མཐེ་བོང་གི་སྒྲོག སྨད་ཆ།
རྩོམ་པ་པོ།:མའོ་ཡན་གྱིས་བརྩམས། སྙིང་མོ་སྐྱ
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-14 08:50:38
ཀློག་གྲངས།:
མཐེ་བོང་གི་སྒྲོག
མའོ་ཡན་གྱིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
སྨད་ཆ།
འདྲུད་འཐེན་འཁོར་ལོ་དུར་ཁྲོད་ཀྱི་མདུན་ནས་ཁ་བཀག་བྱུང་། འདྲུད་སྒམ་ནང་གི་མི་རྣམས་ཀྱིས་ཀྱང་གཞས་གཏོང་མཚམས་བཞག ཡིན་ཡང་འཕྲུལ་ཆས་ཀྱིས་ད་རུང་ཏུང་ཏུང་གི་སྒྲ་སྒྲོག་གིན་འདུག འཁོར་མགོར་དྲང་མོར་བརྩེངས་པའི་ལྕགས་ཀྱི་དུད་ཁུང་ལས་དུ་བ་སྒོར་སྒོར་གཅིག་འཕྲོར་གཅིག་མཐུད་ནས་ངར་ཤུགས་ཆེན་པོས་ཕྱིར་གཏོང་ཡོང་། ཨ་དབྱིས་མཚམས་མེད་པར་སྐད་བརྒྱབ་ཅིང་། མགོ་བོ་སྡོང་བོའི་གཞོགས་གཅིག་ནས་གང་ཐུབ་ཅི་ཐུབ་ཀྱིས་མདུན་དུ་བསྲིངས། འདྲུད་འཐེན་འཁོར་ལོའི་སྟེང་གི་མི་རྣམས་ཅུང་ཙམ་ལ་ཧད་རྗེས། ཚང་མས་མགོ་བོ་ཚུར་གཅུས་ནས་ཁོའི་མགོ་བོར་བལྟས་བྱུང་ལ། འདྲུད་སྒམ་ནང་གི་མི་གསུམ་པོ་གཅིག་རྗེས་གཉིས་མཐུད་ཀྱིས་མར་ལྡིང་བྱུང་། ཐོག་མར་ལྡིང་མཁན་ནི་གཟུགས་ཐུང་ཞིང་སྟོབས་ཆུང་ལ་ལུས་པོ་ཟོར་ཡང་བའི་སྐྱེས་པ་ཞིག་རེད། དེའི་རྗེས་སུ་ལྡིང་མཁན་ནི་གཟུགས་རིང་ཞིང་སྟོབས་ཆེ་བའི་སྐྱེས་པ་ཞིག་རེད། ཆེས་རྗེས་མར་ཡོང་མཁན་དེ་ནི་སྐྲ་ཐུང་ཐུང་བཞག་པའི་བུད་མེད་གདོང་ནག་ཅིག་རེད། ཁོ་ཚོ་གསོམ་སྡོང་གི་མདུན་དུ་འཛོམས་ནས། མཐེ་བོང་གི་སྒྲོག་དེར་ཞིབ་མོར་བལྟས་རྗེས། ཐམ་ཐོམ་གྱི་མིག་མདངས་ཕན་ཚུན་ལ་བརྗེ་རེས་བྱས། སྐྱེས་པ་གཟུགས་ཐུང་དེས་དཀར་སྐྱའི་མདོག་གི་གྲང་ཤུར་ཤུར་གྱི་མིག་ཟུང་ལྡེབ་ཙམ་བྱས་ཏེ། གཟབ་ནན་ངང་འདྲི་རྒྱུར། “སུས་ཁྱོད་རང་གནས་འདིར་ལྕགས་སྒྲོག་བརྒྱབ་པ་རེད”ཟེར། ཨ་དབྱིས་སྐྲག་ཞོར་དུ་“རྒད་པོ་ཞིག་གིས”ཞེས་ལན་བཏབ། སྐྱེས་པ་གཟུགས་ཐུང་དེས་སོ་ཆ་མི་ཚང་བའི་ཁ་དེ་གཅུ་བཞིན། མཐོང་ཆུང་ངང་སྐད་ཅིག་བརྒྱབ། ཁོས་ལྭ་བའི་ཁུག་མ་ནས་ཆེ་ཤེལ་ཞིག་བླངས་ཤིང་ཤུར་མོ་ཁྲི་སྟོང་ཡོད་པའི་མགོ་དེ་སྒུར་ནས། འབུ་སྲིན་རིག་པ་བས་གྲོག་མར་ཞིབ་འཇུག་བྱེད་པ་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་མཐེ་བོང་གི་སྒྲོག་དེ་ཞིབ་འཇུག་བྱས། སྐྱེས་པ་གཟུགས་རིང་དེས་ཕྱིར་འབུར་བའི་ཁོའི་སྒལ་པར་རྡེབ་ཙམ་བྱས་ནས། དྲེག་ཉམས་ཀྱིས་འདྲི་རྒྱུར། “ལའོ་Q ཁྱོད་ཀྱིས་ཅི་བྱེད་བཞིན་ཡོད། མགོ་གཡོག་མགོ་སྐོར་བྱེད་ཀྱིན་ཡོད་དམ”ཟེར། ཁོས་མགོ་བོ་ཡར་བཀྱགས་པ་དང་། སོ་ཕག་མདོག་གི་སྤུ་རས་ཤིག་བླངས་ནས། ཞིབ་ཚགས་ངང་ཆེ་ཤེལ་ཕྱི་བཞིན་བསྟོད་པ་བྱས་དོན། “ཅ་ལག་ཡག་པོ། དངོས་གནས་ཅ་ལག་ཡག་པོ་རེད། ཨ་མེ་རི་ཀའི་ཅ་ལག་རྣལ་མ་དེ་རེད”ཟེར། “ལའོ་Q ཁྱོད་ཀྱིས་ལབ་མ་རྒྱག ནང་འདྲེན་བྱས་པའི་ཚོན་ལྡན་བརྙན་འཕྲིན་ཡོད་ལ། འཁྱག་སྒམ་ཡང་ཡོད། ནང་འདྲེན་བྱས་པའི་ལག་སྒྲོག་ཡོད་པ་གོ་མྱོང་མེད།” སྐྱེས་པ་གཟུགས་རིང་དེས་སྐད་ཆ་བཤད་ཞོར་དུ། ཕར་བཅར་ནས་ལྟ་ཙམ་བྱས། “ཡིན་ཡང་རྩེད་སྤྱད་ཆུང་ཆུང་འདི་ངོ་མ་སྤུས་དག་རེད།” བུད་མེད་གདོང་ནག་དེས་སྙིང་རྗེ་བའི་སྐད་གདངས་ཀྱིས་དྲིས་དོན། “བྱིས་པ། ཁྱོད་ཀྱིས་ཅི་བྱས་སོང་། སུས་ཁྱོད་ལྕགས་སྒྲོག་བརྒྱབ་པ་རེད”ཟེར། ཨ་དབྱིས་“སྤོ་བོ་ཞིག་གིས”ཞེས་བརྗོད།
