀྱིན་ཡོད་ལ་གསར་བུ་གསར་བུ་དག་ནི་སྒོ་ཕྱི་ལ་བུད་ནས་ཞོར་ལས་སོགས་ལས་ཏེ་ཁྱིམ་འདིའི་དཔལ་འབྱོར་གྱི་ཁ་གྲངས་ཇེ་མང་དུ་གཏོང་བཞིན་ཡོད་པ་རེད། རེད་མོད་ཀྱང་ད་སྐབས་སྡེ་བ་འདིའི་གསར་བུ་གསར་མོ་དག་གིས་སྒོ་ཕྱི་ལ་སོང་ནས་འཇོར་དང་ལྕགས་ཁེམ་གྱི་ལས་ཀ་མཚམས་བཞག་སྟེ་རིག་གནས་སྒྱུ་རྩལ་ཁང་ཞེས་པའི་ཀུང་ཟི་འདིའི་ནང་དུ་ཞུགས་ཏེ་རང་རང་གི་དགའ་ཕྱོགས་ལྟར་འཚོ་བ་སྐྱིད་པོ་ཞིག་རོལ་གྱིན་ཡོད་པ་རེད། ལུང་བ་འདིར་ཐོན་པའི་མི་སུ་དང་གང་ཞིག་ཡིན་རུང་ཡིད་ལ་རང་དབང་མེད་པར་བག་ཆགས་ཟབ་མོ་ཞིག་འཇོག་པར་བྱེད་པ་ནི་གྲོང་སྡེ་འདི་ནི་ངེས་པ་དོན་གྱིས་བོད་པའི་ཁྱད་ཆོས་ལྡན་པའི་སྡེ་བ་ཞིག་རེད་སྙམ་པ་དེ་རེད། འདི་དག་ནི་ང་ཚོ་གསར་འགོད་པ་དག་གི་སེམས་ལ་ངང་ངམ་ཤུགས་ཀྱིས་བཞག་པའི་བག་ཆགས་ཤིག་ཡིན་སྲིད་ན་ཡང་དེ་ལས་ཀྱང་ཡིད་སེམས་ཀྱི་མཁའ་དབྱིངས་སུ་སྨུག་སྤྲིན་བཞིན་སངས་ཐབས་བྲལ་བ་ནི་སྒྲོལ་མ་མཚོ་ཞེས་པའི་མི་སྣ་འདིས་ངའི་སེམས་ལ་བཞག་པའི་སྣང་ཚུལ་དག་ནི་ཅི་འདྲའི་བརྗེད་དཀའ་བ་ཞིག་རེད་ཨང་།
ས་རིམ་གྱིས་རུབ་སོང་མཛེས་མའི་ལུང་བ་འདི་ཡང་འུར་ཟིང་གི་འདུ་འཛི་དང་བྲལ་ཏེ་གཞི་ནས་ལྷིང་འཇགས་ཀྱི་གནས་སུ་གྱུར་འདུག་པ་རེད། རིག་གནས་སྒྱུ་རྩལ་ཁང་འདིའི་ལས་བཟོ་བ་མཐའ་དག་གིས་ཀྱང་རང་རང་གི་མལ་ཁང་དུ་འཛུལ་ནས་ངལ་གསོ་བྱེད་བཞིན་ཡོད་པས་རིག་གནས་སྒྱུ་རྩལ་ཁང་འདིའི་ལྷས་དཀྱིལ་དུ་བསླངས་ཡོད་པའི་རླུང་གིས་བསྐྱོད་ཀྱིན་པའི་རྒྱལ་དར་གྱི་ལྷབ་སྒྲ་ལས་གང་ཡང་ཐོས་མི་ཐུབ། སྒྲོལ་མ་མཚོས་དེ་རིང་ཁོ་མོས་དོན་དག་གལ་ཆེན་གང་ཞིག་འགྲུབ་སོང་བ་ལྟ་བུའི་སྤྲོ་སྣང་གིས་རང་གི་མལ་ཁང་ནང་ནས་ཡིད་སེམས་ལྷོད་ལ་བབས་ཏེ་སྣ་གླུ་ཐན་ཐུན་ཞིག་ལེན་བཞིན་མདུན་གྱི་ཅོག་ཙེ་སྟེང་དུ་བཞག་ཡོད་པའི་མེ་ལོང་དུ་བལྟས་ནས་རང་གི་ངོ་གདོང་ལ་མཛེས་ཉམས་སྤྲས་ཀྱིན་ཡོད་པ་ལ་བལྟས་ན་དོ་དགོང་ཁོ་མོ་ཚང་ལ་མགྲོན་པོ་གལ་ཆེན་ཞིག་ཡོངས་བཞིན་ཡོད་པ་དང་གཅིག་འདྲ་རེད། ང་ཚོ་གསར་འགོད་པ་དག་གིས་ཡོངས་དོན་གྱི་དམིགས་འདུན་ལེགས་འགྲུབ་བྱས་ཟིན་པའི་དབང་གིས་རིག་གནས་སྒྱུ་རྩལ་ཁང་གིས་ཆེད་དུ་བཀོད་སྒྲིག་བྱས་པའི་མལ་ཁང་ལས་རང་འདོད་ཀྱིས་ཁ་བརྡ་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པ་ཡིན་ལ་སང་ཉིན་ཕྱིར་ཟི་ལིང་དུ་འགྲོ་བའི་ལམ་བར་གྱི་དོན་དག་རེ་འགའ་ལ་ཡང་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད། བར་སྐབས་དེར་ང་ལ་རང་དོན་ཆུང་ངུ་ཞིག་གི་ཆེད་དུ་ལུང་བ་འདིར་སྡོད་པའི་གཉེན་ཉེ་ཚང་ལ་འགྲོ་དགོས་སྟབས་རང་གི་ལས་གྲོགས་རྣམས་དང་ཁ་བྲལ་ཏེ་ཨ་ཁུ་དོན་འགྲུབ་ཚང་དུ་འགྲོ་བའི་ལམ་དུ་ཆས་པ་ཡིན། ང་མལ་ཁང་གི་སྒོ་ཕྱི་ལ་བུད་པ་ན་ས་མདོག་གཞི་ནས་ལོག་འདུག་པས་མིག་གི་མཐོང་ལམ་དེ་འདྲའི་གསལ་བོ་མིན་ལ་རབ་རིབ་དུ་གྱུར་འདུག་པས་ངས་ཁ་པར་གྱི་འོད་ལ་བརྟེན་ནས་མདུན་དུ་ཆས་དགོས་སོང་།
“གསར་འགོད་པ་ཁྱོད་གང་དུ་འགྲོ་རྒྱུ་ཡིན། དུས་ཚོད་ཀྱང་སྔ་རྒྱུ་མེད་པས་སྔ་མོ་ནས་ངལ་གསོས་ན་མི་བཟང་ངམ། ང་ཆེད་དུ་ཁྱོད་བཙལ་དུ་ཡོངས་བསམ་པ་ཡིན་མོད། འོན་ཀྱང་ཁྱོའི་ལས་གྲོགས་དག་གིས་ཅི་བཤད་ལ་འཛེམས་ནས་ནང་དུ་ཡོངས་མ་ཐུབ་པར་འདི་ནས་ཁྱོད་སྒོ་ཕྱི་ལ་ཨེ་འབུད་ལ་སྒུག་ནས་བསྡད་ཡོད། ཁྱོས་ང་ལ་ད་ཐེངས་རོགས་རམ་ཆེན་པོ་ཞིག་བྱས་པ་ཡིན་པས་ངས་ཆེད་དུ་ཁྱེད་ལ་བཀའ་དྲིན་ཞིག་ཞུ་འདོད་པ་ཡིན། ”
ང་རང་རིག་གནས་སྒྱུ་རྩལ་ཁང་གི་ལྷས་རའི་དཀྱིལ་དུ་ཐོན་མ་ཐག་མདུན་གྱི་མུན་ནག་གི་ཁྲོད་ནས་རང་ལ་ཆ་རྒྱུས་ཡོད་པའི་སྐད་གདངས་ཤིག་གིས་དེ་ལྟར་བཤད་བྱུང་བས་ངས་ཀྱང་ཚམ་ཚོམ་མེད་པའི་སྒོ་ནས་ཁ་པར་གྱི་གློག་འོད་དེའི་ཕྱོགས་སུ་གཏད་པ་ན་ཁོ་མོ་ནི་རིག་གནས་སྒྱུ་རྩལ་ཁང་འདིའི་བུད་མེད་ཀྲུའུ་རིམ་སྒྲོལ་མ་མཚོ་ཡིན་པ་གཞི་ནས་རྟོགས་བྱུང་། ངའི་ལྟ་ཚུལ་ལ་འཁྲུལ་བ་ཤོར་བ་ཡིན་ནམ་ཡང་ན་དོ་དགོང་ཁོ་མོས་ཁྱད་པར་ཅན་གྱི་མཛེས་ཉམས་སྤྲས་པ་ཡིན་ནམ་ད་ལྟ་ངའི་གམ་དུ་ཀྲོང་ངེར་ལངས་འདུག་པའི་སྒྲོལ་མ་མཚོ་ནི་དེ་རིང་བརྙན་ལེན་འཕྲུལ་ཆས་ཀྱི་མདུན་དུ་ལངས་པ་དེ་ལས་ཀྱང་སྒེག་ཉམས་ཁྱད་པར་ཅན་ཞིག་ཏུ་གྱུར་འདུག་པ་རེད།
“ང་ལ་བཀའ་དྲིན་ཞུ་དགོས་པ་མ་རེད། དོན་དག་འདི་ང་ཚོའི་འོས་འགན་ཡིན་ལ་སྒྲུབ་དགོས་པ་ཞིག་ཀྱང་ཡིན་སྲིད་པ་རེད། ཁྱེད་ཚོས་འདི་ལྟར་རང་ནུས་གང་ཡོད་སྒོས་གཞན་དོན་ལྷུར་ལེན་བྱེད་པའི་སྣང་ཚུལ་འདི་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་འོས་པ་ཞིག་ཀྱང་རེད། སང་ཉིན་ང་ཚོ་ཕྱིར་ལོག་དགོས་པས་དོ་དགོང་ང་ཆེད་དུ་རང་གི་གཉེན་ཉེ་དོན་འགྲུབ་ཚང་ལ་འགྲོ་བསམ་པ་ཡིན། ”
