༄༅།།ཨོ·ཧིན་ལིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《ལོ་ཉི་ཤུའི་རྗེས་སུ》ཞེས་པར་ཉམས་སུ་མྱོང་རོགས།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-07 17:38:53 ཀློག་གྲངས།:
ལོ་ཉི་ཤུའི་རྗེས་སུ།
ཨོ·ཧིན་ལིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར། 
 
    ལས་རེས་ཉེན་རྟོག་པས་ཡིན་མདོག་ཁ་པོས་ལམ་ཧྲིལ་བོར་སྐོར་ཞིབ་བྱས་ནས་འོངས།  ཡིན་མདོག་ཁ་པོའི་བཟོ་ལྟ་འདི་ནི་ལས་རིགས་གོམས་གཤིས་ཀྱི་དབང་གིས་བྱུང་བ་ཡིན་པ་ལས།  རང་སྣང་གང་ཤར་དང་མི་མང་གི་མདུན་དུ་རང་ཉིད་ངོམ་སོ་བྱེད་པ་མིན་ཏེ།  རྒྱུ་མཚན་ནི་སྲང་ལམ་དུ་ལྟད་མོ་ལྟ་མཁན་ཧ་ཅང་ཉུང་ཉུང་ཡིན།  མཚན་མོའི་ཆུ་ཚོད་བཅུ་པ་ཡོལ་མ་ཐག ཆར་དྲི་འདྲེས་མའི་གྲང་རླུང་གི་འཇབ་རྒོལ་གྱིས་སྲང་ལམ་གྱི་མི་རྣམས་མཐར་བསྐྲད་འདུག
          ཉེན་རྟོག་དཔོན་འདིའི་གཟུགས་སྟོབས་ཆེ་ལ། རྣམ་འགྱུར་གཞུང་དྲང་ཡིན་ཞིང་དྲེགས་ཉམས་ཅུང་ཙམ་མངོན་པས།  དཔེར་འོས་པའི་དུས་བདེའི་སྲུང་དམག་གི་རྟགས་མཚོན་ཞིག་རེད།  ཁོས་འགྲོ་ཞོར་དུ་རྣམ་པ་སྒྱུར་བཞིན་ལག་གི་ཉེན་ཟོན་དབྱུག་པ་གཡུགས་ཞིང་རྩེ་བ་ཁོ་ན་མཐོང་ལ།  སྒོ་རེ་རེ་བརྒྱུད་དུས།  ཁོས་ཚོད་ལྟའི་ངང་འདེད་ཙམ་བྱས་ནས།  སྒོ་ཡག་པོ་བརྒྱབ་ཡོད་མེད་ལ་ལྟ།  ད་དུང་རྟག་པར་མགོ་བོ་གཅུས་ནས་ལྷིང་འཇགས་ཀྱི་ཁྲོམ་ངོས་སུ་དོགས་ཟོན་གྱི་མིག་མདའ་འཕེན།  ཁུལ་འདིའི་སྡོད་དམངས་རྣམས་སྔ་མོར་ཉལ་རྒྱུར་གོམས་ཡོད་པས།  ཁྱོད་ཀྱིས་སྐབས་འགར་དུ་བ་ཚོང་ཁང་ཞིག་གམ་ཡང་ན་ཉིན་མཚན་གཉིས་ཀར་གཉེར་བའི་སྟབས་བདེའི་ཟ་ཁང་ཞིག་གིས་གློག་སྒྲོན་བཀར་ཡོད་པ་མཐོང་ཐུབ་ཀྱང།  ཚོང་པ་མང་ཆེ་བས་སྔ་མོ་ནས་སྒོ་བརྒྱབ་ཟིན། 
