༄༅།།ཅི་ཞན་ལིང་གིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་ལྷུག་རྩོམ《ལོ》།

རྩོམ་པ་པོ།:ཅི་ཞན་ལིང་གིས་བརྩམས། སྙིང་མོ་ས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-08-31 10:01:25 ཀློག་གྲངས།:
ལོ།
ཅི་ཞན་ལིང(季羡林)གིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
ལོ་ནི། དུ་སྤྲིན་དང་འདྲ་ལ། རྒྱང་རིང་གི་རི་མགོའི་སྨུག་སྤྲིན་དང་ཡང་མཚུངས། ང་ཚོས་ལག་པས་འཛིན་མི་ཐུབ་ལ། མིག་གིས་ཀྱང་མཐོང་ཐབས་བྲལ། དེ་ཉིད་ཡོང་དུས། ང་ཚོའི་སེམས་མགོར་དལ་བུར་བྱིལ་ཙམ་བྱས་པ་ན། ང་ཚོས་ལོ་བསླེབས་པ་ཤེས་བྱུང་། ཡིན་ཡང་དོན་དམ་པར་ཅི་ཞིག་ལ་ལོ་ཟེར་རམ། དེ་ལ་གསལ་བཤད་རྒྱག་ཐུབ་མཁན་མི་གཅིག་ཀྱང་མི་འདུག
ང་ཚོས་ལམ་ཆེན་ཞིག་བརྒྱུད་ནས་འགྲོ་དུས། མདུན་ཕྱོགས་ཀྱི་མཐའ་ཡས་པའི་ལམ་ལ་རྒྱང་ལྟ་བྱེད་པར། ཐབས་ལམ་སྣ་མང་ཡོད་པ་འདྲ། ཡིན་ཡང་དངོས་སུ་དེའི་ཐོག་གོམ་པ་བརྒྱབ་ནས་འགྲོ་དུས། ཆུ་ནང་དུ་ཤར་བའི་རང་གི་གཟུགས་བརྙན་ཐོག་མཆོངས་བ་ན། ལག་ཏུ་ཟིན་པ་ནི་སྟོང་པ་ཁོ་ན་ལས་མེད་པ་དེ་དང་འདྲ་ལ། མདུན་ལམ་ལ་རྒྱང་ལྟ་བྱེད་དུས། རེ་བ་ནི་སྔར་བཞིན་ཆུང་། དུས་འདིར། ང་ཚོས་རྟག་པར་ཕྱིར་འཁོར་ནས་ལྟ་ཙམ་བྱེད་ངེས་ཡིན། དོན་དངོས་སུ། ཕྱིར་འཁོར་ནས་ལྟ་བ་དེ། ག་དུས་ཡིན་ཡང་ཆོག ཡིན་ཡང་ང་ཚོས་དེ་ལྟར་མི་བྱེད། དུས་རྒྱུན་ང་ཚོར་ཕྱིར་འཁོར་དུ་འཇུག་མཁན་ནི། ང་ཚོ་སོང་སོང་ནས་ལམ་གྱི་མཚམས་རྡོ་ཞིག་ལ་བསླེབས་དུས་རེད། མཚམས་རྡོ་ཟེར་ཡང་། རེག་རྒྱུ་ཡོད་པའི་རྡོ་དངོས་མ་གང་ཡང་མེད།  དེ་ནི་ང་ཚོའི་སེམས་སྟེང་གི་རྗེས་ཤུལ་ཙམ་ལས་མ་འདས། རྗེས་ཤུལ་དེ་ཡང་གསོབ་རྫུ་ཆེ་བས། བཤད་མི་བདེ། གལ་ཏེ་བཤད་བདེ་མིན་ལ་མ་ལྟོས་པར། ཁ་ནས་མར་ཐོན་པ་ཡིན་ཚེ། གཏམ་དེ་ནི་ལོ་ཡིན། 
ཁ་ནས་ཐོན་ཡང་། ལོ་འདི། སྔར་བཞིན་གསོབ་རྫུ་ཆེ། འདི་ལྟར་བཤད་ཟིན་པའི་དབང་གིས་གསོབ་རྫུར་གྱུར་བ་ཡིན་ཡང་སྲིད། འོན་ཀྱང་འདི་ནི་ཐབས་ཟད་པའི་དོན་ཞིག་རེད། ངས་མདུན་དུ་ང་ཚོས་ཕྱིར་འཁོར་ནས་ལྟ་དགོས་ཞེས་བཤད་ཡོད་པ་མིན་ནམ། དེ་ན་སྔོན་ལ་ང་ཚོས་ཕྱིར་འཁོར་ནས་མཐོང་བ་དེ་དག་བཤད། —ང་ཚོས་ཡང་སྙིང་ཅི་ཞིག་མཐོང་། སྐྱ་ཚུབ་ལེར་སྤྲིན་དཀར་དང་འདྲ་ལ་སྨུག་པ་དང་ཡང་མཚུངས་བས། རབ་རིབ་ཏུ་གྱུར། དེའི་ནང་མག་མོག་གི་ངོ་རིས་སྣ་མང་འཕྱོ་ཞིང་། ཚོན་མདངས་སྣ་ཚོགས་ལྡན། འདི་ལ་དངོས་གནས་བྱེད་སྟངས་སྣ་མང་ལྡན་པ་འདྲ། ཡིན་ཡང་ཞིབ་ཏུ་བལྟས་ན་དེ་འདྲ་མིན་པར་སྔར་བཞིན་བྲོ་མེད་ཆོ་མེད་དཀྱུས་མ་ཞིག་རེད། ཆེས་ཐག་ཉེ་སའི་མཚམས་རྡོ་ནས་ཕྱིར་ལྟ་བྱས་པ་ལྟར། ཐོག་མར་མཐོང་བ་ནི་ཐལ་མདོག་གི་མཁའ་དབྱིངས་སུ་ཟུག་པའི་དཀར་བོང་བོང་གི་ཁ་བ་ཆགས་པའི་ཡལ་ག་དེ་ཡིན་ལ། དེའི་མདུན་དུ་བལྟས་ན། དྭངས་གསལ་གྱི་གནམ་འོག་ཏུ་ཁྱབ་པའི་ཁུ་སིམ་མེར་བག་ཕེབས་པའི་སྨུག་སྤྲིན་སེར་པོ་དེ་མཐོང་། ཡང་དེའི་མདུན་དུ་བལྟས་ན། སྔོ་ཐིང་ཐིང་གི་སྣུམ་ཁུ་གར་པོ་ཆར་རྗེས་ཀྱི་ནགས་ཁྲོད་དང་རི་མགོར་བཏིངས་ཡོད་པ་མཐོང་། ཉི་མས་གསེར་འོད་འཕྲོ། དེ་ལས་ཀྱང་མདུན་དུ་སོང་ན། གང་སར་དབལ་ཚ་བའི་མེ་རླབས་ལྟ་བུའི་མེ་ཏོག་གི་གཟུགས་དམར་འཁྱུག དཀྱིལ་དུ་ཉིན་མོའི་འོད་དང་མཚན་མོའི་སྨག་གིས་བརྒྱན་ཡོད། ཉིན་མོར། ང་ཚོས་དཀའ་ལས་བརྒྱབ་ནས་གྲོད་ཁོག་བརྫངས། མཚན་མོར། ང་ཚོ་མལ་ཁྲིའི་སྟེང་ཁ་གདངས་ནས་སྔུར་བ་འཐེན་བཞིན་གཉིད། འདི་ལྟར། ཉིན་དང་མཚན་མཐུད་ནས། མཚན་དང་ཉིན་མཐུད་ནས། འོད་དང་མུན་པ་གཉིས་བརྗེ་རེས་བྱེད་བཞིན། གཡུ་གཞོང་ནང་གི་མུ་ཏིག་བཞིན་འགྲིལ……
དེ་མུར་མཚམས་རྡོ་ཞིག་བརྒལ་ནས་བལྟས་ཙ་ན། སྔར་བཞིན་དཀར་བོང་བོང་གི་ཁ་བ་མཐོང་ལ། ཁུ་སིམ་མེར་བག་ཕེབས་པའི་སྨུག་སེར་མཐོང་། སྔོ་ཐིང་ཐིང་གི་སྣུམ་ཁུ་གར་པོ་མཐོང་ལ། དབལ་ཚ་བའི་མེ་རླབས་ལྟ་བུའི་མེ་ཏོག་གི་གཟུགས་དམར་མཐོང་བྱུང་། སྔར་བཞིན་མུ་སྦྲེལ་བའི་ཉིན་དཀར་དང་མཚན་ནག་ཡིན། —དེ་མུར་ཡང་མཚམས་རྡོ་ཞིག་བརྒལ།  དེ་མུར་—ཡང་མཚམས་རྡོ་གཅིག མཚམས་རྡོ་གཅིག མཚམས་རྡོའི་རྗེས་སུ་མཚམས་རྡོ། རྫོགས་རྒྱུ་མེད། ཉིན་དཀར་དང་མཚན་ནག་སྐྱ་འཐབ་ནས། ཁ་བ་དང་སྨུག་སེར། སྔོ་ནག་དང་གཟུགས་དམར་ཐམས་ཅད་གོང་བུ་གཅིག་ཏུ་འདྲེས། གྲིབ་གཟུགས་ག་ལེར་མག་མོག་ཏུ་གྱུར། ང་ཚོའི་དྲན་ཤེས་ཀྱང་རྒྱང་རིང་རྒྱང་རིང་གི་སྨུག་པ་འཐིབས་པའི་ཁུག་ཀྱོག་ཏུ་དྲུད་བྱུང་། ང་ཚོས་ཡང་བསྐྱར་ཅི་ཞིག་མཐོང་བྱུང་ངམ། སྔར་བས་ཀྱང་མུ་མཐའ་བྲལ། ཡིན་ཀྱང་། ཁྱད་མཚར་ཞིག་མ་རེད།