ངས་ཅི་མི་སྙམ་པའི་ངང་ནས་རང་ཉིད་གང་དུ་འགྲོ་བ་དང་ཁོ་མོ་ཚོས་སྒྲུབ་པའི་དོན་དག་འདི་ནི་རླབས་ཆེན་གྱི་ལས་འགན་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། འཛམ་གླིང་གིས་བསྔགས་བརྗོད་བྱས་ཆོག་པ་ཞིག་ཀྱང་ཡིན་སྲིད་པའི་སྐོར་གྱི་གནས་ཚུལ་དྲང་བོར་བཤད་པ་ན། མོས་ལག་ཟུང་ཕུར་ཕུར་བྱེད་བཞིན་ང་དང་མཉམ་དུ་རིག་གནས་སྒྱུ་རྩལ་ཁང་གི་ཕྱི་ལ་བུད་པ་ལས་ཁོ་མོས་ང་ལ་དོན་དག་གཞན་ཞིག་བཤད་རྒྱུ་ཡོད་པ་ཡང་གསལ་བོར་རྟོགས་ནུས་པ་རེད། ཡང་སྙིང་མོས་ང་ལ་དོན་དག་གང་ཞིག་བཤད་རྒྱུ་ཡིན་པ་ངས་ཀྱང་གསལ་ཐག་མ་ཆོད་པས་གོམ་འདེགས་དལ་མོས་མུ་མཐུད་དུ་མདུན་དུ་བསྐྱོད་བྱེད་དགོས་སོང་། ཁོ་མོ་ཡང་ང་དང་མཉམ་དུ་མུ་མཐུད་དུ་མདུན་དུ་བསྐྱོད་བཞིན་མགོ་བོ་བཀྱགས་ནས་ཡར་ལྟ་མར་ལྟ་བྱེད་བཞིན་ཡོད་པ་ལས་ངེད་གཉིས་ཀྱི་མཐའ་འཁོར་དུ་མི་གཞན་པ་ཡོད་མེད་ལ་སོ་ལྟ་བྱེད་བཞིན་ཡོད་པ་དང་འདྲ་བ་ལས་ཁོ་མོས་བཤད་འདོད་པའི་དོན་དག་དེ་ངེད་གཉིས་ཀྱིས་མ་གཏོགས་མི་གཞན་གྱིས་གོ་མི་བདེ་བ་ཞིག་ཡིན་པ་ཡང་གསལ་བོར་རྟོགས་ནུས་པ་རེད། དོན་དམ་པས་ཁོ་མོས་ང་ལ་ཅི་ཞིག་བཤད་རྒྱུ་ཡིན་ནམ་སྙམ་བཞིན་རྐང་ལམ་ཕྲ་མོ་དེའི་འགྲམ་ངོགས་ཀྱི་དེའུ་འབུར་ཆུང་ཆུང་ཞིག་གི་སྟེང་དུ་བསྡད་དེ་ཨམ་ཕྲག་ལས་ཐ་མག་རྐང་གཅིག་བླངས་ཏེ་མེ་ལ་སྒྲོན་ནས་རྔུབ་འཐེན་བྱེད་བཞིན་ཁོ་མོའི་གདོང་ལ་ཅེར་ནས་ཅི་བཤད་ལ་སྒུག་ནས་སྡོད་དགོས་སོང་།
“ངས་ཁྱོད་ལ་གསང་བ་ཞིག་བཤད་འདོད། འོན་ཀྱང་ཁྱོས་དོན་དག་འདི་ཁས་ལེན་མིན་ངས་མི་ཤེས། གང་ལྟར་དོན་དག་འདི་འུ་གཉིས་ཀྱིས་མ་གཏོགས་གཞན་གྱིས་ཤེས་མི་རུང་བ་ཞིག་ཡིན། ཁྱོས་དོན་དག་འདི་གཞན་ལ་མི་བཤད་པའི་ཁས་ལེན་སྲིད་ན་ངས་དོ་དགོང་ངའི་སེམས་ཀྱི་གསང་བ་མཐའ་དག་སྦ་གསང་མེད་པའི་སྒོ་ནས་ཁྱོད་ལ་བཤད་རྒྱུ་ཡིན། ”
སྒྲོལ་མ་མཚོས་དེ་ལྟར་བཤད་བཞིན་ངའི་གམ་དུ་བསྡད་དེ་མུན་ནག་གི་ཁྲོད་དུ་དལ་ཅག་གེར་ངས་ཅི་ཞིག་བཤད་པར་རེ་སྒུག་བྱས་འདུག་པས་ངས་ཀྱང་ཁོ་མོས་བཤད་པ་ནང་བཞིན་ཁས་ལེན་དགོས་མོད། འོན་ཀྱང་ཁོ་མོས་བཤད་འདོད་པའི་གསང་བ་འདི་ནི་ང་དང་ཁོ་མོ་སྟེ་འཇིག་རྟེན་གྱི་ཕོ་མོ་གཉིས་ལ་ཡོད་དུ་རུང་བ་ཞིག་ཡིན་མིན་ནི་དེ་ལས་ཀྱང་བསམ་གཞིགས་གཏོང་དགོས་པ་ཞིག་རེད། སྒྲོལ་མ་མཚོས་ཡང་སྙིང་བཤད་འདོད་པའི་གསང་བ་དེས་ངའི་ལུས་སེམས་གཉིས་ཀ་ཅུང་མི་བདེ་བ་ལྟ་བུའི་སྣང་བ་ཞིག་ཀྱང་སྐྱེས་སུ་འཇུག་སྟབས་རེ་ཞིག་ལ་ཁ་ཁུ་སིམ་མེར་ཁོ་མོས་གང་བཤད་ལ་སྒུག་ནས་སྡོད་དགོས་སོང་།
“སང་ཉིན་ཁྱོད་ཕྱིར་ལས་ཁུངས་སུ་འགྲོ་དགོས་པས་འུ་གཉིས་ཀ་ཡུན་རིང་ཞིག་ལ་ངོ་འཕྲད་ཐུབ་མིན་གསལ་བོར་བཤད་དཀའ། དེ་བས་ཁྱོད་དོ་དགོང་ཨ་ཁུ་དོན་འགྲུབ་སོང་ན་འགོར་དུ་མ་འཇུག་པར་རེམ་མ་ཕྱིར་ཤོག་དང་ངས་ཁྱོད་ལ་སྒུག་ནས་འདུག བཤད་པ་དང་དུ་ལེན་དགོས། ཁྱོད་ཡོངས་རག་བར་དུ་ངས་གནས་འདི་ནས་སྒུག་ནས་འདུག དོ་དགོང་ང་ངེས་པར་དུ་ཁྱོད་དང་མཉམ་དུ་འདུག་འདོད་ཆེ་བ་ཡིན། ཞོར་དུ་དོན་དག་མང་པོ་ཞིག་ཀྱང་ཁྱོད་ལ་བཤད་རྒྱུ་ཡོད། ”
སྒྲོལ་མ་མཚོས་དེ་ལྟར་བཤད་རྗེས་མགོ་བོ་སྒུར་ནས་བསྡད་པས་ངས་ཀྱང་མོའི་རེ་འདུན་ལྟར་སྒྲུབ་རྒྱུ་ཡིན་པའི་ཁས་ལེན་བྱས་རྗེས་དེ་མ་ཐག་ཁོ་མོ་དང་ཁ་བྲལ་ནས་གཉེན་ཉེ་ཚང་ལ་སོང་བ་ཡིན།
དུས་ཚོད་ག་འདྲ་ཞིག་འགོར་བ་ངས་ཀྱང་དོ་སྣང་མ་བྱས། ང་ཕྱིར་སྒྲོལ་མ་མཚོས་སྒུག་ནས་བསྡད་ཡོད་པའི་གནས་དེར་ཐོན་པ་ན་ཁོ་མོས་སྔར་བཞིན་ང་ལ་སྒུག་ཡོད་ལ་དགུང་གི་སྤྲིན་གསེབ་ལས་གསལ་ལ་མི་གསལ་བའི་ངང་ནས་ཤར་བཞིན་པའི་ཟླ་བ་དེ་ནུབ་ཕྱོགས་ཀྱི་རི་རྒྱུད་དང་བར་ཐག་ཉེ་སར་སླེབས་འདུག་པ་རེད། སྐབས་དེར་ངའི་སེམས་ལ་གློ་བུར་དུ་བསམ་ཚུལ་གཞན་ཞིག་སྐྱེས་བྱུང་བ་ནི་ངའི་མི་ཚེ་གཅིག་གི་གཏན་གྱི་འདུན་མ་བཅོལ་བའི་བཟའ་ཟླ་ཞེས་པ་ནི་ཁོ་མོ་ལས་གཞན་མིན་པ་ལྟ་བུའི་སྣང་ཚུལ་ཞིག་ཡིད་ལ་བཅོས་མིན་དུ་མངོན་བྱུང་བ་རེད། སྐབས་དེར་ང་ལ་ཐེ་ཚོམ་དང་ངོ་ཚ་གང་ཡང་མེད་པར་ཁོ་མོའི་ལག་མགོར་འཐམས་པ་ན་མོའི་འཁྱགས་སིབ་སིབ་སྒོས་འདར་བཞིན་པའི་ལག་ཟུང་གིས་ངའི་ལུས་ལ་སྔར་མེད་ཀྱི་ཚོར་འདུ་ཡ་མཚན་ཞིག་སྐྱེས་སུ་བཅུག་པས་ང་དང་ཁོ་མོ་གཉིས་ནི་ཡུན་རིང་ལ་གོམས་ཤིང་འདྲིས་པའི་མཛའ་གྲོགས་ནང་བཞིན་གཅིག་ལུས་གཅིག་ལ་གཏད་ཅིང་གཅིག་སེམས་གཅིག་ལ་མཐུན་ནས་འགྲོགས་བདེ་གཤིབ་བདེ་དང་དཔུང་བ་མཉམ་གཤིབ་ཀྱིས་གོམ་པའི་རྡོག་སྒྲ་དལ་གྱིས་བསྒྱུར་ནས་ཁོ་མོའི་མལ་ཁང་དུ་སོང་བ་ཡིན།
“གསར་འགོད་པ་ང་དེ་རིང་ནས་བཟུང་གསོན་ན་ཁྱེད་ཀྱི་མི་དང་ཤི་ན་ཁྱེད་ཀྱི་འདྲེ་བྱེད་འདོད། སྤྱིར་ང་ལྟ་བུའི་བུ་མོ་ཞིག་གིས་ཁྱེད་ལ་འདི་འདྲའི་རེ་བ་འདོན་པ་ནི་མི་འོས་པ་ཞིག་ཡིན་མོད། འོན་ཀྱང་དྲང་མོར་བཤད་ན་ངས་དང་ཐོག་ཁྱོད་རང་ངོ་ཤེས་པ་དེ་ནས་བཟུང་ང་ཁྱོད་ལ་དངོས་སུ་དུང་བའི་སྣང་བ་ཞིག་ཡིད་ལ་དབང་མེད་དུ་སྐྱེས་བྱུང་། གལ་ཏེ་ཁྱོད་ཡིད་འཐད་བྱུང་ཚེ་འུ་གཉིས་ཀྱིས་ཚེ་འདི་ནས་ཁྱིམ་གཅིག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་འབད་པ་བྱས་ཆོག ། ”