            ཁྲོམ་ཁུལ་གྱི་དཀྱིལ་གནས་སུ།  ཉེན་རྟོག་པས་གོམ་པ་སྒྱུར་མཚམས་ཇེ་དལ་དུ་བཏང་།  སྐྱེས་པ་ཞིག་གིས་མེ་བསྒོས་མེད་པའི་དུ་བ་ཞའོ་ཅ་ཞིག་ཁ་རུ་བཙུགས་ནས།  ནག་འཐིབས་བེར་ཡོད་པའི་ལྕགས་རིགས་ཚོང་ཁང་ཞིག་གི་སྒོ་ཁར་ལངས་ཡོད་པ་མཐོང་།  ཉེན་རྟོག་པ་ཐད་ཀར་ཁོར་གཟས་ནས་སོང་བ་ན།   མི་དེས་ལམ་སེང་ཁ་གྲག་བྱུང་། 
         “སྐྱོན་མེད།  སྐུ་ཞབས་ཉེན་རྟོག་པ་ལགས། ”ཁོས་ཉེན་རྟོག་པར་ཁས་ལེན་བྱེད་རྒྱུར། “ངས་གྲོགས་པོ་ཞིག་སྒུག་བཞིན་ཡོད་པ་ཙམ་ཡིན།  འདི་ནི་ལོ་ཉི་ཤུའི་སྔོན་ནས་ཁ་ཆད་བཞག་ཡོད་པ་ཞིག་ཡིན། ཉན་པ་ཙམ་གྱིས་དོན་དག་འདི་ཁྱད་མཚར་ཞིག་རེད།  ཨེ་རེད། འོ། ཁྱོད་ཀྱིས་གསལ་བོར་ཤེས་འདོད་ན།  ངས་ཁྱོད་ལ་འགྲེལ་བཤད་བརྒྱབ་ཆོག ལོ་ཉི་ཤུའི་སྔོན་དུ།  ཚོང་ཁང་འདིའི་གནས་སུ་ཟ་ཁང་ཞིག་ཡོད་མྱོང་སྟེ།—‘ཏཱ་ལའོ་ཆོ ’པུའུ་ལའེ་ཏི་ཟ་ཁང་། ”
         ཉེན་རྟོག་པས་“ལོ་ལྔའི་ཡར་སྔོན་དུ་ད་དུང་ཡོད་མོད། རྗེས་སུ་བཤིག་པ་རེད”ཟེར།
          སྒོ་ཁར་ལངས་བའི་མི་དེས་འབར་ཞུན་རྐང་གཅིག་སྦར་ནས་དུ་བ་ཞའོ་ཅར་མེ་བསྒོས་བྱུང་།  མེ་འོད་ཀྱིས་ཁོ་ལ་མ་ནེ་གྲུ་བཞི་ཞིག་དང་། གདོང་མདོག་སྐྱ་བོ་ཞིག མིག་འོད་རྣོན་པོ་ཞིག སྨིན་མ་གཡས་པའི་མཐའ་རུ་དཀར་པོར་གྱུར་བའི་རྨ་ཤུལ་ཅིག་བཅས་དང་།  ཁོའི་གོང་དཀྲིས་སྟེང་རྣམ་པ་ཁྱད་མཚར་བའི་རྡོ་ཕ་ལམ་ཆེན་པོའི་ཁབ་གཟེབ་ཞིག་འཛེར་ཡོད་པ་གསལ་བྱུང་། 
     “ལོ་ཉི་ཤུའི་སྔོན་གྱི་མཚན་མོ་འདིར།  ”མི་དེས་བཤད་རྒྱུར།  “ང་དང་ངའི་གྲོགས་པོ་ལེགས་ཤོས་ཏེ།  འཇིག་རྟེན་གྱི་གཞོན་ནུ་ཆེས་ཕུལ་བྱུང་ཅི་སྨི·ཝེ་འར་སི་དང་མཉམ་དུ།  གནས་འདིའི་‘ཏཱ་ལའོ་ཆོ’པུའུ་ལའེ་ཏི་ཟ་ཁང་ནས་ཟ་མ་བཟས།  ཁོ་དང་ངེད་གཉིས་ནི་ཉིའུ་ཡོ་ནས་འཚར་ལོངས་བྱུང་བ་ཡིན་པས།  སྤུན་དངོས་དང་གཉིས་སུ་མེད་ཅིང་།  ཉིན་ཧྲིལ་བོར་གཟུགས་དང་གྲིབ་མ་བཞིན་འགྲོགས་པ་ཡིན།  སྐབས་དེ་དུས་ང་རང་ལོ་བཅོ་བརྒྱད་ཡིན་ལ།  ཅི་སྨི་ལོ་ཉི་ཤུ་ཡིན།  ཕྱི་ཉིན་ཞོགས་པར་ང་རང་ནུབ་རྒྱུད་དུ་འཁྱམས་བསྐྱོད་ལ་རྡོག་ཐོན་བྱེད་དགོས།  ཁྱོད་ཀྱིས་ཉིའུ་ཡོ་ནས་ཅི་སྨི་ཁྲིད་ཐུབ་པར་སྟོང་སེམས་མ་བཅང་།  ཁོས་ཉིའུ་ཡོ་ནི་འཛམ་གླིང་གི་འགྲོ་ས་ལེགས་པོ་གཅིག་པུར་བསམ་ཡོད།  དེ་ནས།  མཚན་མོ་དེར་ངེད་གཉིས་ཀྱིས།  ལོ་ཉི་ཤུའི་རྗེས་སུ་ད་དུང་ཉིན་དེའི་ཆུ་ཚོད་དེའི་སྟེང་གནས་འདི་ནས་ཐུག་འཕྲད་བྱེད་པར་ཁ་ཆད་བཞག་ཡོད།  དུས་དེར་བསླེབས་དུས་འཚོ་བ་ག་འདྲ་ཡིན་རུང་། རྒྱང་ཐག་ག་འདྲ་རིང་བོས་ཆོད་ཡོད་ཀྱང་།  ང་ཚོ་ཅིས་ཀྱང་དུས་ལྟར་ཐུག་འཕྲད་དུ་ཡོང་དགོས།  ང་ཚོས་སྐབས་དེ་དུས་བསམས་པ་ནི།  ལོ་ཉི་ཤུ་འདས་རྗེས།  སྐྱིད་པོ་ཡོད་མེད་གང་ཡིན་རུང་།  གཉིས་ཀས་སོ་སོའི་ལས་སྐལ་གསལ་བསྒྲགས་བྱེད་ཐུབ་ངེས་དེ་ཡིན། ”
  “མཉན་ཡོང་ན་སྤྲོ་སྣང་ལྡན་པ་ཞིག་རེད། ”ཉེན་རྟོག་པས་བཤད་རྒྱུར།  “ཡིན་ཡང་ང་ལ་མཚོན་ནས་བཤད་ན།  ཐུག་འཕྲད་ཐེངས་གཉིས་ཀྱི་བར་མཚམས་དུས་ཚོད་ཧ་ཅང་རིང་དྲགས་འདུག ཁྱོད་རང་འདི་ནས་ཁ་བྲལ་རྗེས་གྲོགས་པོའི་གནས་ཚུལ་འདྲ་གོ་མྱོང་ངམ། ”
   “འོ།  ལོས་མྱོང་། བར་སྐབས་ཤིག་ལ་ངེད་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བཏང་མྱོང་། ”གཞན་དེས་བཤད་རྒྱུར། “འོན་ཀྱང་ལོ་གཅིག་གཉིས་ཤིག་གི་རྗེས་སུ་འབྲེལ་ཐག་ཆད་སོང་།  ཁྱོད་ཀྱིས་ཤེས་གསལ་ལྟར།  ནུབ་རྒྱུད་ནི་ནང་དོན་ཕུན་སུམ་ཚོགས་པའི་ས་ཆ་ཆེན་པོ་ཞིག་ཡིན་ལ།  ང་རང་དེ་རུ་ཡར་རྒྱུག་མར་རྒྱུག་བྱས་ཏེ།  འཚོ་བ་ནི་ནམ་ཡང་ལྷིང་འཇགས་སུ་གནས་ཐབས་བྲལ།  འོན་ཀྱང་ངས་ཤེས་ཡོད་དེ།  གལ་སྲིད་ཅི་སྨི་ད་དུང་གསོན་ཡོད་ན།  ཁོ་རང་འདི་རུ་ང་ལ་ཐུག་འཕྲད་དུ་ཡོང་ཁོ་ཐག་ཡིན་ཏེ།  ཅི་སྨི་མི་རྒན་ནི་གནམ་འོག་འདིར་ཡིད་རྟོན་ལ་དང་དོད་ཆེ་ཤོས་དེ་དང་བློ་གཏད་ཆོག་ཆོག་དེ་ཡིན།  