ཁྱད་མཚར་མིན་ནམ། ཡིན་ཡང་མཐའ་མར་རྣམ་པ་དཔེ་གསར་འགའ་ཐོན་བྱུང་། མཚམས་རྡོ་ཨང་དང་པོ་དེ་བརྒལ་དུས་་—དངོས་གནས་སྔ་དྲགས་པ་འདྲ། འཇིག་རྟེན་དུ་གོམ་པ་སྤོས་མ་ཐག་པའི་སྐབས་སུ། ང་ཚོའི་མིག་ལམ་ཡོལ་བས་སྒྲིབ་པ་དང་མཚུངས། ང་ཚོས་མིག་མདུན་གྱི་དངོས་པོ་གསལ་པོར་མཐོང་ཐབས་བྲལ་བས། ལག་མྱུལ་བྱེད་བཞིན་སོང་། ཉིན་དཀར་དང་མཚན་མོ་ཡལ་འགྲོ་བ་དང་བསྟུན་ནས། ཡོལ་བ་འདི་ཅུང་ཙམ་རེ་ཕྱིས། ཡིན་ཡང་ང་ཚོས་ཚོར་མ་བྱུང་། ང་ཚོས་ཚོར་དུས་ནི། རྟག་པར་མཚམས་རྡོ་ཞིག་ཏུ་གོམ་པ་སྤོས་ནས་ཕྱིར་འཁོར་བའི་སྐད་ཅིག་མ་དེ་རེད། ཚོར་དུས། ང་ཚོ་ཡང་འཚུབ་བྱུང་། “ངའི་མགོར་དོན་དག་འདི་འདྲ་ཞིག་འབྱུང་ངམ།” དོན་དམ་པར། དོན་དག་འདི་བྱུང་བཞིན་པའི་སྐབས་སུ། ང་ཚོ་སྤྲོ་པོའི་ངང་དེའི་ནང་ཞུགས་པའམ་འཁྲབ་སྟོན་བྱས། ད་ལྟ་ཚོར་དུས། ཡང་མཚར་སྣང་ཆེན་པོ་སྐྱེས། ང་ཚོས་ཀྱང་བློ་ཐག་ཆོད་པས་ཡིད་ཆེས་བྱེད་དེ། དོན་དག་འདི་འདྲ་ང་ཚོའི་མགོར་བྱུང་མི་སྲིད། ང་ཚོས་བསམ་དོན། སྔོན་ཆད་རང་ཉིད་ཀྱིས་དོན་དག་འདི་འདྲ་ཞིག་འབྱུང་བར་ཉེར་བསྡོགས་ཅི་ཡང་བྱས་མེད་པ་འདྲ། དངོས་འབྲེལ། ཉེར་བསྡོགས་ཡོད་ཀྱང་ཕན་ཅི་ཞིག་ཐོགས་སམ། དོན་དག་གིས་སྔ་མོ་ནས་ང་ཚོ་ཡོལ་རྒྱབ་ཏུ་བཀོད་སྒྲིག་བྱས་ཟིན། ཡོལ་བ་མ་ཕྱིས་ན་ང་ཚོས་མཐོང་མི་ཐུབ་པ་བསྙོན་མེད་རེད། མ་ཟད་དངོས་གནས་ཉེར་བསྡོགས་བྱས་མྱོང་མེད། རྗེས་ཕྱོགས་ང་ཚོས་ཀྱང་རང་ཉིད་ལ་དོན་དག་འདི་འདྲ་དངོས་གནས་བྱུང་མྱོང་བ་བདེན་དཔང་བྱས། དེ་ནས་ཡ་མཚན་འདིའི་དབང་གིས། ང་ཚོ་ཡང་སྔོན་ཆད་དང་བསྡུར་ན་ཧ་ལམ་ཇེ་གྲུང་དུ་གྱུར་བ་འདྲ། “རྗེས་ཕྱོགས་ངས་འདི་ལྟར་བྱེད་དགོས།” ང་ཚོས་འདི་ལྟར་བསམ། ངོ་མ། རྗེས་ཕྱོགས་ང་ཚོས་འདི་ལྟར་བྱེད་དགོས། འོན་ཀྱང་། ཡང་སོང་ནས་མཚམས་རྡོ་གཅིག་གི་སར་བསླེབས་དུས། ཕྱིར་འཁོར་ནས་ཅིག་བལྟ་དུས། ང་ཚོ་ཡང་བསྐྱར་ཡ་མཚན་སྐྱེས། “དོན་དག་འདི་འདྲ་ཡང་བསྐྱར་ང་ཚོའི་མགོར་ཡོང་དོན་ཅི་ཡིན་ནམ།”རེད། དངོས་གནས་བྱུང་མྱོང་།“རྗེས་ཕྱོགས་ངས་འདི་ལྟར་བྱེད་དགོས།”ང་ཚོས་ཡང་བསྐྱར་འདི་ལྟར་བསམ། —ཏོག་ཙམ་རེ་ཕྱིས་ཀྱང་ང་ཚོའི་མིག་མདུན་དུ་ཡོད་པ་ནི་སྔར་བཞིན་ཡོལ་བ་རེད། དེ་མུར། མཚམས་རྡོ་གཅིག་རེ།  མཚམས་རྡོ་གཅིག་རེ། དུས་དང་རྣམ་པ་ཀུན་ཏུ་རྙེད་པའི་ཡ་མཚར་གསར་པ་འདིའི་ཁྲོད་མུ་བསྐྱངས། ད་ལྟའི་བར་དུ། ང་ཚོའི་མིག་མདུན་དུ་ཡོད་པ་ནི་སྔར་བཞིན་ཡོལ་བ་ཡིན། ཡོལ་བ་འདི་ག་དུས་གཙང་མར་ཕྱིས་ཚར་རམ། ང་ཚོ་ཡི་མུག་བཞིན་བསྡད། 
ཡིན་ཡང་དེའི་དབང་གིས་སེམས་གསོ་འཐོབ། དོན་དག་ཡོད་ཚད། ཡོལ་བའི་རྒྱབ་ཏུ་བཀོད་སྒྲིག་བྱས་ཡོད་ཀྱང་། སྐབས་འགར་ང་ཚོས་ཀྱང་ཐོལ་བྱུང་དུ་དོན་དག་འགའ་དྲན་ཐུབ། དེའི་ཁྲོད་དྲན་མ་ཐག་ཏུ་ང་ཚོ་འདར་ནས་རྔུལ་ནག་ཐོན་ཅིང་དབུགས་ཧལ་དུ་འཇུག་པའི་དོན་དག་མི་ཆད། ང་ཚོས་དེ་ཚོ་ཡོང་ཐག་ཆོད་ཡིན་པ་ཤེས་རུང་། དུས་ཚོད་ག་དུས་བྱུང་བ་མི་ཤེས་པ་དེའོ།། ཡིན་ཡང་ད་ལྟ་ཕྱིར་འཁོར་ནས་བལྟས་ན། འདི་འདྲའི་དོན་དག་མང་པོ་ཞིག ཡོལ་བ་འདི་བཀྱགས་ཙམ་བྱས་པ་དང་། ལྷོད་པོར་ཕྱིར་མངོན་བྱུང་ལ། ང་ཚོས་ཀྱང་ཇི་ལྟར་མཆོང་འོངས་བ་མ་ཤེས། དེ་དུས་ཀྱི་རྔུལ་ནག་ཐོན་པ་དང་འདར་བ། དབུགས་ཧལ་བ་སོགས་ལ་ཕྱིར་ལྟ་བྱེད་དུས། སྔ་མོ་ནས་སྐྱོན་ཤོར་བའི་བརྙན་དུ་གྱུར་ཏེ། ང་ཚོའི་སེམས་པའི་གཏིང་ཟབ་སར་རྗེས་ཤུལ་ཙམ་ལས་ཅི་ཡང་ལུས་མི་འདུག འཛུམ་མདངས་དབང་མེད་དུ་སེམས་ངོར་ཤར། ཕྱིར་ལྟ་བྱེད་དུས་མཐའ་མེད་པའི་སྨུག་པ་སྐྱ་བོ་དེའི་ཁྲོད། ད་དུང་རང་ཉིད་ཀྱིས་རྐང་རྗེས་དཀར་སྐྱ་ཞིག་ཡོད་པ་མཐོང་བྱུང་། ཀྱག་ཀྱོག་གི་ལམ་རིང་པོ་ཞིག་ད་ལྟའི་རྐང་འོག་ཏུ་འཐེན་འདུག ལམ་འདིར་གོམ་པ་སྤོ་དུས་ཀྱི་སེམས་ཁམས་ལ་ཡང་བསྐྱར་བསམ་དུས། མིག་མདུན་གྱི་ཡོལ་བ་ཅུང་ཙམ་རེ་ཕྱིས་འགྲོ་དུས་ཀྱི་ཡ་མཚར་བའམ་དགའ་སྤྲོའི་སེམས་པ་འདིར་ལྟ་དུས། ཁའི་ཟུར་དུ་དེ་བས་ཀྱང་འཛུམ་མདངས་མངོན་ཆོག
འདི་ལྟར། ལམ་དཀར་སྐྱ་རིང་པོ་འདི་ཀྱག་ཀྱོག་ངང་རྐང་འོག་ཏུ་འཐེན་འདུག ད་ལྟ་རྐང་འོག་ཏུ་ཡོད་པ་ནི་མཚམས་རྡོ་གསར་པ་ཞིག་རེད། ང་ཚོར་དོགས་པ་བྱེད་དབང་མེད་པར། ལམ་འདིས་ང་ཚོ་མདུན་དུ་ཁྲིད། ང་ཚོས་འགྲོ་མཚམས་འཇོག་མི་རུང་ལ། འཇོག་ཀྱང་མི་འདོད། མགོ་བཀྱགས་ནས་མདུན་དུ་བལྟ་དུས། —ཡང་ལམ་དཀར་སྐྱ་རིང་པོ་ཞིག་འཐེན་འདུག