༄༅། །སྐལ་བཟང་དགྲ་འདུལ་གྱིས་བསྒྱུར་བའི་སྒྲུང་རིང《ལུའུ་པིན་ཤུན་གྱི་ཡུལ་གྱར་ཟིན་ཐོ》།

རྩོམ་པ་པོ།:སྐལ་བཟང་དགྲ་འདུལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-26 09:46:11 ཀློག་གྲངས།:
ལུའུ་པིན་ཤུན་གྱི་ཡུལ་གྱར་ཟིན་ཐོ། 
དབྱིན་ཇི། ཏི་ཉི་ཨར་ཏི་ཧྥུ་ཡིས་བརྩམས། 
སྐལ་བཟང་དགྲ་འདུལ་གྱིས་བསྒྱུར།

མཚོ་འགྲུལ་གྱི་རྨི་ལམ།
ངའི་མིང་ལ་ལུའུ་པིན་ཤུན་ཟེར་ཞིང1632ལོར་དབྱིན་ཇིའི་ཡའོ་ཁཱ་གྲོང་དུ་སྐྱེས། ང་རང་ཁྱིམ་ནང་གི་ཕྲུ་གུ་ཆུང་ཤོས་ཡིན་ལ་ཆུང་དུས་ཧ་ཅང་འཚུབ་པོ་ཡོད་པས་ཕ་མ་གཉིས་ལ་རྟག་པར་རྙོག་དྲ་སློང་གི་ཡོད།
ཁོ་བོ་བྱིས་དུས་ནས་མཚོ་འགྲུལ་ལ་ཧ་ཅང་མོས་པ་སྐྱེས་ཤིང་། སྔོ་ལྗང་མུ་མཐའ་མེད་པའི་མཚོ་ཐོག་ཏུ་མཚོ་འགྲུལ་བྱ་རྒྱུ་ནི་མི་ཚེའི་སྤྲོ་སྣང་ཆེ་ཤོས་དེ་ཡིན་སྙམ་གྱི་ཡོད། མ་གཞི་ད་བར་དུ་ང་རང་ཁྱིམ་ནས་ཐོན་ཏེ་ཐག་རིང་ལ་འགྲུལ་བཞུད་བྱེད་མྱོང་མེད་ལ་མཚོ་ཐོག་ཏུ་དེ་བས་བསྐྱོད་མྱོང་མེད། འོན་ཀྱང་ད་བར་མཚོ་འགྲུལ་གྱི་རྨི་ལམ་མཚམས་གཏན་ནས་འཇོག་མ་མྱོང་།
ཏག་ཏག་ད་ཆ་མཐོ་རིམ་སློབ་འབྲིང་ནས་སློབ་ཐོན་བྱས་པས། ངའི་བསམ་པར་དེ་ནི་རྨི་ལམ་མངོན་འགྱུར་བྱེད་པའི་གོ་སྐབས་བཟང་ཤོས་དེ་རེད་སྙམ་ཞིང་། ཁོ་བོའི་རླབས་ཆེན་གྱི་འཆར་གཞི་དེ་ཨ་ཕ་ལ་ཞུས་ནས་ཁོང་གི་དགོངས་འཆར་ཉན་དགོས་སྙམ། དེ་ཡང་གུང་ཟས་བཟས་རྗེས་རྐང་འཇབ་ལག་འཇབ་ཀྱི་ངང་ཁུ་སིམ་ཞི་འཇགས་ཀྱི་ཨ་ཕའི་དཔེ་ཁང་དུ་སོང་་་་་་འགྲིག་གི་མ་རེད། ངས་སྔ་ས་ནས་ཁྱེད་རང་ལ་ཁྲིམས་ལུགས་རིག་པའི་ཚན་ཁག་གི་ཆེད་ལས་བདམས་ཟིན་པས་མཚོ་འགྲུལ་གྱི་ལྟ་བ་ཡ་མ་ཟུང་དེ་འདྲ་དོར་ནས་ཁྱེད་རང་མུ་མཐུད་སློབ་གཉེར་བྱ་དགོས། ཨ་ཕའི་བཀའ་མོལ་དེ་ངའི་བསམ་ཚོད་ལས་ཡོངས་སུ་འདས་པས་ང་རང་ཁོང་ཁྲོས་ནོན་པ་ལྟར་སྐད་ཤུགས་ཆེན་པོས། ངས་དོན་མང་པོ་འདི་འདྲར་ཇུས་གཏོགས་བྱེད་མི་ཐུབ་ལ། སུས་ཀྱང་ང་མཚོ་འགྲུལ་བྱ་རྒྱུ་འགོག་མི་ཐུབ་ཅེས་བཤད།
སྐབས་དེར་ཤོད་ཁང་ན་འཚེམ་ལྷན་རྒྱག་བཞིན་པའི་ཨ་མས་ངས་ཨ་ཕར་དེ་ལྟར་ཁོང་ཁྲོའི་སྐད་ངན་རྒྱག་པ་ཐོས་ནས་འཚབ་འཚུབ་ཀྱི་ངང་རྒྱུགས་ཡོང་སྟེ་ངའི་ཕུ་ཐུང་ནས་བཟུང་ནས་ང་ལ་གུས་ཞབས་མེད་པ་དེ་འདྲ་བྱེད་མི་རུང་བའི་ཁ་ཏ་བྱས། ཨ་ཕས་ཁྲོ་བའི་གདོང་གིས་ང་ལ་བལྟ་བཞིན་ཁྱེད་རང་ཡིན་ཅིག་མཚོ་འགྲུལ་བྱས་ནས་ཁྱེད་རང་ལ་ཕན་པ་གང་འདུག་གམ་ཞེས་ནན་གྱིས་བཤད་པས། ང་རང་རེ་ཞིག་ལན་རྒྱག་རྒྱུ་མ་རྙེད་པར་་་་་་་ང་་་་་་་ཞེས་ལུས། ཨ་ཕས་དེ་ལྟར་ང་རང་ལན་རྒྱག་རྒྱུ་མེད་པའི་ངང་ཚུལ་མཐོང་རྗེས་ཞི་འཇམ་གྱི་ངང་། ཁྱེད་རང་ལྟོས་དང་། ཐ་ན་རང་ཉིད་མཚོ་འགྲུལ་བྱེད་པའི་དམིགས་ཡུལ་ཡང་མི་ཤེས་པས་འདི་འདྲ་མིས་ཐོས་ན་ངོ་མི་ཚ་འམ། ཤོད་མཚམས་དེར་སླེབས་པ་དང་ཁོང་གི་འདྲེན་བྱེད་ཟུང་ལ་མཆི་ཞགས་འཁོར་ཞིང་། ད་ལྟ་ཁྱེད་རང་ལོ་ན་ཆུང་ཆུང་ཡིན་པས་གང་ཡང་ཤེས་ཀྱི་མ་རེད། བྱས་ཙང་ངའི་ཁ་ལ་ཉན་ནས་བྱིས་བློའི་བསམ་ཚུལ་དེ་འདྲ་བསྐྱུར་ཏེ་བསམ་བློ་སྔ་ཙམ་བཏང་ན་རྗེས་སུ་འགྱོད་པ་ཆུང་གི་རེད། ཨ་ཕས་དེ་ལྟར་གསུངས་པ་དང་ཨ་མས་ངའི་གཞོགས་སུ་ལངས་ཏེ་ངའི་སྒལ་པར་བྱིལ་བྱིལ་བྱེད་ཀྱིན་ཧ་ཅང་ཞི་འཇམ་གྱི་ངང་། བུ་རང་གིས་ཨ་ཕས་གསུངས་པ་ལ་ཉན་ན། རྗེས་སུ་ཕ་ཡུལ་དུ་ཁྱེད་རང་བྱ་གཞག་གང་བསྒྲུབས་ཀྱང་ཆོག་ཅེས་རེ་བའི་མིག་ཟུང་གཉིས་ང་ལ་གཅེར། ཕ་མ་གཉིས་ཀྱིས་ང་ལ་དེ་ལྟར་སེམས་སྡུག་བྱེད་པའི་ངང་ཚུལ་མཐོང་དུས་ངའི་སེམས་ལ་བཟོད་དཀའ་བའི་ན་ཟུག་ཞིག་སྟེར་ཞིང་། དོན་དེ་རེ་ཞིག་རྣ་རྒྱབ་ཏུ་བསྐྱུར་ནས་ཕ་མ་གཉིས་ཀྱི་ཡིད་སེམས་རེ་ཞིག་ལྷོད་ལ་ཕབ་ཏུ་བཅུག
འོན་ཀྱང་མཚོ་འགྲུལ་གྱི་རེ་བའི་ས་བོན་དེ་སྔ་ས་ནས་ངའི་སེམས་ནང་རྩ་བ་བརྟན་པོར་ཚུགས་ཟིན་པས་མཚོ་འགྲུལ་གྱི་འདུན་པ་དེ་ཉིན་རེ་ལས་མ་འདས་པར་ངའི་དྲན་ཤེས་ཀྱི་མེ་ལོང་ངོས་ཇེ་གསལ་ཇེ་ཆེར་འཕེལ་ནས་མཐར་འགོག་ཏུ་མེད་པའི་ནུས་ཤུགས་ཤིག་ཏུ་གྱུར། ངས་སླར་ཐབས་ཤེས་གང་ཡོད་བཏོན་ནས་དོན་དེའི་ཐད་ཐུགས་གཤིས་འཇམ་པའི་ཨ་མ་ལགས་དང་གྲོས་མོལ་བྱས། དེ་ཡང་ངས་རེ་བ་ནན་པོའི་ངང་། ཨ་མ་ལགས་ཁྱེད་རང་གིས་པ་ལགས་ལ་ཞུས་ནས་ང་ལ་ལྟ་ཚོད་བྱེད་པའི་གོ་སྐབས་ཤིག་སྤྲོད་རོགས་གསུངས་དང་། གལ་ཏེ་ལྟ་ཚོད་བྱས་ནས་མཚོ་འགྲུལ་གྱི་བྱ་གཞག་དེ་ང་རང་ལ་འཚམས་པོ་མེད་ཚེ་ང་རང་ཕྱིར་ལོག་ནས་ཕ་ཡུལ་དུ་བློ་གཅིག་སེམས་གཅིག་གི་ངང་བྱ་གཞག་བསྒྲུབས་ཀྱི་ཡིན། དེ་ལྟར་མིན་ཚེ་ང་མི་ཚེ་གཅིག་རིང་བློ་སེམས་བདེ་བ་ཞིག་ཡོང་བ་མིན་འདུག་ཅེས་བཤད། ཨ་མ་ལགས་ཁོང་གིས་ངའི་དམིགས་ཡུལ་དུ་མ་སླེབས་ན་མཚམས་མི་འཇོག་པའི་ཨུ་ཚུགས་ཀྱི་གཤིས་རྒྱུད་ལ་རྒྱུས་མངའ་ཟབ་ཤོས་ཡིན་པས་ཁོང་ཡང་བྱ་ཐབས་མེད་པར་ངའི་བསམ་ཚུལ་དེ་ཨ་ཕར་བཤད་ཨ་ཕས་ངའི་ཨུ་ཚུགས་ཀྱི་བྱེད་སྟངས་དེ་མཐོང་རྗེས་ཁོང་ཡང་བྱ་ཐབས་ཟད་པ་ལྟར་གལ་སྲིད་ཁོ་དངོས་ནས་བློ་བདེ་བག་ཕེབས་ཀྱི་འཚོ་བ་དེ་བཞག་ནས་ཡུལ་གྱར་དུ་འགྲོ་རྒྱུ་ཨུ་ཚུགས་མཐར་སྐྱེལ་བྱེད་ན་ཁོ་རང་གི་འདོད་མོས་ལྟར་བྱེད་དུ་འཇུག་རྒྱུ་ལས་ངས་བཀག་འགོག་བྱེད་དགོས་དོན་མེད། ཡིན་ནའི་རྗེས་སུ་ཁོ་རང་ལ་རྐྱེན་ངན་བར་ཆད་འཕྲད་དུས་འགྱོད་པ་སྐྱེས་ཀྱང་ཕྱིས་དྲག་པ་རེད། ཁོང་གི་བཀའ་མོལ་དེ་ནི་ང་ལ་མཐའ་མཇུག་གི་ཐ་ཚིག་སྒྲོག་པ་ལྟར་སྣང་ཞིང་ཁོང་ཉིད་ཧ་ཅང་ལྕི་བའི་སེམས་ནད་ཀྱིས་རབ་ཏུ་ནོན་ཞིང་ཁོང་ཉིད་རང་གི་ཨུ་ཚུགས་ཚ་བའི་ཕྲུ་གུའི་མདུན་དུ་བྱ་ཐབས་གང་ཡང་མེད་པར་གྱུར། འོན་ཀྱང་ངས་ཨ་ཕའི་ཤ་ཚའི་གཏམ་ལ་སྣང་བ་མ་གཏང་བར་སྔར་བཞིན་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ལ་ཕྱོགས་ཤིང་ལྐོག་ཏུ་ཕྱོགས་བཞིར་མཚོ་འགྲུལ་གྱི་གོ་སྐབས་བཙལ་འཚོལ་བྱས། ལོ་གཅིག་གི་རྗེས་ངས་ཡུན་རིང་སྒུག་པའི་གོ་སྐབས་དེ་སླེབས་བྱུང་། དེ་ཡང་ངའི་གྲོགས་པོ་ཞིག་ཁོ་རང་གི་ཨ་ཕའི་གྲུ་གཟིངས་ལ་བསྡད་ནས་མཚོ་ཐོག་བརྒྱུད་དེ་ལུན་ཏུན་ལ་འགྲོ་བསྐྱོད་བྱེད་མཁན་ཡིན་པས། ཁོས་ང་ལ་གྲུ་གླ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པར་གྲུ་གཡོག་པའི་མིང་ཐོག་ནས་ཁོ་ཚོ་དང་མཉམ་དུ་ཡོང་ཆོག་པར་བརྗོད། 
དེ་རྗེས་སྤྱི་ལོ་1651ལོའི་ཟླ་9པའི་ཚེས་1ཉིན་གྱི་དམིགས་བསལ་གྱི་ཉིན་མོ་དེར་ང་རང་ལུན་ཏུན་ལ་འགྲོ་བའི་གྲུ་གཟིངས་ལ་བསྡད་ནས་དཀའ་སྡུག་དང་རྐྱེན་ངན་གྱིས་གང་བའི་མི་ཚེའི་བརྒྱུད་རིམ་དང་ངའི་མཚོ་འགྲུལ་གྱི་འཚོ་བ་ཡང་དེ་ནས་འགོ་བརྩམས། དེ་དུས་ང་རང་ལོ་ན་19ཏག་ཏག་ཏག་ལ་སོན། མཚོ་བསྐྱོད་ནི་ངའི་ངོས་ནས་བརྗོད་ན་ཆ་ཡུས་རྒྱུས་མེད་མོད་ངའི་སེམས་ནང་རེ་སྨོན་དང་སྟོང་བསམ་སྣ་ཚོགས་བཅངས། འོན་ཀྱང་མི་རིང་བར་ངའི་རེ་སྨོན་དང་སྟོང་བསམ་དེ་དག་དྲག་རླུང་གིས་འཇིགས་རྒྱུ་ཡིན་པ་ཤེས་ག་ལ་ཐུབ། ང་ཚོའི་གྲུ་གཟིངས་ཤིའི་སྦོའི་མཚོ་ཁུལ་དུ་འབྱོར་བ་དང་དེ་གར་དྲག་རླུང་འཚུབ་ཅིང་མཚོ་རླབས་དྲག་ཏུ་འཕྱུར་ནས་གྲུ་གཟིངས་ཀྱང་རིམ་བཞིན་ཡམ་ཡོམ་དུ་འགུལ་བས་ང་རང་དབང་མེད་དུ་བཟི་ཡོམ་རྒྱབ་ཅིང་སྐྱུག་འདང་ལངས་ནས་རྐང་པ་གཉིས་ཀྱང་བརྟན་པོར་འཛུགས་མི་ཐུབ་པས། གྲུ་ཚང་ནང་རྒྱུགས་ནས་སྐྱུག་པ་ཡིད་འཚིམས་པ་ཞིག་སྐྱུགས།དེ་རྗེས་ང་རང་ལུས་ཟུངས་ཟད་ཅིང་ཐང་ཆད་ནས་མལ་ཁྲིའི་སྟེང་ཉལ་བ་དང་སེམས་ནང་ངས་ཐོག་མར་ཕ་མ་གཉིས་ཀྱི་ཁ་ཏ་བསླབ་བྱ་དང་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་རང་མཚམས་ཀྱི་ངང་ཁྱིམ་ནས་ཁ་བྲལ་བས་ད་ཆ་དཀོན་མཆོག་གིས་ངའི་ཁྲེལ་མེད་ཀྱི་བྱེད་ཚུལ་ལ་ཉེས་ཆད་གཏོང་འགོ་ཚུགས་པ་མིན་ནམ་སྙམ།
མཚོ་ཐོག་གི་དྲག་རླུང་སྔར་བས་ཇེ་དྲག་ཏུ་གྱུར་བ་དང་མཚོ་རླབས་ཀྱང་དེ་བས་དྲག་ཏུ་འཕྱུར་བས་ངའི་ལུས་སེམས་ཡོངས་ལ་འཇིགས་དངངས་ཀྱིས་རབ་ཏུ་ཁེངས་ཤིང་། འཆི་གསོན་གྱི་མནར་གཅོད་དེའི་ཁྲོད་གལ་ཏེ་ང་རང་ད་རེས་ཀྱི་རྐྱེན་ངན་དེ་ལས་ཐར་ཚེ་མཚོ་འགྲུལ་གྱི་ལྟ་བ་དོར་ནས་ལམ་སེང་ཕ་མ་གཉིས་ཀྱི་འགྲམ་དུ་ལོག་སྟེ་བློ་གཅིག་སེམས་གཅིག་གི་ངང་ཕ་ཡུལ་དུ་བྱ་གཞག་བསྒྲུབས་རྒྱུའི་སེམས་ཐག་བཅད། 
ས་སྲོས་ཀྱི་མཚམས་སུ་མཚོ་ཐོག་གི་དྲག་རླུང་རིམ་བཞིན་འཇགས་ཤིང་བཞུད་ཁའི་ཉི་གཞོན་གྱི་ཟེར་བརྒྱའི་འོག་དལ་བུར་འཕྱུར་བའི་རླབས་ཕྲེང་དག་ལས་མཛེས་སྡུག་གི་གསེར་འོད་འཕྲོ་ཞིང་། དམར་མདངས་བཀྲ་བའི་ཉི་མ་དམར་པོ་དེ་ཡང་རིམ་བཞིན་རྒྱང་རིང་གི་མཚོ་ངོས་སུ་ཐིམ་འགྲོ་བས་མིག་མདུན་གྱི་མཛེས་སྡུག་གི་ཡུལ་ལྗོངས་དེས་ངའི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་ཅིང་ངའི་སེམས་བག་ཀྱང་ཇེ་ཡངས་སུ་སོང་ལ་བསིལ་བསིལ་གྱི་མཚོ་རླུང་ལྡང་བའི་རྒྱུན་དང་འགྲོགས་ནས་ང་རང་བུ་སླེལ་ནང་ཉལ་བ་ལྟར་ཡམ་ཡོམ་དུ་འགུལ་བའི་གྲུ་གཅལ་གྱི་སྟེང་ཉལ་ཏེ་ངའི་ལུས་ཡོངས་ལ་དྲོ་སྐྱིད་ཀྱིས་ཁྱབ་པ་དང་། སེམས་ནང་རྒྱ་མཚོའི་རླབས་ཕྲེང་འཕྱོ་འགུལ་བྱེད་པའི་ཚོར་སྣང་ཡིད་དུ་འོང་བ་ཞིག་བྱིན་ཡོང་བས་དེ་ནི་མཚར་སྡུག་དང་མཛེས་སྡུག་གིས་གང་བའི་འཚོ་བ་གསར་པ་འདིའི་མྱོང་རོལ་གྱི་བྲོ་བ་ཡིན་ལ། དེ་ནི་ཕལ་ཆེར་ང་རང་ཁེར་རྐྱང་དང་ཆོ་བྲོ་མེད་པའི་སྲོལ་རྒྱུན་གྱི་འཚོ་བ་ལས་ཁ་བྲལ་ཏེ་མཚོ་འགྲུལ་གྱི་འཚོ་བ་གསར་པ་འདིར་བསྙེགས་པའི་དམིགས་ཡུལ་ངོ་མ་དེ་ཡིན་སྲིད།
སྐབས་འདིར་ངའི་གྲོགས་པོ་ཁོང་ངའི་གམ་དུ་བཅར་ནས་ངའི་ཕྲག་པར་ཅག་ཅག་བྱེད་ཀྱིན། ཁྱེད་རང་སྔ་དྲོའི་དྲག་རླུང་དེས་བླ་འདར་བ་བཟོས་མ་བྱུང་ངམ། ཞེས་ང་ལ་ཁྱད་གསོད་ཀྱི་ཚུལ་གྱིས་དེ་ལྟར་བཤད་པས། ང་རང་རང་དབང་མེད་པར་དེ་ནི་དངོས་ནས་འཇིགས་སྐྲག་ཆེ་བའི་དྲག་རླུང་ཞིག་རེད་ཨང་ཞེས་ནས་ཁ་ནསཤོར། ཁོས་སླར་ཁ་ཕོ་ཆེན་པོས། དེ་ནི་རླུང་བསིལ་ཙམ་ཡིན་པས་ལྒིང་རིན་གང་ཡང་མེད། དེ་ལས་འཇིགས་དངངས་ཆེ་བ་ནི་རྗེསལ་ལ་ཡོག་རེད། ཅེས་མཚོ་འགྲུལ་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་ང་ལ་དེ་ལྟར་རྫིག་རྫིག་བསྐུལ་བས་ང་རང་ཁོའི་གཏམ་ལ་ཚིག་ཟ་སྐྱེས། མཚན་མོ་དེར་གྲུ་དཔོན་གྱིས་ང་རང་མཚོ་བསྐྱོད་ཐོག་མར་ཡིན་པར་རྟེན་འབྲེལ་ཞུ་ཆེད་ང་ཁོང་གི་གམ་དུ་ཨ་རག་འཐུང་བར་སྐད་བཏང་། ཞིམ་མངར་གྱི་ཨ་རག་གིས་མྱོས་པའི་སྤྲོ་སྣང་དེའི་ཁྲོད་དེ་ཉིན་སྔ་དྲོའི་འཇིགས་དངས་དང་ཕྱིར་ལོག་གི་བསམ་ཚུལ་དག་འཇའ་སྤྲིན་ལྟར་ཡལ་ཞིང་། མཚན་མོ་དེར་ང་རང་ཨ་རག་གིས་རབ་ཏུ་བཟི་ནས་གཉིད་མཐུག་པོ་ཞིག་ཁུག 