ཁོས་གཏན་ནས་བརྗེད་མི་སྲིད།  ང་ནི་དབྱིན་ལེ་སྟོང་གི་ཕ་རོལ་ནས་འདིར་བསྙེགས་དོན་ཡང་།  དོ་དགོང་དུས་ལྟར་སྒོ་ཁ་འདིར་ལངས་ཐུབ་ཆེད་ཡིན། གལ་ཏེ་ངའི་གྲོགས་པོ་རྙིང་པའང་འདིར་བསླེབས་ཚེ། ཐེངས་འདིའི་ཡོང་དོན་ལ་རིན་ཐང་ཧ་ཅང་ཆེ།  ”
         གྲོགས་པོར་སྒུག་པའི་མི་དེས་རུམ་ནས་ཆུ་ཚོད་འཁོར་ལོ་ཡིད་དུ་འོང་བ་ཞིག་བླངས་ནས་དུས་ཚོད་ལ་བལྟ་ཙམ་བྱས་ལ།  ཆུ་ཚོད་འཁོར་ལོའི་ཁ་གཅོད་སྟེང་རྡོ་ཕ་ལམ་རྡོག་པོ་ཆུང་ཆུང་མང་པོས་བརྒྱན་འདུག
       “  ཆུ་ཚོད་བཅུ་པ་བསླེབས་པར་སྐར་མ་གསུམ་ཆད་འདུག” ཁོས་བཤད་རྒྱུར།  “ལོ་དེར་ང་ཚོ་ཟ་ཁང་གི་སྒོ་ཁ་ནས་གྱེས་དུས་ཀྱི་དུས་ཚོད་ནི་ཏག་ཏག་ཆུ་ཚོད་བཅུ་པ་ཡིན། ”
       “ཁྱོད་རང་ནུབ་རྒྱུད་ནས་འཚོ་བ་སྐྱིད་པ་འདྲ། དེ་འདྲ་རེད་དམ།”  ཉེན་རྟོག་པས་དྲིས། 
      “ལོས་ཡིན།  ཅི་སྨི་ཡི་འཚོ་བ་ངའི་འཚོ་བའི་ཕྱེད་ཀར་འགྲན་ཐུབ་ཀྱང་ཆོག ཁོ་འདིས་ཅི་ཞིག་བསྒྲུབ་ཀྱང་གླེན་པ་ལྟར་ཤུགས་བཙོང་ཁོ་ན་བྱེད། འོན་ཀྱང་ཁོ་ནི་མི་བཟང་ཞིག་ཡིན།  ང་རང་ཕྱུག་པོར་འགྱུར་བའི་གོ་རིམ་ཁྲོད་མི་འཇོན་ཐང་ཅན་དང་འབྲེལ་འདྲིས་བྱས་མྱོང་། ཉོའུ་ཡོ་ན་འཚོ་བའི་མི་ནི་ཚང་མ་བག་ཡོད་ཚུལ་ལྡན་དང་། སྔ་སྲོལ་མཁྲེགས་འཛིན་བྱེད་མཁན་ཡིན།  ཡིན་ཡང་ནུབ་རྒྱུད་དུ་བསླེབས་དུས།  ཁྱོད་རང་རླུང་ཁ་དང་རླབས་རྩེ་ན་ཡོད།  ”
   ཉེན་རྟོག་པས་ཉེན་ཟོན་དབྱུག་པ་ཅིག་བསྐོར་བ་དང་།  མདུན་དུ་གོམ་པ་གཅིག་གཉིས་ཙམ་སྤོས། 
        “ང་རང་ངའི་དོན་དག་བསྒྲུབ་ཏུ་འགྲོ་དགོས།  ཁྱོད་ཀྱི་གྲོགས་པོ་བདེ་ལེགས་ངང་འབྱོར་བར་སྨོན།  ཁོ་རང་ཡིན་གཅིག་མིན་གཉིས་དུས་ལྟར་འབྱོར་དགོས་སམ། ” 
    “དེ་འདྲ་མིན་ནོ། ། ”  གཞན་དེས་བཤད་རྒྱུར།     “ཅི་སྨི་ད་དུང་གསོན་ཡོད་ལ།  བར་སྐབས་འདིར་ཁོ་