ཡང་སྐྱ་ཐལ་ཐལ་གྱི་སྨུག་པ་རེད། ལམ་འདི་ཀྱག་ཀྱོག་ངང་སྨུག་པའི་ནང་འཐེན་སོང་། གང་ནས་མཚམས་འཇོག་རྒྱུ་ཡིན་ནམ། སུས་ཤེས་སམ། ང་ཚོ་ནི་མདུན་དུ་བསྐྱོད་པ་ལས་མ་འདས། འདས་ཟིན་པ་ནི་ཉག་ཉོག་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་མི་ཤེས། མ་འོངས་པ་ནི་ཉག་ཉོག་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་དེ་བས་ཀྱང་མི་ཤེས། ཡིན་ཡང་ང་ཚོ་ནམ་ཡིན་རུང་མདུན་དུ་བསྐྱོད་བཞིན་ཡོད། ནམ་ཡིན་རུང་། ཀྱག་ཀྱོག་གི་ལམ་རིང་འདི་རྒྱབ་ཏུ་བསྐུམས་ཤིང་། ཡང་ནམ་ཡིན་རུང་བསྲིངས་ནས་ང་ཚོའི་མདུན་དུ་བཤམས་འདུག སྔར་བཞིན་ཡང་བསྐྱར་ཕྱིར་སྐུམ། ང་ཚོ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་རེད། ལམ་ཇེ་དོག་ནས་ཇེ་དོག་ཏུ་གྱུར་ཏེ་སྨུག་པ་རབ་རིབ་ཁྲོད་སྦས། ད་ཅི་མཐོང་བའི་དངོས་པོ། མིག་རྡེབ་དབང་ཙམ་ལ། ལམ་འདི་དང་འགྲོགས་ནས་ཕྱིར་སྐུམ། ག་ལེར་མི་གསལ་བར་གྱུར། སྤྲིན་དུ་གྱུར། དུ་བར་གྱུར། དྲན་པའི་ཁྲོད་སྦས། ཡང་དྲན་པའི་ཁྲོད་ནས་ཡལ། ང་ཚོའི་མིག་མདུན་གྱི་དུས་ཚོད་ཐུང་ཐུང་འདིའི་ནང་ཁོ་ནར་འདུག —སྐར་མ་གང་། མིན། དེ་ལས་ཀྱང་ཐུང་། ཐུང་དྲགས་ནས་བཤད་མི་ནུས། དུས་ཚོད་དེ་འདྲ་ཐུང་ཐུང་ཞིག་ལས་མེད་ཀྱང་། ང་ཚོའི་མིག་མདུན་གསལ་ཙམ་བྱས་བྱུང་། ཡར་ལྟ་དུས། སྒྲོག་ཙེའི་སྟེང་བཤམས་པའི་མེ་ཏོག་གི་ཡལ་ག་རིང་པོ་དེ་རླུང་བུའི་ཁྲོད་ན་ལྡེམ་པ་མཐོང་ཐུབ། སྒྲོམ་སྟེང་ན་བསྒྲིགས་པའི་དཔེ་ཆ་མཐོང་ཐུབ། ཤེལ་ཕོར་གྱིས་ལྷིང་འཇགས་ཁྲོད་འོད་ལྡོག་འཕྲོ་བྱེད་པ་མཐོང་ཐུབ། སྒེའུ་ཁུང་ཕྱི་རོལ་གྱི་སྡོང་སྐམ་སྟེང་གི་བྱའི་གཟུགས་རིས་མཐོང་ཐུབ། སྒྲོན་ཁེབས་ཀྱི་སྙེ་རྩས་ག་ལེར་རླབས་རིས་གདལ་བ་མཐོང་ཐུབ། མིག་མདུན་གྱི་ཡོད་ཚད་མཐོང་ཐུབ་པས། ཐམས་ཅད་ཧ་ཅང་གསལ། ཡིན་ཡང་མིག་རྡེབ་དབང་ཙམ་ལ། འདི་དག་ཡོད་ཚད་ཡང་ཕྱིར་བསྐུམས་སོང་། རིམ་བཞིན་མི་གསལ་བར་གྱུར། སྤྲིན་དུ་གྱུར། དུ་བར་གྱུར། དྲན་པའི་ཁྲོད་སྦས། ཡང་དྲན་པའི་ཁྲོད་ནས་ཡལ། ཐེངས་གཉིས་པར་ཡར་ལྟ་དུས། མཐོང་བ་ཡོད་ཚད་ཐེངས་སྔོན་མར་མཐོང་བ་དང་མི་འདྲ། ངས་བཤད་དེ། ང་ཚོར་དུས་ཚོད་དེ་འདྲ་ཐུང་ཐུང་ནང་གི་དཀར་ཆ་ཉུང་ཙམ་ལས་མི་འདུག ཀྱག་ཀྱོག་གི་ལམ་རིང་པོ་འདི་ཕར་བསྲིངས་བས། དཀར་ཆ་ཉུང་ངུ་འདིའང་རྗེས་དེད་ནས་འགྲོ། ང་ཚོ་འགྲོ་མི་འདོད་པའམ་འགྲོ་མི་ཐུབ་པའི་བར་དུ། ང་ཚོའི་མིག་མདུན་དུ་སྔར་བཞིན་དཀར་ཆ་ཉུང་ངུ་དེ་ཁོ་ན་ལས་མེད་དེ། རྨོངས་པ་ཆེན་པོ་ཁྱེར་ནས་ཕྱིན། 