ལའོ་Q ཡིས་འདྲི་རྒྱུར།“ ཁོས་ཅིའི་ཕྱིར་ཁྱོད་ལ་ལྕགས་སྒྲོག་བརྒྱབ་པ་རེད།”
ཨ་དབྱི་སོམ་ཉིའི་དྲ་བར་ཚུད་ནས་མགོ་བོ་གཡུག་ཙམ་བྱས།
ལའོ་Qཡིས་ཚུལ་འཆོས་ངང་ལན་འགར་བགད་རྗེས། ཕར་འཁོར་ནས་རོགས་པ་རྣམས་ལ་བཤད་རྒྱུར། “ཁྱད་མཚར་མ་རེད་དམ། སྤོ་བོ་ཞིག་གིས་དོན་མེད་དུ་བྱིས་པ་ཞིག་ལ་ལྕགས་སྒྲོག་བརྒྱབ་སོང་།” ཁོ་མི་གདུག་རྩུབ་ཅན་ཞིག་ཏུ་བརྫུས་ནས་ཨ་དབྱི་ལ་བཤད་རྒྱུར། “ཁྱོད་ཀྱིས་དོན་ངན་ཞིག་བསྒྲུབ་པ་གཏན་ཁེལ་རེད། ཁྱོད་ཀྱིས་ཁོ་ཚང་གིས་བྱ་མོ་བརྐུས་པ་ཡིན་ནམ། ཡང་ན་ཁོ་ཚང་གི་ཤེལ་སྒོ་བཅག་པ་ཡིན”ཟེར།
ཨ་དབྱིས་མ་ཉེས་ཁ་གཡོག་ངང་བཤད་རྒྱུར།“ ངས་བྱ་མོ་མ་བརྐུས་ལ། ཤེལ་སྒོ་ཡང་མ་བཅག ངའི་ཨ་མ་ན་བཞིན་འདུག མོས་ཁྲག་བསྐྱུག་སོང་། ང་སྨན་ལེན་དུ་སོང་བ་ཡིན……”ཟེར།
ལའོ་Qཡིས་བརྗིད་ཉམས་ངང་། “ཁ་ཚུམས་ཤིག ཁྱོད་ཀྱིས་ང་ཚོ་སུ་རེད་འདོད་དམ། ཁྱོད་ཀྱིས་ང་ཚོར་རྫུན་ཆུང་ཆུང་ཞིག་བཤད་ན། ང་ཚོས་ཁྱོད་ཀྱི་ལྕགས་སྒྲོག་གྲོལ་ངེས་རེད་འདོད་དམ། ཧིན། ངས་མིག་གིས་ཐེངས་གཅིག་བལྟས་མ་ཐག་ཁྱོད་ནི་གཞོན་ནུ་མ་རབས་ཤིག་ཡིན་པ་ཤེས་བྱུང་། ཁྱོད་ཀྱིས་ལས་ཤིན་ཏུ་ངན་པ་ཞིག་བསྒྲུབ་པས། ཉེན་རྟོག་པས་ཁྱོད་རང་གནས་འདིར་ལྕགས་སྒྲོག་བརྒྱབ་ནས་བཀག་པ་ཐག་གིས་ཆོད”ཟེར།
ཨ་དབྱིས་ངུ་འབོད་བྱེད་བཞིན། “ངས་རྫུན་བཤད་མེད། རྫུན་བཤད་མེད……ངའི་ཨ་མ་ཤི་ཉེན་འདུག ང་སྐྱོབ་རོགས”ཟེར།
ལའོ་Qཡིས་སྐད་འགྲག་གིས་“ཁྱོད་ཀྱིས་མིག་ཆུ་ཐིགས་པ་འགས་ང་ཚོ་མགོ་སྐོར་གཏོང་ཐུབ་པར་འདོད་དམ། ང་ཚོ་མི་རབས་འདིས་མིག་ཆུ་མང་པོ་མཐོང་མྱོང་། མིག་ཆུའི་རྒྱབ་ཏུ་ཚུལ་འཆོས་ཡོད་ལ་རྣམ་དག་ཀྱང་ཡོད། ཡིན་ཡང་མང་ཆེ་བ་ནི་ཚུལ་འཆོས་ཡིན། མཱ་སི་ཁོ་ནི་མིག་ཆུ་ལ་ཡིད་མི་ཆེས། དྲང་མོར་ཤོད་དང་”ཟེར།
“ཆོག་གི ལའོ་Qཁྱོད་ཀྱིས་བྱིས་པ་ཞིག་ལ་རྫིག་ཉམས་བསྟན་ནས་ཅི་བྱེད།” བུད་མེད་གདོང་ནག་དེས་སྐྱེས་པ་གཟུགས་ཐུང་དེ་གཤེ་ཞོར་དུ་ཕར་འཁོར་ནས་སྐྱེས་པ་གཟུགས་རིང་དེར་བཤད་རྒྱུར། “ ཏཱPཐབས་བཀོད་ཅིག་འཐེན་ནས་ཁོ་གློད་དང་”ཟེར།
ཏཱPཡིས་དཀའ་ལས་ཁག་མདོག་གིས་ཤུབ་བུར་བཤད་རྒྱུར“འདི་ཇི་ལྟར་གྲོལ་ལམ་”ཟེར།
བུད་མེད་གདོང་ནག་གིས“ཐབས་བཀོད་འཐེན་དང་། ཤི་ཉེན་ཡོད་པ་མཐོང་བཞིན་དུ་མ་བསྐྱབ་ན་ག་ལ་ཆོག་”ཟེར།
ལའོ་Q་ཡིས་ཁྲེལ་དགོད་བྱེད་བཞིན། “གལ་ཏེ་འདི་རུ་བཏགས་པ་སྤྱང་ཀི་ཞིག་ཡིན་ཡང་ཁྱོད་ཀྱིས་སྐྱོབ་བམ”ཟེར།
བུད་མེད་གདོང་ནག་དེས་“ངས་བལྟས་ན་ཁྱོད་རང་སྤྱང་ཀི་རེད། སྤྱང་ཀི་མིག་སྐྱ་རེད། སྤྱང་ཀི་འདོད་ཆགས་ཅན་དེ་རེད”ཟེར།