དུས་ལྟར་བསླེབས་པ་ཡིན་ཚེ།  ངས་མ་མཐར་ཡང་ཆུ་ཚོད་ཕྱེད་ཀར་ཁོ་སྒུག་ཆོག  ལམ་དཀར།  ཉེན་རྟོག་དཔོན།  ” 
        “གཟིམས་ས་བདེ།  སྐུ་ཞབས།  ”ཉེན་རྟོག་པས་དེ་ལྟར་བཤད་རྗེས།  མུ་མཐུད་དུ་ཁོའི་སྐོར་ཞིབ་ལམ་ཐིག་བརྒྱུད་ནས་མདུན་དུ་སོང་ལ།  ལམ་བར་དུ་སྔར་བཞིན་མཚམས་མི་འཇོག་པར་ཁྱིམ་རེ་རེའི་སྒོ་འདེད་ཙམ་བྱས། 
          གྲང་ཆར་ཟམ་ཟིམ་ཞིག་འབབ་མགོ་ཚུགས།  དེ་སྔོན་ཕར་ལྡིང་ཚུར་ལྡིང་བྱེད་པའི་རླུང་བུའང་དུས་འདིར་བདེ་ལ་བབས་ནས།  ཤུགས་ཀྱིས་ལྡང་བཞིན་འདུག གཞུང་ལམ་དུ་ལན་རེར་ཁུལ་འདིའི་སྡོད་དམངས་གཅིག་གཉིས་ཤིག་རྟབ་རྟབ་པོར་རྒྱུ་ཞིང་།  ཁོ་ཚོས་མགོ་བོ་མཐོན་པོར་བརྩེངས་བའི་ལྭ་རིང་དུ་སྦས་ཏེ།  ལག་པ་ཁུག་མའི་ནང་བཅུག་ནས།  སེམས་སྡུག་གི་རྣམ་འགྱུར་ཅིག་མངོན་བཞིན་ཁ་རོག་གེར་སྐྱོད།  ལྕགས་རིགས་ཚོང་ཁང་གི་སྒོ་ཁར།  མི་དེ་སྔར་བཞིན་གནས་དེར་ལངས་ནས།  ཞའོ་ཅ་འཐེན་བཞིན་ངང་རྒྱུད་རིང་པོས་སྒུག་འདུག གདེང་ཚོད་གཏན་ནས་མེད་ལ།  ཁུངས་ཡང་མེད་པའི་ཁ་ཆད་ཅིག་ལག་ལེན་དུ་བསྟར་ཆེད།  ཁོ་རང་ས་ཐག་རིང་པོ་བརྒྱུད་དེ་ནུབ་རྒྱུད་ནས་བསྙེགས་འོངས་ལ།  ཁོའི་གཞོན་དུས་ཀྱི་གྲོགས་པོ་དང་ཐུགས་འཕྲད་གནང་བར་ཕེབས། 
          ཕལ་ཆེར་སྐར་མ་ཉི་ཤུ་འགོར་རྗེས།  ལུས་སུ་ལྭ་རིང་གྱོན་ཅིང་།  ལྭའི་གོང་བ་རྣ་ཅོག་སྟེང་བརྩེངས་བའི་སྐྱེས་པ་ཞིག་རྟབ་རྟབ་པོར་གཞུང་ལམ་གཤགས་ནས།  ཐད་ཀར་གྲོགས་པོར་སྒུག་མཁན་འདིའི་ཕྱོགས་སུ་གཏད་ནས་ཡོང་གིན་འདུག
       “ཁྱོད་ཡིན་ནམ།  པའོ་པཱོ།  ཁོས་ཐེ་ཚོམ་ངང་དྲིས།”
      “ཁྱོད་ནི་ཅི་སྨི·ཝེ་ཨར་སི་ཡིན་ནམ།” སྒོ་ཁ་ན་ལངས་མཁན་དེས་སྐད་ཅོར་བརྒྱབ་བྱུང་། 