ཁོ་མོས་དེ་ལྟ་བཤད་བཞིན་མོའི་དཀར་ཞིང་སྲབ་པའི་མཆུ་སྒྲོས་དེ་ངའི་ཕྱོགས་སུ་གཏད་པ་ན་ང་ནི་གློག་ཞགས་འཁེལ་བའི་མི་ཞིག་དང་འདྲ་བར་རང་དབང་གང་ཡང་མེད་པར་ཁོ་མོའི་བཀོད་འདོམས་དང་ལེན་བྱེད་དགོས་པ་ཞིག་ཏུ་གྱུར་བ་ནི་དངོས་གནས་བློ་ཡུལ་ལས་འགོངས་པ་རེད། དེ་ནི་ངོ་མའི་དཔའ་བོ་གང་དང་སུ་ཡིན་རུང་རྒྱལ་དུ་མེད་པ་ནི་མཛེས་མའི་འཛུམ་མདངས་ཡིན་ཞེས་པའི་སྐད་ཆ་འདི་ཡིད་ལ་དབང་མེད་དུ་ཤར་བྱུང་བ་ཡིན་ལ། ཡུན་རིང་ལ་རེ་ཞིང་སྒུག་པའི་བཟའ་ཟླ་ཞེས་པའི་ཐ་སྙད་འདིའི་གོ་དོན་དོ་དགོང་གཞི་ནས་རྟོགས་བྱུང་བ་ནི་ཅི་འདྲའི་གློ་བུར་བ་ཞིག་རེད་ཨང་། ངེད་གཉིས་ཀྱིས་ལུས་གདན་ཐོག་གཅིག་ཏུ་འདྲེས་ཤིང་སེམས་སྔས་ཐོག་གཅིག་ཏུ་མཐུན་ནས་འདས་མ་ད་གསུམ་དང་འབྲེལ་བའི་དོན་དག་མང་པོ་སྐོར་ནས་ཁ་བརྡ་བྱས་པ་མ་ཟད། མ་འོངས་པའི་ཐད་ནས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་འཆར་གཞི་རབ་དང་རིམ་པ་ཞིག་བཀོད་ནས་ཞག་གཅིག་གི་དུས་ཚོད་ནི་མིག་རྡེབ་དབང་ཙམ་གྱི་ཡུན་ལ་མཇུག་རྫོགས་པར་བྱས་པ་ཡིན།
ང་ཚོས་ཐེངས་འདིའི་ཡོངས་དོན་གྱི་དམིགས་འདུན་ལེགས་འགྲུབ་བྱས་པའི་དབང་གིས་ད་ནངས་ཉི་ཤར་དང་འགྲོགས་ནས་ཕྱིར་གནའ་མཁར་ཟི་ལིང་དུ་ལོག་པའི་ལམ་དུ་ཆས་པ་ཡིན། ངས་མཛེས་མའི་ལུང་བའི་ཡིད་འོང་གི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་རྣམ་པ། བདེ་སྐྱིད་ཀྱི་འཚོ་བ་དང་སྔོན་ཐོན་གྱི་ཉམས་འགྱུར་སོགས་ཀྱིས་མཚོན་པའི་གསར་འགྱུར་ལེགས་པོ་ཞིག་འཁྱོངས་པར་བྱས་པ་ནི་དགའ་འོས་པ་ཞིག་ཡིན་ན་ཡང་། རང་སེམས་ཀྱི་གསང་བ་ཤོར་བའི་སྒྲོལ་མ་མཚོ་དང་ཁ་གྱེས་ཏེ་འགྲོ་དགོས་པ་ནི་ཅི་འདྲའི་སྐྱོ་སྣང་དང་ལྡན་པ་ཞིག་རེད་ཨང་། ད་ནི་དུས་ནམ་ཞིག་ལ་ང་ཡང་བསྐྱར་གནས་འདི་ལ་སླེབས་ཐུབ་བམ་སྙམ་པའི་སོམ་ཉི་དང་འགྲོགས་ཏེ་སྡུག་བསྔལ་གྱིས་གདུང་ནས་རེ་ཞིག་གྲགས་མེད་དུ་གྱུར་ཡོད་པ་ནི་ངའི་ལས་རོགས་པ་དག་གིས་གཏན་ནས་ཤེས་བཞིན་ཡོད་པ་མ་རེད། ང་ཚོའི་ཆེད་སྤྱོད་རླངས་འཁོར་དེས་ངའི་སེམས་ཀྱི་སྡུག་བསྔལ་རྟོགས་པ་ནང་བཞིན་མཛེས་མའི་ལུང་བའི་ལ་ངོས་སུ་འགྲོ་མི་འདོད་པའི་སྡུག་བསྔལ་གྱི་ངུ་འབོད་དྲག་པོ་ཞིག་གཏོང་བཞིན་ཡོད་རུང་། ཁ་ལོ་བ་དང་གསར་འགོད་ལས་རོགས་ཚོས་དོན་དེར་སྣང་མེད་དུ་བཞག་སྟེ་རི་གན་མཐོ་བ་དང་ཆུ་འདི་གཙང་བ་སོགས་ཀྱི་ལབ་གླེང་གི་ཕྱོགས་སུ་འཁོར་འདུག ཡིན་ན་ཡང་ངའི་སེམས་ནི་བོད་ཡུལ་གྱི་རི་ཆུ་ནགས་གསུམ་གྱིས་དྭངས་པ་འདྲེན་མི་ཐུབ་པར་དེ་ལས་ལྡོག་སྟེ་སྒྲོལ་མ་མཚོ་དང་སྒྲོལ་མ་མཚོས་བཤད་པའི་སེམས་གཏམ་གྱིས་འཁུམས་པར་བྱས་ཡོད་པ་ནི་ངའི་ལས་གྲོགས་དག་གིས་ཤེས་ཀྱིན་ཡོད་པ་མ་རེད། འདི་ནི་ད་བར་དུ་བུད་མེད་ཅིག་ལ་སེམས་གཏིང་ནས་དགའ་མ་མྱོང་བའི་མི་ཞིག་གི་བསམ་པའི་དྲན་ཚུལ་ཞིག་ལས་མ་འདས་རུང་། བརྗོད་ཁག་ལ་བསྲན་མི་ནུས་པའི་སྣང་ཚུལ་འདིས་ངའི་སེམས་ཁམས་ལ་སྤྲོ་སྣང་ལས་སྡུག་བསྔལ་མང་ཞིང་སྡུག་བསྔལ་ལས་སྐྱོ་སྣང་ཟབ་པའི་དབང་གིས་ངས་སྒྲོལ་མ་མཚོའི་ཆེད་དུ་དགོས་མིན་གྱི་སེམས་ཁུར་ཞིག་བྱེད་དགོས་ལ་ལྷག་པར་དུ་ང་དང་ཁོ་མོ་གཉིས་དུས་ནམ་ཞིག་ལ་ཡང་བསྐྱར་ངོ་འཕྲད་ཐུབ་བམ་སྙམ་པའི་སེམས་ཁྲལ་ཞིག་གིས་ལས་རོགས་ཚོ་ལ་ཁ་གང་ཡང་མ་གྲགས་པར་གཉིད་དུ་ཡུར་ཁུལ་བྱས་རུང་དོན་གྱིས་ངའི་མིག་གི་ལམ་དང་སེམས་ཀྱི་ངོས་སུ་དྲན་དང་དྲན་བཞིན་པ་ནི་སྒྲོལ་མ་མཚོ་ཞེས་པའི་བུད་མེད་འདི་ཁོ་ནའོ། །
སྣ་མང་ཉོག་འཛིང་གི་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་འཚོ་བ་དང་ནམ་ཡང་ཁོམ་ལོང་བྲལ་བའི་ལས་ཞུགས་ཀྱི་བར་སྐབས་ནས་ངས་ནམ་ཡང་དྲན་བཞིན་པ་ནི་མཛེས་མའི་ལུང་བའི་མ་འོངས་པའི་ཕུགས་འདུན་དང་སྒོས་སུ་སྒྲོལ་མ་མཚོས་བཤད་པའི་བཅོས་མིན་གྱི་སེམས་གཏམ་དག་ཡིན་པ་སུ་ཡིས་རྟོགས། ནམ་རྒྱུན་མི་ཚོགས་ཀྱི་ཁྲོད་ནས་ལམ་དུ་ཆས་ཤིང་ངལ་དུབ་ཀྱི་ཀློང་ནས་ཕྱིར་ལོག་དུས་ངས་ད་གཟོད་རྟོགས་པ་ནི་འཇིག་རྟེན་གྱི་མི་སུ་དང་གང་ཞིག་ཡིན་རུང་ན་སོ་རིམ་སོང་གི་ལོ་ཟླའི་ཁྲོད་དུ་མེད་དུ་མི་རུང་བ་ནི་རང་གི་མི་ཚེ་འདིའི་ལྷིང་འཇགས་ཀྱི་འཚོ་བ་རོལ་སའི་གཏན་འཇགས་ཀྱི་གཞིས་ཁྱིམ་ཞིག་དང་ཡིད་སེམས་མཐུན་ཞིང་འདྲིས་པའི་ཚེ་གཅིག་གི་སྐྱ་ཡ་ཞིག་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད། གཞོན་དུས་ཀྱི་ངར་ཤུགས་དང་སྤྱི་ཚོགས་ཀྱི་གནོན་ཤུགས་བར་ནས་ངས་ད་གཟོད་རྟོགས་སྲིད་པ་ནི་གསར་བུ་དུས་ཀྱི་སྣང་བ་འདིས་རྒས་དུས་ཀྱི་འཚོ་སྟངས་ལ་རམ་འདེགས་མི་ནུས་པ་དེ་རེད། དེའི་རྐྱེན་གྱིས་ཡུན་རིང་ཡུན་རིང་ཞིག་ལ་ཁེར་རྐྱང་གི་སྤོབས་པ་སྤྱད་ནས་དཀའ་སྡུག་གང་ལ་ཡང་བཟོད་བསྲན་ནུས་པའི་ང་རང་དེ་རིང་གློ་བུར་དུ་ལོ་ལོན་པ་ལྟ་བུའི་ཚོར་སྣང་ཞིག་གིས་མཛེས་མའི་ལུང་བར་གནས་པའི་སྒྲོལ་མ་མཚོ་དང་མཉམ་དུ་ཚེ་གཅིག་གི་འཚོ་བ་རོལ་འདོད་ཀྱི་འདུན་པ་ཅི་འདྲའི་ཆེ་བ་ལའང་། ཡིན་ན་ཡང་ལྟོ་རྒྱབ་ཀྱི་ཆེད་དུ་འདུར་ཞིང་བྲེལ་གྱིན་པའི་ང་རང་དུས་ནམ་ཡང་གོང་རིམ་མགོ་ཁྲིད་ཀྱིས་བཀོད་འདོམས་ནང་ལྟར་ནངས་སྔ་དགོང་འཕྱི་སྒོས་བྱ་བའི་ལས་འགན་ལེགས་འགྲུབ་བྱེད་རྒྱུ་ཁོ་ན་ལས་རང་གི་མི་ཚེ་དང་འབྲེལ་བའི་དོན་ཆེན་སྟེ་བཟའ་ཟླ་ཞེས་པའི་ཐ་སྙད་འདིའི་ཕྱོགས་ལ་བསམ་གཞིགས་གཏོང་རྒྱུ་གཞི་ནས་བརྗེད་ཟིན་པ་འདྲ།
མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གིས་མཛེས་པའི་ལུང་བའི་ཧྲུའུ་ཅི་ཨ་ཁུ་དོན་འགྲུབ་ཀྱིས་རམ་འདེགས་དང་བཀོད་སྒྲིག་ལྟར་མི་འགྱངས་པར་རང་ཁུལ་ནས་བསྡུ་གྲབས་བྱེད་པའི་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་བོད་ཀྱི་རྒྱན་གོས་རིག་གནས་འགྲེམ་སྟོན་གྱི་མཛད་སྒོར་ཞུགས་པར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་སྒྲོལ་མ་མཚོས་ཆེད་དུ་རིག་གནས་སྒྱུ་རྩལ་ཁང་གི་རྒྱན་གོས་དང་གླུ་གར་གྱི་ཆ་ལ་འགན་ཁུར་ཏེ་ཐེངས་འདིའི་མཛད་སྒོའི་སྟེང་གཡུར་དུ་ཟ་བའི་འབྲས་བུ་ཞིག་ལེན་པར་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་རེད། སྤྱིར་ན་མི་རིགས་གང་དང་གང་ཞིག་ཡིན་རུང་མི་རིགས་དེ་ལ་དེ་དང་མཐུན་པའི་ཡུལ་སྲོལ་གོམས་འདྲིས་ཕྱོགས་ཀྱི་རིག་གནས་སྒྱུ་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་སྨོས་དགོས་པ་ཡིན་ལ། དེ་དག་ནི་ཀྲུང་ཧྭ་རིག་གནས་ཀྱི་བང་མཛོད་ཁྲོད་ཀྱི་སྙོམས་དུ་མེད་པའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གིས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་དང་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་སླད་མི་རིགས་རང་གི་འཚོ་བའི་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་འབོར་ཆེན་ཞིག་སྔོག་འདོན་འགྲེམ་སྤེལ་བྱས་པ་འདིས་ས་གནས་དེ་དང་ལུང་བ་དེའི་འཚོ་བའི་བདེ་སྡུག་གི་ཆ་ལ་སྔ་ན་མེད་པའི་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་པར་བྱས་ཡོད་པ་རེད། རྒྱུ་མཚན་དེ་དག་གི་དབང་གིས་ས་གནས་དེ་གའི་མང་ཚོགས་ཀྱིས་རིག་གནས་སྒྱུ་རྩལ་ཁང་དེའི་འཕེལ་རྒྱས་ལ་ནུས་པ་གང་ཡོད་བཏོན་ཏེ་རང་གི་འཚོ་བའི་དཀའ་ཁག་སེལ་ཐབས་ལ་འབད་པ་ཆེན་པོ་བྱེད་བཞིན་ཡོད་ཚོད་རེད། ཡང་གཅིག་བཤད་ན་སྒྲོལ་མ་མཚོས་བཀོད་འདོམས་བྱེད་བཞིན་པའི་རིག་གནས་སྒྱུ་རྩལ་ཁང་ཞེས་པའི་ཀུ་ཟི་དེའི་ནང་དུ་མཛེས་མའི་ལུང་བའི་ནང་གི་རྒན་དར་གཞོན་གསུམ་ཡོད་པ་མ་ཟད། མདོ་སྨད་ཡུལ་གྱི་རིག་གནས་སྒྱུ་རྩལ་གྱི་ཆ་ལ་བྱང་ཆ་ལྡན་བའི་ཆེད་མཁས་པ་མང་པོ་ཞིག་ཀྱང་གདན་འདྲེན་བྱས་ཏེ་ཀུང་ཟིའི་དེའི་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་འབོར་ཆེན་ཞིག་གསར་གཏོད་ཀྱི་ཆ་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་ལ་གྲུབ་འབྲས་ཀྱང་བླ་ལྷག་ཞིག་ལེན་བཞིན་ཡོད་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད། དེ་ལས་ཀྱང་རིག་གནས་སྒྱུ་རྩལ་ཁང་དེ་རུ་དབང་བོ་སྐྱོན་ཅན་དང་ངལ་རྩོལ་གྱི་ནུས་པ་མེད་པའི་མི་སྐོར་ཞིག་ལ་ཡང་དེ་དག་འཚམ་པའི་ལས་འགན་ཞིག་བཀོད་སྒྲིག་བྱས་ཏེ་རང་གི་འཚོ་བའི་དཀའ་ཁག་སེལ་བའི་ཆ་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་རེད། སྒྲོལ་མ་མཚོས་གསལ་བཤད་བྱས་པ་ལྟར་ན་དབང་བོ་སྐྱོན་ཅན་ཡིན་པའི་མི་དེ་དག་ལ་བདག་སྐྱོང་གི་ནུས་པ་མེད་པར་མ་ཟད་ཐ་ན་རང་གི་འཚོ་བའི་གནད་དོན་ཡང་ཐག་གཅོད་བྱེད་དཀའ་བ་འབའ་ཞིག་ཡིན་པས་ཀུང་ཟི་འདིས་ཆེད་དུ་བདག་པོ་མེད་པ་དང་འདུག་གནས་མེད་པ་འཚོ་བའི་ཐད་ནས་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་དང་ནད་པའི་སྐོར་ལ་གཅིག་ནས་རང་གི་ནུས་པ་དང་མཐུན་པའི་ལས་འགན་བཀོད་སྒྲིག་དང་གཉིས་ནས་དབང་བོ་སྐྱོན་ཅན་དང་ནད་པ་དེའི་རིགས་ལ་ཀུ་ཟི་གཞུང་ནས་འགྲོ་སོང་བཏང་སྟེ་ནད་བཅོས་བྱས་ཏེ་བདེ་ཐང་འབྱུང་བར་བརྩོན་ལེན་བྱེད་བཞིན་ཡོད་པ་ཡིན་ལ། དེ་ལསཀྱང་མཛེས་མའི་ལུང་བའི་ནང་དུ་བྱུང་བའི་དོན་དག་ཆེ་མ་ཆུང་གསུམ་སྟེ་དཔེར་ན་རུ་སྐོར་ཁྱིམ་མཚེས་བར་གྱི་འགལ་བ་དང་བཟའ་ཚང་བར་གྱི་འགལ་བ། མི་དང་མིའི་བར་དུ་བྱུང་བའི་འགལ་བ་སོགས་ཀུང་ཟི་འདིས་འགན་དུ་ཁུར་ནས་ཐག་གཅོད་བྱེད་བཞིན་ཡོད་པ་མ་ཟད། མཛེས་མའི་ལུང་བའི་ནང་གི་ཁྱིམ་བདག་དཔེ་ལེགས་ཅན་དང་ངལ་རྩོལ་དཔེ་ལེགས་ཅན། སློབ་མ་དཔེ་ལེགས་ཅན་དང་བུད་མེད་དཔེ་ལེགས་ཅན་སོགས་ལ་ཟླ་རེ་རེར་སྡེ་བ་གཞུང་ནས་ཚོགས་འདུ་བསྡུས་ཏེ་ཚོགས་ཐོག་ནས་དཔལ་འབྱོར་གྱི་བྱ་དགའ་བསྩལ་ཏེ་མདོར་ན་མཛེས་མའི་ལུང་བའི་མཐུན་སྒྲིལ་དང་འཕེལ་རྒྱས་སློབ་གསོ་བཅས་ཕྱོགས་ཡོངས་ནས་ཡར་སྐུལ་དུ་གཏོང་བའི་ཆ་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་རེད། དེ་མ་ཟད་ཕྱོགས་ཡར་མར་དུ་ཡོད་པའི་སློབ་མ་གང་དང་སུ་ལ་དཀའ་ཁག་ཆེ་ན་ང་ཚོ་ཀུང་ཟིས་སློབ་མ་དེའི་སློབ་ཡོན་དང་འཚོ་བའི་ཟས་རིན་སོགས་ཀྱང་དུས་ལྟར་སྤྲད་དེ་རོགས་རམ་མི་དམན་པ་ཞིག་བྱེད་དང་བྱེད་བཞིན་ཡོད་པ་ཡིན་པས་མདོ་སྨད་ཡུལ་འདི་ནས་ཀུང་ཟི་འདིར་དགའ་བའི་བསྔགས་བརྗོད་མི་བྱེད་མཁན་ཆེར་ཡོད་པ་མ་རེད། འདི་ཡང་ཀུང་ཟི་འདིའི་ལས་བཟོ་བ་ཡོངས་ཀྱི་མ་བསྐུལ་དང་ལེན་གྱིས་བྱམས་སེམས་ལས་འཕྲོས་པ་ཡིན་པ་ལས་ང་གཅིག་པུས་བཀོད་འདོམས་ལས་བྱུང་བ་ཞིག་གཏན་ནས་ཡིན་མ་སོང་བ་རེད། སྒྲོལ་མ་མཚོས་