1.མཚོ་ཐོག་གི་རྐྱེན་ངན།
དེ་རྫེས་ཉིན་ཤས་མཚོ་འགྲུལ་བྱེད་རིང་མཚོ་ཐོག་ཏུ་ཧ་ཅང་ཞི་འཇམ་ཡིན་ལ་ང་རང་ཉིན་གང་གྲུ་པ་གཞན་ཚོ་དང་མཉམ་དུ་ཤོག་སྦག་རྩེ་བ་མིན་ན་སྦི་རག་འཐུང་བ་འམ། ཡང་ན་གྲུ་པ་རྒན་པོ་ཚོས་གསུངས་བའི་མཚོ་ཐོག་ཏུ་དཀའ་ཉེན་འཕྲད་པའི་སྐོར་དག་ཉན་བཞིན་མཚོ་ཐོག་གི་འཚོ་བར་རིམ་བཞིན་གོམས་འདྲིས་འཇགས་པ་དང་། ཉིན་ལྔ་ཙམ་གྱི་དུས་ཚོད་ཡུད་ཙམ་ལ་ཕར་འདས། ཉིན་དྲུག་པ་དེར་ང་ཚོ་ཡཱ་མའོ་སི་གྲུ་ཁར་སླེབས་པ་དང་། གློ་བུར་ལྡོག་རླུང་དྲག་པོ་ཞིག་བརྒྱབ་སྟེ་མུ་མཐུད་འགྲོ་བསྐྱོད་དཀའ་བས་རེ་ཞིག་དེ་གར་འཕྱོ་གཡེང་བྱས་ནསརླུང་ཕྱོགས་བསྒྱུར་མཚམས་མུ་མཐུད་མཚོ་བསྐྱོད་བྱས། ཉིན་བརྒྱད་པའི་ཞོགས་པ་རླུང་ཤུགས་ཆེན་པོ་ཞིག་ལྡང་ཞིང་མཚོ་རླབས་དྲག་ཏུ་འཕྱུར་བས་གྲུ་གཟིངས་གཡས་གཡོན་ངེས་མེད་དུ་གཡོ་འགུལ་བྱེད་ཅིང་། ཉིན་གུང་གི་མཚམས་སུ་སླེབས་པ་དང་སླར་སྨྱོ་བ་ལྟར་གྱི་རྦ་རླབས་དྲག་པོ་ཞིག་གྲུ་སྟེང་ལ་འཕྱུར་ཡོང་ནས་གྲུ་མགོ་དང་གྲུ་ཚང་ཐེངས་འགའ་ཆུའི་ནང་ནུབ་པ་དང་དྲག་ཆར་དང་དྲག་རླུང་མཉམ་དུ་སྡེབ་པའི་རྦ་རླབས་དྲག་པོ་དེ་ཧ་ལམ་ཁྲོ་བས་རབ་ཏུ་ནོན་ཏེ་གྲུ་གཟིངས་དེ་མ་ཉིད་ཁྱུར་མིད་གཏོང་འདོད་པ་ལྟར་སྣང་། སྐབས་དེར་གྲུ་དཔོན་དངས་འཚབ་ཀྱི་ངང་སྐད་ཤུགས་ཆེན་པོས། མགྱོགས་པོ་་་་་་་གྲུ་འགུག་ལྕགས་ཀྱུ(གྲུ་དོ་མཉམ་དང་གྲུ་ཁ་འགོག་བྱེད་ཀྱི་ཡོ་བྱད)མཚོ་ནང་དུ་གཡུགས། ཞེས་དང་གྲུ་པ་རྒན་པོ་དག་གི་གདོང་ལས་ཀྱང་འཇིགས་དངངས་དང་ཧ་ལས་པའི་ཉམས་ཤིག་མངོན་ཞིང་། མིག་མདུན་གྱི་གནས་ཚུལ་ཧ་ཅང་ཛ་དྲག་པར་སྣང་བ་དང་འཆི་ཐག་གི་ཞགས་པ་སྐད་ཅིག་ཙམ་ཡང་མ་འགོར་བར་ང་ཚོའི་སྟེང་ལ་འཕངས་ཡོང་བས། ང་རང་ནི་ག་བྱེད་འདི་བྱེད་དང་གང་བསམ་འདི་དྲན་མེད་པ་ཞིག་ཏུ་གྱུར། དཀོན་མཆོག་མཁྱེན། ཁྱེད་ཀྱིས་བྱམས་སྙིང་རྗེ་སྒོམ་ནས་ང་ཚོའི་སྲོག་སྐྱོབ་རོགས། ཐབས་ཟད་འུ་སྡུག་ཏུ་གྱུར་པའི་གྲུ་དཔོན་སྡུག་སྐད་དབང་མེད་དུ་ཤོར། འོན་ཀྱང་ནག་མོག་མོག་གི་མཚོ་རླབས་ནི་མཆེ་གཙིགས་སྡེར་བགྲད་ཀྱི་གདོན་འདྲེ་ཞིག་ལྟར་ང་ཚོའི་ཕྱོགས་སུ་འཇབ་རྒོལ་བྱེད་པ་དང་། ང་ཚོའི་མཐའ་འཁོར་གྱི་གྲུ་གཟིངས་དག་ཀྱང་དྲག་རླུང་དང་མཚོ་རླབས་ཀྱིས་བཅོམ་སྟེ་ཉམ་ང་བར་གྱུར་འདུག
གློ་བུར་གྲུ་གཟིངས་ནུབ་སོང་། གྲུ་གཟིངས་ནུབ་སོང་། ཞེས་པའི་སྐད་ངན་ཞིག་ཐོས་པ་དང་ང་རང་མགྱོགས་མྱུར་དེའི་ཕྱོགས་སུ་རྒྱུགས་ཕྱིན་ནས་བལྟས་པས་མདུན་ཕྱོགས་ཀྱི་གྲུ་གཟིངས་དེ་མཚོ་རླབས་དྲག་ཏུ་འཕྱུར་བའི་མཚོ་གཏིང་དུ་རིམ་བཞིན་བྱིངས་འགྲོ་བ་དང་། གྲུ་སྟེང་གི་གྲུ་པ་དག་ཀྱང་འཆི་གསོན་གྱི་འཕག་འཚག་རྒྱག་བཞིན་མཐར་མཚོ་གཏིང་དུ་དིམ་འགྲོ་བའི་གྲུ་གཟིངས་དང་ཆབས་ཅིག་གར་སོང་ཆ་མེད་གྱུར། ངའི་སེམས་ལ་སྐྱོ་སྣང་དང་ཡིད་ཆད་འཇིགས་དངངས་ཀྱིས་རབ་ཏུ་ནོན་ཏེ་ང་རང་ཧ་ཅང་ཁེར་རྐྱང་ངང་གྲུ་གཅལ་སྟེང་ཉལ་ནས་སེམས་ནང་མི་རིང་བར་ངའི་མཚར་སྡུག་གི་ཕུགས་བསམ་དང་ཐ་ན་རིན་བྲལ་གྱི་ཚེ་སྲོག་ཀྱང་སྙིང་རྗེ་མེད་པའི་མཚོ་རླབས་དེས་བཅོམ་སྲིད་སྙམ་ནས་ཡིད་སེམས་ཡོངས་སྟོང་ལྷང་ལྷང་དུ་གྱུར། རིམ་བཞིན་མུན་པ་རུབ་ལ་ཉེ་བ་དང་གྲུ་གཡོག་དང་གྲུ་པ་གཞན་ཚོས་གྲུ་དཔོན་ལ་གྲུ་དར་མ་བཅད་ན་གྲུ་གཟིངས་ནུབ་ངེས་པས་གྲུ་དར་གཅོད་དགོས་ཞེས་ཞུ་བ་ཕུལ་བ་དང་། མཐར་གྲུ་གཅལ་གཅིག་པུ་ལས་མ་ལྷགས་པའི་ང་ཚོའི་གྲུ་གཟིངས་དེ་ཉམ་ང་བར་མཚོ་ཐོག་ཏུ་འཕྱོ་འགུལ་བྱེད། མཚོ་འགྲུལ་བྱེད་ཐེངས་ཐོག་མ་ཡིན་པའི་ང་རང་ལ་མཚོན་ན་ཁ་སྔོན་གྱི་མཚོ་རླུང་དྲག་པོ་དེས་བླ་འདར་དགོས་པ་བཟོས་པ་དང་སླར་ད་ཐེངས་ཀྱི་འཇིགས་དངངས་བསམ་པ་ནི་བརྗོད་པའི་ཡུལ་ལས་འདས།
མཚོ་རླུང་སྔར་བཞིན་འཇགས་ཐབས་མེད་པར་མུ་མཐུད་ཇེ་དྲག་ཏུ་གྱུར་བས་མཚོ་འགྲུལ་ཐེངས་མང་བྱ་མྱོང་བའི་གྲུ་པ་རྒན་པོ་དག་ཀྱང་དེ་འདྲ་ད་བར་རྩ་བ་ནས་མཐོང་མ་མྱོང་། ཞེས་སྡུག་སྐད་ཤོར་བ་དང་། མ་ཟད་གྲུ་སྟེང་དུ་དངོས་ཟོག་མང་བས་གྲུའི་བྱིངས་ཚད་ཀྱང་མྱུར་ཞིང་གྲུ་བྱིངས་ཐེངས་རེར་མི་ཚང་མ་དབང་མེད་དུ་སྡུག་སྐད་རེ་འདོན། ཚང་མའི་སེམས་ནང་གྲུ་གཟིངས་བྱིངས་རྒྱུ་ནི་དུས་ཚོད་སྔ་ཕྱིའི་ཁྱད་པར་ཙམ་ཡིན་པ་གསལ་པོར་ཤེས་མོད། འོན་ཀྱང་སྔར་བཞིན་སྟེས་དབང་གང་རུང་འཕྲད་རྒྱུའི་རེ་བ་ཅུང་ཟད་བཅངས་ནས་དཀོན་མཆོག་ལ་རྩེ་གཅིག་ཏུ་སྐྱབས་བཅོལ་སྐད་ངག་འདོན། 
མུན་པ་ཇེ་སྟུག་ཏུ་སོང་བ་དང་སྦྲགས་གྲུ་སྟེང་གི་གནས་ཚུལ་ཡང་སྔར་བས་ཛ་དྲག་ཇེ་ཆེར་སོང་།གྲུ་ཚང་དུ་སྐོར་གཡེང་བྱེད་མཁན་གྲུ་པ་དེ་གློ་བུར་དབུགས་ཧལ་བཞིན་རྒྱུག་ཡོང་ནས། གྲུ་གཅལ་ལ་སེར་ག་གས་འདུག ཅེས་གྲུ་དཔོན་ལ་སྙན་ཞུ་བྱས། སླར་གྲུ་པ་ཞིག་རྒྱུགས་ཡོང་ནས་གྲུ་ཚང་ལ་ཆུ་གཏིང་ཚད་དབྱིང་ཁྲི་བཞི་ཙམ་ཁེངས་འདུག ཅེས་བཤད་པ་དང་། གྲུ་སྟེང་གི་མི་ཚང་མ་འཇིགས་དངངས་ཀྱིས་ཁེངས་ཤིང་གང་སར་ཟང་ཟིང་དུ་གྱུར། གྲུ་དཔོན་གྱིས་དེ་འཕྲལ་གྲུ་སྟེང་གི་མི་ཚང་མ་སྐུལ་ནས་ཆུ་ཕྱིར་བཤངས་བྱེད་དགོས་པའི་བཀའ་བཏང་། སྐབས་དེར་ང་རང་ནི་བླ་འཁྱར་བ་ལྟར་མལ་ཁྲིའི་སྟེང་གཅིག་པུར་ཧོན་ཐོར་རེར་ལུས་གྲུ་པ་ཞིག་གིས་བྲེལ་འཚུབ་ཀྱི་ངང་ང་ལ། ཝ་ཡེ། མགྱོགས་པོ་ཆུ་འདོན་པར་ཤོག ཅེས་འབོད་པས། ང་རང་རྨོངས་གཉིད་ལས་སད་པ་ལྟར་མགྱོགས་མྱུར་དེའི་ཕྱོགས་སུ་རྒྱུགས་ནས་ནུས་ཤུགས་གང་ཡོད་ཀྱིས་ཆུ་འདོན་རོགས་བྱས། ཏཱ། ཏཱ། ཞེས་གློ་བུར་གྲུ་དཔོན་གྱིས་མེ་མདའ་གནམ་ལ་འཕྱར་ནས་ང་ཚོའི་ཉེ་འགྲམ་ནས་འགྲོ་བའི་གྲུ་གཟིངས་ལ་ཉེན་སྐྱོབ་འབོད་བརྡ་གཏང་བས་ཉེན་སྐྱོབ་ཀྱི་གྲུ་ཆུང་འགའ་ཉེན་ཁར་མ་འཛེམས་པར་ང་ཚོའི་འགྲམ་དུ་བཅར་བ་དང་། མི་ཚང་མ་དངངས་འཚབ་ཀྱི་ངང་ཉེན་སྐྱོབ་གྲུ་ཆུང་སྟེང་འཛེགས། མཐའ་མཇུག་གི་གྲུ་པ་དེ་གྲུ་ཆུང་ལ་འཛེགས་པའི་སྐད་ཅིག་མ་ཉིད་དེར་ང་ཚོའི་གྲུ་གཟིངས་དེ་ཡང་ཆུ་ལྷའི་ཕང་པོར་ནུབ་པའི་བཞུད་ཁའི་ཉི་མ་ལྟར་མཇུག་མཐའི་འོད་ཟེར་བསྡུས་ནས་མཚོ་གཏིང་དུ་བྱིངས་བས་མི་ཚང་མ་དངངས་སྐྲག་གིས་ལུས་པོ་འཁྲུག་འཁྲུག་ཏུ་འདར་གྱིན་ནུས་ཤུགས་གང་ཡོད་བཏོན་ནས་གྲུཆུང་མཚོ་རླབས་གཤགས་ཏེ་མདུན་དུ་བསྐུལ། མི་རིང་བར་རྒྱང་རིང་གི་སྐམ་ས་ང་ཚོའི་མིག་མདུན་དུ་སྣང་བ་དང་མཚོ་ངོགས་སུ་མི་མང་པོ་ཞིག་གིས་ང་ཚོའི་ཕྱོགས་སུ་ལག་པ་གཡོབ་གཡོབ་བྱེད་པས་ཚང་མ་སེམས་འགུལ་རབ་ཏུ་ཐེབ། ང་ཚོ་ཡཱ་མའོ་སི་གྲུ་ཁའི་ཉེ་འགྲམ་གྱི་སྐམ་སར་འབྱོར་བ་དང་དེ་གར་སེམས་བཟང་ཅན་གྱི་མི་མང་པོ་ཞིག་གིས་ང་ཚོར་སྡོད་གནས་བཀོད་སྒྲིག་དང་བཟའ་བཅའ་འདང་ངེས་མཁོ་སྤྲོད་བྱས་པ་མ་ཟད་ད་དུང་ང་ཚོ་ལུན་ཏུན་དུ་འགྲོ་བ་འམ་ཡང་ན་ཕ་ཡུལ་དུ་ཕྱིར་ལོག་རྒྱུར་མཐུན་རྐྱེན་གང་ལེགས་བསྐྲུན།
གལ་སྲིད་སྐབས་དེ་དུས་ངས་བསམ་བློ་ཏན་ཏན་གྱིས་སྒོ་ནས་ཕ་ཡུལ་དུ་ཕྱིར་ལོག་ཚེ་ང་རང་མི་ཚེ་གཅིག་རིང་བདེ་འཁོད་དུ་གནས་ཐུབ། ཡིན་ནའང་ལས་དབང་གིས་དུས་ནམ་ཡང་མི་རྣམས་ལ་ཀུ་རེ་རྩེད་བ་ལྟར་སྣ་བསུན་འཁེལ་རྒྱུ་མེད་པའི་ང་རང་མུ་མཐུད་མཚོ་འགྲུལ་གྱི་དཀའ་སྡུག་གི་འཚོ་བ་དེའི་ནང་ཁྲིད། དེ་ཡང་ཡཱ་མཱ་སི་གྲོང་ནང་ང་མཚོ་འགྲུལ་ལ་འཁྲིད་མཁན་གྱི་གྲུ་དཔོན་གྱི་ཕྲུ་གུ་ཁོ་དང་ཐུག་འཕྲད་ཐེངས་འགའ་བྱུང་བ་དང་། ད་རེས་ཀྱི་མཚོ་འགྲུལ་གྱི་ཉམས་ཉེས་དེས་རྐྱེན་པས་སྐད་མདངས་ཉམས་ཤིང་གདོང་མདོག་ཀྱང་ཤོར་ནས་ཧ་ཅང་ཁོམ་ཆུང་དུ་གྱུར་པའི་ཁོས་ང་ལ་ཁམས་བདེ་བྱས་རྗེས་རྗེས་སུ་བསམ་ཚུལ་གང་འདྲ་ཡོད་མེད་དྲིས། ངས་ཧ་ཅང་འུད་ཤོབ་ཆེན་པོས་ད་རེས་ཀྱི་མཚོ་འགྲུལ་དེ་ནི་མ་འོངས་པའི་མཚོ་འགྲུལ་བྱ་གཞག་གི་ཚོད་བགམ་ཞིག་ཡིན་ཚུལ་བརྗོད་པས། ཁོས་སླར་ང་ཁོའི་ཨ་ཕ་ལ་ངོ་སྤྲོད་བྱས། གྲུ་དཔོན་ཁོང་གིས་ངའི་བསམ་ཚུལ་ཤེས་རྗེས་ཧ་ཅང་གཟབ་ནན་གྱི་ངང་ད་རེས་ཀྱི་སྣ་བསུན་དེ་ནི་བསླབ་བྱ་ཙམ་མ་ཟད་ཁྱེད་རང་མཚོ་འགྲུལ་གྱི་བྱ་གཞག་ལ་འཚམ་པོ་མེད་པ་ར་སྤྲོད་ཐུབ་པས་དེ་ལས་ཕ་ཡུལ་དུ་ཕྱིར་ལོག་ན་ལེགས་ཞེས་གསུངས། སྐུ་ཞབས་ལགས། བྱས་ན་ཁྱེད་རང་ཡང་ད་རེས་ཀྱི་དོན་རྐྱེན་དེས་རྐྱེན་པས་མཚོ་འགྲུལ་བྱེད་མཚམས་འཇོག་པ་རེད་དམ། ཞེས་ལྡོག་འདྲི་བྱས་པས། ཁོང་གིས་སླར་གཟབ་ནན་གྱི་ངང་། མཚོ་འགྲུལ་ནི་ངའི་བྱ་གཞག་དང་འགན་འཁྲི་ཡིན། བྱས་ཙང་ང་ཁྱེད་རང་དང་འདྲ་གི་མ་རེད། དེ་ཁྱེད་རང་གིས་ཤེས་སོང་ངམ། མ་ཟད་མཚོ་སྟེང་དུ་དུས་ངེས་མེད་ལ་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད་པའི་མཇུག་འབྲས་ལ་ཁྱེད་རང་གིས་བསམ་བློ་འཁོར་མྱོང་ངམ། ཞེས་བཤད་བྱུང་བས་ངས་ཁོང་ལ་རང་ཉིད་ཆུང་དུས་ནས་མཚོ་འགྲུལ་བྱ་གཞག་ལ་དང་ཞེན་བྱེད་ལྟར་ཡོད་ཚུལ་དང་། སླར་ཕ་མ་གཉིས་ཀྱི་བཀའ་དང་འགལ་ཏེ་མཚོ་འགྲུལ་ལ་ཇི་ལྟར་ཡོང་ཚུལ་གྱི་བརྒྱུད་རིམ་མ་ལུས་ཁོང་ལ་ཞུས། འོན་ཀྱང་ཁོང་གིས་ང་ལ་སྐུལ་ལྕག་གནང་རྒྱུའི་ཚབ་ལ་གློ་བུར་ཧ་ལས་པའི་ངང་སྐད་ཤུགས་ཆེན་པོས། དཀོན་མཆོག་མཁྱེན། ཡང་སྙིང་ངས་ནག་ཉེས་གང་བསགས་པ་རེད་དམ། ཕ་མའི་བཀའ་ལ་མི་བརྩི་བའི་ལྟས་ངན་འདི་འདྲ་ཞིག་ངའི་གྲུ་སྟེང་དུ་སླེབས་འདུག ཅེས་ད་རེས་ཀྱི་ཆག་སྒོ་དེའི་ཡོང་རྐྱེན་ངའི་སྟེང་ལ་སྐྱོན་འཛུགས་བྱས། ངའི་བསམ་པར་ཁོང་གིས་ང་ལ་སྐྱོན་འཛུགས་འདི་ལྟར་བྱེད་པའི་དབང་ཆ་མེད་སྙམ། ཡིན་ནའང་གྲུ་གཟིངས་མེད་པར་གྱུར་བའི་གྲུ་དཔོན་ཞིག་གི་སེམས་ནང་སྡུག་བསྔལ་ཇི་ཙམ་ཡོད་པ་ནི་ངས་བསམ་བཞེད་ལོས་ཐུབ། དེ་རྗེས་ཁོང་གིས་ང་ལ་རྣམ་འགྱུར་སྒམ་པོའི་སྒོ་ནས། གཞོན་པ། ཁྱེད་རང་གིས་ང་ལ་ཡིད་ཆེས་གྱིས་དང་། གལ་ཏེ་ཁྱེད་རང་གིས་མུ་མཐུད་ཨུ་ཚུགས་མཐར་སྐྱེལ་བྱས་ཚེ་ཁྱེད་རང་གི་ཨ་ཕས་གསུངས་པ་ལྟར་ཁྱེད་རང་ལ་མུ་མཐུད་ཆག་སྒོ་འཕྲད་སྲིད་པས་དེ་ལས་རྟ་ཁ་གཡང་གཅུས་ཀྱིས་ཕྱིར་ཕ་མ་གཉིས་ཀྱི་འགྲམ་དུ་ལོག་དགོས་ཞེས་ཁ་ཏ་བསླབ་བྱ་བྱས། ཁོང་གིས་གསུངས་པའི་བཀའ་མོལ་ལས་ང་རང་མུ་མཐུད་མཚོ་འགྲུལ་བྱེད་དམ། ཡང་ན་ཁྱིམ་དུ་ཕྱིར་ལོག་དགོས་མིན་ཐད་ཐེ་ཚོམ་དང་འགལ་བས་རབ་ཏུ་ཁེངས། གལ་ཏེ་ཁྱིམ་དུ་ཕྱིར་ལོག་ཚེ་ཕ་མ་གཉིས་ལ་གདོང་སྟོན་མི་ནུས་ལ་མ་ཟད་ཡུལ་མི་ཚོས་ཀྱང་ང་ལ་འཕྱ་དམོད་བྱེད་སྲིད། དེ་ལྟར་བསམ་བློའི་དམག་འཐབ་ཡུན་རིང་བྱས་རྗེས་མཐར་ཁྱིམ་དུ་ཕྱིར་ལོག་རྒྱུའི་བསམ་པ་རྒྱང་རིང་དུ་དོར་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་སླད་མུ་མཐུད་མཚོ་འགྲུལ་བྱ་རྒྱུའི་སེམས་ཐག་བཅད་དེ་ལུན་ཏུན་ལ་འགྲོ་བའི་ལམ་དུ་ཆས། མི་རིང་བར་སླར་ཧྥི་གླིང་རྫི་ནི་ཡའི་ཕྱོགས་སུ་འགྲོ་བའི་གྲུ་གཟིངས་ལ་བསྡད།