        “དཀོན་མཆོག་གིས་མཁྱེན། ” གསར་དུ་བསླེབས་པ་དེས་ཀྱང་སྐར་ཅོར་བརྒྱབ་པ་དང་ཆབས་ཅིག ཕ་རོལ་བའི་ལག་པ་དམ་པོར་བཟུང་།  “དངོས་གནས་པའོ་པཱོ་ཡིན་ཏེ།  ཡོངས་སུ་འགྲིག་འདུག ངས་ཤེས་ཡོད།  ཁྱོད་རང་ཚེ་ཐོག་འདིར་ད་དུང་གསོན་ཡོད་ཚེ།  ང་རང་གནས་འདི་ནས་ཁྱོད་དང་ཐུག་ཐུབ།  ཧ་ཧ་ཧ། —ལོ་ངོ་ཉི་ཤུ་ནི་ངོ་མ་རིང་།  ཟ་ཁང་རྙིང་པ་མི་འདུག པའོ་པཱོ།  ངས་དེ་ཉིད་ཡོད་པར་རེ་བ་བྱས།  དེ་ཡོད་པ་ཡིན་ན་ང་ཚོས་འདི་ནས་ད་དུང་ཟས་ཐུན་གཅིག་བཟས་ཆོག གྲོགས་པོ་རྙིང་པ། ནུབ་རྒྱུད་ཀྱིས་ཁྱོད་ལ་སྣེ་ལེན་ག་འདྲ་བྱས་སོང་། ”
       “ཤིན་ཏུ་ལེགས།  ང་ལ་མཁོ་བའི་དངོས་པོ་ཐམས་ཅད་དེས་སྤྲད་བྱུང་།  ཡིན་ཡང་ཅི་སྨི།  ཁྱོད་ལ་འགྱུར་བ་མི་ཉུང་བ་ཞིག་བྱུང་འདུག ཁྱོད་རང་ཆེན་པོ་འདི་འདྲ་ཆགས་པ་ངོ་མ་ངའི་བསམ་ཡུལ་ལས་འདས་སོང་།  དབྱིན་ཚུན་གཉིས་གསུམ་ཙམ་ཇེ་རིང་དུ་ཕྱིན་འདུག
     “ཝུ། ལོ་ཉི་ཤུའི་རྗེས་སུ་ངའི་གཟུགས་ཅུང་ཙམ་སྐྱེས་སོང་།”
     “ ཅི་སྨི།  ཉོའུ་ཡོ་ནས་འཚོ་བ་ལེགས་པོ་བྱུང་ངམ།”
     “ཧ་རི་ཧུ་རི་ཡིན། ངས་གྲོང་ཁྱེར་གཞུང་དོན་པུའུ་ནས་ལས་ཀ་ཞིག་རེག་ཐུབ་སོང་། ཤོག་དང་། པའོ་པཱོ། ངེད་གཉིས་ང་ལ་རྒྱུས་ཡོད་པའི་གནས་ཤིག་ཏུ་སོང་ནས།  སྔ་རྒྱུས་ད་རྒྱུས་ཅིག་བཤད།”
      གཉིས་ཀས་ཕན་ཚུན་གྱི་དཔུང་པར་འཇུས་ནས་ལམ་དུ་ཆས། ནུབ་རྒྱུད་ནས་འོངས་བ་དེས་རྒྱལ་ཁའི་ཁེངས་དྲེགས་གནོན་མ་ཐུབ་པར། གསོན་ཉམས་ལྡན་པའི་ངང་ཁོའི་བྱས་རྗེས་བཞག་པའི་ལོ་རྒྱུས་བཤད་མགོ་ཚུགས།  གཞན་དེ་ལྭ་རིང་དུ་བསྐུམས་ནས། སྤྲོ་བ་འཕེལ་བའི་ངང་མཉན་བཞིན་འདུག
         མདུན་གྱི་སྲང་ཀྱོག་ཏུ་གློག་སྦར་བའི་སྨན་ཚོང་ཁང་ཞིག་འདུག གཉིས་ཀ་དེ་རུ་བསླེབས་མ་ཐག མཉམ་གཅིག་ཏུ་མགོ་བོ་དཀྱོགས་ཤིང་། གློག་འོད་འོག་ཏུ་ཕན་ཚུན་ལ་ཞིབ་ལྟ་བྱེད་བཞིན་འདུག
ནུབ་རྒྱུད་ནས་འོངས་བ་དེས་གློ་བུར་དུ་འགྲོ་མཚམས་བཞག་ནས། དཔུང་པ་གློད་བྱུང་།
 “ཁྱོད་ཅི་སྨི·ཝེ་ཨར་སི་མ་རེད།” ཁོས་ཁོང་ཁྲོས་ངང་བཤད་རྒྱུར།  “ལོ་ངོ་ཉི་ཤུ་དངོས་གནས་རིང་།