ཏཱP་དགོད་བཞིན་དུ་གསོམ་སྡོང་གི་མདུན་དུ་སོང་ནས། ཨ་དབྱིའི་དཔུང་པ་ཕྲ་མོ་གཉིས་ཀ་བཟུང་སྟེ“བཟོད་བསྲན་བྱོས་ཤིག གཏུབས་ཐུབ་མིན་ཚོད་ལྟ་ཞིག་བྱེད”ཟེར།
ཏཱPཡིས་ཤུགས་ཀྱིས་གཏུབས་པ་ན། ཨ་དབྱིས་ཕག་གསོད་པ་ལྟ་བུའི་སྐད་ཅོར་བརྒྱབ་བྱུང་།
ལའོ་Qཡིས་གྲང་ཤུར་ཤུར་ངང་བཤད་དོན། “གཏུབས་ཤིག དཔུང་པ་གཉིས་ཀ་གཏུབས་ཀྱང་ལྕགས་སྒྲོག་དེ་འབྱར་ནས་བསྡད་ཡོད”ཟེར།
བུད་མེད་གདོང་ནག་དེས་ ཏཱPལ་རྡོག་ཐོ་ཞིག་གཞུས་ཏེ། སྡིགས་མོ་བྱས་དོན། “གླུན་རྒན། ཁྱོད་ཀྱིས་ཁོ་རྟ་ལྔས་ལུས་བགོད་པའི་ཆད་པ་མྱོང་དུ་འཇུག་བསམ་མམ”ཟེར།
ཏཱPཡིས་“ངས་འདི་ལྟར་བྱེད་དོན་ཡང་བྲེལ་བ་ལངས་པས་རེད་ཡ”ཟེར།
བུད་མེད་གདོང་ནག་དེས་འདྲུད་འཁོར་གྱི་འགྲམ་ན་གཅུ་གཟེར་གཅུ་བཞིན་པའི་ཁ་ལོ་བ་དེ་བོས། “ཞའོD། ཁྱོད་ཤོག་ནས་ཅིག་ལྟོས་དང་”ཟེར།
ཞའོDཡིས་ཁ་ཤུ་འདེབས་བཞིན་འདྲུད་འཁོར་གྱི་འགྲམ་ནས་ཚུར་བསླེབས་བྱུང་། ཁོས་ཨ་དབྱིའི་མགོ་བོར་མཛུབ་མདེའུ་ཞིག་བརྒྱབ་རྗེས། “གྲོགས་པོ། ཁྱོད་ཀྱི་འདི་ནི་ཅི་ཞིག་བྱས་པ་ཡིན”ཟེར།
བུད་མེད་གདོང་ནག་དེས་“ཁྱོད་ཀྱིས་ཁོར་གྲོལ་རོགས་བྱས་དང་། གཅིག་བྱས་ན་ཁྱོད་ཁོ་ནས་ད་གཟོད་ཁོ་རང་སྒྲོག་ལས་གྲོལ་རོགས་བྱེད་ཐུབ”ཟེར།
ཞའོDའདྲུད་འཁོར་གྱི་འགྲམ་དུ་སོང་ནས། ལག་ཆའི་སྒམ་ཞིག་ཁྱེར་ནས་བསླེབས་བྱུང་། ཁོས་སྒམ་དེ་ལས་སྐམ་པ་དང་སེག་རྡར། ཐོ་བ་བཅས་བླངས་ནས་མཐེ་བོང་དེའི་ཐོག་ཡར་ཚད་མར་ཚད་བྱས།
ལའོ་Qཡིས་“ངལ་བ་འབྲས་མེད་རེད”ཟེར།
བུད་མེད་གདོང་ནག་གིས་“ཁྱོད་ལ་འཇོན་ནུས་མེད་ན། ཕར་བརྒྱུགས། འདིར་ངར་ཤུགས་གཅོག་ཏུ་མ་ཡོང་”ཟེར།
ཞའོ་Dཡིས་སྨིན་མ་བསྡུས་ནས། བསམ་བློ་ཞིག་བཏང་རྗེས། གློ་བུར་དུ་གདོང་ལ་འཛུམ་ཞིག་ལངས་ཤིང་། ལག་ཆའི་སྒམ་ནས་ལྕགས་སོག་ཅིག་བཏོན་ཏེ།“ སོག་ལེས་གཏུབ་ཐུབ་ཀྱང་སྲིད། སྤུན་ཆུང་ཁྱོད་ཀྱིས་བཟོད་བསྲན་བྱོས་ཤིག”ཟེར།
ཞའོ་D་ཡིས་ཨ་དབྱིའི་མཐེ་བོང་གཉིས་བཀར་ནས་ལྕགས་སོག་བསྲིངས་ཏེ་སྤམ་རྫུ་བཏོན་ནས་གཅོད་མགོ་བརྩམས། ཨ་དབྱིས་མ་ཁར་སོ་བཏབ་ནས་སྐད་ཅི་ཡང་མ་བཏོན། སོག་ལེས་ལྕགས་གོར་ལ་གཙུབ་བརྡར་བྱས་པས། རྣར་གཟན་པའི་སྒྲ་ཞིག་མཆེད་བྱུང་། སྐར་མ་འགར་མནར་གཅོད་བྱས་རྗེས་བལྟས་ཙ་ན། ལྕགས་སྒྲོག་དེའི་ཐོག་རྗེས་ཤུལ་ཙམ་ཡང་ལུས་མེད་པ་མ་ཟད། ལྕགས་སོག་གི་རྣོ་བཅག་འདུག
ཞའོ་Dཡིས་བུད་མེད་གདོང་ནག་དེར་ཕྱོགས་ནས་“གཅེན་མོ་ནག་རིལ། ད་བྱེད་ཐབས་མི་འདུག ཅ་ལག་འདི་ཤིན་ཏུ་མཁྲེགས”ཟེར།
ལའོ་Qཡིས་སྙིང་ཚིམ་བདར་བཞིན་“ཤོད་དང་། ཁྱོད་ཚོས་ང་རང་ཁ་མང་བར་ཞེན་པ་ལོག ཡིན་ཡང་ཅ་ལག་འདི་ནི་ཧ་ཡང་དང་ལྕགས་བསྲེས་མ་ཡིན་པས། ཁྱོད་ཀྱི་ལྕགས་སོག་དང་བསྡུར་ན་ལྡབ་བཅུ་ཡིས་མཁྲེགས་པོ་ཡོད”ཟེར།
ཞའོ་D་ཡིས་ཐབས་ཟད་པའི་ངང་བུད་མེད་གདོང་ནག་དེར་བལྟ་བཞིན། ངོ་གདོང་དུ་དགོངས་དག་ཞུ་བའི་རྣམ་འགྱུར་བསྟན། ཁོས་རང་གི་མགོ་བོར་རྡེབ་ཙམ་བྱས་ནས། སྐད་ཆེན་པོས་“ཧེ། ཐབས་བཀོད་འདུག ང་ངོ་མ་གླེན་པ་རེད། ང་ཚོས་སྡོང་བོ་འདི་བཅད་ན་ཁོ་ཐར་སོང་བ་མིན་ནམ”ཟེར།
“ང་ལ་ཁ་མང་པོ་འདུག་ཅེས་ལེ་བདའ་མ་བྱེད་རོགས། སྡོང་བོ་འདི་བཅད་ཆོག་གམ”ལའོ་Q་ཡིས་དུར་མདུན་གྱི་ཡི་གེ་བརྐོས་ཡོད་པའི་རྡོ་རིང་ཞིག་བསྟན་ནས་བཤད་རྒྱུར། “ཧན་ལིན་དུར་ཁྲོད་འདི་ནི་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་གྲས་ཡིན། སྡོང་བོ་གཅོད། བློ་ཁོག་ཆེ་བ་ལ། ཆོད་དང་། ཁོའི་མཐེ་བོང་གི་སྒྲོག་བཀྲོལ་མ་ཐུབ་པས་མ་ཚད། ཁྱོད་ཀྱིས་ཀྱང་མཐེ་བོང་གི་སྒྲོག་བརྒྱབ་ཡོད་སྲིད”ཟེར།
བུད་མེད་གདོང་ནག་དེས་“འདི་ལྟར་བཤད་ན་ཐབས་བཀོད་མེད་སོང་བ་རེད་དམ། ཁོ་རང་བལྟས་བལྟས་རིག་རིག་ལ་འདི་རུ་རླུང་དང་ཉི་མས་གཙེས་ནས་ག་ལེར་རླུང་སྐམ་བྱས་ཏེ་སྡོང་མགོར་བཀལ་བའི་སྦལ་པ་ཞིག་དང་འདྲ་བར་འཆི་རུ་འཇུག་རྒྱུ་ཡིན་ནམ”ཟེར།
ལའོ་Qཡིས“ཁོར་རླུང་རྟ་རྒྱུགས་ནས་མཁས་ཆེན་ཞིག་གིས་གྲོལ་རོགས་བྱེད་ནའང་སྲིད”ཟེར།
ཞའོ་Dཡིས་བཤད་རྒྱུར། “ངས་གཞན་གྱི་ཁ་ནས་གོ་བ་ལྟར་ན། རྐུན་མ་ལང་ཤོར“རྩྭ་སྟེང་འཕུར”ཡིས་ལྕགས་སྐུད་ཕྲ་མོས་ལག་སྒྲོག་གྲོལ་ཐུབ་”ཟེར།
“རྩྭ་སྟེང་འཕུར། ”ལའོQ་ཡིས་ཁྲེལ་དགོད་བྱེད་བཞིན“ལོ་གསུམ་གྱི་སྔོན་དུ་བསད་སོང་”ཟེར།
ཏཱPཡིས“ང་ཚོ་ཅིའི་ཕྱིར་སྒོ་ལྕགས་ལས་མཁན་ཞིག་འཚོལ་དུ་མི་འགྲོ”ཟེར།
ཞའོ་Dཡིས“ངས་བལྟས་ན་ཚ་ལ་རྒྱག་བྱེད་མེ་མདས་གཏུབ་ཐུབ་ཡང་སྲིད”ཟེར།
ཏཱ་Pཡིས“དེ་ལྟར་བྱས་ན་ཁོའི་མཛུབ་མོ་བསྲེགས་ནས་འཚིག་མི་ཡོང་ངམ”ཟེར།
“གྲོགས་པོ་ཚོ། སེམས་ཁྲལ་མ་བྱེད། སྦྲུལ་གྱི་མདུད་པ་སྦྲུལ་གྱིས་བཀྲོལ་དགོས། ”ལའོ་Qཡིས་མགོ་བཀྱགས་ནས་ཉི་མར་ལྟ་ཙམ་བྱས་ཏེ་བཤད་རྒྱུར། “ད་དུང་མུ་མཐུད་དུ་རྩོད་པ་བརྒྱབ་ནས་བསྡད་ན་གསོལ་སྟོན་གྱི་རྗེས་སུ་ལུས་རྒྱུ་རེད”ཟེར།
ལའོ་Qསྔོན་ལ་འདྲུད་འཐེན་འཁོར་ལོའི་ཕྱོགས་སུ་བུད་སོང་། གཞན་གསུམ་ཡང་བློ་ཕམ་ནས་གནས་དེར་བྲལ་སོང་།
འདྲུད་འཐེན་འཁོར་ལོ་ག་ལེར་བསྐྱོད་མགོ་བརྩམས། ལའོ་Qཡིས་འདྲུད་འཁོར་སྟེང་ནས་སྐད་བརྒྱབ་དོན། “བྱིས་པ། ཡག་པོར་སྡོད་ཅིག ལྕགས་སྒྲོག་འདི་རིགས་ཀྱི་ནང་ན་ལྡེམ་རྩིབ་ཡོད་པས། ཇི་ལྟར་འགུལ་ན་དེ་ལྟར་ཇེ་དམ་འགྲོ། ཁྱོད་ཀྱིས་རུས་པ་བཙིར་ནས་གས་ཆག་ཡོང་བར་གཟབ་ན་འགྲིག”ཟེར།
ཏཱ་Pཡིས་“ཁྱོད་ཀྱིས་ཁོར་འཇིགས་མ་སྐུལ་དང་”ཟེར།
བུད་མེད་གདོང་ནག་དེས་ཁོང་ཁྲོས་ངང་སྐད་བརྒྱབ་ནས།“ ཚང་མས་ཁ་ཚུམས་ཤིག”ཟེར།
བཞི།