བཤད་པའི་སྐད་ཆ་འདི་དག་གིས་ང་ཚོ་གསར་འགོད་པ་དག་གི་སེམས་ལ་བརྗེད་དཀའ་བའི་བག་ཆགས་ག་འདྲ་ཞིག་བཞག་ཡོད་པ་བཤད་དཀའ་མོད། འོན་ཀྱང་ང་ཚོ་གསར་འགྱུར་འདིའི་ཆེད་དུ་སོང་བའི་བརྙན་ཕབ་ཚན་ཆུང་མཛེས་མའི་ལུང་བ་དང་ཁ་བྲལ་ཏེ་དེ་རིང་བར་དུ་ཟླ་ངོ་གཅིག་ཙམ་འདས་སོང་བ་ཡིན་ལ། འདས་ཟིན་པའི་ཟླ་ངོ་གཅིག་གི་ཡུན་ལ་མཛེས་མའི་ལུང་བར་སོང་མྱོང་བའི་གསར་འགོད་པ་དག་གིས་ཉིན་མཚན་དབྱེར་མེད་དུ་ཁོམ་ལོང་གི་སྐབས་སུ་ཁ་བརྡ་བྱེད་པའི་བརྗོད་སྙིང་ནི་མཛེས་མའི་ལུང་བ་དང་རིག་གནས་སྒྱུ་རྩལ་ཁང་གིས་ས་གནས་དེ་གའི་མང་ཚོགས་ལ་སྐྲུན་བཞིན་པའི་དགེ་མཚན་ལས་མ་འདས་པ་རེད། ང་ཚོ་གསར་འགོད་ཚན་ཆུང་གིས་ཀྱང་རང་རང་གི་རྩལ་དང་ནུས་པར་བརྟེན་ནས་རིག་གནས་སྒྱུ་རྩལ་ཁང་གི་ལས་དང་སྒྲུབ་བཞིན་པའི་དོན་དག་ཆེ་མ་ཆུང་གསུམ་ཕྲ་ཞིང་ཞིབ་པོའི་སྒོ་ནས་བརྙན་འཕྲིན་འཕྲུལ་ཆས་བརྒྱུད་ནས་བོད་ཁུལ་ལ་གསལ་བསྒྲགས་བྱས་པ་ན་མི་དམངས་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ་པའི་ལེ་ཚན་ཞིག་ཏུ་གྱུར་སྟབས་ལས་ཁུངས་འདིའི་མགོ་ཁྲིད་ཀྱི་གདོང་ལ་ནམ་རྒྱུན་དང་མི་འདྲ་བའི་འཛུམ་མདངས་ངོམ་བཞིན་ཐེངས་འདིའི་བརྙན་ཕབ་ཚན་ཆུང་ལ་ཚོགས་ཐོག་ནས་ཆེད་དུ་གཟེངས་བསྟོད་ཀྱང་བྱས་པ་རེད། འདི་ནི་ང་ལ་མཚོན་ནས་བཤད་ན་མི་ལོ་སུམ་ཅུ་ལྷག་གི་རིང་ལ་བརྙན་འཕྲིན་གྱི་བྱ་བ་སྒྲུབ་པའི་ཁྲོད་དུ་ཆེས་ཐོག་མར་གཟེངས་བསྟོད་བྱས་པ་ཞིག་ཀྱང་ཡིན་སྲིད་པ་རེད། དེ་ཡང་མཛེས་མའི་ལུང་བའི་སྒྲོལ་མ་མཚོས་མཐུན་རྐྱེན་གང་ལེགས་སྦྱར་བ་ལ་ཡང་འབྲལ་ཐབས་མེད་པ་རེད།
རིག་གནས་སྒྱུ་རྩལ་གྱི་དུས་སྟོན་ཆེན་མོ་དེའི་རང་ཞིང་གི་ཁུལ་ཐོག་ཏུ་དུས་ལྟར་སྤེལ་བར་ཉིན་གཉིས་ལས་མི་འདུག ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་ང་རང་ཆེད་དུ་ཐེངས་འདིའི་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོའི་གསར་འགྱུར་ཆེད་དོན་སྤེལ་དུ་ང་རང་འགྲོ་དགོས་པའི་ལས་བགོས་བྱས་པ་རེད། རྒྱུ་མཚན་དེའི་དབང་གིས་ངས་སྔ་མོ་ནས་རང་ལ་དགོས་ཤིང་མཁོ་བའི་ཡོ་བྱད་དག་གྲ་སྒྲིག་གང་ལེགས་བྱས་རྗེས་ཡིད་སེམས་སྤྲོ་སྣང་ངང་ཆེད་སྤྱོད་རླངས་འཁོར་ནམ་ཐོན་ལ་སྒུག་ནས་བསྡད་པ་ཡིན། རྒྱུ་མཚན་ནི་ཟླ་ངོ་གཉིས་ཙམ་གྱི་རིང་ལ་ངོ་མ་འཕྲད་པའི་སྒྲོལ་མ་མཚོ་དང་ངོ་ཐུག་ཐུབ་པར་མ་ཟད། ད་དུང་ཁོ་མོ་དང་མཉམ་དུ་ཉིན་གསུམ་གྱི་མཛད་སྒོ་མཇུག་བསྡུ་རག་བར་དུ་བསྡད་ཆོག་པ་ཡིན་པས་རེད། དེ་བས་ངས་གཅིག་ནས་ལས་ཁུངས་ཀྱིས་བཀོད་སྒྲིག་དང་གཉིས་ནས་མི་སྒེར་གྱི་བྱ་བ་གཉིས་སེམས་སུ་བཅངས་ཏེ་ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་ང་རང་དངོས་སུ་གནའ་མཁར་ཟི་ལིང་ནས་ལམ་དུ་ཆས་པ་ཡིན། ཡུན་རིང་ཞིག་ལ་གྲོང་ཁྱེར་གྱི་འུར་འུར་ཟིང་ཟིང་གི་འདུ་འཛིའི་ཁྲོད་ནས་ཁོམ་ལོང་དང་ངང་སྒུག་མེད་པར་གང་མགྱོགས་སུ་མྱུར་གྱི་ལས་ལ་བྲེལ་བཞིན་པའི་ང་རང་དེ་རིང་གཞི་ནས་སོས་དལ་བག་ཕབ་ཀྱིས་རེ་ཞིག་གྲོང་ཁྱེར་དང་ཁ་བྲལ་ཏེ་མཐའ་ཡས་པའི་རྩྭ་ཐང་དུ་བསྐྱོད་པའི་གོ་སྐབས་ལྡན་བྱུང་བ་རེད། དེ་ནི་ང་ལ་མཚོན་ནས་བཤད་ན་དངོས་གནས་སྤྲོ་སྣང་ལྡན་པའི་གོ་སྐབས་ཤིག་ཡིན་པས་གོ་སྐབས་འདི་བེད་སྤྱོད་བརྒྱུད་ནས་ང་རང་དྭངས་ཤིང་གཙང་ལ་མཛེས་ཤིང་སྡུག་ལྡན་པའི་འབྲོག་པའི་རྩྭ་ཐང་དུ་རིག་གནས་སྒྱུ་རྩལ་གྱི་རྒྱན་གོས་འགྲེམ་སྟོན་བྱེད་པའི་སྤྲོ་ཚོགས་སུ་སོང་བ་རེད།
“ཁྱོད་བུད་ཡོངས་སམ། དེ་ཐེངས་ལས་ཁུངས་ཀྱིས་ཁྱོད་བཀོད་སྒྲིག་བྱས་པ་ཡིན་ནམ། གོ་སྐབས་བཟང་བོ་རེད། ངས་ད་ཐེངས་རིག་གནས་སྒྱུ་རྩལ་ཁང་གི་འཁྲབ་སྟོན་པ་དག་གི་སྣེ་ཁྲིད་དེ་ཆེད་དུ་ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཞུགས་པ་ཡིན། ཡུན་རིང་ཞིག་ལ་ངོ་མ་འཕྲད་པའི་དབང་གིས་ཁྱོད་ཅུང་ཙམ་རྒས་འདུག་པ་རེད། དོ་དགོང་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་ནས་ངས་མགྲོན་མཁར་ཆེན་མོའི་སྒོ་ཁ་ནས་ཁྱེད་ལ་སྒུག་ནས་འདུག ”
“ཡ་ཡ་དགོང་མོ་ད་ཁ་བརྡ་བྱེད། ད་ལྟ་ངས་བརྙན་ཕབ་དགོས། ཁྱོས་འཁྲབ་སྟོན་བྱེད་དགོས། ཁྱོས་སྒུག་ནས་སྡོད་དང་ང་དུས་ལྟར་ཡོངས་ངེས་ཡིན། ”
ངས་བརྙན་ལེན་འཕྲུལ་ཆས་ཕྲག་ཏུ་ཁུར་ནས་མི་ཚོགས་ཀྱི་ཁྲོད་དུ་རང་ལ་དགོས་ཤིང་མཁོ་བའི་གསར་འགྱུར་གྱི་སྐོར་ཕབ་ལེན་བྱེད་བཞིན་པའི་སྐབས་སུ་སྒྲོལ་མ་མཚོས་ང་མཐོང་མ་ཐག་གདོང་ལ་བཅོས་མ་མིན་པའི་འཛུམ་མདངས་ཤིག་མངོན་བཞིན་ངའི་གམ་དུ་ཡོངས་ནས་དེ་ལྟར་བཤད་རྗེས་ངེད་གཉིས་རང་རང་གི་ལས་གནས་སུ་ལོག་ནས་འགན་ཁུར་ལེགས་འགྲུབ་བྱེད་པའི་ཆ་ལ་འབད་པ་གང་ཡོད་འདོན་དགོས་སོང་།