2.མཚོ་ཐོག་ཇག་པའི་འཕྲོག་བཅོམ།
ལུན་ཏུན་གྱི་སྨུག་སྤྲིན་གྱིས་རབ་ཏུ་འཐིབ་པའི་གྲུ་ཁ་ནས་ཐོན་དུས་མདུན་ངོས་ཀྱི་མཚོ་ལམ་ནི་སྔར་བཞིན་རབ་རིབ་ཏུ་སྣང་ཞིང་། མི་རིང་བར་རྐྱེན་ངན་བར་ཆད་གང་ཞིག་གིས་སྒུག་བསྡད་ཡོད་པ་ནི་ཤེས་དཀའ། ཧ་ཅང་དགའ་འོས་པ་ཞིག་ལ་མཚོ་འགྲུལ་ལོ་བཅུ་ཕྲག་ཁ་ཤས་བྱེད་མྱོང་བའི་གཞུང་དྲང་སེམས་བཟང་ཅན་གྱི་གྲུ་དཔོན་ཁོང་གིས་ང་ལ་སེམས་རྩ་འཁོལ་ཞིང་རང་འགུལ་གྱི་ངང་མཚོ་འགྲུལ་གྱི་ཤེས་བྱ་མང་པོ་སློབ་གནང་བ་མ་ཟད། ངའི་ཕྱི་རོལ་གྱི་འཇིག་རྟེན་ལ་སོང་ནས་མཐོང་རྒྱ་ཇེ་ཆེར་གཏོང་འདོད་ཀྱི་བསམ་པ་དེ་ཁོང་གིས་མཁྱེན་རྗེས་ང་ལ་ཡར་ཐོན་གྱི་བསམ་པ་ལྡན་འདུག་ཅེས་བསྟོད་བསྔགས་ཡང་ཡང་གནང་། ཁོང་གིས་སྦ་གསང་དང་སྒེར་སེམས་མེད་པའི་ངང་ང་ལ་ལམ་བར་ཚོང་ཟོག་ཁག་ཅིག་ཉོ་སྒྲུབ་བྱས་ནས་གྲུ་ཁར་ཁེ་ཚོང་རྒྱག་དགོས་པའི་གྲོས་འགོ་བཏོན། ངས་ཀྱང་དབྱིན་པང་བཞི་བཅུས་མ་རྩ་བྱས་ཏེ་རྒྱུན་མཁོའི་ཅ་དངོས་ཟོག་ཁག་ཅིག་ཉོ་སྒྲུབ་བྱས་ནས་གྲུ་ཁར་བཙོང་པས་ཁེ་བཟང་མི་ཉུང་བ་ཞིག་བྱུང་ཞིང་། ཐེངས་དེ་ནི་ངའི་ངོས་ནས་བརྗོད་ན་ཆེས་ལེགས་གྲུབ་ལྡན་པའི་མཚོ་འགྲུལ་བྱེད་ཐེངས་ཤིག་ཏུ་གྱུར་ལ། དེ་ནི་ཁོ་བོའི་གྲོགས་པོ་སེམས་བཟང་ཅན་གྱི་གྲུ་དཔོན་ཁོང་གི་ཐུགས་འཁུར་དང་ཁ་བྲལ་ཐབས་མེད་ལ། ཁོང་གི་རོགས་རམ་འོག་མཚོ་འགྲུལ་པ་ཞིག་ལ་དགོས་ངེས་ཀྱི་བལྟ་ཞིབ་དང་ཟིན་བྲིས་བྱེད་ཐབས་སོགས་མཚོ་འགྲུལ་གྱི་རྩ་བའི་ཤེས་བྱ་གང་མང་ཁོང་དུ་ཆུད་པ་ཙམ་མ་ཟད། ང་ལ་ཆེས་ཐོག་མར་ཉོ་ཚོང་གི་བྲོ་བ་རྙེད་ཅིང་། མཚོ་ཐོག་གི་ཚོང་འགྲུལ་པ་ཞིག་ཏུ་གྱུར་རྒྱུའི་རྩ་བ་ཚུགས། ཐེངས་འདི་ནི་ངའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ལྡན་པའི་མཚོ་འགྲུལ་བྱེད་ཐེངས་ཤིག་ཡིན། འོན་ཀྱང་ཡིདཕམ་པ་ཞིག་ལ་སེམས་བཟང་ཅན་གྱི་ཁོ་བོའི་གྲོགས་པོ་གྲུ་དཔོན་རྒན་པོ་ཁོང་ཕྱིར་ཕེབས་ནས་ཡུན་རིང་མ་སོང་བར་ཚེ་ལས་འདས། རེ་ཞིག་ང་རང་ཡིད་གདུང་དང་མྱ་ངན་གྱིས་རབ་ཏུ་གདུང་། དེ་རྗེས་ཁོ་བོས་ཉོ་ཚོང་ནས་བྱུང་བའི་ཁེ་ཕོགས་དངུལ་རྣམས་གྲུ་དཔོན་འདས་པོའི་བཟའ་ཟླར་བཅོལ་བ་དང་། སླར་དབྱིན་པང་བརྒྱ་ཡི་ཚོང་ཟོག་ཉོ་སྒྲུབ་བྱས་ནས་སེམས་ནང་རེ་སྨོན་དང་ཡིད་ཆེས་ཀྱིས་རབ་ཏུ་ཁེངས་བཞིན་པའི་ངང་གྲུ་དཔོན་འདས་པོའི་གྲུ་ལ་བསྡད་དེ་མཚོ་འགྲུལ་བྱེད་འགོ་ཚུགས། ང་ཚོའི་གྲུ་གཟིངས་ཅཱ་ནཱ་ཡི་གླིང་ཕྲན་གྱི་ཕྱོགས་སུ་འགྲོ་བཞིན་པའི་ཞོགས་པ་དེར་བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་རྒྱབ་ཕྱོགས་ནས་གློ་བུར་ཐུའུ་ཨར་ཇིའི་མཚོ་ཐོག་ཇག་པའི་གྲུ་གཟིངས་ཤིག་རླུང་ཡོར་ཡོད་ཚད་བསྒྲེངས་ནས་ང་ཚོའི་རྗེས་ལ་དམ་པོར་བསྙེགས་བཞིན་འདུག ང་རང་ཡོངས་སུ་ཧ་ལས་ཤིང་གང་མྱུར་ང་ཚོས་ཀྱང་རླུང་ཡོར་ཡོད་ཚད་བསྒྲེངས་ནས་བྲོས་ཐབས་བྱས། འོན་ཀྱང་དུས་ཚོད་ཆུ་ཚོད་ཁ་ཤས་ཀྱང་མ་འགོར་བར་ཇག་གྲུ་དེས་ང་ཚོའི་རྗེས་ཟིན་པས་ཛ་དྲག་གི་གནས་ཚུལ་དེའི་འོག་ང་ཚོས་ཇག་པར་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཨང་གསར་བྱས་མོད། དཔའ་བོ་མི་གཅིག་ལག་གཅིག་ལ་ཇག་པ་མི་མང་ལག་མང་གི་དཔེ་ལྟར་ཕྱོགས་གཉིས་ཀྱི་མང་ཉུང་དང་དྲག་ཤུགས་ཀྱི་ཧེ་བག་དབང་གིས་ངེད་ཕྱོགས་ལ་ཤི་རྨས་གང་ཙམ་བྱུང་བ་དང་། མཐར་ཇག་པར་མགོ་བཏགས་མི་ཞུ་ཀ་མེད་བྱུང་ཞིང་། ང་ཚོའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་བཟུང་ནས་ཁོ་ཚོའི་མངའ་ཁོངས་སཱ་ལི་རུ་བསྐྱལ་བ་དང་། དེ་མིན་གྱི་གྲུ་པ་རྣམས་ཁོ་ཚོའི་ཇག་གཙོའི་འགྲམ་དུ་འདྲི་རྩད་བྱེད་པར་འཁྲིད། ང་ཚོའི་ཁྲོད་ལས་ཁོ་བོ་ལོ་ན་ཕྲ་ཞིང་སྤྱང་གྲུང་ལྡན་པ་ཞིག་ཏུ་མཐོང་བས། ཇག་པའི་གྲུ་དཔོན་དེའི་བློ་ལ་བབ་ནས་ང་རང་ཁོའི་ཐེངས་འདིའི་རྒྱལ་ཁའི་མཚོན་རྟགས་དངོས་པོར་བརྩིས་ནས་ཁོའི་ཁྱིམ་དུ་བྲན་གཡོག་བྱེད་པར་ཁྲིད་དེ་ང་རང་དབང་གི་ཚོང་པ་ཞིག་ནས་ད་ཆ་རང་དབང་བྲལ་བའི་བྲན་གཡོག་ཞིག་ཏུ་གྱུར་ནས་ཡིད་ཆད་ཀྱི་འདམ་རྫབ་ཁྲོད་དུ་ཡོངས་སུ་བྱིངས།
3.བྲན་གཡོག་གི་འཆིང་རྒྱ་ལས་བྲོས་བྱོལ་བྱེད་པ།
ད་ཆ་ང་རང་རང་དབང་ཡོངས་སུ་བྲལ་བའི་བྲན་གཡོག་ཞིག་ཏུ་གྱུར་བས་ངས་ཐབས་བརྒྱ་ཇུས་སྟོང་གིས་ངང་གནས་དེ་ལས་བྲོས་རྒྱུའི་གོ་སྐབས་འཚལ། འོན་ཀྱང་ད་བར་འོས་ཤིང་འཚམས་པའི་གོ་སྐབས་ཤིག་མ་རྙེད་པར་སྔར་བཞིན་གྲུ་ཚང་འཕྱིསརྒྱུ་དང་། མེ་ཏོག་ལྡུམ་རྭར་བལྟ་སྐྱོང་བྱེད་རྒྱུ་སོགས་ལས་ཀ་ཙག་ཙིག་བྱེད་པའི་ངང་དུས་འདས། ང་རང་དེ་འདྲའི་བྲན་གཡོག་གི་འཚོ་བར་རེ་ཐག་ཡོངས་སུ་ཆད། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་སྦྱིན་བདག་གིས་རིམ་བཞིན་ང་ལ་ཡིད་ཆེས་ཀྱིས་གནམ་གཤིས་ཡག་པའི་སྐབས་ང་རང་མཱ་ཨར་ཟེར་བའི་ན་གཞོན་ཞིག་དང་མཉམ་དུ་མཚོ་ཐོག་ཏུ་ཟིན་པར་འཁྲིད་ཀྱི་ཡོད། དེ་ནི་ངའི་ངོས་ནས་བརྗོད་ན་བྲོས་བྱོལ་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཡིན། དེ་ཡང་ཉིན་ཞིག་ང་ཚོའི་གྲུ་ཆུང་མཚོ་ཐོག་ཏུ་ཐོན་ནས་ཡུན་རིང་མ་སོང་བར་མཚོ་ངོས་སུ་སྨུག་སྤྲིན་གྱིས་འཐིབ་ནས་ང་ཚོ་སྨུག་སྤྲིན་གྱི་ཁྲོད་ཡོངས་སུ་བཏུམས་ཏེ་མདུན་ངོས་ཀྱི་ཁ་ཕྱོགས་ཀྱང་གསལ་པོར་མི་མངོན་ལ། སྐབས་དེར་གྲུ་སྟེང་དུ་ཕྱོགས་སྟོན་འཁོར་ལོ་ཡང་མེད་པས་ཁོ་བོ་དང་མཱ་ཨར་གཉིས་པོས་རྨོངས་ཚོད་ཀྱི་ངང་གྲུ་སྐྱ་བསྐུལ་ཏེ་མཚན་གཅིག་རིང་འགྲོ་བསྐྱོད་བྱས་པས། ཉིན་གཉིས་པའི་ཞོགས་པ་སྨུག་སྤྲིན་རིམ་བཞིན་འཇགས་པ་དང་ངེད་གཉིས་ཀྱང་ངལ་དུབ་ཀྱིས་སྟོབས་ཟད་ནུས་མེད་དུ་གྱུར། དེ་ནས་བཟུང་མཚོ་ཐོག་ཏུ་འགྲོ་རིམ་བཞིན་གྲུ་དཔོན་གྱིས་འདང་ངེས་ཀྱི་བཟའ་བཅའ་དང་ཕྱོགས་སྟོན་འཁོར་ལོ་སོགས་གྲ་སྒྲིག་འཐུས་ཚང་བྱེད། དེ་ནས་གཟའ་འཁོར་གཅིག་གི་རྗེས་སྦྱིན་བདག་གིས་གློ་བུར་དགའ་སྤྲོའི་ངང་། ལུའུ་པིན་ཤུན། སང་ཉིནངའི་གྲོགས་པོ་ཞིག་དང་མཉམ་དུ་མཚོ་བསྐྱོད་བྱ་རྒྱུ་ཡིན་པས་ཁྱེད་དང་མཱ་ཨར་གཉིས་པོས་གྲུ་ཚང་གཙང་མ་བཟོ་དགོས། ཞེས་མངགས་བྱ་བྱས། ངེད་གཉིས་ཀྱིས་སྦྱིན་བདག་ཐུགས་སེམས་སྤྲོ་བའི་སྐབས་དེ་དང་བསྟུན་ནས་མཚོ་བསྐྱོད་ཀྱི་གྲ་སྒྲིག་མ་ཚང་མེད་པར་བྱས། ཉིན་གཉིས་པའི་ཞོགས་པ་སྦྱིན་བདག་གིས་མདེའུ་བླུགས་པའི་མེ་མདའ་ཞིག་འཁྱེར་ནས་དེ་ལ་བལྟ་ཞིང་ཧ་ཅང་དགའ་ཚོར་ཆེན་པོའི་ངང་ང་ཚོས་ཆུ་བྱ་ཁ་ཤས་བཟུང་ནས་གྲུ་སྟེང་དུ་བཟས་ཆོག་ཅེས་ཟེར། འོན་ཀྱང་ཉིན་གུང་གི་མཚམས་སུ་སླེབས་པ་དང་སྦྱིན་བདག་གི་གདོང་ལས་གློ་བུར་ཡིད་ཆད་ཀྱི་ཉམས་ཤིག་སྟོན་ཞིང་མགོ་བོ་གཡུག་གཡུག་གི་ངང་། ཁོང་གི་གྲོགས་པོ་ཚོང་ཉེས་བྱུང་བས་དེ་རིང་འགྲོ་རྒྱུ་མིན་ཞེས་དང་། ཁྱེད་རང་དང་མཱ་ཨར་གཉིས་མཚོ་ཐོག་ཏུ་སོང་ནས་ང་ལ་ཉ་ཆེན་པོ་ཁ་ཤས་བཟུང་ཤོག་ཅེས་བཀའ་མངགས་གནང་། སྐབས་དེར་ངའི་བསམ་པར་དེ་ནི་ཡུན་རིང་སྒུག་པའི་གོ་སྐབས་ལེགས་པོ་ཞིག་ཡིན་སྙམ་ཞིང་། ངའི་སྙིང་གའི་འཕར་ཤུགས་ཀྱང་ཇེ་མགྱོགས་སུ་སོང་། འོན་ཀྱང་ངས་ཕྱི་ཚུལ་ནས་བག་ཕེབས་ཀྱི་ངང་ཚུལ་ཞིག་སྟོན་ནས་ངའི་སེམས་དོན་དེ་སྦྱིན་བདག་གིས་མ་ཤེས་པར་བྱས། ཐེངས་འདིའི་བྲོས་བྱོལ་ཐུབ་མིན་གྱི་འགག་རྩ་ནི་བྱ་ཐབས་གང་ཡོད་ཀྱིས་ང་དང་མཉམ་དུ་འགྲོགས་པའི་མཱ་ཨར་བསྐྱུར་ཐུབ་པ་བྱ་རྒྱུ་དེ་ཡིན་པས། ངས་ཐོག་མར་སྦྱིན་བདག་གིས་གསུངས་པའི་བཀའ་མོལ་དེ་ཁོ་ལ་མ་བཤད་པར་སྔོན་གྱི་འཆར་གཞི་ལྟར་ཡིན་ཁུལ་གྱིས། མཱ་ཨར། ཁྱེད་རང་གིས་ང་ཚོར་བཟའ་བཅའ་ཏོག་ཙམ་གྲ་སྒྲིག་གྱིས་དང་། ང་ཚོས་སྦྱིན་བདག་གིས་མགྲོན་པོར་སྣེ་ལེན་ཞུ་བའི་བཟའ་བཅའ་ནས་བཟས་ན་ག་ལ་འགྲིག་ཅེས་བཤད་པས་ཁོས་དེ་རང་རེད་ཅེས་མན་པའོ་བླུགས་པའི་སློ་མ་དང་། དེ་མིན་གླང་ཤ་དང་། འཐུང་ཆུ་ལྕགས་ཀྲིན་གསུམ་བཞི་བླུགས་པའི་སློ་མ་ཆེན་པོ་ཞིག་བཀྱག་ཡོང་། ངས་སླར་མཱ་ཨར། སྦྱིན་བདག་གི་མེ་མདའ་གྲུ་ཚང་ནང་བཞག་ཡོད་པས་ཁྱེད་རང་གིས་རྫས་མདེལ་ཁ་ཤས་འཁྱེར་ཤོག་དང་། ཅིག་བྱས་ན་ཆུ་བྱ་ཁ་ཤསརྔོན་ཐུབ་ཅེས་བཤད་པ་དང་། ངས་བླངས་ཆོག་ཅེས་མཱ་ཨར་གྱིས་རྒྱུགས་ཕྱིན་ནས་རྫས་མདེལ་དང་མདེའུ་བླུགས་པའི་ཁུག་མ་ཆེན་པོ་ཞིག་འཁྱེར་ཡོང་། དེ་ལྟར་གྲ་སྒྲིག་འཐུས་ཚང་ཚར་བ་དང་། ཁོ་བོ་དང་མཱ་ཨར་ད་དུང་རླུང་གཡོར་སྒྲེང་མཁན་གྱི་བྱིས་པ་ལའེ་ཁཱ་བཅས་མཉམ་དུ་གྲུ་ཁ་ནས་ཐོན། ཡིན་ནའང་མཚོ་ཐོག་ཏུ་དྲག་རླུང་བརྒྱབ་ཏེ་གྲུ་གཟིངས་མཚོ་ངོགས་དང་མི་རིང་བའི་སར་ཁ་མི་བཀག་ཀ་མེད་བྱུང་། དེ་ནི་ངའི་ངོས་ནས་བརྗོད་ན་བྲོས་བྱོལ་དུ་འགྲོ་རྒྱུར་ཧ་ཅང་མི་འཚམས་པས་ངས་ཆེད་མངགས་མཱ་ཨར་ལ་ང་ཚོ་ལག་པ་སྟོང་པར་ལོག་ན་སྦྱིན་བདག་ཐུགས་སེམས་སྤྲོ་པོ་ཡོང་མི་སྲིད། ང་ཚོ་རྒྱང་རིང་ཙམ་ལ་ཉ་འཛིན་པར་ཕྱིན་ན་ཞེས་བཤད། ཁོས་ཀྱང་ང་ལ་དོགས་པ་སྤུ་ཙམ་ཡང་མེད་པར་གྲུ་གཟིངས་རྒྱ་མཚོའི་ཕར་ཕྱོགས་སུ་ཁ་གཅུས་པ་དང་། ངས་སྐེད་པ་སྒུར་ནས་ཁོའི་རྒྱབ་ཏུ་ཅ་ལག་འཚོ་ཁུལ་གྱིས་ཁོས་དོ་སྣང་མེད་པའི་སྐབས་དང་བསྟུན་ནས་ཁོའི་སྐེད་པ་ནས་བཟུང་ཏེ་ཁོ་གྲུ་གཅལ་གྱི་སྟེང་ནས་ཆུ་ནང་དུ་འཕངས། སྲོག་སྐྱོབ་དང་།སྲོག་སྐྱོབ་དང་། ཞེས་མཱ་ཨར་གྱིས་ཆུ་ནང་ནས་འཕག་འཚག་རྒྱག་བཞིན་དེ་ཐམས་ཅད་ཁོའི་བློ་ཡུལ་ལས་འདས། ངས་མེ་མདའ་ཁོའི་སྟེང་ལ་སྡིགས་ནས། མཱ་ཨར། ངས་ཁྱེད་རང་ལ་གནོད་པ་སྐྱེལ་འདོད་མེད། ཡིན་ནའང་ང་ལ་རང་དབང་དགོས། གལ་ཏེ་ཁྱེད་རང་གིས་ང་ལ་བཀག་འགོག་བྱས་ཚེ་ངས་ཁྱེད་རང་གསོད་ངེས་ཡིན། གལ་ཏེ་ཁྱེད་རང་གིས་དོན་དེར་ཇུས་གཏོགས་མ་བྱས་ཚེ་ངས་ཁྱེད་རང་གློད་ཆོག་པས་ཁྱེད་རང་གིས་ཆུ་རྐྱལ་རྒྱབ་ནས་སྐམ་སར་བདེ་གླག་ངང་ཐོན་ཆོག་ཅེས་བཤད། མཱ་ཨར་ཡང་བསམ་ཤེས་ཐུབ་མཁན་ཞིག་སྟེ་ངས་བཤད་པ་ལྟར་ཁ་ཕྱིར་བསྐོར་ནས་བདེ་ལྕག་འཁྱུག་པའི་ཉ་མོ་ཞིག་ལྟར་མཚོ་ངོགས་ཀྱི་ཕྱོགས་སུ་སོང་། དེ་རྗེས་ངས་བྱིས་པ་ལའེ་ཁཱ་ཡི་མདུན་དུ་སོང་ནས་ཁོ་ལ། གལ་ཏེ་ཁྱེད་རང་ང་དང་མཉམ་དུ་ཡོང་ན་ངས་ཁྱེད་རང་ལ་གྱོང་གཏོང་མི་སྲིད། གལ་སྲིད་དེ་ལྟར་མིན་ན་ངས་ཁྱེད་རང་རྒྱ་མཚོའི་ནང་དུ་འཕངས་ཀྱི་ཡིན་ཞེས་བཤད། ལའེ་ཁཱ་ཡིས་ང་ལ་བལྟས་ནས་བཅོས་མིན་གྱི་ངང་དགོད་ཅིང་ང་མཉམ་དུ་གནམ་འོག་ཏུ་འགྲོ་རྒྱུའི་མོས་མཐུན་བྱས། ཁོ་བོས་མགོ་བོ་ལྕོག་ལྕོག་གི་ངང་ལའེ་ཁཱ་ཡི་གཅེས་པར་འོས་པའི་ཚུལ་ལ་བལྟ་བཞིན་དགའ་སྤྲོ་དང་རང་དབང་གིས་གང་བའི་མཚོ་ཐོག་ཏུ་སྐད་ཅིག་ཙམ་ཡང་མ་ལྷོད་པར་མདུན་དུ་བསྐྱོད་ཅིང་། ང་གཉིས་མཐའ་ཡས་ཀྱི་རྒྱ་མཚོ་ཆེན་པོའི་སྟེང་ཉིན་ལྔ་ཙམ་མཚོ་འགྲུལ་བྱེད་རིང་བཟའ་བཅའི་ཐད་སེམས་ཁྲལ་བྱེད་དགོས་མེད་མོད། འོན་ཀྱང་རིམ་བཞིན་འཐུང་ཆུ་མི་འདང་བའི་དཀའ་ངལ་འཕྲད། སྲ་སྲོས་ཀྱི་མཚམས་སུ་སླེབས་པ་དང་ངས་ཉེན་ཁར་མ་བལྟོས་པར་གྲུ་གཟིངས་མི་མེད་གླིང་ཕྲན་དེའི་ཉེ་འགྲམ་གྱི་མཚོ་ཁུག་ཞིག་ཏུ་བཞག་རྗེས་གླིང་ཕྲན་སྟེང་ལ་སོང་ནས་དེ་གའི་ས་དབྱིབས་ལ་བལྟ་ཞིབ་བྱ་རྒྱུ་དང་སྦྲགས་ཞོར་དུ་འཐུང་ཆུ་འཚོལ་དགོས་སྙམ། མ་གཞི་དེ་གའི་འཕྲེད་ཐིག་གི་ཏུའུ་གྲངས་ཇི་ཙམ་ཡིན་མིན་དང་། རྒྱ་ཁབ་དང་མི་རིགས་གང་ཡིན་མི་ཤེས་ལ། ངས་ཀྱང་དེ་དག་ལ་དོ་སྣང་བྱེད་ཁོམ་མེད་པར་གང་མགྱོགས་འཐུང་ཆུ་འཚོལ་རྒྱུ་དེ་ཡིན། མུན་པ་རིམ་བཞིན་ཇེ་སྟུག་ཏུ་སོང་བ་དང་གླིང་ཕྲན་སྟེང་གི་སྲོགས་ཆགས་འདྲ་མིན་སྣ་ཚོགས་ཕར་འཕུར་ཚུར་འཕུར་དང་འཇིགས་གཡེར་བའི་སྐད་སྒྲ་སྣ་ཚོགས་འབྱིན་ཏེ་འཇིགས་སྐྲག་གི་བ་སྤུ་དབང་མེད་གཡོ་བར་བྱེད། ལའེ་ཁཱ་ཆུང་ཆུང་རབ་ཏུ་སྐྲག་ནས་བླ་འདར་ཞིང་། ཐུགས་རྗེ་གཟིགས། ང་ཚོ་ཉིན་མོ་ཕྱིན་ན་མི་ཆོག་གམ་ཞེས་སྡུག་སྐད་ཤོར། ངས་ཁོ་ལ་བྱས་ན་སང་ཉིན་ཕྱིན་ཆོག ཡིན་ནའང་སང་ཉིན་སྟབས་མི་ལེགས་པར་ང་ཚོར་མི་རྒོད་འཕྲད་ཚེ་དེ་ནི་སེང་གེ་འཕྲད་པ་དང་ཁྱད་པར་གང་ཡོད་ཅེས་བཤད། ལའེ་ཁཱ་ཡིས་དགོད་པའི་ངང་། བྱས་ན་ང་ཚོས་མེ་མདའ་རྒྱབ་ཚེ་ཁོ་ཚོ་བྲོས་འགྲོ་གི་རེད་ཅེས་བཤད་ཅིང་། ཁོའི་བྱིས་བློ་དང་གཅེས་པར་འོས་པའི་ཚུལ་ལ་བལྟ་བཞིན་ངའི་སེམས་ནང་སྤྲོ་སྣང་རབ་ཏུ་འཕེལ་ནས་ཁོའི་བསམ་འཆར་ལ་དང་ལེན་བྱས། དེ་རྗེས་ང་གཉིས་གྲུ་སྟེང་དུ་སོང་ནས་ཁ་ཁུ་སིམ་པོའི་ངང་མལ་ཁྲིའི་སྟེང་ཉལ་འདོད་མོད། འོན་ཀྱང་སྲོགས་ཆགས་ཁྱུ་དང་ཁྱུ་མཚོ་འགྲམ་དུ་ཡོང་ནས་ཆུ་རྩེད་ལ་རོལ་ཞིང་འཇིགས་དངངས་ཀྱི་སྐད་ངན་སྣ་ཚོགས་འདོན་པས་འཁོར་ཡུག་ཁྱོན་ལ་འཇིགས་དངངས་ཀྱི་སྣང་བ་ཞིག་ཁྱབ། དེ་ལྟར་ངེད་གཉིས་མཚན་མོ་སྲོགས་ཆགས་ལ་འཇིགས་པ་དང་ཉིན་མོ་མི་རྒོད་འཕྲད་པར་དོགས་པའི་སེམས་ཁྲལ་ཞིག་གི་ནང་ལྷུང་། ཡིན་ནའང་ད་ཆ་གྲུ་སྟེང་དུ་འཐུང་ཆུ་ཐིགས་པ་གཅིག་ཀྱང་ལྷགས་མེད་པས་གང་མྱུར་གླིང་ཕྲན་སྟེང་ནས་འཐུང་ཆུ་འཚོལ་བར་འགྲོ་རྒྱུའི་ཐད་བསམ་གཞིགས་མི་བྱེད་ཀ་མེད་བྱུང་། ཉིན་གཉིས་པའི་ཞོགས་པ་ལའེ་ཁཱ་ཡིས་རང་ཉིད་གཅིག་པུ་གླིང་ཕྲན་སྟེང་ཆུ་འཚོལ་བར་འགྲོ་རྒྱུའི་སེམས་ཐག་བཅད། ངས་ཁོ་ལ་ཁྱེད་རང་གཅིག་པུ་ཕྱིན་ན་མི་རྒོད་འཕྲད་པར་མི་འཇིགས་སམ་ཞེས་བཤད། ཁོས་སྣང་མེད་ངང་གལ་ཏེ་མི་རྒོད་ཀྱིས་ང་ལ་འཇབ་རྒོལ་བྱས་ཚེ་ཁྱེད་རང་གང་མྱུར་གྲུ་ཁ་ཕྱིར་བསྐོར་ནས་ཉེན་ཁ་ལས་གཡོལ་ཆོག་ཅེས་བཤད་པས་ང་རང་དབང་མེད་དུ་གད་མོ་ཤོར་ཞིང་། ཁོའི་ལྷད་མེད་ཀྱི་རང་གཤིས་ལ་སེམས་འགུལ་རབ་ཏུ་ཐེབ་ནས་ལའེ་ཁཱ་ད་ནས་བཟུང་ང་གཉིས་དཀའ་སྡུག་མཉམ་མྱོང་བྱ་རྒྱུ་ཡིན། ཁྱེད་རང་གཅིག་པུ་མི་མེད་གླིང་ཕྲན་སྟེང་གཏང་ན་ག་ལ་འགྲིག་ཅེས་བཤད་ཞོར་མོགམོག་ཞིག་ཁོ་ལ་བསྲིངས་པ་དང་། ཨ་རག་ཅུང་ཟད་བླུགས་ནས་ཁོའི་བློ་ཁོག་འཕེལ་ཐབས་བྱས། དེ་རྗེས་ང་གཉིས་མཉམ་དུ་གླིང་ཕྲན་སྟེང་འཛེགས། ང་གཉིས་ཀྱི་གྲུ་ཆུང་ལ་བལྟ་སྲུང་ཡོང་ཆེད་གྲུ་ཆུང་དང་མི་རིང་བའི་ས་ནས་འཐུང་ཆུ་རྙེད་རྒྱུའི་རེ་བ་བྱས། སྐབས་དེར་བསམ་ཐོག་ལ་རྟ་རྒྱུག་པ་ལྟར་སྤྱང་གྲུང་ལྡན་པའི་ལའེ་ཁཱ་ཡིས་མཚོ་ངོགས་དང་མི་རིང་བའི་སར་ཆུ་འཁྱིལ་བའི་ས་ཀོང་ཞིག་ཡོད་པ་མཐོང་ནས་འཚབ་འཚུབ་ཀྱི་ངང་ངའི་ཕྱོགས་སུ་རྒྱུགས་ཡོང་སྟེ་ཆུ་རྙེད་པའི་གཏམ་བཟང་དེ་ང་ལ་བཤད་པ་དང་། ད་དུང་ཉེ་འཁོར་དུ་མི་རིགས་ཀྱི་ཤུལ་རྗེས་ཙམ་ཡང་མི་མངོན་ལ་ཉེན་ཁ་གང་ཡང་མེད་ཚུལ་བརྗོད། དེ་རྗེད་ང་གཉིས་ཀྱིས་ཆུ་སྣོད་ནང་ཆུ་རྡག་རྡག་བླུགས་ནས་གྲུ་སྟེང་དུ་འཁྱེར།
4.སེམས་བཟང་ཅན་གྱི་མི་རིགས་ནག་པོའི་ཚོ་པ།
དེ་ལྟར་གྲུ་ཆུང་ཟླ་ཕྱེད་ཙམ་རིང་མཚོ་སྟེང་དུ་འཕྱོ་གཡེང་བྱས་རྗེས་ང་གཉིས་ཕལ་ཆེར་ཅཱ་ནི་ལིའི་གླིང་ཚོམ་དང་ཧྥུ་ཏཱ་ཅའོ་གླིང་ཚོམ་གྱི་ཉེ་འདབས་སུ་འབྱོར་ཡོད་པའི་ཚོད་དཔག་བྱས། འོན་ཀྱང་ཚད་མཐུན་གྱི་ཡོ་ཆས་མེད་པས་ཡང་སྙིང་འཕྲེད་ཐིག་གི་ཏུའུ་གྲངས་ཇི་ཙམ་དང་ཁ་ཕྱོགས་གང་དུ་གནས་ཡོད་མེད་ཐད་གཏན་འཁེལ་བྱེད་ཐབས་བྲལ་ལ། ཡང་སྙིང་ཕྱོགས་གང་ནས་སོང་ན་གླིང་ཚོམ་དུ་འབྱོར་མིན་ཐད་ཀྱང་ཤེས་དཀའ་མོད། དེའི་རྒྱུད་ལ་དབྱིན་ཇིའི་ཚོང་འགྲུལ་གྲུ་གཟིངས་འགྲོ་འོང་བྱེད་སྲིད་པས་སྟབས་ལེགས་ནས་ཁོང་ཚོ་དང་འཕྲད་ན་ཉེན་ཁ་ལས་གཡོལ་ཐུབ། གལ་སྲིད་སྟབས་མ་ལེགས་ན་ང་གཉིས་མི་རྒོད་ཀྱི་ལག་འོག་ཏུ་འཆི་ཡང་སྲིད་། ང་གཉིས་ཀྱིས་སྔོན་གྱི་འཆར་གཞི་ལྟར་ལྷོ་ཕྱོགས་སུ་མཚོ་འགྲུལ་ཉིན་བཅུ་ཙམ་བྱས་རྗེས་རིམ་བཞིན་མི་ཁྱིམ་ཡོད་པའི་མཚོ་ངོགས་མིག་ལམ་དུ་རིག་ཅིང་། ཤ་མདོག་ནག་ཅིང་གྱོན་གོས་ལྷེབ་ཙམ་ལས་མ་གྱོན་པའི་དེ་གའི་མི་ཚོས་ང་ཚོ་མཐོང་བ་དང་མི་གཉིས་རེ་གསུམ་རེ་བྱས་ནས་ང་ཚོའི་ཕྱོགས་སུ་རྒྱུགས་ཡོང་སྟེ་མཛའ་སེམས་མཚོན་པའི་ལག་པ་གཡོབ་གཡོབ་ཀྱི་ངང་སྐད་ཤུགས་ཆེན་པོས། ཝ་ཡེ། ཁྱེད་ཚོ་སྐུ་ཁམས་བཟང་། ཞེས་བཤད། འོན་ཀྱང་ང་ཚོའི་དབར་སྐད་བརྡ་མི་འཕྲོད་པས་ངས་ལག་བརྡ་བྱས་ནས་ཁོང་ཚོར་འཚམས་ཞུ་བྱས་པ་དང་སྦྲགས་སླར་གྲུ་ཆུང་མཚོ་ངོགས་དང་ཇེ་ཉེར་བཅར་ནས་ཁོང་ཚོར་བཟའ་བཅང་དང་འཐུང་ཆུ་ཡོད་མེད་ལག་བརྡ་བྱས། ཁོང་ཚོས་དེ་དོན་རྟོགས་ནས་ཁོང་ཚོའི་ཁྲོད་ཀྱི་ཤེད་ཤུགས་ཆེ་བའི་གཞོན་པ་འགའ་འཕུར་བ་ལྟར་གྲོང་སྡེའི་ཕྱོགས་སུ་རྒྱུགས་ཏེ་སྐར་མ་བཅུ་ཙམ་ལས་མ་འགོར་བར་ཚག་ཤ་སྐམ་པོ་དང་འབྲུ་རིགས་འཁྱེར་ཡོང་། ང་གཉིས་ཀྱིས་ཁོ་ཚོའི་སེམས་བཟང་དང་ལེན་བྱས་ཤིང་།སེམས་རྩ་འཁོལ་ཞིང་ལྷག་བསམ་དག་པའི་ཁོ་ཚོར་ཐུགས་རྗེའི་བསམ་པ་ཇི་ལྟར་མཚོན་དགོས་མིན་མི་ཤེས་པའི་སྐབས་གློ་བུར་རི་སྟེང་ནས་གཅན་གཟན་གཏུམ་པོ་གཉིས་ངར་སྐད་སྒྲོག་བཞིན་མི་ཚོགས་ཀྱི་ཕྱོགས་སུ་རྒྱུགས་ཡོང་བས་མི་རྣམས་འཇིགས་དངངས་ཀྱི་སྡུག་སྐད་སྒྲོག་བཞིན་ཕྱོགས་བཞིར་སྲོག་མགོ་གང་ཐོན་བྲོས། ངས་མེ་མདའ་གཅན་གཟན་གཏུམ་པོ་དེ་གཉིས་ལ་སྡིགས་ནས་གལ་ཏེ་མཚོ་ངོགས་ཀྱི་མི་ལ་གནོད་པ་ཕྲན་ཙམ་གཏང་ཚེ་ལམ་སེང་མེ་མདའ་རྒྱག་དགོས་སྙམ། འོན་ཀྱང་བསམ་ཡུལ་ལས་འདས་པར་གཅན་གཟན་དེ་གཉིས་ཀྱིས་ཐད་ཀར་མཚོ་ངོགས་སུ་རྒྱུགས་ཡོང་སྟེ་ཆུ་རྩེད་ལ་རོལ་བས་མི་རིགས་ནག་པོ་དེ་དག་རེ་ཞིག་འཇིགས་དངངས་ཀྱིས་ནོན་པ་ཙམ་པ་ལས་གཞན་པའི་གནོད་པ་གང་ཡང་མ་བྱུང་། ཡིན་ནའང་གཟན་གཟན་གཏུམ་པོ་དེ་གཉིས་ཀྱིས་རིམ་བཞིན་ང་ཚོའི་གྲུ་ཆུང་གི་ཕྱོགས་སུ་མགོ་བོ་གཏད་ནས་ཡོང་བས་ངས་དེ་འཕྲལ་ཚམ་ཚོམ་མེད་པར་མེ་མདའ་སྔོན་ལ་ཡོང་བའི་གཅན་གཟན་གཏུམ་པོ་དེའི་མགོ་བོ་ལ་ཞུས་པ་དང་སྦྲགས་གཅན་གཟན་གཏུམ་པོ་དེས་སྐད་ངན་གནམ་ས་འགུལ་བ་ལྟར་རྒྱབ། དེ་རྗེས་རིམ་བཞིན་མཚོ་གཏིང་དུ་བྱིངས་བ་དང་། ཡུད་ཙམ་རྗེས་སླར་མཚོ་ཁར་འཕྱོ་ཞིང་དེས་ནུས་ཤུགས་གང་ཡོད་བཏོན་ནས་མཚོ་ངོགས་སུ་འགྲོ་རྩིས་བྱས་མོད། རྨས་སྐྱོན་ཆེན་པོ་ཕོག་ཡོད་པས་མུ་མཐུད་འགྲོ་བསྐྱོད་མ་ཐུབ་པར་མཚོ་ངོགས་དང་མི་རིང་བའི་སར་དབུགས་ཆད། གློ་བུར་བྱུང་བའི་དོན་རྐྱེན་དང་གློ་བུར་གྲགས་པའི་མེ་མདའི་སྐད་སྒྲ་དེས་མཚོ་ངོགས་སུ་ཡོད་པའི་མི་རྣམས་བླ་ཆད་པ་བཞིན་ཞེད་ཐག་ཆོད་ནས་རེ་ཞིག་ས་ལ་ཉལ་ཏེ་འགུལ་ཙམ་ཡང་བྱེད་མི་ནུས། དེ་རྗེས་ཛ་དྲག་གི་སྣང་ཚུལ་ཞི་འཇགས་སུ་སོང་བ་དང་། མཚོ་ངོགས་ཀྱི་མི་རྣམས་ཕན་ཚུན་ངས་ཧ་མི་གོ་བའི་ལབ་ལྒིང་ཤིག་བྱས་རྗེས། ཁོང་ཚོའི་ཁྲོད་ནས་ལུས་སྟོབས་ཆེ་ཞིང་བློ་ཁོག་ཆེ་བའི་གཞོན་པ་ཞིག་མཚོ་ངོས་སུ་རྒྱུགས་ཡོང་བས། ངས་ཁོ་ཚོའི་གཏམ་ལ་ཚོད་དཔག་གྱིས་ཐག་པ་ཞིག་ལ་གཅན་གཟན་གཏུམ་པོ་དེའི་ཤི་རོ་བཀོན་ནས་ཐག་སྣེ་དེ་ཁོ་ཚོར་ཕར་བསྲིངས། ཞིབ་པར་བལྟ་དུས་དེ་ནི་དོན་དངོས་ཐོག་སྤུ་མདོག་མཛེས་པའི་གཟིག་ཁྲ་ཁྲ་ཞིག་ཡིན་ཞིང་། མཚོ་ངོགས་ཀྱི་མི་དེ་དག་གིས་ལག་པ་བརྐྱངས་ནས་ང་ལ་བསྟོད་བསྔགས་བྱེད་པ་དང་། ངས་གཅན་གཟན་གཏུམ་པོ་དེ་ཇི་ལྟར་བསད་མིན་སྐོར་ལ་ཤེས་འདོད་ཆེན་པོ་བྱེད་ཅིང་། ཁོ་ཚོས་ཤིང་བཟོས་ལག་ཆ་རྣོན་པོ་ཞིག་སྤྱད་ནས་གཟིག་གི་པགས་པ་བཤུས་པ་དང་། དེ་རྗེས་ཤ་རྡོག་ཞིག་ང་ལ་བསྲིང་ཡོང་བས་ངས་ལག་པ་གཡུག་གཡུག་ངང་མི་དགོས་པའི་ཚུལ་བསྟན་ཅིང་། ང་ལ་དགོས་པ་ནི་སྤུ་མདོག་མཛེས་པའི་པགས་པ་དེ་ཡིན། ཁོ་ཚོས་ཀྱང་ངའི་བསམ་དོན་ཤེས་པ་ལྟར་ཀར་ཀོར་མེད་པར་པགས་པ་དེ་ང་ལ་སྤྲད། སྐབས་དེར་གཅན་གཟན་གཞན་དེ་ནི་མེ་མདའི་སྒྲ་ཐོས་པ་དང་རྒྱང་རིང་གི་རི་གསེབ་ཏུ་བྲོས་ཚར་འདུག ངས་སླར་ཁོ་ཚོར་འཐུང་ཆུ་དགོས་ཚུལ་བརྡ་བྱས་པས་མི་རིང་བར་བུད་མེད་གཉིས་ཀྱིས་འཐུང་ཆུ་བླུགས་པའི་འདམ་བག་གི་ཟོམ་ཆེནཔོ་ཞིག་ང་ལ་སྤྲད་པ་དང་། ངེད་གཉིས་ཀྱིས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་བའི་བརྡ་བྱས་རྗེས་བྲལ་མི་བཟོད་པའི་ངང་ཁོང་ཚོ་དང་ཁ་གྱེས། 
5.སྲོག་ཉེན་ལས་ཐར་བ།