ཡིན་ཡང་མི་ཞིག་གི་སྣའི་གཟེངས་མཐོན་པོ་དེ་སྙོམས་པོར་གཏོང་ཐུབ་པའི་ཚད་ལ་ད་དུང་བསླེབས་མི་སྲིད། ”
       “འོན་ཀྱང་སྐབས་ལ་ལར་མི་བཟང་ཞིག་མི་ངན་དུ་གཏོང་སྲིད།” མི་གཟུགས་རིང་དེས་བཤད་རྒྱུར།  “ཁྱོད་རང་འཛིན་བཟུང་བྱས་ནས་སྐར་མ་བཅུ་འགོར་སོང་། མགོ་བདེ་པོ་པའོ་པཱོ།  ཀྲི་ཅཱ་ཀོ་ཕྱོགས་ནས་ཁྱོད་རང་ང་ཚོའི་གནས་འདིར་བྲོས་སྲིད་པར་སྙམ་སྟེ། ང་ཚོར་གློག་འཕྲིན་བཏང་བྱུང་།  ཁོ་ཚོས་ཁྱོད་བཙལ་ནས་གླེང་མོལ་ཞིག་བྱེད་འདོད་ཟེར།  བསམ་ཤེས་ན་ཁ་རོག་གེར་ངའི་མཉམ་དུ་སོང་ན་ཇི་འདྲ་རེད། འོ་རེད། མ་ཕྱིན་སྔོན་ལ་ཁྱོད་ལ་ཡིག་ཐུང་ཞིག་བལྟ་རུ་འཇུག དེ་ནི་གཞན་གྱིས་ང་ལ་ཁྱོད་ལ་སྟེར་དགོས་པར་མངགས་བཅོལ་བྱས་པ་ཞིག་ཡིན།  ཁྱོད་རང་ཤེལ་སྒྲོམ་འགྲམ་དུ་བཅར་ནས་ཀློག་ཆོག དེ་ནི་སྐོར་
ཞིབ་ཉེན་རྟོག་པ་ཝེ་ཨར་སིས་བྲིས་པ་རེད།”
ནུབ་རྒྱུད་ནས་འོངས་བའི་མི་དེས་ཤོག་ལྷེབ་ཆུང་ཆུང་ཞིག་བླངས་ནས་ཁ་ཕྱེ་སྟེ་བལྟས།  དང་པོར་ཁོའི་ལག་ཏུ་བཟུང་བ་བརྟན་ཡང་།  བལྟས་ཚར་མ་ཐག་ཅུང་ཙམ་འདར་གྱིན་འདུག ཡིག་ཐུང་བྲིས་པ་ཧ་ཅང་སྟབས་བདེ་རེད། 
པའོ་པཱོ།
         ང་རང་དུས་ལྟར་ཁ་ཆད་བྱས་པའི་གནས་དེར་འབྱོར་སོང་། ཁྱོད་ཀྱིས་ཙག་སྒྲ་བསྒྲོན་ནས་ཞའོ་ཅར་མེ་བསྒོ་དུས།  ངས་ཁྱོད་ནི་ཀྲི་ཅཱ་ཀི་ཕྱོགས་ནས་འཛིན་བཟུང་བཀག་རྒྱ་བཏང་བའི་མི་དེ་ཡིན་པ་ངོས་ཟིན་བྱུང་། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ངས་ལག་འགུལ་མ་ཐུབ།  དེ་བས་ང་རང་ཡང་བསྐྱར་གནས་དེར་བྲལ་ཏེ།  རྒྱུན་གོས་གྱོན་པའི་ཉེན་རྟོག་པ་ཞིག་མངགས་ནས་འོས་འགན་འདི་ལག་བསྟར་བྱེད་བཅུག་པ་ཡིན། 
སྒྲུང་གཏམ་འདི་ཧྲི་ཞང་སའེ་ཡིས་བསྒྱུར་བའི་རྒྱ་ཡིག་གི་མ་ཡིག་ལས་བསྒྱུར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།