འདྲུད་འཐེན་འཁོར་ལོ་གནམ་ལྡིང་ས་ལྡིང་ངང་ཕྱིན་སོང་ལ། ཤུལ་དུ་ལུས་པ་ནི་ལམ་གང་གི་ཐལ་རྡུལ་རེད། ཨ་དབྱིས་ཐོད་པ་སྡོང་བོའི་ཡལ་གར་གཏུགས་ནས་ཝུ་ཝུ་ཟེར་བཞིན་ངུས་བྱུང་། དཔྲལ་བ་ནས་བཞུར་བའི་ཁྲག་ཚ་པོ་དེ་ཁའི་འགྲམ་དུ་བཞུར་བ་ལས། ཁོར་མིག་ཆུ་བཞུར་རྒྱུ་མི་འདུག ཁོའི་མིག་མདུན་དུ་འཇིགས་སུ་རུང་བའི་དཔེ་རིས་ཤིག་རབ་རིབ་ངང་ཤར་བྱུང་སྟེ། རྐང་པ་གཉིས་བསྡམས་ཡོད་པའི་སྦལ་པ་ཞིག་སྡོང་བོའི་ཡལ་གར་བཏགས་ཤིང་། ན་གཞོན་མིག་གསེག་ཅིག་གིས་དེའི་འོག་ཏུ་དཔལ་འབར་ཞིག་སྒྲོན་ནས་བསྲེགས་བཞིན་འདུག སྦལ་པ་དེའི་ལུས་ནས་སིར་སིར་ཀྱི་སྒྲ་གྲགས་བཞིན། དུ་བ་དཀར་པོ་ཞིག་ཐོན་ཡོང་། ག་ལེར་དུ་བ་མེད་པར་གྱུར་བ་དང་བསྟུན་ནས་དཔལ་འབར་གྱི་མེ་ཡང་ཞི་སོང་། སྦལ་པ་དེ་འཚིག་ནས་བེམ་པོ་ནག་པོ་ཞིག་ཏུ་གྱུར། ཁོས་མིག་བཙུམས་པ་དང་ལུས་པོ་ནི་ཞ་རིལ་ལྟར་གྱུར།རིག་པ་ཐམ་མེ་ཐོམ་མེར་ལམ་ཁ་ནས་ཡང་བསྐྱར་གོམ་སྒྲ་གྲགས་པ་ཐོས་བྱུང་། སྤོབས་པའི་ངར་ཤུགས་སྒྲིལ་ནས་མིག་ཕྱེ་བ་ན། དམར་ནག་གི་མེ་ཟླུམ་ཞིག་ལམ་ཁ་ནས་འཕུར་འོངས་བ་མཐོང་། ཁོས་མགོ་བོ་གཡུགས་ཙམ་བྱས་པ་དང་མ་ཁར་སོ་བཏབ་ནས་བློ་རྩེ་སྒྲིམ་པ་ན་འཕྲུལ་སྣང་གར་སོང་ཆ་མེད་དུ་གྱུར། དངོས་གནས་མི་ཞིག་ཚུར་བསླེབས་བྱུང་། ལུས་སུ་མདོག་དམར་སྨུག་གི་སྟོད་ལྭ་གྱོན་ཞིང་། མགོ་རུ་རྩྭ་ཞྭ་ཆེན་པོ་ཞིག་གྱོན་པའི་བུད་མེད་ཅིག་གིས་ཉི་འོད་བསུ་བཞིན་ཚུར་ཡོང་གིན་འདུག ཁོས“སྲོག་སྐྱོབ་དང་”ཞེས་སྐད་བརྒྱབ།
བུད་མེད་དེ་ཅུང་ཙམ་ལ་ཧད་པ་དང་གོམ་པ་སྤོ་མཚམས་བཞག་ནས། རྩྭ་ཞྭ་མཐོན་པོར་བཀྱགས་ཏེ་འདིར་ཕྱོགས་སུ་བལྟ་བཞིན་འདུག ཨ་དབྱིས་མུ་མཐུད་དུ་སྐད་བརྒྱབ། ཡིན་ཡང་མགྲིན་པ་ལས་སར་སིར་གྱི་སྒྲ་ཁྱད་མཚར་ཞིག་ལས་གྲག་རྒྱུ་མི་འདུག ཁོ་སེམས་འཚབ་སྟེ་ལག་པ་བཀྱགས་ནས་གྲོ་ཤུན་དང་ཕག་སྤུ་བརྫངས་ཡོད་པ་ལྟ་བུའི་མགྲིན་པ་དེ་གཤགས་ཐུབ་ན་ཅི་མ་རུང་སྙམ་བྱུང་།
བུད་མེད་དེས་ཁོ་མཐོང་ནས་དུར་ཁྲོད་ཀྱི་ཕྱོགས་སུ་བསླེབས་བྱུང་། མོའི་གདོང་སེར་ལམ་ལམ་བྱེད་པས། རྣམ་པར་བཞད་པའི་མེ་ཏོག་ཉི་དགའ་ཞིག་དང་མཚུངས། མོ་གོམ་པ་གང་རེ་གང་རེ་ཚུར་བཅར་བྱུང་། ཨ་དབྱིས་སྔོན་ལ་མོའི་ལུས་སྟེང་ནས་སེར་རོག་གེའི་དྲི་མ་སྟུག་པོ་རེ་མཆེད་འོངས་བ་བསྣམ་བྱུང་ལ། དེར་མཐུད་ནས་ཡང་དེ་དག་རེ་རེ་བཞིན་སར་ལྷུང་བ་མཐོང་བྱུང་། ཁོ་ནི་དྲི་ཞིམ་འདིས་མགོ་འཐོམ་དུ་བཅུག་ནས་བཟི་ཡོམ་ཡོམ་དུ་བཏང་སོང་། བུད་མེད་དེ་སེར་རོག་གེའི་དྲི་ཞིམ་ཁྲོད་རྒྱུ་བཞིན་འདུག་ཅིང་། སྐབས་རེ་གསལ་ཞིང་སྐབས་རེ་མི་སྣང་བར་གྱུར།
མོའི་ངོ་གདོང་སྐབས་རེ་རིང་ཞིང་སྐབས་རེ་སྒོར། སྐབས་རེར་དཀར་ཞིང་སྐབས་རེ་སེར། སྐབས་རེར་ཨ་མ་ལྟར་བྱམས་བརྩེ་ལྡན་ལ་སྐབས་རེར་ངག་རྒྱུན་དུ་གྲགས་པའི་བདུད་མོ་ལྟར་གཏུམ་དྲག་ཆེ། ཨ་དབྱིས་མོ་མཐོང་འདོད་ཀྱང་མིག་གིས་ལྟ་རྒྱུར་སྐྲག ཁོས་སྐབས་རེ་མིག་ཕྱེ་ཞིང་སྐབས་རེར་བཙུམས།