ང་ཚོ་ད་དུང་ལམ་འདི་བརྒྱུད་ནས་འགྲོ་དུས། མིག་མདུན་དུ་དཀར་ཆ་ཉུང་ངུ་དེ་ལས་མེད་ཀྱང་། ང་ཚོ་དེའི་རྗེས་དེད་ནས་འགྲོ་རྒྱུ་ལས་མི་འདུག རྐང་པ་མཚམས་རྡོ་གསར་པ་ཞིག་གི་སྟེང་སྤོ་དུས། རྟག་པར་ང་ཚོ་ཕྱིར་འཁོར་ནས་ལྟ་རུ་འཇུག་པ་སྨོས་མ་དགོས། འོན་ཀྱང་། ང་ཚོས་རྟག་པར་རང་ཉིད་ལ་གསལ་འདེབས་བྱེད་དགོས་ཏེ། མདུན་ཕྱོགས་སུ་སྔར་བཞིན་འགྲོ་ལམ་ཡོད། ངས་མདུན་དུ་ང་ཚོས་ཡང་བསྐྱར་ལམ་དཀར་སྐྱ་རིང་པོ་ཞིག་སྨུག་པའི་ཁྲོད་འཐེན་པ་མཐོང་བྱུང་ཟེར་བ་མིན་ནམ། མག་མོག་དང་རང་ཤུགས་སུ། ཡིན་ཡང་སེམས་ཤུགས་ཆག་དགོས་དོན་མེད། དཔེར་ན་ཡུལ་སྐོར་ལྟ་བུ། ལམ་དུམ་བུ་ཞིག་སོང་རྗེས། དབུགས་ཧལ་མཚམས་མ་བཞག་པའི་སྐབས་དང་བསྟུན་ནས། ཡོང་སའི་ལམ་ལ་ཕྱིར་ལྟ་བྱས་ན། ཕྱོགས་བཞིར་སྤྲིན་དཀར་གྱིས་བསྐོར་བས། སྤྲོ་བ་ཤིན་ཏུ་ཆེ་བ་སྨོས་མ་དགོས། གལ་ཏེ་ཡང་བསྐྱར་མགོ་བོ་བཀྱགས་ནས་མདུན་གྱི་ལམ་ལ་བལྟས་ཚེ། སྔར་ལས་ཀྱང་སྤྲིན་རླུང་ཁྱབ་ཡོད་པས། ཡུལ་སྐོར་ལ་སྤྲོ་བ་མི་དམན་པ་ཞིག་བསྣན་པ་མིན་ནམ། མ་ཟད། མག་མོག་ཡིན་པའི་དབང་གིས། དེ་ལས་ལྡོག་སྟེ་བྲོ་བ་སྔར་ལས་ཆེ། ངས་མགོ་བཀྱགས་ནས་མདུན་དུ་བལྟ་དུས། སྨུག་མཚོ་ཁོ་ན་མཐོང་བྱུང་། མུ་མཐའ་མེད་པས། སྤྲིན་དང་རི་ཆུ་ནགས་གསུམ་དབྱེ་བ་འབྱེད་དཀའ། ང་ཚོས་གང་འདོད་དུ་བསམ་པའི་འཆར་སྣང་དེའི་སྟེང་བསྣན་ཆོག ང་ཚོ་རང་ཉིད་ཀྱིས་ཟིང་སྐྱ་དང་འཇའ་ཚོན་གྱི་ཁ་མདོག་བྱུག་ཆོག རྨི་ལམ་སྣ་མིན་དང་། འཁྲུལ་སྣང་སྣ་མིན། སྨིག་རྒྱུའི་གྲོང་སྣ་མིན་གང་འདོད་དུ་བཟོས་ཆོག བཟོས་ནས་གྲུབ་རྗེས། གང་འདོད་དུ་སྒྲིག་ཀྱང་མི་འཕྲོད་པ་ཡོད་མི་སྲིད། ཕྱིར་འཁོར་ནས་ལྟ་དུས་དང་བསྡུར་ན། སྐྱོན་ཤོར་བའི་རྗེས་ཤུལ་དང་། འདས་ཟིན་པའི་ངོ་རིས་ཁོ་ན་མཐོང་བས། དགའ་སྣང་དེ་རང་ཤུགས་སུ་མི་འདྲ། དུས་འདིར། ང་ཚོ་ཡང་ཧ་ལམ་བློ་བདེ་བག་ཕེབས་དང་སྟོབས་ཤུགས་གསར་པས་ཁེངས་ཏེ། དགའ་སྤྲོའི་ངང་མདུན་དུ་བསྐྱོད་དགོས