དགོང་མོ་དེར་ང་དུས་ལྟར་མགྲོན་མཁར་ཆེན་མོའི་སྒོ་ཁར་སོང་བ་ཡིན། ང་རང་དུས་ཚོད་ལྟར་ཐོན་དུ་བཅུག་པ་ཡིན་མོད་འོན་ཀྱང་ཁོ་མོ་སྔ་མོ་ནས་གནས་དེར་ཡོངས་ནས་ང་ལ་སྒུག་འདུག་པ་རེད། ངས་ཁོ་མོས་དུས་ཚོད་དམ་འཛིན་དང་ཁ་བཤད་དོན་ལ་གནས་པའི་རྣམ་པ་དེ་མཐོང་མ་ཐག་སྔར་ལས་ཀྱང་ཁོ་མོ་ལ་དགའ་ཞིང་དུང་བའི་སྣང་བ་ཞིག་ཡིད་ལ་འགོག་མེད་དུ་སྐྱེས་པར་བྱས་པ་རེད། སྒྲོལ་མ་མཚོས་གདོང་ལ་སྔ་ན་མེད་པའི་འཛུམ་མདངས་ཤིག་རྒྱས་བཞིན་ངའི་ལག་པར་འཇུས་ཏེ་མིག་ཟུང་གཡེངས་པ་མེད་པར་ངའི་གདོང་ལ་ཅེར་འདུག་པ་ལས་ཟླ་ངོ་གཅིག་ཙམ་ལ་ངོ་མ་ཐུག་པའི་ངའི་རྒས་སོང་གི་ཉམས་འགྱུར་ལ་ཞིབ་ལྟ་བྱེད་ཀྱིན་ཡོད་པ་དང་གཉིས་སུ་མ་མཆིས་པ་རེད། བར་སྐབས་དེར་ངས་སྒྲོལ་མ་མཚོས་བཀོད་སྒྲིག་ལྟར་ཐོག་མར་ཁོ་མོས་སྔ་མོ་ནས་ཉོས་ཡོད་པའི་མགྲོན་ཁང་དུ་སོང་ནས་རང་གི་ཅ་ལག་ཐམས་ཅད་བཞག་རྗེས་བཤད་ཞོར་དགོད་ཞོར་དུ་ཁྲོམ་སྲང་གི་ཟ་ཁང་ཅུང་ཆེ་ཤོས་ཤིག་ཏུ་སོང་ནས་ཁོ་མོས་ཐོག་དང་པོར་ང་ལ་སྣེ་ལེན་བྱས་པ་ཡིན། ངེད་གཉིས་ཀྱིས་ཕྱོགས་གཅིག་ནས་རང་རང་གི་བྱ་བའི་ཐད་ནས་བགྲོ་གླེང་བྱེད་པ་དང་ཕྱོགས་གཅིག་ནས་ང་དང་ཁོ་མོར་གཏོགས་པའི་འཇིག་རྟེན་སྣང་བའི་ཕྱོགས་ནས་ཕན་ཚུན་གྱི་སེམས་འདུན་ལ་རྒྱུས་ལོན་བྱས་པ་ཡིན། དགོང་མོ་དེའི་ཁོ་མོ་ནི་མཛེས་མའི་ལུང་བའི་ནང་གི་སྒྲོལ་མ་མཚོ་དང་ཡེ་ནས་མི་འདྲ་བར་གྱུར་འདུག ཁོ་མོའི་མགོའི་སྐྲ་ལོ་འཇུ་ལི་འཆིང་ཞིང་གདོང་ལ་སྐག་བྱུགས་པ། སྨིན་པ་བྲིས་ཤིང་ཁ་དམར་བརྒྱན་པ། དེ་ལས་ཀྱང་དེང་དུས་ཀྱི་གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་པའི་བུད་མེད་ཡོངས་ཀྱི་གོན་པ་གོན་ལུགས་སོགས་ཀྱི་ཆ་ནས་བལྟས་ན་ཁོ་མོ་ནི་གྲོང་ཁྱེར་འདི་དང་རྒྱང་ཐག་རིང་བའི་གཞི་རིམ་གྱི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་འཚོ་སྡོད་བྱེད་བཞིན་ཡོད་པ་རེད་ཞེ་ན་རྣར་མི་འགྲོ་བའི་ཚད་རེད། སྤྱིར་ན་ཁོ་མོ་ལས་ང་རང་རྒྱུན་དུ་གྲོང་ཁྱེར་དུ་བསྡད་ཡོད་པའི་དབང་གིས་ལུས་ཀྱི་རྣམ་པ་སོགས་ཁོ་མོ་ལས་ང་རང་ཅུང་སྔོན་ཐོན་ཡིན་པའི་ཉམས་འགྱུར་ཞིག་ལྡན་ཆོག་མོད། འོན་ཀྱང་ཁོ་མོའི་གམ་དུ་ང་རང་དེ་ལས་ལྡོག་པའི་སྤྱིར་བཏང་གི་སོ་ནམ་པ་ཞིག་དང་ཀུན་ནས་མཚུངས་པ་རེད། དྲང་མོར་བཤད་ན་ཁོ་མོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དག་གིས་ངའི་སེམས་ལ་སྔར་མེད་ཀྱི་དྲན་ཚུལ་གསར་བ་ཞིག་སྐྱེས་པ་ནི་མཛེས་མའི་ལུང་བའི་བུད་མེད་ཡོངས་རྫོགས་འདི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་ནམ་ཡང་ན་སྒྲོལ་མ་མཚོ་གཅིག་པུ་ལ་ཉམས་འགྱུར་འདི་གོམས་པ་ཡིན་ནས་སྙམ་པ་དེ་རེད། གལ་ཏེ་སྒྲོལ་མ་མཚོས་དེ་རིང་གི་གོན་པ་སོགས་ཆ་ལུགས་འདི་བསྒྱུར་ཏེ་རྒྱ་སྐད་ཁོ་ན་ལས་བོད་སྐད་མ་བཤད་ཚེ་ཁོ་མོ་ནི་བོད་མོ་ཞིག་ཡིན་པ་སུས་ཀྱང་ཤེས་ཐབས་མེད་པ་འདྲ། ང་དེ་ལྟར་བསམ་གཞིགས་ཀྱི་ཀློང་དུ་ཞུགས་ནས་མིག་ཟུང་གཡོ་འགུལ་མེད་པའི་མོའི་མཛེས་སྡུག་གི་ཆར་གཡེངས་ཀྱིན་པའི་སྐབས་འདིར་ཁོ་མོས་ངས་དོན་དག་གང་ཞིག་ལ་བསམ་གཞིགས་གཏོང་བཞིན་ཡོད་པ་ལ་བར་ཆད་གཏོང་གིན་མེད་པ་ནང་བཞིན་ཁ་ཁུ་སིམ་མེར་སྐད་ཆ་གང་ཡང་མི་བཤད་པར་ཁ་པར་ལས་འདྲའམ་བརྙན་རིས་གང་ཞིག་ལ་བལྟས་ཏེ་སྡོད་དགོས་སོང་། འདི་ལྟར་དུས་ཚོད་ག་འདྲ་ཞིག་འགོར་བ་ངས་གསལ་བོར་མ་རྟོགས་ཞབས་ཞུ་བུ་མོས་བླུགས་པའི་ཤོག་ཕོར་ནང་གི་ཁ་རླངས་འཐུལ་བཞིན་པའི་ཇ་དེ་ཡང་དྲོད་མ་འཇམ་དུ་གྱུར་ཡོད་པ་མ་ཟད། ལག་པའི་མཛུབ་བར་དུ་བཟུང་ནས་མེ་སྒྲོན་པའི་ཐ་མག་རྐང་གཅིག་འཚིག་ཚར་ཏེ་མཛུབ་མོ་གཉིས་ཚ་བེར་བེར་དུ་བཏང་བས་ང་ཡང་དེ་དང་མཉམ་དུ་གློ་བུར་དུ་གཉིད་ལས་སད་པ་བཞིན་སྒྲོལ་མ་མཚོའི་གདོང་ལ་བལྟས་པ་ན་ཁོ་མོ་སྔར་བཞིན་གདོང་ལ་བཅོས་མ་མིན་པའི་འཛུམ་མདངས་ཤིག་ངོམ་ནས་ང་བསམ་གཞིགས་ཀྱི་ཀློང་ནས་ཕྱིར་ནམ་སད་ལ་ངང་སྒུག་བྱས་ཡོད་པ་དང་གཅིག་འདྲ་རེད།
“ཡ་གསར་འགོད་པ་ད་དོན་དག་གང་ལ་ཡང་བསམ་གཞིགས་མི་གཏོང་བར་ཟ་མ་ཟ། དེ་རིང་གི་ཟ་མ་འདི་དག་ངས་ཆེད་དུ་ཁྱོའི་དགའ་ཕྱོགས་གཏན་འཁེལ་བྱས་པ་ཡིན། གལ་ཏེ་ཁྱོས་ཟ་འདོད་ན་རྗེས་ཕྱོགས་སུ་ངས་མུ་མཐུད་དུ་ཁྱོད་ལ་མགྲོན་བྱེད། ཡིན་ན་ཡང་ང་ཚོ་ཀུང་ཟི་འདིའི་ཐོན་རྫས་དང་རིག་གནས་སྒྱུ་རྩལ་སོགས་མུ་མཐུད་དུ་བོད་མདོ་དབུས་མཐོ་སྒང་ལ་ཁྱབ་བསྒྲགས་བྱེད་རྒྱུ་ནི་ངས་ཁྱེད་ལ་རེ་དགོས་པའི་དོན་དག་ཅིག་ཡིན། དེ་ལས་ཀྱང་གལ་ཆེ་བ་ནི་ད་རུང་ཁྱོད་དང་འུ་གཉིས་ཀའི་བརྩེ་དུང་འདིའི་ཆེས་མཐར་གཏུགས་ཀྱི་དམིགས་ཡུལ་ཏེ་ཁྱིམ་གཅིག་ཏུ་སྡོད་པའི་ཕྱོགས་ལ་ངས་ཁྱེད་ཀྱིས་གང་བཤད་ལྟར་སྒྲུབ་ངེས་ཡིན། ད་ངས་བཤད་འདོད་པ་ཐམས་ཅད་གཞི་ནས་བཤད་ཚར་སོང་བ་ཡིན། ཡོད་ཚད་ཁྱོས་བཀོད་སྒྲིག་ལྟར་སྒྲུབ་རྒྱུ་ལས་མ་འདས་པ་རེད། གསལ་བོར་བཤད་ན་ཁྱོས་ཅི་བཤད་ངས་ཁ་ལེན། ”