ཁོས་མིག་ཕྱེ་བ་ན་དངོས་གནས་དྲང་གནས་ཀྱི་བུད་མེད་ཅིག་རང་ཉིད་ཀྱི་མདུན་དུ་ལངས་འདུག མོས་ལག་གཡོན་པར་གྲང་འོད་འཁྱུག་པའི་ཟོར་བ་ཆེན་པོ་ཞིག་བཟུང་ཞིང་། ལག་གཡས་སུ་རྫ་སྔོན་མདོག་གི་ཇ་དེམ་རྙིང་པ་ཆེན་པོ་ཞིག་བཟུང་འདུག ཁ་ཞེང་ཆེ་བའི་རས་ལེབ་ནག་པོ་གཉིས་ཀྱིས་མོའི་མཁྲང་ཟླུམ་གྱི་བྲང་ཁ་རྒྱ་གྲམ་དབྱིབས་ཀྱིས་ཁག་གཉིས་སུ་བགོས་ཤིང་། རས་ལེབ་དང་སྦྲེལ་ཡོད་པ་ནི་མོའི་རྒྱབ་ན་འཁུར་བའི་བྱིས་པ་མགོ་ཆེ་དེ་རེད། བྱིས་པ་དེས་མཐེ་བོང་ནུ་བཞིན་འདུག་ལ། ཁ་ནས་ཝུའུ་ཨ་ཝུའུ་ཨ་ཞེས་ཟེར་བཞིན་འདུག བུད་མེད་དེ་སྒྱིད་ལུག་ངང་གསོམ་སྡོང་གི་མདུན་དུ་འོངས་ནས་ཉབ་བེ་ཉོབ་བེར་འདྲི་རྒྱུར། “ཁྱོད་བྱིས་པ་འདིས་འདི་ན་ཅི་ཞིག་བྱེད་བཞིན་ཡོད” ཟེར། སྐད་ཆ་དྲིས་ཚར་མ་ཐག མོས་ལན་ལའང་མི་སྒུག་པར། ཇ་དེམ་དང་ཟོར་བ་སར་བཞག་རྗེས། མགྱོགས་པོར་དུར་སའི་རྒྱབ་ལོགས་ཀྱི་གྲོ་ཞིང་དུ་སོང་ནས་མར་ཙོག་པ་ན། ཆུ་གཏོར་བའི་སྒྲ་གསལ་པོ་ཞིག་གྲག་བྱུང་། གསེར་མདོག་གི་རྩྭ་ཞྭ་ཆེན་པོ་དེ་ཆུ་ཁར་གཡེང་བ་དང་མཚུངས། ཅུང་ཙམ་འགོར་རྗེས། མོ་དུར་སའི་རྒྱབ་ལོགས་ནས་ཐོན་བྱུང་། མོའི་རྒྱབ་ཀྱི་བྱིས་པ་དེས་ངུས་བྱུང་ལ། ངུ་ཤུགས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ། སྙུང་བུས་རྐུབ་ལ་གཙགས་པ་ལྟར་ངུས་བྱུང་། བུད་མེད་དེས་མགོ་བོ་དཀྱོགས་ནས་“ཞའོ་པཱོ། ཞའོ་པཱོ། མ་ངུ། མ་ངུ་”ཟེར། བྱིས་པའི་ངུ་ཤུགས་སྔར་ལས་ཀྱང་ཆེ་རུ་གྱུར། སྐད་མགོ་མཐོ་དུས་ཕུག་རོན་ཞིག་གྲགས་པ་དང་ཀུན་ནས་མཚུངས། བུད་མེད་ཀྱིས་མགྱོགས་པོར་བྱིས་པ་མདུན་དུ་བླངས་བྱུང་ལ། བྱིས་པར་བྱིལ་བྱིལ་བྱེད་བཞིན་རྡོའི་གསོལ་ཅོག་སྟེང་བསྡད་བྱུང་། མོས་བྲང་མདུན་གྱི་རས་ལེབ་བཀྲོལ་རྗེས། གསེར་མདོག་གི་འོ་ཁུག་ཅིག་བཏོན་ནས་ཆི་པི་ཁ་དང་འདྲ་བའི་ནུ་མགོ་བྱིས་པའི་ཁ་རུ་བརྫངས་བ་ན། བྱིས་པ་ཁ་རོག་གེར་བསྡད་བྱུང་ལ། དུར་ས་དལ་ཅག་གེར་གྱུར། ནགས་བྱི་སེར་སྐྱ་གཉིས་ནི་གམ་དུ་མི་མེད་པ་ལྟར་བདའ་རེས་བྱས་ཏེ་རྩེད་མོ་རྩེ། དེ་གཉིས་རྡོ་རྟའི་རྒྱབ་ནས་རྡོ་མིའི་མགོ་རུ་ལྡིང་ཞིང་། ཡང་རྡོ་མིའི་མགོ་ནས་རྡོ་ལུག་གི་རྭ་ཅོའི་སྟེང་ལྡིང་། དེ་ནས་ཨ་དབྱིའི་མགོ་ཐོག་ཏུ་ལྡིང་སྟེ་གསོམ་སྡོང་སྟེང་མཆོང་སོང་། དེ་གཉིས་ཀྱིས་རྩེད་མོ་རྩེ་ཞོར་དུ་སྐད་རྣོན་པོས་འུར་རྒྱག བུད་མེད་ཀྱིས་ཀྱང་ཨ་དབྱི་ཡོད་པ་བརྗེད་དེ། མགོ་སྒུར་ནས་བྱམས་བརྩེ་ལྡན་པའི་ངང་པང་གི་བྱིས་པར་བལྟ། མོས་ཁ་ཤ་འདར་བཞིན། ཚོས་ཟིན་པའི་ཐུག་པ་དང་སྐུད་པ་ལྟར་འཐེན་པའི་སྦྲང་རྩི། འཕུར་གྱིན་པའི་ལྕང་བལ་སོགས་ལྟར་མཉེན་ཞིང་རིང་བའི་གཞས་གདངས་ཤིག་སྣ་ནང་ནས་བཏང་བྱུང་། གདངས་འདིས་ཨ་དབྱི་སེམས་འགུལ་ཐེབས་སུ་བཅུག རབ་རིབ་ངང་རང་ཉིད་ནི་ནུ་མ་ནུ་བཞིན་པའི་བྱིས་པ་དེ་ཡིན་པའི་འཁྲུལ་སྣང་བྱུང་ལ། རྡོའི་གསོལ་ཅོག་གི་སྟེང་ཙོག་པའི་བུད་མེད་གཟུགས་ཆེན་དེ་ནི་རང་གི་ཨ་མ་ཡིན་པའི་སྣང་བ་བྱུང་། ཨ་དབྱིས་རང་གི་ཁ་ནང་དུ་འོ་དྲི་བྲོ་བ་ཚོར་བྱུང་ལ། མངར་ཞིང་ཚ་ཁུའི་བྲོ་བ་ཡོད་པ་མ་ཟད། དམར་དྲི་ཡང་བྲོ་བས་ཁྲག་གི་བྲོ་བ་དང་མཚུངས། ཁོས་ངང་ཚུལ་འདི་ཤེལ་རིལ་ནང་གི་མེ་ཏོག་སེར་བོ་ལྟར་གོང་བུར་འཁྱིངས་བར་རེ་སྨོན་བྱས།