གཞུང་དྲང་སེམས་བཟང་ཅན་གྱི་མི་རིགས་ནག་པོའི་ཚོ་པ་དེ་དག་དང་ཁ་བྲལ་རྗེས་ང་གཉིས་མུ་མཐུད་ལྷོ་ཕྱོགས་སུ་ཉིན་བཅུ་གཅིག་ཙམ་རིང་མཚོ་འགྲུལ་ཁོ་ན་བྱས། ང་གཉིས་ཀྱིས་ཉིན་ལྟར་མུ་མཐའ་མེད་པའི་གནམ་མཐའི་ཕྱོགས་སུ་མིག་གཉིས་ཆེ་ཆེར་བགྲད་དེ་དེནས་སྲོག་སྐྱོབ་ཀྱི་གྲུ་གཟིངས་ཤིག་ཐོན་རྒྱུའི་རེ་སྨོན་བཅངས། ཉིན་ཞིག་ང་རང་གྲུ་ཚང་ནང་གཉིད་ལྕོག་རྒྱག་བཞིན་པའི་སྐབས་ལའེ་ཁཱ་ཡིས་གྲུ་མགོར་ལངས་ཏེ་དངངས་འཚབ་ཀྱི་ངང་སྐད་ཤུགས་ཆེན་པོས། སྦྱིན་བདག་ལགས། མགྱོགས་པོ་གཟིགས་དང་། མདུན་ངོས་སུ་གྲུ་གཟིངས་ཤིག་འདུག་ཅེས་ཁོའི་བསམ་པར་དེ་སྔོན་གྱི་སྦྱིན་བདག་གིས་ང་ཚོའི་རྗེས་དེད་པ་རེད་སྙམ་མོད། ཡིན་ནའང་ད་ཆ་ང་ཚོ་དང་ཁོ་ཚོའི་དབར་རྒྱང་ཐག་རིང་པོ་ཆོད་ཟིན་པས་ཁོ་ཚོས་རྗེས་ག་ལ་ཆོད། ངས་གྲུ་ཚང་ནས་ཐོན་ཏེ་བལྟས་པས་དེ་ནི་སུའུ་ཐའོ་ཡའི་ཚོང་འགྲུལ་གྲུ་གཟིངས་ཤིག་རེད། དེ་འཕྲལ་ང་གཉིས་ཀྱིས་རླུང་གཡོར་ཡོད་ཚད་བསྒྲེངས་ནས་ཁོ་ཚོའི་རྗེས་བསྙེགས་ཐབས་བྱས། འོན་ཀྱང་ཁོ་ཚོ་དང་ང་གཉིས་དབར་བར་ཐག་རིང་པོ་ཆོད་དེ་ཁོ་ཚོས་ང་གཉིས་ལ་དོ་སྣང་མ་བྱུང་བས་ངས་མགྱོགས་མྱུར་ཉེན་སྐྱོབ་ཀྱི་དར་ཆ་བསྒྲེངས་བ་དང་ཆབས་ཅིག་མེ་མདའ་ནམ་གུང་ལ་འཕངས་ནས་ཁོ་ཚོར་འབོད་བརྡ་གཏང་། མཐར་ཁོ་ཚོས་ང་གཉིས་ཀྱི་འབོད་བརྡ་ཐོས་ནས་གྲུ་གཟིངས་ཁ་བཀག་པ་དང་། ང་གཉིས་ཀྱིས་ཆུ་ཚོད་གཉིས་རིང་མྱུར་ཚད་གང་ཡོད་ཀྱིས་ཁོ་ཚོའི་ཕྱོགས་སུ་བསྐྱོད། གྲུ་སྟེང་གི་གྲུ་པ་དེ་དག་གིས་བུའུ་ཐའོ་ཡཱ་དང་། ཧྥ་རན་སི། ཤི་པན་ཡཱ་སོགས་ཀྱི་སྐད་རིགས་འདྲ་མིན་གྱི་ཐོག་ནས་ང་ལ་སྐད་ཆ་སྣ་ཚོགས་དྲིས་མོད་འོན་ཀྱང་ངས་ཚིག་གཅིག་ཀྱང་མ་རྟོགས། མཐར་སུའུ་ཀ་ལན་ཡིན་པའི་གྲུ་པ་དེས་ང་ལ་གང་ནས་ཡོང་བ་དང་ལས་ཀ་གང་བྱེད་མཁན་ཡིན་མིནསྐོར་དྲིས། ངས་རང་ཉིད་དབྱིན་ཇི་ནས་ཡིན་ཚུལ་དང་། མཚོ་ཐོག་ཇག་པའི་ལག་འོག་ནས་བྲོས་ཡོང་ཚུལ་བརྗོད་པས། ཁོ་ཚོས་བྱས་ན་གྲུ་སྟེང་དུ་འཛེགས་ཤོག་ཅེས་དང་། ངའི་ཅ་དངོས་རྣམས་ཀྱང་གྲུ་སྟེང་དུ་དབོར་རོགས་བྱས། སྐབས་དེར་ངས་སྲོག་སྐྱོབ་ཀྱི་ཐུགས་རྗེའི་བསམ་པ་མཚོན་བྱེད་གྲུ་དཔོན་ལ་ངའི་ཅ་དངོས་ཡོངས་རྫོགས་སྤྲོད་རྒྱུའི་སྐོར་བརྗོད། གྲུ་དཔོན་གྱིས་ལག་པ་གཡུག་གཡུག་གི་ངང་། དེ་རིང་ངས་ཁྱེད་རང་གི་སྲོག་སྐྱབས་པ་རེད། མ་འོངས་པར་ང་ལ་ཡང་དཀའ་ངལ་དེ་འདྲ་འཕྲད་མི་སྲིད་པའི་ངེས་པ་མེད་པས། དེ་དུས་ང་ལ་ཡང་མི་གཞན་པའི་རོགས་པ་དགོས་ངེས་རེད། མ་ཟད་ཁྱེད་རང་ད་ཆ་ཕ་ཡུལ་ནས་ཁ་གྱེས་ཏེ་ས་ཐག་རིང་པོ་དེ་འདྲར་སླེབས་ཚར་བས་ངས་ཁྱེད་རང་གི་ཅ་དངོས་བླངས་ཚེ་ཁྱེད་རང་ལ་ཆགས་རྟེན་བྲལ་བས་ཁྱེད་རང་ལྟོགས་ཤི་ཐེབ་སྲིད། དེས་ན་ངས་ཁྱེད་རང་སྲོག་སྐྱབས་པར་དོན་སྙིང་གང་ཡོད་དམ་ཞེས་གྲུ་དཔོན་གྱི་བཅོས་མིན་གྱི་གཏམ་དེར་ང་རང་ཡིད་སེམས་རབ་ཏུ་མགུ་ཞིང་ཡང་སྙིང་ཁོང་ལ་ཐུགས་རྗེའི་བསམ་པ་ཇི་ལྟར་མཚོན་དགོས་མིན་མི་ཤེས། གྲུ་དཔོན་གྱིས་སླར་ང་ལ་དབྱིན་ཇིའི་སྐུ་ཞབས་པ་ལགས། གལ་སྲིད་ཁྱེད་རང་ང་ཚོ་དང་མཉམ་དུ་པཱ་ཤི་ལ་བྱ་གཞག་འཕེལ་རྒྱས་གཏོང་བར་འགྲོ་འདོད་ན་མཉམ་དུ་ཡོང་ཆོག་ཅེས་དང་། སླར་ཁོང་གིས་གཏོང་ཕོད་ཆེན་པོས་ཤི་པན་ཡའི་དངུལ་སྒོར་བཞི་བཅུ་བཏོན་ནས་ངའི་གྲུ་ཆུང་གི་བསླུ་ཡོན་དུ་སྤྲད་པ་དང་། དངུལ་སྒོར་དྲུག་བཅུ་བཏོན་ནས་བྱིས་པ་ལའེ་ཁཱ་ཁོང་གིས་འགྲམ་དུ་ཉར་འདོད་ཡོད་ཚུལ་བརྗོད། ངས་འཕྲལ་མར་ཁོང་ལ། གྲུ་དཔོན་ལགས། ལའེ་ཁཱ་ང་གཉིས་དཀའ་སྡུག་མཉམ་མྱོང་བྱས་མྱོང་བས་ང་གཉིས་ཁ་བྲལ་དགོས་པར་སེམས་ཀྱིས་བཟོད་དཀའ། ཁྱེད་རང་གིས་ཐུགས་བཞེད་གནང་རོགས་ཞེས་བརྗོད།གྲུ་དཔོན་གྱིས་ངའི་བསམ་ཆར་ལ་དང་ལེན་གནང་ཞིང་། སྔོན་ལ་ལའེ་ཁཱ་ང་དང་མཉམ་དུ་འགྲོགས་རྒྱུ་དང་། དེ་རྗེས་ཁོ་རང་གི་འདོད་མོས་ལྟར་བྱེད་རྒྱུའི་ཐད་ལའེ་ཁཱ་རང་ཉིད་ཀྱིས་ཀྱང་མོས་མཐུན་བྱས། ཉིན་ཉི་ཤུ་ཙམ་གྱི་མཚོགའགྲུལ་བརྒྱུད་མཐར་ང་ཚོ་པཱ་ཤི་རུ་སླེབས། ངས་གྲུ་དཔོན་དང་ལའེ་ཁཱ་གཉིས་དང་ཞལ་གྱེས་ཞུས་རྗེས་པཱ་ཤི་རུ་འཚོ་བ་གསར་པ་ཞིག་སྐྱེལ་འགོ་ཚུགས།
6.འདེབས་གསོའི་སྦྱིན་བདག
པཱ་ཤི་རུ་སླེབས་ནས་ཡུན་རིང་མ་སོང་བར་གཞན་གྱི་ངོ་སྤྲོད་བརྒྱུད་ང་རང་མངར་ཆའི་བཟོ་གྲྭ་དང་འདེབས་གསོའི་ལྡུམ་རྭ་དབང་བའི་སྦྱིན་བདག་ཞིག་གི་ཁྱིམ་དུ་ལས་ཀ་བྱས་ཤིང་། ངས་རིམ་བཞིན་བུ་རམ་འདེབས་གསོ་དང་མངར་ཆ་བཟོ་སྟངས་བསླབས། ལོ་གཉིས་ཀྱི་འབད་བརྩོན་བྱས་པ་བརྒྱུད་འདེབས་གསོའི་ཡོང་འབབ་ཀྱིས་རང་ཁ་རང་གསོ་ཐུབ་ཙམ་བྱུང་བས། ངས་མུ་མཐུད་དེ་གར་གཏན་སྡོད་ཀྱིས་འདེབས་གསོའི་རྭ་བ་ཞིག་གཉེར་དགོས་སྙམ་ཞིང་། སླར་རྡོ་ཐའི་རིགས་འདེབས་གསོ་བྱེད་འགོ་ཚུགས། ཡིན་ནའང་ད་ཆ་ང་རང་མི་གཅིག་ལ་ཐུག་པས་བྱིས་པ་ལའེ་ཁཱ་མ་ཉར་བར་གནོང་འགྱོད་སྐྱེས་ཤིང་། མུ་མཐུད་ང་རང་གཅིག་པུ་མགོ་བོ་སྒུར་ནས་ལས་ཀ་བྱེད་རྒྱུ་ལས་བྱ་ཐབས་གཞན་མ་རྙེད་ལ་དེ་གར་སྐབས་རེ་ཁྱིམ་མཚེས་དང་ཅོལ་གྲོལ་མོས་གྲོལ་ཤོད་པ་ཕུད་གཞན་པའི་སྐད་ཆ་ཤོད་ཡུལ་མེད་པས་ང་རང་ཡིད་མུག་པར་གྱུར་ཞིང་། རང་ཉིད་ནི་ཁེར་རྐྱང་གི་མི་མེད་གླིང་ཕྲན་སྟེང་གཅིག་པུར་ལུས་པ་དང་མཚུངས། གལ་ཏེ་ཕ་མ་གཉིས་ཀྱི་བཀའ་ལ་ཉན་ནས་ཕ་ཡུལ་དུ་བྱ་གཞག་གཉེར་ཚེ་མཚོ་ཐོག་ཏུ་འཕྱོ་གཡེང་གི་དཀའ་སྡུག་འདི་འདྲ་མྱོང་མི་དགོས་ལ། ད་ཆའི་འུ་སྡུག་གི་གནས་སྐབས་འདི་འདྲར་ཡང་ལྷུང་མི་སྲིད་པས། དེ་ཚོ་ཚང་མ་རང་སྡུག་རང་གིས་མྱོས་པ་ཡིན། མི་རིང་བར་ང་རང་མཚོ་ཐོག་ནས་སྐྱོབ་མཁན་གྱི་སྲོག་སྐྱོབ་དྲིན་ཆེན་ཁོང་ཨའོ་གླིང་ནས་ཕྱིར་ལོག་སྟེ་དེ་གར་ཚོང་ཟོག་ཉོ་སྒྲུབ་བྱས་ནས་ཟླ་བ་གསུམ་ཙམ་བཞུགས་པའི་རིང་ང་གཉིས་དབར་ཅོལ་གྲོས་མོས་གྲོས་ཀྱིས་ངས་རང་ཉིད་ཀྱི་མ་རྩ་མི་ཉུང་བ་ཞིག་དབྱིན་ཇིའི་གྲོགས་པོ་འདས་པོ་ཞིག་གི་བཟའ་ཟླར་བཅོལ་ཉར་བྱས་ཡོད་ཚུལ་བརྗོད། ཁོང་གིས་དབྱིན་ཇི་ནས་ངའི་མ་རྩ་དེ་དག་ལ་རྒྱུན་མཁོའི་ཚོང་ཟོག་ཁག་ཅིག་བསྒྲུབས་ཆོག་པས་དབྱིན་ཇིའི་བདག་མོ་དེར་མངགས་བཅོལ་ཡི་གེ་ཞིག་བྲིས་ཆོག་ཅེས་ཁོང་གི་བསམ་ཚུལ་བརྗོད་པ་དང་། སླར་ངས་ཡིད་ཆེས་པའི་སླད་ནམ་མཁར་ཆར་རླུང་ངེས་མེད་དང་། མི་ཚེར་སྐྱིད་སྡུག་ངེས་མེད་ཡིན། ཁྱེད་རང་བློ་སེམས་མ་བདེ་ན་སྔོན་ལ་མ་རྩ་ཕྱེད་ཙམ་བླངས་ནས་ཚོང་ཟོག་བསྒྲུབས་ཆོག གལ་སྲིད་གྲུ་གཟིངས་མཚོ་ཐོག་ཏུ་རྐྱེན་ངན་བར་ཆད་འདྲ་འཕྲད་ཚེ་ཁྱེད་རང་ལ་ད་དུང་མ་རྩ་ཕྱེད་ཀ་ལྷགས་ཡོད་པ་དེ་དག་བླངས་ནས་མུ་མཐུད་འཚོ་སྐྱོང་བྱས་ཆོག་ཅེས་བརྗོད། ཁོང་གིས་བཤད་པ་ལྟར་དེ་ནི་ཐབས་ཤེས་ལེགས་པོ་ཞིག་ཡིན་ལ་དེའི་ཐོག་ནས་ཁོང་གིས་ང་ལ་བཅངས་པའི་མཛའ་སེམས་ཀྱང་མཚོན་ཐུབ། ངས་ཁོང་གི་བསམ་འཆར་ལ་དང་ལེན་གྱིས་མངགས་བཅོལ་ཡི་གེ་ལ་མིང་རྟགས་བཀོད་དེ་ཁོང་ལ་སྤྲད། མི་རིང་བར་ཁོང་པཱ་ཤི་ནས་ཐོན་པ་དང་ཁོང་སླར་པཱ་ཤི་ལ་ཕྱིར་ལོག་ཡོང་སྐབས་ཁོང་གིས་ངའི་ཚབ་ཏུ་ཚོང་ཟོག་མང་པོ་འཁྱེར་ཞིང་།ཁོང་ནི་ངོ་མ་མིང་དོན་མཚུངས་པའི་ཚོང་འགྲུལ་པ་ཞིག་རེད། ཁོང་གིས་འཁྱེར་བའི་ཚོང་ཟོག་དེ་དག་ཚང་མ་ངའི་འདེབས་གསོའི་ལས་ཀར་མེད་དུ་མི་རུང་བའི་མཁོ་ཆས་ཤ་སྟག་ཡིན་པས། འདེབས་གསོའི་ལས་ལ་འཇུག་བཞིན་པའི་ང་རང་ཡང་ཁོང་ལྟར་དོ་སྣང་དང་བསམ་གཞིགས་ཞིབ་ཕྲ་དེ་འདྲ་འཁོར་དཀའ་བ་རེད་ལ། གྲུ་དཔོན་ཁོང་གིས་ང་ལ་བཀའ་དྲིན་མི་ཆུང་ཞིང་ཁོང་ནི་གཞན་ལ་རོགས་པ་བྱ་རྒྱུར་དགའ་བ་ལས་གཞན་པའི་ས་ནས་ཁེ་བཟང་ཐོབ་འདོད་ཀྱི་བསམ་པ་མེད་པའི་མི་བླ་མ་དཀོན་མཆོག་ཅིག་ཡིན། ང་རང་ཡང་གཞན་པའི་བཀའ་དྲིན་ཚོར་ཤེས་ཐུབ་མཁན་ཞིག་ཡིན་པས་རང་ཉིད་ཀྱིས་འདེབས་གསོ་བྱས་པའི་རྡོ་ཐའི་ལོ་མ་ཁོང་ལ་སྤྲད། ལོ་གཉིས་པར་ངའི་འདེབས་གསོའི་རྭ་བའི་ཐོན་ལས་ལེགས་པོ་བྱུང་བས་དངུལ་མང་པོ་གསོག་ཐུབ་པ་བྱུང་སྟེ་ད་ཆ་ང་རང་རྒྱུ་ནོར་དང་བྱ་གཞག་གཉིས་ཀ་ཡོད་པར་གྱུར་བས། མུ་མཐུད་དེ་ལྟར་དེ་ལྟར་འདེབས་གསོའི་རྭ་བ་གཉེར་ཚེ་མི་སྨོན་རང་སྐྱིད་དང་ཞི་བདེ་བག་ཕེབས་ཀྱི་བདེ་སྐྱིད་འཚོ་བར་རོལ་ཐུབ་ངེས་ཡིན།ཡིན་ནའང་ཕྱོགས་བཞིའི་མཐའ་ཡས་ཀྱི་རྒྱ་མཚོར་མཚོ་འགྲུལ་བྱེད་འདོད་ཀྱི་འདོད་རྔམ་གྱི་བསམ་པ་དེ་སླར་གོ་མེད་ཚོར་མེད་ཀྱི་ངང་ངའི་དྲན་ཤེས་ཀྱི་གཏིང་རིམ་དུ་འཛུལ་ཞིང་། ཉིན་རེ་ལས་མ་འདས་པར་འདོད་ཧམ་དེ་ཇེ་ཆེར་འཕེལ་ནས་ཞི་བདེ་བག་ཕེབས་ཀྱི་འཚོ་བ་དང་རེ་བས་ཁེངས་པའི་བྱ་གཞག་དེ་བསྐྱུར་ཏེ་རྒྱང་རིང་གི་ཕྱོགས་སུ་སླར་ངའི་རབ་རིབ་ཀྱི་རྨི་ལམ་དེ་འཚོལ་དུ་སོང་། 
7.རྒྱ་མཚོ་ཆེན་པོར་ཕྱིར་ལོག་པ།
དེ་ཡང་ང་རང་པཱ་ཤི་རུ་ལོ་བཞི་ཙམ་འཚོ་སྡོད་བྱེད་རིང་ས་གནས་དེ་གའི་སྐད་ཆ་དང་ཡུལ་སྲོལ་གོམས་གཤིས་ལ་རིམ་བཞིན་རྒྱུས་མངའ་ལོན་པ་དང་སྦྲགས་དེ་གའི་ཡུལ་མི་དང་ཚོང་པ་ཁག་ཅིག་དང་འབྲེལ་འདྲིས་ཟབ་མོར་གྱུར་ཞིང་། དུས་རྒྱུན་ཁོ་ཚོས་ངའི་མཚོ་འགྲུལ་ཐེངས་གཉིས་སྐབས་ཀྱི་བརྒྱུད་རིམ་དག་ཧ་ཅང་ཉན་པར་སྤྲོ་བ་མ་ཟད། ཚོང་པ་ཁག་ཅིག་གིས་ང་ལ་མི་རིགས་ནག་པོའི་བྲན་གཡོག་ཉོ་རྒྱུའི་སྐོར་ཡང་ཡང་ལྒིང་། ཉིན་ཞིག་གི་ཞོགས་པ་གཞིས་ཀའི་བདག་པོ་གསུམ་གྱིས་ཆེད་མངགས་ང་འཚལ་ནས་ཁོ་ཚོར་ལས་མི་མི་འདང་བས་མི་རིགས་ནག་པོའི་བྲན་གཡོག་ཉོ་ཚོང་བྱེད་དུ་འགྲོ་རྒྱུར་ངའི་རོགས་པ་དགོས་ཚུལ་དང་། གལ་སྲིད་ཉོ་ཚོང་བདེ་བླག་ངང་བསྒྲུབས་ཚེ་ངས་མ་རྩ་བཏོན་མི་དགོས་པར་བྲན་གཡོག་ཆ་སྙོམས་ཀྱིས་བགོ་ཆོག་པ་བཤད། མ་གསང་དྲང་གཏམ་བཤད་ན་ད་ཆ་ང་རང་འདེབས་གསོའི་བྱ་གཞག་རྒྱ་ཆེར་གཏོང་འདོད་པ་ལས་བྲན་གཡོག་ཉོ་ཚོང་བྱ་རྒྱུའི་ཐད་དགའ་ཞེན་དེ་ཚམ་མེད་ལ། ངས་ཁོ་ཚོའི་རེ་བ་སྐོང་ཐུབ་མིན་ནི་ཤོད་ཚོད་ཐིག་ཁག་པོ་ཡིན། འོན་ཀྱང་མཐའ་མ་ཁོང་ཚོའི་ངོ་མི་ལྕོག་པར་ཁོང་ཚོ་དང་མཉམ་དུ་འགྲོ་རྒྱུ་ཁས་མི་ལེན་དཀའ་མེད་བྱུང་། ང་ཚོ་མཚོ་བསྐྱོད་མ་བྱས་པའི་སྔོན་ལ་ངས་མ་བྱུང་སྔོན་འགོག་གི་ཚུལ་དུ་ཡིད་གཟབ་ཀྱི་ངང་ཁ་ཆེམས་ཀྱི་ཡི་གེ་ཞིག་བྲིས་ཏེ། དེའི་ནང་གལ་སྲིད་ད་རེས་སྟབས་མི་ལེགས་པའི་གནས་ཚུལ་བྱུང་ཚེ་ང་རང་པཱ་ཤི་རུ་འཁྲིད་མཁན་གྱི་གྲུ་དཔོན་ཁོང་གིས་ང་རང་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་ངའི་འདི་གའི་རྒྱུ་ནོར་ཡོད་ཚད་ཁོང་ལ་དབང་བ་ཡིན་ཞེས་བྲིས། དེ་རྗེས་1659ལོའི་ཟླ་བ་9པའི་ཚེས་1ཉིན་ང་རང་སླར་ཡང་མཚོ་འགྲུལ་བྱེད་འགོ་ཚུགས། དེ་ཡང་ལོ་བརྒྱད་སྔོན་གྱི་དེ་རིང་གི་ཉིན་མོ་དེར་ང་རངཏག་ཏག་ཕ་མ་གཉིས་དང་ཁ་བྲལ་བའི་ཉིན་མོ་ཡིན་ལ། དེ་ནི་དེ་འདྲའི་སྟབས་འཁེལ་བ་ཞིག་རེད། 