སྒྲོལ་མ་མཚོས་ང་ལ་སྣེ་ལེན་བྱེད་བཞིན་ངོ་གདོང་དམར་བོར་གྱུར་ནས་མོའི་སེམས་ནས་བཤད་འདོད་པའི་སྐད་ཆ་མཐའ་དག་གཅིག་ཀྱང་མ་ལུས་པར་གསལ་བོར་བཤད་རྗེས་རེ་ཞིག་ལ་མགོ་ཡར་མི་དགྱེ་བར་སྡོད་པ་ནི་ངས་ཁོ་མོས་བཤད་པའི་སྐད་ཆ་དེར་ལན་གང་ཞིག་གདབ་པར་རེ་སྒུག་བྱས་ཡོད་པ་འདྲ་བ་རེད། སྣང་ཚུལ་དེ་དང་སྐད་ཆ་དེ་དག་གིས་ང་ལ་གློ་བུར་དུ་སྔར་མེད་ཀྱི་སྤོབས་པ་ཞིག་རྒྱས་དེ་གོ་སྐབས་འདི་དང་བསྟུན་ནས་རང་གིས་བཤད་པའི་སྐད་ཆ་མཐའ་དག་ཆད་ལྷག་མེད་པར་ཁོ་མོར་བཤད་པ་ཡིན། བཤད་བཤད་པའི་མཇུག་འབྲས་ནི་ངས་ཁོ་མོའི་རེ་འདུན་དང་ལེན་བྱས་པ་མ་ཟད་ད་དུང་ལོ་འདིའི་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་དངོས་སུ་གཉེན་སྟོན་བྱེད་རྒྱུ་ཡིན་པ་དང་དེའི་ཕྱོགས་ཀྱི་འགྲོ་གྲོན་ཐམས་ཅད་ཁོ་མོས་གཏོང་རྒྱུ་ཡིན་པ་མ་ཟད། རླངས་འཁོར་དང་ཁང་བ་སོགས་ཉོ་བའི་ཆ་ནས་ཀྱང་ཁོ་མོས་འཆར་གཞི་ལྟར་སྒྲུབ་པར་ཁས་ལེན་བྱས་པ་ཡིན། དགོང་མོ་དེ་ནས་བཟུང་ང་དང་ཁོ་མོ་གཉིས་ཀྱིས་ཡུན་རིང་ཞིག་ལ་རང་སེམས་སུ་སྐོང་ཞིང་སྦས་པའི་དོན་དག་ཐམས་ཅད་གསལ་རྗེན་བྱས་པའི་དབང་གིས་ཕན་ཚུན་ལ་ཡིད་ཆེས་དང་དུང་སེམས་ཀྱིས་འཇིག་རྟེན་སྣང་བའི་དགའ་ཕྱོགས་ཅི་དགར་ལོངས་སུ་སྤྱད་པ་ཡིན་ལ། དགོང་མོ་དེ་ནས་བཟུང་ང་དང་སྒྲོལ་མ་མཚོ་གཉིས་ཀྱིས་མི་ཚེ་འདིའི་ཆེས་གལ་འགངས་ཆེ་བའི་དོན་དག་ཅིག་ཀྱང་ཐག་གཅོད་བྱས་ཟིན་པས་ཕན་ཚུན་ལ་ཡིད་ཆེས་ཀྱི་ཁ་བརྡ་ཁོ་ནས་ཞག་གཅིག་གི་དུས་ཚོད་མཇུག་རྫོགས་པར་བྱས་པ་ཡིན།
མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་སྒྲོལ་མ་མཚོ་གཙོ་བྱས་པའི་ལས་བྱེད་མི་སྣ་དག་གིས་རིན་ཐང་ཤིན་ཏུ་ཆེ་བའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་ཀྱི་རྒྱན་གོས་འགྲེམ་སྟོན་མཛད་སྒོའི་གོ་སྐབས་དམ་འཛིན་བྱས་ཏེ་རང་ཀུང་ཟིའི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་མང་པོ་ཞིག་འགྲེམ་སྟོན་བྱེད་ཀྱིན་ཡོད་པ་མ་ཟད། མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་འདི་དྲིལ་བསྒྲགས་ཆ་ལ་ནུས་པ་གང་ཡོད་འདོན་གྱིན་ཡོད་པས་ཕྱོགས་ཡོངས་ཀྱི་སྐུ་མགྲོན་དག་གིས་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་དང་འབྲེལ་བའི་ཐོན་རྫས་དག་ལ་དགའ་བསུ་ཆེན་པོ་ཞིག་བྱེད་ཀྱིན་ཡོད་པ་རེད། དེ་བས་རིག་གནས་སྒྱུ་རྩལ་ཁང་འདིའི་ལས་བཟོ་བ་དག་གི་གདོང་ལ་སྔ་ན་མེད་པའི་འཛུམ་མདངས་གསར་བ་ཞིག་མངོན་ཡོད་པ་ལས་ཁོ་ཚོས་རྗེས་ཕྱོགས་ཀྱི་ཐོན་རྫས་གསར་བ་འགྲེམ་སྤེལ་གྱི་ཆ་ལ་སྔར་ལས་ལྷག་པའི་ནུས་པ་ཆེན་པོ་ཞིག་འདོན་འདོད་ཀྱི་བློ་སྟོབས་ཁྱད་པར་ཅན་ཞིག་རྒྱས་ཀྱིན་ཡོད་པ་ཡང་གསལ་བོར་རྟོགས་ནུས་པ་རེད། ཁོ་ཚོས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་བོད་རང་གི་གྱོན་གོས་དང་ཟས་རིགས ། རོལ་མོ་དང་ཞབས་བྲོ། ད་དུང་ཐང་ག་དང་གཙག་དྲུབ། རི་མོ་དང་མཛེས་སྤྲས་བཅས་མདོར་ན་འཛད་སྤྱོད་པའི་བློ་ཁ་དང་མཐུན་ཞིང་རང་རང་གི་འདོད་མོས་ལྟར་ཇུས་འགོད་ཀྱང་བྱེད་ཀྱིན་ཡོད་པ་འདིས་མི་རིགས་ཤིག་མདུན་བསྐྱོད་ཀྱི་ལམ་ཁ་ལ་སྟབས་བདེ་གང་ལེགས་ཤིག་སྐྲུན་བཞིན་ཡོད་པ་མ་ཟད། རྗེས་ལུས་ཀྱི་འཆིང་རྒྱ་ལས་ཐར་ཏེ་སྔོན་ཐོན་གྱི་ཕྱོགས་སུ་བསྐྱོད་པའི་གོ་སྐབས་བཟང་བོ་ཞིག་དམ་འཛིན་བྱེད་བཞིན་ཡོད་པ་ཡང་གསལ་བོར་རྟོགས་ནུས་པ་རེད། ཀུང་ཟི་འདིའི་ལས་བཟོ་བ་དག་གི་འབྱུང་ཁུངས་ནི་ལས་འཁྱུར་ངལ་གསོ་བྱས་པའི་ལག་ཤེས་པ་རྒན་པ་དང་སློབ་གྲྭ་སོང་ནས་མཐོ་འབྲིང་དང་སློབ་ཆེན་ལ་རྒྱུགས་མ་འཕྲོད་པ། ཡང་ན་ཡི་གེ་གཅིག་ཀྱང་མི་ཤེས་པའི་ཡུལ་དུ་སྡོད་པའི་གསར་བུ་གསར་མོ། བདག་སྐྱོང་བྱེད་མཁན་མེད་པའི་ལྔ་སྐྱོང་ཁྱིམ་ཚང་གི་བུ་དང་བུ་མོ་ལས་ད་རུང་དབང་བོ་སྐྱོན་ཅན་གྱི་རིགས་སོགས་ཡིན་པས་ལས་བཟོ་བ་འདི་དག་གིས་ཀུང་ཟིའི་སྣེ་ཁྲིད་པའི་ངག་བཀོད་ལྟར་འབད་པ་ཆེན་པོ་བྱས་པས་འབྲས་བུ་ཡང་འབུར་དུ་ཐོན་པ་ཞིག་བླངས་ཡོད་པ་རེད། ལས་བཟོ་བ་འདི་དག་གིས་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞིར་བཟུང་ནས་ཀུང་ཟིའི་འོས་འགན་མཐའ་དག་རང་ནུས་གང་ཡོད་སྒོས་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཆ་ལ་ནུས་པ་རབ་དང་རིམ་པ་ཞིག་བཏོན་དང་འདོན་བཞིན་ཡོད་པ་རེད། ཡི་གེ་ཤེས་པ་དག་གིས་གློག་ཀླད་དང་ཡི་གེ་དང་འབྲེལ་བའི་ཇུས་འགོད་དང་སྒྲིག་སྦྱོར་གྱི་ལས་འགན་སྒྲུབ་པ་དང་། ཡི་གེ་མི་ཤེས་པ་དག་གིས་ལག་ཟུང་གི་ནུས་ཤུགས་ལ་བརྟེན་དགོས་པའི་ལས་འགན་ལེགས་འགྲུབ་བྱེད་པ། རྒན་པ་སྐོར་ཞིག་གིས་ཀུང་ཟིའི་བདེ་འཇགས་དང་གཙང་སྦྲ་དོ་དམ་གྱི་ལས་འགན་ལེགས་འགྲུབ་བྱེད་པ། དབང་བོ་སྐྱོན་ཅན་རིགས་ཀྱིས་བཟོ་དང་འཚེམ་དྲུབ་ཀྱི་ལས་འགན་ལེགས་འགྲུབ་བྱེད་བཞིན་ཡོད་པ་སོགས་ཀྱིས་ཀུང་ཟི་འདི་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཆ་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་རེད།
མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་ལས་བཟོ་བ་དག་གིས་ད་དུང་བོད་མདོ་དབུས་ས་མཐོའི་སྟེང་གི་རང་བྱུང་གི་སྐྱེ་དངོས་མང་པོ་ཞིག་ཀྱང་མིའི་ལུས་ཁམས་འཕྲོད་བསྟེན་དང་མཐུན་པའི་ལས་སྣོན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲེམ་སྟོན་བྱེད་བཞིན་ཡོད་པ་སྟེ། དཔེར་ན་རི་སྐྱེས་ཀྱི་ཤ་མོ་དང་གྲོ་མ། སྐྱུ་རུ་ལེབ་མོ་སོགས་ཟས་ཆོག་པའི་རིགས་དང་གཞན་ཡང་དབྱར་རྩྭ་དགུན་འབུ་གཙོས་རྩྭ་སྨན་འབོར་ཆེན་ཞིག་ཀུང་ཟི་འདིས་རང་གི་ཚོང་རྟགས་བཀོད་དེ་སྤྱི་ཚོགས་སྟེང་དུ་འགྲེམ་སྤེལ་བྱེད་བཞིན་ཡོད་པ་རེད། ལྗང་མདོག་གི་ཟས་རིགས་འདི་དག་གིས་སྤྱི་ཚོགས་སྟེང་གི་འཛད་སྤྱོད་པ་དག་གི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་ཡིན་ལ་སྒོས་སུ་ཞོ་དང་འོ་མ། མར་དང་ཕྱུར་བ་སོགས་ཀྱང་སྤྱི་ཚོགས་ཀྱི་ས་གནས་སོ་སོར་འགྲེམ་སྤེལ་བྱེད་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་ཤ་སྐམ་དང་རྩམ་པ་ཞུན་སོགས་ཀྱང་ལས་སྣོན་བྱས་ཏེ་ཕྱོགས་སོ་སོར་འགྲེམ་སྤེལ་བྱེད་བཞིན་ཡོད་པ་འདིས་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གི་འཕེལ་རྒྱས་ལ་སྔ་ན་མེད་པའི་སྟོབས་ཤུགས་ཆེན་པོ་ཞིག་གི་ནུས་པ་ཐོན་བཞིན་ཡོད་པ་རེད། ཟས་རིགས་འདི་དག་བེད་སྤྱོད་བྱས་པ་བརྒྱུད་ནས་ས་གནས་དེ་གའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་སེལ་བའི་ཆ་ལ་མཐུན་རྐྱེན་གང་ནུས་སྦྱོར་བཞིན་ཡོད་པ་རེད། གསལ་བོར་བཤད་ན་རོང་བ་རྣམས་ཀྱི་ཞིང་ལས་ཐོན་སྐྱེད་དང་འབྲོག་པ་རྣམས་ཀྱི་ཕྱུགས་ལས་ཐོན་སྐྱེད་མང་པོ་ཞིག་ཀུང་ཟི་འདིས་རིན་གོང་ཅུང་མཐོན་པོའི་སྒོ་ནས་སྡུད་ཉོ་བྱས་རྗེས་རྒྱལ་ཁབ་ཀྱིས་ཆོག་མཆན་ཚོང་རྟགས་བཀོད་པ་དང་ལས་སྣོན་ཡང་དག་བྱས་ཏེ་སྤྱི་ཚོགས་སྟེང་གི་འཛད་སྤྱོད་པའི་རེ་འདུན་ལྟར་བརྒྱུད་བསྐུར་དང་སྐྱེལ་མ་སོགས་ཞབས་ཞུ་ནུས་ཤུགས་ཆེན་པོ་འདོན་བཞིན་ཡོད་པ་རེད།
མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་འདིས་སྒྱུ་རྩལ་ལས་རིགས་གཞིར་བཟུང་ནས་བོད་ཁུལ་གྱི་ཟས་རིགས་དང་ཐོན་རྫས་མང་པོ་ཞིག་ཕྱོགས་སོ་སོར་འགྲེམ་སྤེལ་གཏོང་བཞིན་ཡོད་པས་ཁོ་ཚོའི་དམིགས་འདུན་ལེགས་འགྲུབ་བྱེད་པའི་ཆ་ལ་སྔ་ན་མེད་པའི་དཔལ་འབྱོར་གྱི་རམ་འདེགས་མི་དམན་པ་ཞིག་ཀྱང་ཐོབ་པར་བྱེད་ཀྱིན་ཡོད་པ་རེད། ལྷག་པར་དུ་མཛེས་མའི་ལུང་བའི་རིག་གནས་སྒྱུ་རྩལ་ཁང་གིས་ལས་སྣོན་བྱས་པའི་ཞུན་དང་ཇུས་འགོད་བྱས་པའི་གཙག་དྲུབ་སོགས་ཀྱིས་སྤྱི་ཚོགས་སྟེང་གི་འཛད་སྤྱོད་པ་མང་པོ་ཞིག་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་རེད། ཁོ་ཚོས་གཅིག་ནས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ཐབས་བྱེད་པ་དང་གཉིས་ནས་མིའི་ལུས་ཁམས་ལ་བདེ་ཐང་དང་གསོ་སྐྱོང་གི་ཆ་ལ་དོ་སྣང་ཆེན་པོས་རང་གི་ཀུང་ཟིའི་རྒྱན་གོས་དང་རི་མོ་ཟས་རིགས་གང་གི་ཆ་ནས་ཟོལ་མེད་ཡང་དག་གི་ལམ་ལུགས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་ནི་ཀུང་ཟི་འདིའི་མ་འོངས་པའི་འཕེལ་རྒྱས་ཀྱི་ཆ་ལ་དགེ་མཚན་ཆེན་པོ་ཞིག་སྐྲུན་བཞིན་ཡོད་པ་རེད།
“ང་ཚོས་མཐར་གཏུགས་ཀྱི་དམིགས་ཡུལ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ཐོན་རྫས་འདི་དག་དེང་རབས་ཅན་དང་ཚན་རིག་ཅན་དུ་བསྒྱུར་དགོས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་དག་གི་དགོས་མཁོ་སྐོང་ནུས་ཤིང་ས་གནས་རང་གི་རྗེས་ལུས་ཀྱི་རྣམ་པ་བཅོས་བསྒྱུར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་ཆོད་པར་བྱ་རྒྱུ་དེ་ཡིན་པས་གསར་འགོད་པ་ལགས་ཀྱིས་དྲིལ་བསྒྲགས་ཀྱི་ཆ་ལ་རམ་འདེགས་མི་དམན་པ་ཞིག་བྱེད་རོགས། ”
སྒྲོལ་མ་མཚོ་དང་མཉམ་འགྲོ་མཉམ་འདུག་བྱེད་བཞིན་པའི་བུད་མེད་ཅུང་ལོ་ན་རྒས་པ་དེས་ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་དུ་ཀུང་ཟི་འདིའི་ཐོན་རྫས་མང་པོ་ཞིག་གིས་འཛད་སྤྱོད་པ་མང་པོ་ཞིག་གི་རེ་འདུན་བསྐངས་པར་མ་ཟད། དྲིལ་བསྒྲགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་ནང་གི་ཀུང་ཟི་འབོར་ཆེན་ཞིག་དང་མཉམ་འབྲེལ་གྱི་གན་རྒྱ་བཀོད་པ་སོགས་ཀྱིས་ཁོ་ཚོའི་སེམས་ལ་རེ་འདུན་གསར་བ་ཞིག་གིས་ཁེངས་པར་བྱས་པས་སྤྲོ་སྣང་གིས་རྒྱལ་ཁའི་ཉམས་འགྱུར་དང་བཅས་ང་ལ་དེ་ལྟར་བཤད་ཀྱིན་རྒྱ་སྐད་དང་བོད་སྐད་གཉིས་ཀྱི་ལམ་ནས་ཀུང་ཟི་འདིའི་ཐོན་རྫས་མང་པོ་ཞིག་མུ་མཐུད་དུ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད།
ཚེ་རིང་རྣམ་རྒྱལ། པིར་མིང་ལ་སྐར་མདའ་ཞེས་འབོད་པའི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་གིས་འགན་ཁུར་དང་ལེན་ལ་རང་ནུས་གང་ཡོད་འདོན་བཞིན་པ་ཁོ་ནི1973ལོར་བྲག་དཀར་རྫོང་དུ་སྐྱེས། 1997ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན། རང་ལོ་བཅོ་ལྔ་སྟེང་ནས་བཟུང་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་ཏེ་ད་བར་དུ《སྦྲང་ཆར》དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མི་རིགས་རྩོམ་རིག》《ལྷོ་ཁའི་རྩོམ་རིག》སོགས་དུས་དེབ་དུ་སྒྲུང་གཏམ་མི་ཉུང་བ་ཞིག་བཀོད་མྱོང་ལ། ད་ལྟ་ཡང་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་ཆེར་བསྐྱེད་ཀྱིས་སྒྲུང་གཏམ་འབྲི་བར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།