བྱིས་པ་དེས་ནུ་མ་ཁ་རུ་བཟུང་ནས་གཉིད་ཁུགས། བུད་མེད་ཀྱིས་སེམས་ཆུང་ངང་ནུ་མགོ་བྱིས་པའི་ཁ་ནས་ཕྱི་རུ་འཐེན། ནུ་མགོ་དམ་པོར་བཟུང་ཡོད་པས་ནུ་མ་ནི་འཐེན་ནས་མདེལ་གཞུའི་འགྱིག་སྐུད་ལྟར་ཇེ་རིང་དུ་སོང་། ཡང་ཡང་འཐེན་ཞིང་། ཡང་ཡང་བལ། “ཕུ་སྒྲ་”ཞིག་གྲག་པ་དང་ཆབས་ཅིག་སྦོས་ནས་ཆེན་པོ་ཆགས་པའི་ནུ་མགོ་བྱིས་པའི་ཁ་ནས་ཐར་སོང་། ནག་ཀྲིག་ཀྲིག་གི་ཁྭ་ཏ་ཁྱུ་གཅིག་འཁྱིལ་ཆུ་ལྟར་ལྷིང་འཇགས་སེར་ཡོད་པའི་གྲོ་ཞིང་ནས་ཐོལ་གྱིས་འཕུར་འོངས་ཏེ། རླུང་འཁོར་ནག་པོ་ཞིག་དང་མཚུངས་པར་ལྡིང་སྐོར་བརྒྱབ། དེ་ཚོས་ལྡིང་སྐོར་རྒྱག་ཞོར་སྐད་ངན་འབྱིན། ཀྭ་ཀྭ་ཡི་སྐད་སྒྲས་ཕྱོགས་བཞི་སྒུལ་ཞིང་། ཤ་རུལ་བའི་དྲི་ངན་ཞིག་ཉི་འོད་ཁྲོད་ཁྱབ། ཨ་དབྱི་ཡིས་བུད་མེད་ཀྱིས་ཁྭ་ཏའི་ཁྱུ་ཚོགས་ལ་བལྟ་བཞིན་ཡོད་པ་མཐོང་། ཁོས་ཀྱང་མགོ་བོ་དགྱེ་ནས་ཁྭ་ཏའི་ཁྱུ་ཚོགས་མེ་ལྟར་ཚ་བའི་འོད་མཚོ་རུ་ཞུ་རག་བར་དུ་བལྟས།
བུད་མེད་ཀྱིས་བྱིས་པ་རྒྱབ་ཏུ་བསྐོར་ནས་བྲང་མདུན་གྱི་རས་བསྡམས་ཙམ་བྱས་རྗེས། ཟོར་བ་དང་ཇ་དེམ་ལག་ཏུ་བཟུང་། ཨ་དབྱིས་སྐད་འཛེར་བཞིན་ཐེངས་ཤིག་བོས་པ་ན། བུད་མེད་དེས་ཟུར་མིག་གིས་ཁོར་ལྟ་ཙམ་བྱས་ཏེ། ཁ་ཤ་མཐུག་པོ་དེ་འདར་བཞིན་ངོ་གདོང་དུ་དངངས་སྐྲག་སྐྱེས་ནས་གནས་བཟོད་མི་བདེ་བའི་རྣམ་འགྱུར་ཞིག་ཤར་སོང་། མོ་སོམ་ཉིའི་དྲ་བར་ཚུད་ནས་མིག་མདངས་ཕར་གཡོལ་ཚུར་གཡོལ་བྱེད། ཨ་དབྱིས་མོའི་རྩྭ་ཞྭའི་གྲིབ་གཟུགས་ཁྲོད་ཀྱི་མིག་ཟུང་ལ་དམིགས་ནས་མཐའ་མེད་པའི་སྡུག་ཡུས་དང་འཁངས་ར། སྐྱབས་བཅོལ་བ་སོགས་ཀྱི་བརྡ་འཕྲིན་བཏང་། བུད་མེད་དེ་ཁྱ་རེ་ཁྱོ་རེའི་ངང་ཁོའི་གམ་དུ་བཅར་བྱུང་། མོས་དཀྱིལ་མཛུབ་རྒྱགས་པ་དེ་བསྲིངས་ནས། མདོག་སྔོན་འཕྲོ་བའི་ཅ་ལག་དེ་བཙུགས་ཙམ་བྱས་ལ། ཡང་ཨ་དབྱིའི་དམར་ལྗང་དུ་གྱུར་བའི་མཐེ་བོང་ལ་ཐུག་ཙམ་བྱས། ཨ་དབྱིས་འདར་སིག་ཅིག་བརྒྱབ་པ་ན། མོ་ནི་ལྕགས་ཚ་པོ་ཞིག་གིས་འཚིག་པ་ལྟར་མྱུར་མོར་དཀྱིལ་མཛུབ་ཕྱིར་བསྐུམས་ཤིང་། ཁ་ཤ་ཡང་བསྐྱར་འདར་སིག་བརྒྱབ་བྱུང་ལ། མིག་ཟུང་དུ་སྨུགས་པ་རིམ་པ་ཞིག་གིས་སྒྲིབ་པ་དང་མཚུངས་པར་ཨ་དབྱི་ལ་འདྲི་རྒྱུར། ཡང་ཁེར་བཤད་རྒྱག་པ་དང་ཤིན་ཏུ་མཚུངས་པ་ལྟར་བཤད་དོན། “བྱིས་པ། འདི་ཇི་ལྟར་བྱས་པ་རེད། ཇི་ལྟར་བྱས་པ་རེད”ཟེར། ཕྱི་ནུར་བྱེད་ཞོར་རྐང་བའི་ཕྱི་རྟིང་རྩྭ་ལྡུམ་ལ་ཐོགས་ནས་ཁལ་འགེལ་རྒྱུ་ཚད་ལས་བརྒལ་བ་བཀལ་བའི་ཤིང་རྟ་ཞིག་དང་མཚུངས་པར་ལུས་པོ་འཁྱར་འཁྱོར་བྱེད། ཨ་དབྱིས་ཕུར་ཚུགས་སུ་མོར་བལྟས་པ་ན། མིག་ཟུང་ལས་ཁྲག་སིམ་བྱུང་། མོ་སྐྱེངས་ནས་ཁ་ཀྱོག་ཀྱོག་བྱེད་བཞིན་བགད་པ་ན། སོ་བར་ཤིན་ཏུ་ཆེ་བའི་མདུན་སོ་གཉིས་མངོན་བྱུང་ལ། མདོག་ཉེས་ཤིང་ཡ་ང་བ་ཞིག་རེད། “ང་ལའང་ཐབས་བཀོད་མི་འདུག བྱིས་པ་འདི་ཡིན་ན།” མོ་ཕྱི་ནུར་བྱེད་ཞོར་དུ་བཤད་རྒྱུར། “ཅ་ལག་འདི་སྤྱིར་བཏང་གི་ཅ་ལག་ཅིག་མ་རེད། བྱིས་པ། ཡ་ང་བའི་བྱིས་པ་ཁྱོད……”ཟེར། གློ་བུར་དུ་མོ་ཕྱིར་འཁོར་ནས། ལྐུགས་པ་ནང་བཞིན་མདུན་ཕྱོགས་སུ་བརྒྱུགས། རྒྱབ་ཀྱི་བྱིས་པ་དང་རྐུབ་རྒྱགས་པ་ནི་ལྡེམ་ལྡེམ་དུ་འགུལ་བཞིན་འདུག