ཐེངས་འདིའི་མཚོ་འགྲུལ་གྱི་ལམ་བར་དུ་གནམ་གཤིས་ཚ་བ་ཆེ་ཞིང་དྲག་རླུང་སོགས་གང་ཡང་མེད་པར་ཧ་ཅང་ཞི་འཇམ་ཡིན། ཧ་ལམ་ཉིན་བཅུ་གཉིས་ཙམ་མཚོ་འགྲུལ་བྱས་རྗེས་ང་ཚོའི་གྲུ་གཟིངས་སྐམ་ས་དང་རྒྱང་ཐག་རིང་པོ་ཆོད་ཞིང་། ཐིག་དམར་ནས་བརྒལ་བའི་ཉིན་དེར་གློ་བུར་གྲངརླུང་འཚུབ་སྟེ་ཁ་ཕྱོགས་ཀྱང་གསལ་པོར་འབྱེད་མི་ཐུབ་ཅིང་། གྲངརླུང་ཤར་ལྷོ་ནས་ནུབ་བྱང་དང་ཤར་བྱང་བཅས་ཕྱོགས་ངེས་མེད་དུ་འགྱུར་བས་ང་ཚོར་བྱ་ཐབས་ཅི་ཡང་མེད་པར་དྲག་རླུང་གི་བཀོད་སྒྲིག་ཁོ་ནར་ཉན་རྒྱུ་ལས་མ་འདས། འཇིགས་གཡེར་བའི་དྲག་རླུང་དེའི་ཁྲོད་གྲུ་པ་ཞིག་ཚ་ནད་ཀྱིས་གྲོངས་པ་དང་། དེ་མིན་གྲུ་དཔོན་གྱི་མགྲིན་ཚབ་པ་ཆུང་ངུ་དེ་དང་གྲུ་པ་གཞན་ཞིག་དྲག་རླུང་གིས་རྒྱ་མཚོའི་ནང་དུ་འཁྱེར་ཞིང་། ང་ཚོའི་གྲུ་གཟིངས་ཀྱང་དྲག་རླུང་གིས་པཱ་ཤི་བྱང་རྒྱུད་ཀྱི་མཚོ་ངོགས་ཕྱོགས་སུ་དེད། ཕལ་ཆེར་ཉིན་མ་བཅུ་གཅིག་ཙམ་སོང་རྗེས་དྲག་རླུང་རིམ་བཞིན་འཇགས། འོན་ཀྱང་སྐབས་དེར་གྲུ་གཅལ་བརྡོལ་ནས་མུ་མཐུད་མཚོ་འགྲུལ་བྱེད་ཐབས་མེད་པས་གྲུ་དཔོན་གྱིས་པཱ་ཤི་ཡི་མཚོ་ངོགས་སུ་གྲུ་ཁ་བསྒྱུར་རྒྱུའི་ཐག་བཅད་ཅིང་། ང་ཚོ་མཚོ་ལམ་དེའི་སྟེང་བསྐྱོད་ནས་རྒྱུན་རིང་མ་སོང་བར་སླར་ཡང་གྲུ་གཟིངས་ལ་འཇབ་རྒོལ་ཕོག་ནས་གྲུ་གཟིངས་དབང་མེད་དུ་ནུབ་ཕྱོགས་སུ་དེད། ཐེངས་འདིར་ང་ཚོ་རྒྱ་མཚོའི་སྟེང་ཆུ་སུབ་ཐེབ་ནས་འཆི་རྒྱུ་འམ། མི་མེད་ཀྱི་གླིང་ཕྲན་སྟེང་གཅན་གཟན་གཏུམ་པོའི་ཞིམ་ཟས་སུ་གྱུར་རྒྱུ་ལས་མ་འདས། ཉིན་གཉིས་པའི་ཞོགས་པ་གྲུ་པ་ཞིག་གིས་སྐད་ཤུགས་ཆེན་པོས། སྐམ་སར་སླེབས་སོང་། སྐམ་སར་སླེབས་སོང་ཞེས་བཤད། ང་རང་རྨི་ལམ་གྱི་ཁྲོད་ལས་སད་དེ་མགྱོགས་མྱུར་མི་གཞན་དང་མཉམ་དུ་གྲུ་ཚང་ནས་ཐོན་ཏེ་བལྟ་བར་འགྲོ་སྐབས། བསམ་ཡུལ་ལས་འདས་པར་གྲུ་གཟིངས་མཚོ་གཏིང་གི་བྱི་རི་དང་རྡུང་ཁ་བརྒྱབ་ནས་འཇིགས་རྔམ་ཆེ་བའི་མཚོ་རླབས་དྲག་པོ་གྲུ་སྟེང་ལ་འཕྱུར་ཡོང་ཞིང་། སྐད་ཅིག་ཙམ་ལ་གྲུ་གཟིངས་འཁོར་མཚམས་ཆད། མིག་མདུན་གྱི་ཛ་དྲག་གི་གནས་ཚུལ་དེའི་འོག་ངའི་སེམས་ལ་ད་ནི་ཡོད་ཚད་ཚར་སོང་སྙམ་ཞིང་། གྲུ་སྟེང་གི་མི་ཚང་མ་ཕན་ཚུན་ཁ་སྤྲོད་དུ་བསྡད་ནས་གཤིན་རྗེའི་ཕོ་ཉ་སླེབས་པར་ངང་སྒུག་གིས་འཇིག་རྟེན་གཞན་ཞིག་ཏུ་འགྲོ་རྒྱུའི་གྲ་སྒྲིག་བྱེད་རྒྱུ་ཙམ་ལས་གཞན་པའི་བྱ་ཐབས་གང་ཡང་མ་རྙེད། སླར་ཡང་གྲུའི་ནང་ཆུ་འཛུལ་སོང་། གྲུའི་ནང་ཆུ་འཛུལ་སོང་ཞེས་སྐད་ངན་ཞིག་བརྒྱབ། འོན་ཀྱང་མི་ཚང་མ་གོ་མེད་ཚོར་མེད་ལྟར་སྣང་། གྲུ་གཟིངས་ཇི་ཙམ་གྱི་མཚོ་ངོགས་དང་ཇེ་ཉེར་བཅར་བ་དེ་ཙམ་གྱིས་ཉེན་ཁ་ཆེ་ཞིང་། དྲག་རླུང་གིས་གྲུ་གཟིངས་ཚལ་བར་གཏོང་ངེས་ཡིན་པས། ང་ཚོ་ནི་ཁྲིམས་ཆད་ཕོག་པའི་ཉེས་ཅན་པ་ཁྲིམས་རར་བསྐྱལ་ནས་ཁྲིམས་གཅོད་ཀྱི་བཀའ་སྒུག་པ་ལྟར་སྣང་། གྲུ་གཟིངས་མཚོ་རླབས་ཀྱིས་དེད་དེ་སྤྱི་ལེ་བཞི་ལྔའི་མཚམས་སུ་སླེབས་པ་དང་། གློ་བུར་བྲག་རི་ཆེན་པོ་ཞིག་ཉིལ་བ་ལྟར་གྱི་མཚོ་རླབས་དྲག་པོ་ཞིག་རྒྱབ་ངོས་ནས་འཕྱུར་ཏེ།ཝང་ཞེས་སྐད་སྒྲ་ཞིག་གྲགས་པ་དང་ཆབས་ཅིག་གྲུ་གཟིངས་མཚོ་གཏིང་དུ་ནུབ་པས་ངའི་དྲན་པ་རབ་རིབ་ཏུ་གྱུར་ཞིང་། དབུགས་ཀྱང་འབྱིན་རྔུབ་དཀའ་བར་གྱུར། ང་རང་མུ་མཐུད་མཚོ་རླབས་དྲག་པོས་ཕ་མཐར་དེད། ངས་མིག་གཉིས་གདངས་ནས་བལྟ་སྐབས་ང་རང་བརླན་ཤེར་གྱིས་ཟིན་པའི་བྱེ་ས་ཞིག་གི་སྟེང་སླེབས་འདུག་ཅིང་། རང་ཉིད་ད་དུང་ཡང་འཆི་མེད་པ་ཤེས་པས་ནུས་ཤུགས་གང་ཡོད་བཏོན་ནས་ཡར་ལངས་ཏེ་མཚོ་ངོགས་སུ་བསྐྱོད་རྩིས་བྱེད་སྐབས། སླར་མཚོ་རླབས་དྲག་པོས་ང་རང་བྲོས་ལ་ཤོར་བའི་་ཉེས་ཅན་པ་ཞིག་ལྟར་ངའི་རྗེས་ལ་བསྙེགས་ཏེ་ང་རང་རང་དབང་མེད་པར་མཚོ་ནང་དུ་འཁྱེར་བས། ངས་ནུས་ཤུགས་གང་ཡོད་ཀྱིས་དབུགས་རྔུབ་འཐེན་བྱས་ཏེ་ལུས་པོ་ཆུ་ཁར་གཡེང་ཐབས་ཀྱིས་སྲོག་མགོ་གང་ཐོན་ངང་ཆུ་རྐྱལ་རྩེད་ནས་མདུན་དུ་བསྐྱོད། སླར་མཚོ་རླབས་དྲག་པོ་ཞིགལྡང་ཏེ་ང་རང་སྒོ་ང་བྲགལ་བརྡབ་པ་ལྟར་མཚོ་ངོགས་ཀྱི་བྲག་རྡོ་ཞིག་གི་སྟེང་བརྡབ་ནས་དྲན་མེད་དུ་བརྒྱལ། ང་རང་དྲན་པ་ཅུང་ཟད་གསོས་པ་དང་། ངས་ག་ལེར་ཡར་ལངས་ནས་བྲག་རྡོའི་སྟེང་ནས་འཛེགས། དེ་ནས་མདུན་ངོས་ཀྱི་རྩྭ་ཐང་སྟེང་འཁྱར་འཁྱོར་ངང་བསྐྱོད་དེ་ཡུད་ཙམ་ལས་མ་སོང་བར་ངའི་རུས་སྒྲོམ་གྱི་ལྷུ་ཚིགས་ཡོངས་ཞིག་པ་ལྟར་དབང་མེད་དུ་ས་ལ་འགྱེལ་ཏེ་འགུལ་ཙམ་ཡང་བྱེད་མི་ནུས་ཅིང་། ད་རེས་ཀྱི་རྐྱེན་ངན་དེ་དང་ངའི་རོགས་ཟླ་ཚོ་ཡིད་ལ་འཁོར་སྐབས། ང་རང་སྐྱོ་སྣང་གིས་རབ་ཏུ་ནོན་ཞིང་མཚོ་ངོགས་དང་ཉེ་བའི་བྱེ་མའི་ཁྲོད་བྱིངས་བའི་གྲུ་གཟིངས་ལ་བལྟ་བཞིན་རང་དབང་མེད་པར་སྐད་ཤུགས་ཆེན་པོས་དཀོན་མཆོག་མཁྱེན་ཞེས་སྡུག་སྐད་ཤོར། 
ད་ཆ་ང་རང་གི་ལུས་སྟེང་དུ་ཐ་མག་བླུགས་པའི་ཁུག་མ་དང་། ཐ་མག་འཐེན་ཆེད་ཀྱི་ཡུ་བ། དེ་མིན་སྐེ་གྲི་ཞིག་བཅས་ཕུད་དངོས་པོ་གཞན་གང་ཡང་ལྷག་མེད་པས་མི་མེད་ཀྱི་བྱང་སྟོང་དེར་ང་རང་ཧ་ཅང་ཡ་ང་བར་ལུས། མུན་པ་རིམ་བཞིན་རུབ་པ་དང་། སླར་གཅན་གཟན་གྱི་འཇབ་རྒོལ་བྱས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཞིག་གིས་ང་རང་དང་མི་རིང་བའི་སར་ཡོད་པའི་གནས་པའི་ཚེར་མས་ཁེངས་པའི་ཤིང་སྡོང་དེའི་སྟེང་འཛེགས་པ་དང་། ང་རང་དཀའ་ལས་ཧ་ཅང་ཁག་པས་ཡིན་ནམ་གང་མྱུར་གཉིད་སྟུག་པོ་ཞིག་གི་ཁྲོད་དུ་ཡུར། 
8.མི་མེད་གླིང་ཕྲན་སྟེང་དུ་ལུས་པ།
ཉིན་གཉིས་པར་ང་རང་གཉིད་ལས་སད་སྐབས་ནམ་ཡོངས་སུ་ལངས་ཟིན་པ་དང་། ནམ་མཁའ་གཡའ་དག་ཅིང་མཚོ་ཐོག་ཏུ་ཞི་བདེ་ལྷིང་འཇགས་ཡིན་ལ། དཀོན་མཆོག་གིས་ང་ལ་ཡ་ང་སྙིང་རྗེ་སྐྱེས་པ་ལྟར་མདང་ནུབ་མཚོ་རླབས་དྲག་པོས་གྲུ་གཟིངས་གོག་རོ་དེ་ང་དང་རྒྱང་ཐག་མི་རིང་བའི་བྲག་རྡོ་དེའི་འགྲམ་དུ་དེད་འདུག་པས། ང་ལ་འཚོ་གསོན་གྱི་འདུན་པ་འགོག་མེད་དུ་བྱིན་ཏེ་ངས་མགྱོགས་མྱུར་སྡོང་རྒན་གྱི་སྟེང་ལས་མར་བབས་ནས་མགྱོགས་མྱུར་གྲུ་གཟིངས་ཡོད་སའི་ཕྱོགས་སུ་རྒྱུག་ཏེ། གྲུ་སྟེང་ལས་ང་རང་ལ་མཁོ་བའི་ཅ་དངོས་དག་ལེན་དགོས་སྙམ། ཡིན་ནའང་གྲུ་གཟིངས་མཚོ་ངོགས་ནས་ད་དུང་ཆུ་ཞེང་གང་ཙམ་ཆོད་པས། ངས་གྱོན་གོས་ཕུད་ནས་གྲུ་གཟིངས་ཀྱི་གམ་དུ་བཅར་ཏེ་གྲུ་གཟིངས་ལ་བསྐོར་བ་ཞིག་བརྒྱབ་རྗེས། མཐར་གྲུ་འགོའི་འགྲོམ་སྐྱོར་ནས་ཐག་པ་ཞིག་འཕྱང་འདུག་པས། ངས་ནུས་ཤུགས་གང་ཡོད་ཀྱིས་ཐག་སྣེ་ནས་བཟུང་སྟེ་ཡར་འཛེགས་པ་དང་གྲུ་གཟིངས་ཁྱོན་ལ་སྐོར་བ་ཞིག་རྒྱབ། སྟབས་ལེགས་ནས་གྲུ་ཚང་ལ་སྐྱོན་ཆག་གང་ཡང་བྱུང་མེད་ལ་དེ་བས་དགའ་འོས་པ་ནི་གྲུ་སྟེང་གི་འབྲུ་རིགས་ལ་བརླན་གཤེར་ཏེལ་འབྲུ་ཙམ་ཡང་ཕོག་མེད། ངས་དགའ་ཚོར་གྱི་ངང་བཟའ་བཅའ་ཁང་དུ་སོང་ནས་སྟོད་གོས་ཀྱི་ཟུར་ཞིག་ཏུ་བག་ལེབ་བླུགས་ཏེ་བག་ལེབ་ཁ་བརྒྱངས་ནས་ཟ་གིན། གྲུ་སྟེང་གི་ཅ་ལག་འདི་དག་མཚོ་ངོགས་སུ་སྐྱེལ་འདྲེན་བྱེད་པར་ཤིང་གྲུ་ཞིག་དགོས་མཁོ་ཆེ་བས། འཇིག་རྟེན་འདིར་བློ་དང་བརྩོན་འགྲུས་ལྡན་ན་མི་སྒྲུབ་བྱ་བ་ཅི་ཡང་མེད་པ་བཞིན་ངས་གྲུ་སྟེང་ནས་ཤིང་སྒོར་དང་གདུང་མ་དེ་དག་བླངས་ཏེ་གདུང་མ་རེའི་རྩེ་མོར་ཐག་པ་རེ་བཏགས་པ་དང་། སླར་གདུང་མ་དེ་དག་ཡུག་ཅིག་ཏུ་འབྲེལ་བས་གཞིན་ནས་སྟབས་བདེའི་ཤིང་གྲུ་ཞིག་གྲུབ། གྲུ་ཚང་ནང་གི་མན་པའོ་དང་། ལུག་ཤ་སྐམ་པོ། འོ་མ། དེ་བཞིན་བདུད་རྩི་རྟགས་ཅན་དང་། ཅཱ་ལུན་གྱི་ཨ་རག་ཟས་རིགས་ལྷགས་མ། གྲུ་པ་ཚོའི་གྱོན་གོས་དང་། སྟ་རེ། ཐོ་བ། སོག་ལེ་སོགས་ཤིང་བཟོའི་ལག་ཆ་བླུགས་པའི་ཤིང་སྒམ། དེ་བཞིན་བཙའ་རྒྱབ་པའི་གྲི་དང་། རྔོན་རྒྱག་གི་མེམདའ་རིང་མདའ་དང་། ཐུང་མདའ། རྫས་མདེལ་བླུགས་པའི་ལྕགས་ཀྲིན་གསུམ་བཅས་གྲུ་སྟེང་གི་དངོས་པོ་དེ་དག་རེ་རེ་བཞིན་ཤིང་གྲུའི་སྟེང་དབོར་རྗེས། མཚོ་ངོགས་སུ་སོང་བ་དང་། སྐབས་དེར་ངས་ཡིད་གཟབ་མ་བྱས་པར་ཤིང་གྲུའི་སྣེ་མོ་གཅིག་བྱེ་སའི་ཁྲོད་དུ་ཟུག་ནས་འགྲོ་བསྐྱོད་དཀའ་བས། ངས་སྣེ་མོ་གཞན་དེ་ནས་ག་ལེར་འཐེན་ཏེ་ཤིང་གྲུ་ཆུ་ཁར་གཡེང་ཐབས་དང་། གལ་དེ་ཤིང་གྲུ་དོ་སྙམ་དུ་གནས་མ་ཐུབ་ཚེ་ཤིང་གྲུའི་སྟེང་གི་ཅ་དངོས་ཡོད་ཚད་ཆུ་གཏིང་དུ་ཟགས་ངེས་ཡིན་པས། སླར་ནུས་ཤུགས་གང་ཡོད་ཀྱིས་བྱེ་སའི་གཏིང་དུ་ཟུག་པའི་སྣེ་མོ་དེ་ཡར་བཏེགས་ནས་མཐར་ཤིང་གྲུ་སྙོམ་ངོས་སུ་འཕྱོ་གཡེང་ཐུབ་པ་བྱུང་ཞིང་། མཚོ་རླབས་མདུན་དུ་འཕྱུར་བའི་སྐབས་དང་བསྟུན་ནས་ངས་གང་མྱུར་གྲུ་སྐྱ་མདུན་དུ་བསྐུལ་ནས་ཤིང་གྲུ་མཚོ་ངོགས་ཀྱི་ཕྱོགས་སུ་བསྐྱོད། 
9.འཚོ་གསོན་གྱི་རེ་བསྙེགས།
ངས་རྔོན་རྒྱག་གི་མེ་མདའ་དང་། མདེའུ་ཁུག་མ་གང་འཁྱེར་ནས་ཉེ་འདབས་ཀྱི་རི་བོའི་སྟེང་འཛེགས་ཏེ་ཕྱོགས་བཞིར་བལྟས་པས། དེ་ནི་མཐའ་བཞི་རྒྱ་མཚོས་བསྐོར་བའི་ཁེར་རྐྱང་གླིང་ཕྲན་ཞིག་ཡིན་ཞིང་། དེའི་སྟེང་གཅན་གཟན་དང་། བྱ་བྱིའུ་ཡི་ཤུལ་རྗེས་ལས་མི་རིགས་ཀྱི་གྲིབ་མ་ཙམ་ཡང་མངོན་རྒྱུ་མེད་པས། ང་རང་མི་མེད་ཀྱི་གླིང་ཕྲན་དེའི་སྟེང་ཁེར་རྐྱང་བ་ཆེན་པོ་ཞིག་ཏུ་གྱུར་ཞིང་། མིག་མདུན་གྱི་གནས་ཚུལ་དེ་འདྲའི་འོག་རང་སྐྱ་ཕེར་བའི་སྒོ་ནས་འཚོ་ཐབས་མ་བྱས་ཚེ་ལྟོགས་ཤི་ཐེབ་རྒྱུ་ལས་མ་འདས། དེས་ན་ངས་གཞིས་སྡོད་ལ་འཚམས་པའི་གནས་ས་ཞིག་འཚལ་རྗེས་ཤིང་གྲུའི་སྟེང་ནས་ཅ་དངོས་དེ་དག་དབོར་བ་དང་། ཤིང་སྒམ་དང་ཤིང་ལེབ་དག་ཕྱོགས་བཞིར་བསླངས་རྗེས་དེའིསྟེང་རྩྭ་བཀབ་ནས་སྟབས་བདེའི་སྤྱིལ་བུ་ཞིག་བཟོས། སླར་སྔོན་མ་ལྟར་གྲུ་སྟེང་དུ་འཛེགས་ནས་ཆེ་ཆུང་འདྲ་མིན་གྱི་ལྕགས་ཟེར་དང་། བརྡར་རྡོ། ཡུ་བ་ཐུང་བའི་སྟ་རེ་བཅུ་གྲངས། མདེའུ་སྒམ་གཉིས། མེ་མདའ་བདུན། དེ་མིན་ལྕགས་ཀྱུ་གསུམ་དང་། རྫས་མེ་མི་ཉུང་བ་ཞིག དཔྱང་ཁྲི་གཅིག་དང་། ཉལ་གདན་གཅིག་བཅས་ཤིང་གྲུའི་སྟེང་བླུགས་ནས་མཚོ་ངོགས་སུ་དབོར་རྗེས། ངའི་སེམས་ལ་འཚོ་གསོན་གྱི་ཡིད་ཆེས་རྙེད་ཅིང་། གྲུ་སྟེང་ནས་འཁྱེར་བའི་གྲུ་དར་དང་དར་ཤིང་དག་གིས་སྦྲ་གུར་ཆུང་ངུ་ཞིག་བཟོས་ནས་དེའི་ནང་སྐྱོན་ཆག་ཤོར་སླ་བའི་ཅ་དངོས་དག་བཞག་པ་དང་། སྒམ་དང་། ལྕགས་ཀྲིན། ཟོམ་སྟོང་པ་དག་སྦྲ་གུར་ལ་སྲུང་སྐྱོབ་ཀྱི་ཚུལ་དུ་སྦྲ་གུར་གྱི་མཐའ་འཁོར་དུ་བཞག དེ་ལྟར་ང་རང་གི་སྡོད་གནས་བཀོད་སྒྲིག་འོས་འཚམས་བྱས་རྗེས་མེ་མདའ་གཉིས་ང་རང་གི་འགྲམ་དུ་ཉར་ཞིང་། གསར་དུ་གཏིང་བའི་ཉལ་ཁྲི་དེའི་སྟེང་ཉལ། ཉིན་ཤས་རྗེས་ངས་སླར་གྲུ་སྟེང་ནས་ཐག་པ་ཕྲ་སྦོམ་ཁ་ཤས་དང་མན་པའོ་བླུགས་པའི་ཟོམ་ཆེན་པོ་ཞིག་མངར་ཆ་སྒམ་གང་གྲོ་ཞིབ་ཟོམ་གང་བཅས་རྙེད་པས་ངས་དེ་དག་རིམ་བཞིན་གླིང་ཕྲན་སྟེང་དབོར།ད་ཆ་ང་རང་མི་མེད་ཀྱི་གླིང་ཕྲན་དེའི་སྟེང་སླེབས་ནས་ཉིན་བཅུ་གསུམ་སོང་ཞིང་། ངས་གྲུ་སྟེང་དུ་ཐེངས་བཅུ་གཅིག་བསྐྱོད་དེ་དབོར་བདེ་བའི་ཅ་དངོས་ཚང་མ་དབོར་ཟིན། ངས་མུ་མཐུད་གྲུ་སྟེང་དུ་ཐེངས་བཅུ་གཉིས་པ་བསྐྱོད་སྐབས་གྲུ་སྟེང་ནས་སྒོ་ལྕགས་རྒྱབ་པའི་སྒམ་ཆུང་ཞིག་ནས་སྨ་ར་བཞར་བྱེད་ཀྱི་གྲི་ཆེ་ཆུང་དང་། ད་དུང་དངུལ་སྲང་བཅུ་ཕྲག་ཁ་ཤས་རྙེད་ཅིང་། ངའི་བསམ་པར་མི་མེད་ཀྱི་གླིང་ཕྲན་དེའི་སྟེང་དངུལ་ལོར་ནི་རིན་ཐང་ཅི་ཡང་ལྒིང་རིན་མེད་པས་དེ་དག་རྒྱ་མཚོ་ཆེན་པོའི་ནང་གཡུག་དགོས་སྙམ། འོན་ཀྱང་སླར་ཐོག་མའི་བསམ་ཚུལ་ལ་འགྱུར་བ་བཏང་སྟེ་དངུལ་ལོར་དེ་དག་ཉར་ཚགས་བྱས། 