། གལ་ཏེ་ལག་མཐིལ་གྱི་རི་མོའམ་བ་སྤུ་ཡོངས་མཐོང་བ་ལྟར་གསལ་ཐག་ཆོད་ན། བལྟས་མ་ཐག་ཏུ་རང་གི་དུར་ས་མཐོང་ཐུབ་པས། ཚོན་མདོག་བྱུག་དོན་མེད་ལ། སྨིག་རྒྱུའི་གྲོང་ནི་དེ་བས་ཀྱང་དགོས་དོན་མེད། སྒྱིད་ལུག་ངང་ལྗིད་ཏིག་ཏིག་གི་རྐང་པ་ཡར་བཀྱགས་ནས། འུ་ཐུག་ཐབས་ཟད་ངང་སྤོས་ཙ་ན། འགལ་རྐྱེན་ཆེན་པོ་ཤོར་ནས་འཚོ་བའི་སྤྲོ་བ་ཡོད་ཚད་བརླགས་པ་མིན་ནམ། 
དེ་ལྟ་ནའང་། ང་ཚོས་མ་འོངས་པར་ཚོས་བྱུག་ནས། རྨི་ལམ་དང་འཁྲུལ་སྣང་། སྨིག་རྒྱུའི་གྲོང་སོགས་བཟོས་ཆོག་མོད། ཀྱག་ཀྱོག་ངང་སྨུག་སྐྱའི་ནང་དུ་བསྲིངས་བའི་ལམ་རིང་པོ་དེ་དྲན་དུས། སྔར་བཞིན་ལམ་རིང་པོ་དེ་ལས་མ་འདས་ཏེ། སྨུག་པ་ལས་ཀྱག་ཀྱོག་ངང་ཐོན་པ་དེ་དང་ཁྱད་པར་ཆེན་པོ་མི་འདུག་པས། ང་ཚོ་ཡང་བསྐྱར་མགོ་འཐོམས་སོང་། ཏན་ཏན་མེད་ན་ཁྱད་པར་ཅུང་ཟད་ཡོད་སྲིད་མོད། སྔར་བཞིན་དེ་དང་ཆ་འདྲ་བ་ཁ་ཚང་ཞིག་མཐོང་དགོས་པ་ང་ཚོས་ཤེས་ཡོད། དངོས་གནས། ང་ཚོས་ཀྱང་དེ་དང་ཆ་འདྲ་བ་ཁ་ཚང་ཞིག་ལས་མ་མཐོང་། ཅུང་ཟད་མི་འདྲ་བ་ནི། གོ་རིམ་ལོག་པ་དེ་ལས་མ་འདས། —ང་ཚོས་སྔོན་ལ་གང་སར་འོད་ཆེམ་ཆེམ་འཕྲོ་བའི་མེ་ཏོག་གི་གཟུགས་དམར་དེ་མཐོང་ངེས་ལ། དེ་ནས་སྔོ་ཐིང་ཐིང་གི་སྣུམ་ཁུ་གར་པོ་མཐོང་ཐུབ། དེ་ནས་ཡང་ཁུ་སིམ་མེར་བག་ཕེབས་པའི་སྨུག་སྤྲིན་སེར་པོ་དེ་མཐོང་ཐུབ། དེ་ནས་ཡང་ཐལ་མདོག་གི་མཁའ་དབྱིངས་སུ་ཟུག་པའི་དཀར་བོང་བོང་གི་ཁ་བ་ཆགས་པའི་ཡལ་ག་དེ་མཐོང་ཐུབ། དཀྱིལ་དུ་ཉིན་མོའི་འོད་དང་མཚན་མོའི་སྨག་གིས་བརྒྱན་ཡོད། ཉིན་མོར། ང་ཚོས་དཀའ་ལས་བརྒྱབ་ནས་གྲོད་ཁོག་བརྫངས། མཚན་མོར། ང་ཚོ་མལ་ཁྲིའི་སྟེང་ཁ་གདངས་ནས་སྔུར་བ་འཐེན་བཞིན་གཉིད། སྔ་མ་ནང་བཞིན། ཉིན་དང་མཚན་མཐུད་ནས། མཚན་དང་ཉིན་མཐུད། དེ་མུར་མཚམས་རྡོ་གཅིག་གི་སར་བསླེབས། ང་ཚོའི་མིག་མདུན་དུ་སྔར་བཞིན་དུས་ཚོད་ཐུང་ངུ་དེའི་འོད་ཉུང་ངུ་དེ་ཁོ་ན་འདུག