10.མི་མེད་གླིང་ཕྲན་སྟེང་གི་གཞི་ཆགས་འཚོ་བ།
ད་ཆ་ངས་དོ་འཁུར་དང་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི། གལ་ཏེ་མི་མེད་གླིང་ཕྲན་དེའི་སྟེང་མི་རྒོད་དང་གཅན་གཟན་གཏུམ་པོའི་འཇབ་རྒོལ་ཕོག་ཚེ་ཕར་རྒོལ་དང་རང་སྲུང་ཇི་ལྟར་བྱེད་ཐུབ་མིན་དེ་ཡིན་ལ། ད་ཆའི་ང་རང་གི་གི་སྡོད་ཁུལ་དེ་གཅིག་ནས་ས་འབབ་ཞན་པ་དང་། གཉིས་ནས་བརླན་གཤེར་ཆེ་ཞིང་ཉེ་འཁོར་དུ་འཐུང་ཆུ་དཀོན་པས་གང་མྱུར་འོས་ཤིང་འཚམས་པའི་གཞིས་ཆགས་ཁུལ་ཞིག་འཚོལ་རྒྱུ་ནི་མེད་ན་མི་རུང་བ་ཞིག་ཏུ་གྱུར། ངས་ཉིན་གཅིག་གི་དུས་ཚོད་ཧྲིལ་པོ་སྤྱད་ནས་འཚོལ་ཞིབ་བྱས་པ་བརྒྱུད། རྩེ་མོ་རྣོ་ཞིང་གཡང་གཟར་བའི་རི་གཤམ་དུ་གཤོང་ས་ཞིག་ཆགས་པ་དང་། གཤོང་སའི་རི་འདབས་སུ་ཅུང་ཟད་བརྡིབ་པའི་བྲག་ཁུང་ཞིག་ཀྱང་ཆགས། གཤོང་སའི་མདུན་དུ་སྔོ་ལྗང་གི་རྩྭ་ཐང་རྒྱ་མཚོའི་ཕྱོགས་སུ་བསྣོལ་ཏེ་གཅིག་ནས་ཚ་གཡོལ་བྱེད་ཐུབ་པ་མ་ཟད། གཉིས་ནས་གཡང་གཟར་བའི་རི་སྟེང་ནས་གཅན་གཟན་གྱི་འཇབ་རྒོལ་ཕོག་དོགས་ཀྱི་སེམས་ཁྲལ་ཡང་མེད་པས་དེ་ནི་ཁོ་བོའི་རེ་འདོད་ལྟར་གྱི་གཞི་ཆགས་བྱེད་ཡུལ་ཡག་པོ་ཞིག་ཡིན། དེ་གར་གཞིས་ཆགས་བྱེད་རྒྱུ་གཏན་འཁེལ་རྗེས་སྔོན་ལ་བྲག་ཁུང་གི་མདུན་དུ་ཚངས་ཕྱེད་ལ་རྨིད་བཅུ་ཙམ་ཡོད་པའི་སྒོར་ཕྱེད་ཞིག་བྲིས་པ་དང་། སྒོར་ཕྱེད་ཀྱི་མཐའ་ལ་ས་ངོས་ལས་རྨིད་80ཙམ་ཐོན་པའི་རྒྱུག་ཐུང་གིས་བསྐོར་ནས་མི་ཕྱུགས་གང་ཞིག་ཀྱང་གང་བྱུང་འཛུལ་དཀའ་བའི་སྲ་ཞིང་བརྟན་པའི་སྒོ་རྭ་ཞིག་བཟོས། དེ་རྗེས་ཕྱིར་ཐོན་ནང་འཛུལ་ཆོག་པའི་སྐས་ཀ་ཞིག་བཟོས་པ་དང་། དེ་ནི་གཅིག་ནས་སྟབས་བདེ་བ་དང་། གཉིས་ནས་ང་རང་ནང་དུ་འཛུལ་རྗེས་སྐས་ཀ་བསྡུས་ནས་བློ་བདེ་པོའི་ངང་ཉལ་ཆོག
དེ་རྗེས་སླར་མུ་མཐུད་ཆར་ཐིགས་འགོག་རྗེས་སྦྲ་གུར་ཆེན་པོ་དེའི་སྟེང་སྣུམ་རས་ཤིག་བཏིངས་པ་དང་། སླར་བྲག་ཁུང་གི་ངོས་སུ་ས་འོག་གི་སོ་ཁུང་ཞིག་དྲུས། ཧ་ལམ་གཟའ་འཁོར་གཉིས་ཙམ་གྱི་དུས་ཡུན་བརྒྱུད་སྡོད་ཁང་གི་ཕྱི་ནང་གཉིས་ཀྱི་ལེགས་པར་གྲུབ་པ་དང་། ངས་གཅིག་ནས་བསམ་བློ་གུ་ཡངས་ཡངས་ཆེད་དང་། གཉིས་ནས་རི་བཟས་བསྒྲུབས་རྒྱུ། དེ་མིན་ཞོར་ལ་གླིང་ཕྲན་གྱི་ཁོར་ཡུག་ལ་མུ་མཐུད་བལྟ་ཞིབ་དང་། ཉེ་འཁོར་དུ་ཐོན་ལས་གང་ཡོད་མེད་བལྟ་ཞིབ་བྱེད་ཆེད་ཉིན་ལྟར་མེ་མདའ་འཁྱེར་ནས་རྔོན་རྒྱག་བྱེད་དུ་ཐོན། ང་རང་རྔོན་རྒྱག་གི་ཉིན་དང་པོར་གླིང་ཕྲན་དེའི་སྟེང་ནས་ཚོར་ཤེས་རྣོ་ལ་གོམ་བགྲོད་མྱུར་བའི་ར་མ་ཡོད་པ་མཐོང་བས། ངའི་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས། མ་གཞི་ར་མ་དེ་རིགས་ལས་སླ་པོར་འདུལ་དཀའ་མོད། ང་རང་ཡིད་ཐང་མ་ཆད་པར་རི་མཐོ་སར་འཛེགས་ནས་གཅིག་ནས་བལྟ་ཞིབ་བྱེད་བདེ་བ་དང་། གཉིས་ནས་ཡིབ་སྡོད་ཐུབ་པའི་ས་འབབ་ཀྱི་ཁྱད་ཆོས་སྤྱད་ནས་མེ་མདའ་རེའུ་ལ་འོ་མ་སྟེར་བཞིན་པའི་ར་མ་ཨ་མ་ཞིག་ལ་སྡིགས། མཐར་ར་མ་ཨ་མ་ས་ལ་འགྱེལ་ནས་འགྲོ་བསྐྱོད་མ་ཐུབ་པར་ལུས་ཅིང་། རེའུ་ཕྲུག་དེ་ཡང་སྔར་བཞིན་དེ་ནས་གོམ་པ་གང་ཙམ་ཡང་ཁ་མ་བྲལ་བར་གནས་པས། ངའི་སེམས་ལ་བཟོད་དཀའ་བའི་ན་ཟུག་ཞིག་བྱིན། དེ་རྗེས་ངས་རེའུ་ཕྲུག་པང་དུ་བཏབ་ཅིང་ར་མ་དེ་སྒལ་པར་འཁུར་ནས་སྒོ་རའི་ནང་བཅུག་ཏེ་དེ་གཉིས་གསོ་ཉར་བྱ་རྒྱུའི་ཐག་བཅད་ཅིང་། མི་མེད་ཀྱི་གླིང་ཕྲན་དེའི་སྟེང་ཁེར་རྐྱང་དུ་ལུས་པའི་ང་རང་ལ་ང་རང་དང་འདྲ་བར་གྲུ་སྟེང་དུ་སྲོག་ཉེན་ལས་ཐར་བའི་ཁྱི་དང་ཞུམ་བུ་ཕུད་པའི་ར་མ་མ་བུ་དེ་གཉིས་ཀྱང་ངའི་གྲོགས་པོར་གྱུར། དེ་ལྟར་ངའི་ཉིན་རེའི་འཚོ་བའི་ནང་ཕྱིར་རྔོན་རྒྱག་བྱེད་དུ་འགྲོ་བ་ཕུད། ང་རང་མི་མེད་ཀྱི་གླིང་ཕྲན་དེའི་སྟེང་སླེབས་པ་ནས་ཉི་མ་འཆར་ནུབ་དང་། ནམ་ལངས་པ་དང་ས་རུབ་པ་ཁོ་ན་ཤེས་པ་ཕུད་ལོ་ཟླ་ཚེས་གྲངས་ཀྱི་ངོས་འཛིན་རབ་རིབ་ཏུ་གྱུར། ངས་ཉི་མའི་གནས་སའི་འགྱུར་བ་ལ་དཔག་ནས་དུས་ཚོད་དེ་ནི་ཧ་ལམ་སྟོན་དུས་ཀྱི་ཟླ་བ་བཅུ་པར་ངེས་ནས་གྲིས་ཤིང་ལེབ་གཅིག་གི་སྟེང་ལུའུ་པིན་ཤུན་1659ལོའི་ཟླ་བ10པའི་ཚེས4ལ་གླིང་ཕྲན་དུ་འབྱོར་ཞེས་བརྐོས་རྗེས་རྒྱ་གྲམ་དབྱིབས་ཅན་གྱི་ཤིང་ལེབ་དེ་ང་རང་ཐོག་མར་མཚོ་ངོགས་སུ་འབྱོར་སའི་ས་ཆ་དེར་བཙུགས་པ་དང་། སླར་སྦྲ་གུར་གྱི་ཀ་བའི་སྟེང་ཆེས་གདོད་མའི་ལོ་དུས་རྩི་ཐབས་ལྟར་ཉིན་ལྟར་གྲིས་ཏོག་ཙམ་རེ་བརྐོ་བ་དང་། ཉིན་བདུན་སོང་མཚམས་ཀོང་ཀོང་ཆེ་བ་རེ་བརྐོས་ནས་ཉིན་དེར་གཟའ་ཉི་མར་གཏན་འཁེལ་གྱིས་འཆར་ཅན་གྱི་ལོ་ཟླ་རྩིས་རྒྱུ་དང་། དེ་མིན་ང་རང་ལ་འཕྲད་པའི་རྐྱེན་ངན་དང་། གླིང་ཕྲན་སྟེང་སླེབས་རྗེས་ཀྱི་གནས་ཚུལ་དག་ཀྱང་རེ་རེ་བཞིན་ཞིབ་བྲིས་བྱས་ནས་སེམས་གྱི་སྐྱོ་སྣང་སེལ་ཐབས་དང་། ཕྱིས་འབྱུང་དྲན་གསོ་དང་མྱོང་རོལ་བྱེད་ཆེད་དུ་འཇོག་དགོས་སྙམ། དེ་མིན་སྐབས་རེ་གྲུ་སྟེང་ནས་འཁྱེར་ཡོང་བའི་དཔེ་དེབ་དག་ཀློག་ཙམ་ཀློག་ཙམ་བྱས་ནས་ཉིན་མ་འཁྱོལ་ཐབས་བྱ་རྒྱུ་ལས་གནས་སྐབས་འདིར་ངས་སུ་ཞིག་ལའང་ཚིག་ཟ་བྱེད་པའི་དགོས་པ་མེད་ལ་རང་སྐྱོན་རང་འཛུགས་བྱེད་པའི་དགོས་པ་དེ་བས་མེད་པར་ཡོད་ཚད་དཀོན་མཆོག་གི་བཀོད་སྒྲིག་ལ་ཉན་རྒྱུ་ལས་མ་འདས། འོན་ཀྱང་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལྟོས་གྲུབ་ཀྱི་འབྲེལ་བར་གྲུབ་པས་ང་ཚོས་སྡུག་བསྔལ་གྱི་ཁྲོད་ལས་སྤྲོ་སྣང་ཚོར་ཐུབ་པ་དགོས་ལ། རྐྱེན་ངན་གྱི་ཁྲོད་ལས་བདེ་བ་ཚོར་ཐུབ་པ་དགོས་པས། ངས་ཀྱང་རང་ཉིད་ལ་འཕྲད་པའི་ཡོད་ཚད་ལ་དེ་འདྲའི་ངོས་འཛིན་ཞིག་བཟུང་། དེ་ཡང་དྲགརླུང་དང་མཚོ་རླབས་ཀྱིས་དེད་ནས་ཡ་ངའི་མི་མེད་ཀྱི་གླིང་ཕྲན་སྟེང་འཁྱགས་ལྟོགས་ཀྱི་མནར་གཅོད་དང་། གཏུམ་དྲག་གཅན་གཟན་གྱི་འཇིགས་པའི་ཁྲོད། ཁེར་རྐྱང་དང་སྐྱོ་སྡུག་གི་གྲུ་ཟུར་དེ་ནས་སྡུག་བསྔལ་གྱི་འོ་འབོད་བར་མེད་བསྒྲགས་ཀྱང་ཨ་ལན་འབྱིན་མཁན་མེད། ཀྱེ་མ། ངའི་ལས་དབང་འདི་འདྲའི་ཐབས་རྡུགས་ཨང་། ངའི་རོགས་ཟླ་ཚོ་ཡཱ། འཆི་ཐག་གི་ཕོ་ཉས་ཟིན་རུང་ང་རང་སྔར་བཞིན་ཚེ་སྲོག་ལ་སྤྱོད་སྐལ་ཐོབ། འཁྱགས་ལྟོགས་ཀྱི་མནར་གཅོད་ཁྲོད་ངལ་རྩོལ་གྱི་གཟི་བརྗིད་གཏོད། གཏུམ་དྲག་གི་གཅན་གཟན་ཞི་དྲག་གིས་དབང་དུ་འདུས། འཚོ་བའི་འདུ་རྩི་དང་། འཁོན་རྩོད་ཀྱི་ནག་ནོག་བྲལ་བའི་འདོད་ཆུང་ཆོག་ཤེས་ཀྱི་གནམ་ས་དེ་ནས་རང་ཉིད་ཀྱི་སྤྲོ་སྣང་དང་བདེ་སྐྱིད་རྙེད།
མི་མེད་གླིང་ཕྲན་སྟེང་གི་ཁེར་སྡོད་ལོ་ཟླ།
ཉིན་ཐོ།
ངས་གྲུ་སྟེང་ནས་འཁྱེར་ཡོང་བའི་ཅ་ལག་འདི་དག་གིས་བྲག་ཁུང་གི་སྟོང་ཆ་མང་ཆེ་བ་བཟུང་ཏེ་ང་རང་ཧ་ལམ་འགུལ་བསྐྱོད་ཀྱང་བྱེད་དཀའ་བར་གྱུར་བས། ངས་མི་རིང་བར་བྲག་ཁུང་རྒྱ་བསྐྱེད་བྱས་པ་མ་ཟད། སླར་ཡར་འཛུལ་མར་དོན་བྱེད་པའི་སྒོ་ཆུང་ཞིག་ཀྱང་བཟོས་པས་གཞི་ནས་ངའི་སྡོད་གནས་དེ་འདྲ་ཆགས་པོ་ཞིག་ཆགས། དེ་རྗེས་ང་རང་ཁྱིམ་ཆས་བཟོ་བའི་སྟ་གོན་ལ་ཞུགས། དེ་ཡང་ཐོག་མར་ངས་ཁ་ལག་བཟའ་སྐབས་དང་ཡི་གེ་འབྲི་སྐབས་མེད་དུ་མི་རུང་ཞིང་གཅིག་གོ་གཉིས་ཆོད་ཐུབ་པའི་སྒྲོག་ཙེ་ཞིག་དང་། དེ་མིན་ཅ་ལག་ཙག་ཙིག་འཇོག་ཡས་ཀྱི་ཤིང་ཁྲི་ཞིག་བཟོས་པ་དང་སྦྲགས་གྱོན་གོས་དང་ཁུག་མ་སོགས་འགེལ་བྱེད་ཀྱི་ཤིང་ལྕུག་ཁ་ཤས་གྱང་འདེབས་སུ་བཙུགས་པ་བཅས་སྡོད་གནས་ཀྱི་ཕྱི་ནང་གཉིས་ཀ་བཀོད་སྒྲིག་གང་ལེགས་སྒྲུབ་རྗེས། ད་གཟོད་གཞི་ནས་སོས་དལ་དུ་སྡོད་པའི་གོ་སྐབས་དེ་དང་བསྟུན་ནས་ང་རང་གླིང་ཕྲན་སྟེང་སླེབས་པའི་སྔ་ཕྱིའི་བརྒྱུད་རིམ་རྣམས་ཉིན་ཐོར་བྲིས་འགོ་ཚུགས། འོན་ཀྱང་ཐོག་མར་ངའི་བསམ་བློ་ཟང་ཟིང་དུ་གྱུར་ཏེ་བློ་ཡིད་འཚིམས་པའི་ཉིན་ཐོ་ཞིག་བྲིས་མ་ཐུབ་པས་མུ་མཐུད་མཐའ་འཁོར་གྱི་བྱ་དངོས་དེ་དག་ལ་བཀོད་སྒྲིག་གང་ལེགས་བྱས་རྗེས་བློ་སེམས་ལྷོད་ལ་བབ་པ་དང་ནན་ཏན་གྱིས་ངང་ཉིན་ཐོ་འབྲི་འགོ་ཚུགས།
1659ལོའི9པའི་ཚེས30ཉིན། མཚོ་རླུང་དྲག་པོ་ཞིག་གིས་ང་ཚོའི་གྲུ་གཟིངས་ཁྱུར་མིད་དུ་གཏང་ཞིང་། ང་རང་གཅིག་པུ་མཚོ་རླབས་ཀྱི་དེད་དེ་མི་མེད་གླིང་ཕྲན་སྟེང་སླེབས་ནས་སྲོག་ཉེན་ལས་ཐར་བ་ཕུད་དེ་མིན་གྱི་གྲུ་སྟེང་གི་མཚོ་བསྐྱོད་པ་གཞན་ཚང་མ་འཆི་བདག་གི་ཕོ་ཉའི་ཞགས་པས་དམ་པོར་བཟུང་། ད་རེས་ཀྱི་ཆག་སྒོ་དེ་ལས་ང་རང་དེ་ལྟར་སྟེས་དབང་གི་སྲོག་ཉེན་ལས་ཐརཙམ་བྱུང་རུང་ངའི་སེམས་ནང་མི་རིང་མི་རྒོད་དང་གཅན་གཟན་གཏུམ་པོ་གང་རུང་གི་ཞིམ་བཟས་སུ་གྱུར་རྒྱུ་འམ་བཀྲེས་ལྟོགས་ཀྱིས་མནར་ནས་སྔར་བཞིན་འཆི་ཐག་གི་ཞགས་པ་ལས་ཐར་ཐབས་ག་ལ་ཡོད་སྙམ་ཞིང་ཡིད་མུག་པུར་གྱུར། མུན་པ་རིམ་བཞིན་རུབ་པས་གཅན་གཟན་གཏུམ་པོའི་འཇབ་རྒོལ་ལ་གཡོལ་བྱེད་ང་རང་ཤིང་རྩེར་འཛེགས་ནས་ངལ་གསོས་ཤིང་། ཉིན་དེར་རང་ཉིད་སྲོག་མགོ་གང་ཐོན་གྱི་ངལ་བས་ལུས་སེམས་གཉིས་ཀ་ཡོངས་སུ་དུབ་པས་མཚན་མོ་དེར་གཉིད་ཀྱི་བདེ་བར་ཡོངས་སུ་ཚུད། 
ཟླ་བ10པའི་ཚེས1ནས་ཚེས24ཉིན། ཞོགས་པ་ང་རང་གཉིད་ལས་སད་ནས་བལྟ་སྐབས་མཚོ་འོག་གི་བྱི་རི་དང་གདོང་ཐུག་རྒྱབ་པའི་ང་ཚོའི་གྲུ་གཟིངས་དེ་མདང་ནུབ་མཚོ་ཆུ་རྒྱས་ནས་མཚོ་ངོགས་ཀྱི་ཉེ་འགྲམ་དུ་དེད་འདུག་པས་ངས་ཉིན་ལྟར་རང་ཉིད་ཀྱིས་བཟོས་པའི་ཤིང་གྲུ་ལ་བསྡད་ནས་གྲུ་གཟིངས་ཀྱི་སྟེང་ནས་རང་ཉིད་ཀྱི་མཁོ་དགོའི་དངོས་ཆས་རྣམས་དབོར་འགོ་ཚུགས་ཤིང་། ཉིན་ཤས་འདིའི་རིང་ཉིན་རེ་གཉིས་གནམ་དྭངས་པ་ཕུད་ཕལ་ཆེར་ཆར་དུས་ཟིན་པ་ལྟར་ཆར་པ་རྒྱུན་མི་ཆད་པར་བབ། 
10པའི་ཚེས25ཉིན། མཚན་གཅིག་རིང་དྲག་རླུང་འཚུབ་ཅིང་ཆར་པ་རྒྱུན་མི་ཆད་པར་བབ་ཅིང་མཚོ་རླབས་དྲག་པོ་དེས་མཚོ་ངོགས་སུ་ཧ་ཅང་ཁེར་རྐྱང་ངང་ལུས་ཤིང་། ཉམས་ཉེས་ཕོག་པའི་གྲུ་གཟིངས་དེ་མུ་མཐུད་དུམ་བུར་གཏང་འདུག མཚོ་རླབས་འཇགས་པ་དང་དམག་མི་རྨས་མ་ཞིག་ལྟར་ཆག་གྲུམ་དུ་གྱུར་བའི་གྲུ་གཟིངས་དེ་ཧ་ཅང་སྐྱི་གཡའ་བའི་ངང་མཚོ་ཐོག་ནས་རྡོག་ཏུ་ཐོན་ཞིང་། ཡིད་ལ་སྐྱོ་སྣང་ཞིག་དབང་མེད་དུ་བྱིན་བྱུང་། འོན་ཀྱང་མཚོ་རླབས་དྲག་པོ་དེ་ནི་རྐྱེན་ངན་གྲོགས་ཤར་གྱི་དཔེ་ལྟར་ང་རང་གྲུ་སྟེང་དུ་འགྲོ་རྒྱུར་དེ་བས་སྟབས་བདེ་བསྐྲུན་པས། ངས་གྲུ་སྟེང་ནས་མུ་མཐུད་རང་ནུས་གང་ཡོད་ཀྱི་ངང་ཅ་དངོས་དག་གླིང་ཕྲན་གྱི་སྟེང་དབོར། 
10པའི་ཚེས26ཉིན། ད་ཆ་ང་རང་གི་མིག་མདུན་དུ་འཕྲད་པའི་དཀའ་གནད་ནི་གང་མྱུར་གཅན་གཟན་གྱི་འཇབ་རྒོལ་ལས་གཡོལ་ནུས་པའི་གནས་སྐབས་ཀྱི་གབ་ས་ཞིག་བཙལ་འཚོལ་བྱ་རྒྱུ་དེ་ཡིན།ངས་ཉིན་གང་གླིང་ཕྲན་གྱི་སྟེང་དུ་ཕར་རྒྱུག་ཚུར་རྒྱུག་དང་ཕར་བལྟ་ཚུར་བལྟ་བྱས་རྗེས་ས་སྲོས་ཀྱི་མཚམས་སུ་གཞི་ནས་གཅན་གཟན་གྱི་འཇབ་རྒོལ་བྱེད་དཀའ་བའི་བྲག་རི་ཆེན་པོ་ཞིག་གི་འདེབས་སུ་སྦྲ་གུར་ཕུབ་ནས་དེ་གར་གནས་སྐབས་ཀྱི་གནས་ཁང་བཅོལ།
10པའི་ཚེས27ནས10པའི་ཚེས30ཉིན། ཉིན་ཤས་འདིའི་རིང་སྔར་བཞིན་ཆར་པ་རྒྱུན་མི་ཆད་པར་བབ་ཅིང་། ང་རང་གྲུ་སྟེང་ནས་དབོར་ཡོང་བའི་ཅ་དངོས་དེ་དག་སླར་སྦྲ་གུར་ནང་དབོར་བའི་ལས་ལ་བྲེལ།
10པའི་ཚེས31ཉིན། ངས་ཞོགས་པ་སྔ་པོ་ནས་མེ་མདའ་འཁྱེར་ཏེ་དེ་ཉིན་རི་བཟས་ཁག་ཅིག་སྒྲུབ་རྒྱུ་དང་ཞོར་ལ་གླིང་ཕྲན་གྱི་ས་དབྱིབས་ལ་བལྟ་ཞིབ་བྱ་དགོས་སྙམ་ནས་སྦྲ་གུར་ནས་ཐོན་ཞིང་། དེ་ཉིན་རྔོན་རྒྱག་གི་འབྲས་བུར་ར་མ་ཞིག་དང་རེའུ་ཕྲུག་ཆུང་ཆུང་ཞིག་འཁྲིད་ཐུབ་པ་བྱུང་།
11པའི་ཚེས1ཉིན། ངས་སྦྲ་གུར་ཕུབ་པའི་བྲག་འདེབས་སུ་ཤིང་ཟེར་ཁ་ཤས་བསྣན་ནས་དེ་ལ་ཤིང་བཟོས་ཀྱི་སྟབས་བདེའི་ཉལ་ཁྲི་དེ་འཕྱང་འཕྲུལ་དུ་བཀལ་རྗེས་མཚན་དེར་ང་རང་ཁྱིམ་གྱི་ཉལ་ཁྲིའི་སྟེང་ཉལ་བའི་ཚོར་སྣང་གི་ངང་ཉལ་ཁྲི་དེའི་སྟེང་བདེ་བར་གཉིད་ལ་ཡུར།
11པའི་ཚེས2ཉིན། ངས་ཤིང་སྒམ་དང་རྒྱུག་ལེབ་དེ་མིན་གྱི་ཤིང་ལྷགས་མ་ཡོད་ཚད་བེད་སྤྱད་ནས་སྦྲ་གུར་གྱི་མདུན་དུ་རྭ་སྐོར་ཞིག་བཟོས།
11པའི་ཚེས3ཉིན། ངའི་འཚོ་བ་ཡང་ཉིན་མོ་ཕྱིར་རྔོན་རྒྱག་པར་འགྲོ་བ་འམ་ཁྱིམ་ཆས་བཟོ་བ་དང་སྡོད་ཁང་ལ་བཟོ་བཅོས་རྒྱག་པ་མཚན་མོ་ཉིན་ཐོ་འབྲི་བ་དང་དཔེ་དེབ་ཀློག་པ་སོགས་རིམ་བཞིན་འཆར་གཞི་དང་གོ་རིམ་ལྡན་པར་གྱུར། དེ་ཉིན་སྔ་དྲོ་ངས་གག་པ་དང་འདྲ་བའི་རི་བྱ་གཉིས་རྔོན་ཏེ་ངའི་ཉིན་དེའི་ལས་འགན་གྲུབ་པ་ལྟར་སྔ་པོ་ནས་ཕྱིར་ལོག་ཡོང་།
11པའི་ཚེས4ཉིན། ངས་རང་ཉིད་ཀྱི་འཚོ་བ་སྔར་བས་འཐུས་ཚང་དུ་གཏོང་བྱེད་ཉིན་གཅིག་གི་དུས་ཚོད་ནང་དུས་ཚོད་གང་ལ་རྔོན་རྒྱག་པར་ཐོན་རྒྱུ་དང་། དུས་ཚོད་གང་ལ་ནང་ལས་ཙག་ཙིག་ལས་རྒྱུ་དུས་ཚོད་གང་ལ་ངལ་གསོ་རྒྱུ། དུས་ཚོད་གང་ལ་གཉིད་ཉལ་རྒྱུ་སོགས་ཉིན་གཅིག་གི་འཚོ་བ་གོ་རིམ་དང་ལྡན་པའི་ངང་འཆར་བཀོད་ཞིབ་ཚགས་བྱས།
11པའི་ཚེས5ཉིན། དེ་ཉིན་ཞོགས་པ་ངས་རི་ཞིམ་ཞིག་རྔོན་ནས་རྔོན་ཁྱི་ཁྲིད་དེ་མཚོ་འགྲམ་བརྒྱུད་ནས་ཕྱིར་ལོག་པའི་ལམ་བར་མཚོ་འགྲམ་དུ་སྤུ་མདོག་དང་བཟོ་བལྟ་ཡ་མཚན་ཅན་གྱི་མཚོ་རྟ་དངམཚོ་གཟིག་སྣ་ཚོགས་གང་འདོད་དུ་རྩེད་བ་དང་ང་མཐོང་འཕྲལ་དེ་དག་འཕྲལ་མར་མཚོ་ནང་དུ་མཆོང་སོང་བས། ང་རང་ཡང་སྦྲ་གུར་ནང་ཕྱིར་ལོག་ནས་རི་ཞིམ་གྱི་པགས་པ་ལེགས་པར་བཤུས་ནས་པགས་པ་དེ་ཉར་ཚགས་ལེགས་པར་བྱས།
11པའི་ཚེས6ཉིན། ཞོགས་པ་ང་རང་ཕྱིར་འཕྱམ་འཕྱམ་དུ་སོང་ནས་ཕྱིར་ལོག་རྗེས་སྒྲོག་ཙེ་བཟོ་བའི་ཤིང་བཟོའི་ལས་ལ་འཇུག མ་གཞི་ངས་བཟོས་པའི་སྒྲོག་ཙེ་དེ་ཡོངས་སུ་ཚད་ལྡན་ཞིག་བཟོ་མ་ཐུབ་ཀྱང་གནས་སྐབསའདི་འདྲ་ཞིག་ཏུ་ངའི་དགོས་མཁོ་སྐོང་ཐུབ་པ་ཙམ་གྱིས་ཆོག་སྙམ།
11པའི་ཚེས7ནས12བར། གནམ་གཤིས་རིམ་བཞིན་ཇེ་ཡག་ཏུ་སོང་ཞིང་། ཉིན་ཤས་དེ་དག་རིང་གཟའ་ཉི་མ་ཕུད་ང་རང་སླར་རྐུབ་སྟེགས་བཟོ་བའི་ལས་ལ་འཇུག ངས་ཡང་སྐོར་བསྐྱར་བསྐོར་གྱི་ངང་རྐུབ་སྟེགས་དེ་བཟོ་སྐྱོར་ཐེངས་མང་རྒྱབ་རྗེས་མཐར་རྐུབ་སྟེགས་ཀྱི་བཟོ་བལྟ་ཐོན་ཐུབ་ཙམ་བྱུང་། 11པའི་ཚེས13ཉིན། ཆར་པ་ཆེན་པོ་ཞིག་བབ་པ་དང་མཁའ་དབུགས་ཀྱང་བརླན་གཤེརཇེ་ཆེར་སོང་བས་ངའི་ཡིད་ལ་གུ་ཡངས་ཤིང་བདེ་སྣང་ཞིག་སྐྱེས། འོན་ཀྱང་རིམ་བཞིན་ཆར་ཤུགས་ཇེ་ཆེར་སོང་བ་དང་སྦྲགས་འབྲུག་སྒྲ་ལྡིར་ཞིང་གློག་དམར་འཁྱུག་པས་ངའི་རྫས་མེ་དེ་དག་འབར་གས་བྱས་མི་ཡོང་ངམ་སྙམ་པའི་དངངས་འཚབ་དབང་མེད་དུ་ལངས། ཆར་ཐག་ཆོད་མ་ཐག་རྫས་མེ་དེ་དག་བཅའ་ཀོད་སྒྲིག་གང་ལེགས་བྱ་དགོས་སྙམ། 
11པའི་ཚེས14ནས16ཉིན། ཉིན་ཤས་དེ་དག་རིང་ཤའི་བྲོ་བ་ཧ་ཅང་ཞིམ་པའི་རི་བྱ་ཞིག་རྔོན་པ་ཕུད་དེ་མིན་གྱི་དུས་ཚོད་ལྷགས་མ་རྣམས་གྲུ་སྟེང་ནས་དབོར་ཡོང་བའི་རྫས་མེ་དེ་དག་ཆེ་ཆུང་འདྲ་མིན་སྣ་ཚོགས་ཀྱི་སྒམ་ནང་ལེགས་པར་བླུགས་པའི་ལས་ལ་བྲེལ། 
11པའི་ཚེས17ནས12ཚེས9ཉིན། ངས་བྲག་ཁུང་རྒྱ་བསྐྱེད་བྱེད་པའི་ལས་འགོ་བཙུགས། འོན་ཀྱང་ང་རང་ལ་དགོས་ངེས་ཀྱི་སྦྱགས་མ་དང་ཏོག་ཙེ་ཐེར་གེ་སོགས་མེད་པས་ངས་སྔོན་ལ་གྲུ་སྟེང་ནས་དབོར་ཡོང་བའི་ཚོང་ཟོག་འདེགས་བྱེད་ཀྱི་ལྕགས་ཀྱུས་ཏོག་ཙེའི་ཚབ་བྱས་པ་དང་། མ་གཞི་ལྕི་ཙམ་ཡོད་མོད་འོན་ཀྱང་ཏོག་ཙེའི་གོ་ཆོད་ཐུབ་པ་བྱུང་། དེ་རྗེས་སྦྱགས་མའི་དོད་དུ་ནགས་ཁྲོད་དུ་སོང་ནས་པཱ་ཤིའི་མིས་ལྕགས་ཤིང་དུ་འབོད་པའི་ཧ་ཅང་མཁྲེགས་པའི་ཤིང་དེ་ནུས་ཤུགས་གང་ཡོད་ཀྱིས་བཅད། སླར་དེ་ལ་གཞོགས་རྒྱབ་ནས་ཡུ་བ་བཟོས་ཤིང་། མཁྲེགས་ཤིང་དེས་སྟ་རེའི་རྣོ་ཡང་ཧ་ལམ་ལོག་དེ་རྗེས་སྨྱུག་སླེལ་བཟོ་དགོས་བསམ་ཡང་འཇམ་མཉེན་གྱི་ཤིང་ལྕུག་མེད་པས་ལྷས་ཐབས་བྲལ་ཞིང་ཐེར་ཆུང་བཟོ་བར་ཡང་འཁོར་ལོ་བཟོ་རྒྱུ་དེ་ཁོ་ན་དཀའ་གནད་དུ་གྱུར་བས། ངས་ཤིང་ཟོམ་ཆེན་པོ་ཞིག་རྒྱུག་ལེབ་ཀྱི་འོག་ཏུ་བཞག་ནས་དེ་ལྟར་ཐེར་ཆུང་གི་དོད་དུ་གྲུབ། སྟབས་བདེའི་ལག་ཆ་དེ་དག་གྲུབ་རྗེས་ཉིན་བཅོ་བརྒྱད་ཙམ་རིང་བར་མཚམས་མ་བཞག་པར་བྲག་ཁུང་སྔོག་ཅིང་། མ་གཞི་མྱུར་ཚད་འགོར་ཙམ་ཡིན་མོད། འོན་ཀྱང་ཟླ་ཕྱེད་ཙམ་ལས་མ་འགོར་བར་བྲག་ཁུང་གི་གཞི་ཁྱོན་སྔོན་མ་ལས་ལྡབ་ཁ་ཤས་ཆེ་རུ་གཏོད་ཐུབ་པ་བྱུང་བས་ཐབ་ཚང་དང་ཟ་ཁང་ཉལ་ཁང་དངོས་ཟོག་ཙག་ཙིག་འཇོག་པའི་ཚང་ཁུང་བཅས་སོ་སོར་ཁག་དབྱེ་བས་ཧ་ཅང་སྟབས་བདེ་དང་སྐྱིད་སྣང་དོད་པོར་གྱུར།
12པའི་ཚེས10ནས16ཉིན། གོང་གི་ལས་དེ་དག་གྲུབ་ཚར་བ་དང་འདམ་ས་མང་པོ་ཞིག་བྲག་ཁུང་གི་སྟེང་ནས་བར་མེད་དུ་ཟགས་ཡོང་། གལ་ཏེ་སྐབས་དེ་དུས་ང་རང་བྲག་ཁུང་གི་ནང་བསྡད་ཡོད་ཚེ་གསོན་སྦས་ཐེབ་རྒྱུ་གཏན་འཁེལ་རེད། དེ་རྗེས་ངས་སླར་འདམ་ས་དག་ཕྱིར་ལོགས་སུ་དབོར་ཞོར་ཐབས་ཤེས་གང་ཡོད་ཀྱིས་འདམ་ས་ལྷུང་ཡོང་བའི་ངོས་དག་བརྟན་པོར་གནས་ཐབས་བྱས། ངས་བདུན་ཕྲག་གཅིག་གི་དུས་ཚོད་སྤྱད་ནས་བྲག་ཁུང་ནང་ཀ་བ་གཉིས་དང་དེ་གཉིས་ཀྱི་བར་དུ་གདུང་མ་གཅིག་རྒྱབ།
12པའི་ཚེས17ནས་ཚེས19ཉིན། ཉིན་གསུམ་གྱི་དུས་ཚོད་དེའི་ནང་ངས་སླར་ཙག་ཙིག་གི་ཅ་དངོས་འཇོག་པའི་ཤིང་ཁྲི་ཞིག་བཟོས་པ་དང་། ཅ་དངོས་འགེལ་བའི་རྩེ་མོ་རྣོ་བའི་ཤིང་ཟེར་ཞིག་ཀ་བའི་སྟེང་རྒྱབ།
12པའི་ཚེས20ནས12པའི་ཚེས30ཉིན། ངས་སྡོད་གནས་དེ་ལེགས་སྒྲིག་བྱེད་འགོ་ཚུགས་ཤིང་། དགོས་མཁོ་ཡོད་པའི་ཅ་དངོས་དག་བྲག་ཁུང་ནང་དབོར་བ་དང་། ཤིང་རྒྱུག་ཁ་ཤས་སྤྱད་ནས་དེ་དག་གི་སྟེང་བཟའ་བཅའ་དང་ཕོར་པ་དང་སྡེར་མའི་རིགས་བཞག དེ་མིན་ངས་སྒྲོག་ཙེ་ཞིག་བཟོས་ཤིང་སྐབས་དེར་ཤིང་རྒྱུ་ཇེ་ཉུང་དུ་སོང་།
12པའི་ཚེས24ཉིན། ཉིན་མཚན་གཅིག་གི་རིང་ཆར་དྲག་བབ་པས་ང་རང་ཕྱིར་དོན་ཐབས་མེད་པར་མལ་ཁྲིའི་སྟེང་དཔེ་དེབ་བལྟས་ནས་བསྡད། ཉིན་གཉིས་པར་ཡང་མུ་མཐུད་ཆར་པ་བབ་མཚམས་མ་ཆད།
12པའི་ཚེས26ཉིན། ཆར་པ་བབ་མཚམས་ཆད་པ་དང་། གནམ་གཤིས་ཉིན་ཤས་སྔོན་ལས་བསིལ་པོར་གྱུར།
12པའི་ཚེས27ཉིན། དེ་ཉིན་ངས་ར་ཞིག་རྔོན་ནས་ཐག་པས་བསྡམས་ཏེ་ཕྱིར་འཁྲིད་པ་དང་། ང་རང་གི་གཟབ་ནན་གྱི་བལྟ་སྐྱོང་འོག་ར་མ་གསོན་ཐུབ་པ་བྱུང་བ་དང་ར་མའི་རྐང་པ་ཡང་དྲག་སྐྱེས་བྱུང་། དེ་ལྟར་ང་རང་ལ་ཕྱུགས་རིགས་གསོ་ཚགས་ཀྱི་འཆར་སྒོ་ཞིག་སྐྱེས་ཤིང་། 
གལ་ཏེ་རྗེས་སུ་མདེའུ་བེད་སྤྱད་ཚར་ཚེ་ང་རང་ད་དུང་མུ་མཐུད་བཟའ་བཅའ་མཁོ་བས་ཡིན།
12པའི་ཚེས28ནས12པའི་ཚེས31ཉིན། ཉིན་ཤས་དེའི་རིང་གནམ་གཤིས་ཧ་ཅང་ཚ་བ་ཞིང་རུང་བསིལ་ཙམ་ཡང་མེད་པས་དེར་རྟེན་སྔ་དྲོ་ཕྱིར་ཐོན་ཐབས་མེད་པར་ས་སྲོས་ཀྱི་མཚམས་སུ་ཕྱིར་བཟའ་བཅའ་འཚོལ་བར་ཐོན། 
1660ལོའི1པོའི་ཚེས1ཉིན། གནམ་གཤིས་སྔར་བཞིན་ཚ་བ་ཆེ་ཞིང་། ཞོགས་པ་དང་ས་སྲོས་ཀྱི་མཚམས་སུ་ཕྱིར་རི་བྱ་འགའ་རྔོན་དུ་འགྲོ་བ་ཕུད། དེ་མིན་གྱི་དུས་ཚོད་ཚང་མ་ཁུ་སིམ་མུར་རང་ཁྱིམ་དུ་བསྡད། 
1པོའི་ཚེས2ཉིན། དེ་རིང་རྔོན་ཁྱི་འཁྲིད་ནས་ར་མ་རྔོན་དུ་སོང་། ཡིན་ནའང་ར་མ་དེ་དག་གིས་ཁྱུ་བསྒྲིགས་ནས་རྔོན་ཁྱི་ལ་བལྟ་ཞིང་། རྔོན་ཁྱིས་ཀྱང་རང་ཉིད་དགྲ་མང་ལ་ཁ་གཏད་གཅོག་མི་ཐུབ་པ་ཤེས་ནས་ར་མ་དེ་ཚོའི་འཁྲིས་སུ་རྩ་བ་ནས་བཅར་མི་ནུས། 
1པོའི་ཚེས3ཉིན། ང་རང་སྔར་བཞིན་གཅན་གཟན་གདུག་པའི་འཇབ་རྒོལ་ཕོག་པར་སེམས་ཁྲལ་གྱིས་སྲ་ཞིང་བརྟན་པའི་གྱང་བཟོ་འགོ་ཚུགས། 
གྲོའི་མྱུ་གུ། 
ངས་ནུས་ཤུགས་མང་པོ་ཞིག་སྤྱད་ནས་འགོག་སྲུང་གི་གྱང་དེ་བཟོས། དེའི་དཀའ་ཚེགས་ནི་ཧ་ལས་དགོས་པར་གྱུར། སྐབས་རེ་གཟའ་འཁོར་ཁ་ཤས་ཀྱི་ཆར་པ་བབ་སྟེ་ངའི་ལས་ཀའི་མྱུར་ཚད་འགོར་བར་གྱུར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།