རྐང་པ་མཚམས་རྡོ་འདིའི་སྟེང་རྐང་པ་སྤོ་དུས། ཏན་ཏན་མེད་ན་ད་དུང་ཕྱིར་འཁོར་ནས་ད་ལྟ་མཐོང་ཐུབ་ཀྱང་སྲིད། ད་ལྟ་སྔ་མོ་ནས་སྨུག་གཟེབ་ཏུ་བཅུག་ནས་དྲན་པར་སྦས་ཟིན། ང་ཚོའི་སེམས་པ་ནི་ད་ལྟའི་མཚམས་རྡོ་འདིའི་སྟེང་སྤོས་ནས་སྔོན་ཆད་ལ་ཕྱིར་ལྟ་བྱེད་པ་དང་ཧ་ལམ་ཁྱད་པར་ཆེན་པོ་མེད། རྐང་རྗེས་དཀར་སྐྱ་དེ་ད་ལྟའི་རྐང་འོག་ནས་དེ་དུས་ཀྱི་རྐང་འོག་ཏུ་སྦྲེལ་བ་མཐོང་རྗེས། སེམས་མགོར་འཛུམས་མདངས་བཞད་དམ། ཁའི་ཟུར་དུ་འཛུམས་མདངས་གྲོལ་ལམ། བློ་ཕམ་མམ། སྣང་མེད་བྱེད་དམ། མིག་མདུན་གྱི་ཡོལ་བ་ཅུང་ཙམ་རེ་ཕྱིས་འགྲོ་བ་མཐོང་རྗེས། མཚར་རམ། སྐྲག་གམ། དགའ་འམ། དེ་དག་ཚང་མ་ཤེས་ཐབས་བྲལ། 
དེ་ནས། མཚམས་རྡོ་གཅིག་བརྒྱུད་དེ་ཡང་བསྐྱར་ལྟ་དུས། སྔར་བཞིན་གཟུགས་དམར་དང་། སྔོ་ནག སྨུག་སེར། ཁ་བ་རེད། ཉིན་མོའི་འོད་དང་། མཚན་མོའི་སྨག གཅིག་གིས་གཅིག་དེད་ནས། གོང་བུ་གཅིག་ཏུ་འགྲིལ། འགྲིལ་དུས་གཡུ་གཞོང་ནང་གི་མུ་ཏིག་དང་འདྲ། མཐར་ང་ཚོས་ཅི་ཞིག་མཐོང་ངམ། སྐྱ་ཐལ་ཐལ། ཁྱད་མཚར་མ་རེད། འོན་ཀྱང་ང་ཚོ་ཡང་བསྐྱར་འདར་དུ་བཅུག —ལམ་དཀར་སྐྱ་རིང་པོ་འདིའི་མཐའ་སྣེ་ན། སྨུག་པའི་གཏིང་ན། སུས་ཀྱང་གནས་ཅི་ཞིག་ཡིན་པ་གསལ་བོར་བཤད་མི་ཐུབ། འཇིགས་སྐུལ་གྱིས་ཁེངས་པའི་དོང་ནག་ཅིག་གིས། ང་ཚོར་ཕྱོགས་ནས་གཏུམ་དགོད་བྱེད། དེ་ནི་ང་ཚོའི་ལོག་མལ་ཡིན། ང་ཚོའི་མིག་མདུན་སྒྲིབ་པའི་ཡོལ་བ། གང་ལྟར་ཡང་ཕྱིར་འཐེན་མི་བྱེད། ང་ཚོའི་མིག་མདུན་དུ་ཡོད་པ་ནི་སྔར་བཞིན་སྐད་ཅིག་མའི་འོད་དེ་རེད། ཉག་ཉོག་ཆེན་པོ་ཞིག་ཁྱེར་ནས། ནག་དོང་འདིའི་ནང་དུ་སོང་། 
ནག་དོང་འདིའི་ནང་ཕྱིན་པ་ནི། དོན་དངོས་ཐོག་མི་བཟང་རྒྱུ་ཡང་མེད་དེ། ང་ཚོས་ཁུ་སིམ་མེར་ངལ་གསོ་བརྒྱབ་ཆོག་པའི་ཕྱིར། ཡིན་ཡང་འདི་འདྲ་སླ་མོ་ཞིག་ཀྱང་མ་ཡིན། བར་དུ་བྱ་ཐབས་ག་ཚོད་བརྒྱུད་ཅིང་། ལམ་ཐག་ག་འདྲ་ཞིག་བརྒྱུད་ན་ད་གཟོད་བསླེབས་ཐུབ་བམ། དེ་སུས་ཤེས། ང་ཚོ་ད་དུང་སྔོན་ཆད་ལ་བསླེབས་མ་ཐུབ་པར། རྐང་པ་མཚམས་རྡོ་གཅིག་གི་སྟེང་སྤོ་དུས། ལས་ལ་བསྐོས་པ་བཞིན་མདུན་དུ་བལྟ་བའམ་རྒྱབ་ཏུ་བལྟ་རྒྱུ་ལས་མ་འདས། རྒྱབ་ལ་བལྟས་ན། སྐྱ་ཐལ་ཐལ། ཡ་མི་མཚར། མདུན་དུ་བལྟས་ན། སྐྱ་ཐལ་ཐལ། དེ་བས་ཀྱང་ཁྱད་མི་མཚར། འོན་ཀྱང་། ང་ཚོས་རྨི་ལམ་རྨིས་ཆོག ཡང་བསྐྱར་ང་ཚོས་རྨི་ལམ་ཇི་འདྲ་ཞིག་རྨི་དགོས་པ་དྲིས་ཚེ། དེ་སུས་ཤེས།  —ཡོད་ཚད་ལས་དབང་ལ་བཀོད་སྒྲིག་བྱེད་དུ་ཆུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།