ཨ་དབྱིའི་མགོ་བོ་ནི་ལྕག་ཚན་གྱིས་བཅད་པའི་གྲོ་སྙེ་བཞིན། བློ་ཕམ་ནས་ཐུར་དུ་དཔྱངས་སོང་། ཡིན་ཡང་བུད་མེད་དེ་གོམ་པ་བཅུ་ལྷག་ཙམ་ལ་བརྒྱུགས་རྗེས་གོམ་མཚམས་བཞག་སོང་། མོ་ཕྱིར་འཁོར་ནས། ཨ་དབྱི་ལ་ལྟ་བཞིན། ལྐུགས་རྟགས་ཚ་པོའི་ངོ་གདོང་ཆེན་པོ་དེའི་སྟེང་གློ་བུར་དུ་འོད་ཞིག་ལམ་ལམ་འཕྲོས་བྱུང་ལ། དེ་ཉིད་ཞོགས་པའི་མཚམས་སྤྲིན་དང་འདྲ་ལ་དགོང་ཁའི་མཚམས་སྤྲིན་དང་ཡང་འདྲ། “ཁྱོད་གཅིག་བྱས་ན་གདོན་འདྲེ་ཡིན་སྲིད། ”ཤིན་ཏུ་འཚབ་པའི་མིད་པ་ནས་སྒྲ་ལེབ་མོ་ཞིག་གྲག་ཡོང་། “ཡང་མིན་ན་ལྷ་ཡིན་སྲིད། ཁྱེད་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པའི་ལྷོ་མཚོའི་འཕགས་པ་སྤྱན་རས་གཟིགས་ཉིད། འདི་ལྟར་སྤྲུལ་ནས་ང་ལ་ཚོད་བགམ་བྱེད་དུ་འོངས་བ་ཡིན་ནམ། ཁྱེད་ཀྱིས་ང་ལ་བཀའ་སློབ་གནང་རྒྱུ་ཡིན་ནམ། དེ་མིན་འདི་འདྲའི་ཁྱད་མཚར་ཞིག་ཅི་རེད”ཟེར། མོའི་མིག་ཟུང་དུ་གློ་བུར་ལི་མདོག་གི་མཆི་མ་འཁྱིལ་བ་དང་། སྐྱེན་པོར་གསོམ་སྡོང་གི་མདུན་དུ་པུས་མོ་བཙུགས་ནས་ཇ་དེམ་ཐང་ལ་བཞག་ཅིང་། ལག་ཟུང་གིས་ཟོར་བ་བཟུང་ནས་སྡོང་བོ་བཅད་བྱུང་། ཟོར་ཁ་སྡོང་བོའི་གཏིང་དུ་ཟུག་ནས་བཙིར་བས། མོས་ཟོར་བའི་ཡུ་བ་སྒུལ་བཞིན་ཐང་ཆད་ནས་དབུགས་ཧལ་ཧལ་བྱས་པ་ན། གཞི་ནས་ཟོར་ཁ་འབལ་ཐུབ་སོང་། མོས་ཟོར་ཁར་བལྟས་པ་དང་གདོང་མདོག་རྦད་དེ་འགྱུར་སོང་། མོས་ཟོར་བ་ཨ་དབྱིའི་མདུན་དུ་བསྲིངས་ནས། “ལྟོས་དང་། ཟོར་ཁ་རྦད་དེ་འཕྲོ་བརླག་ཕྱིན་འདུག འདི་བཟུང་ནས་ངས་བཙས་མ་ཇི་ལྟར་བརྔ་འམ། བྱིས་པ་ཁྱོད་ཡིན་ན”ཟེར། མོས་ངོ་གདོང་སྡུག་གིས་བཟུང་ཞིང་མར་སྒུར་ནས་ཇ་དེམ་བླངས་རྗེས་ཡང“ཁྱོད་ཀྱིས་མིག་གིས་གསལ་བོ་མཐོང་ཡོད། ངའི་ཟོར་ཁ་འཕྲོ་བརླག་ཕྱིན་པ་རེད” ཟེར། མོ་གོམ་པ་འགར་སོང་རྗེས། ཡང་ཕྱིར་ཡོང་སྟེ་དབུགས་རིང་ཞིག་འཐེན་ནས་བཤད་རྒྱུར། “ཁྱོད་ནི་ལྷའམ་འདྲེ་ཡིན་མིན་སུས་ཤེས། གཅིག་བྱས་ན་ཁྱོད་ནི་ཡ་ང་བའི་བྱིས་པ་ཞིག་ཡིན་སྲིད”ཟེར། མོས་ཟོར་བ་སར་གཡུགས་ནས། ལག་གཅིག་གིས་ཇ་དེམ་གྱི་ཡུ་བ་བཟུང་བ་དང་ལག་གཅིག་གིས་ཇ་དེམ་གྱི་ཞབས་བཀྱགས་ནས། ལྐུགས་ཉམས་ཀྱིས་བཀྱགས་པའི་དེམ་མཆུ་དེ་ཨ་དབྱིའི་ཁ་རུ་བཙུགས་ཏེ། མོས་“ཁྱོད་སྐོམ་ཡོད་པ་ཐག་གིས་ཆོད། ཆུ་འཐུང་དང་”ཟེར། ཨ་དབྱིས་མོའི་ཁ་ལ་ཉན་བཞིན་དེམ་མཆུ་འཇིབ། ཁ་གང་འཇིབ་པ་ན། སྐོམ་པའི་ཚོར་བ་ནི་མེ་ལྕེའི་སྟེང་དུ་སྣུམ་བཤོས་པ་ལྟར་སྦར་བྱུང་། ཁོས་སྨྱོ་བ་ལྟར་འཇིབ་ནས་ལུས་ཡོངས་བརླན་པའི་བདེ་སྣང་དུ་ཐིམས། ཡིན་ཡང་བུད་མེད་དེས་དེམ་མཆུ་ཤུགས་ཀྱིས་བལ་སོང་། མོས་ཇ་དེམ་དཀྲུགས་ཙམ་བྱས་ནས། ནོངས་འགྱོད་ངང་བཤད་རྒྱུར། “དེམ་ཕྱེད་ཀ་ཚར་འདུག ངས་ཆུ་འདི་བློས་མ་ཐོངས་བ་མིན། ངའི་སྐྱེས་པས་ཞིང་ཁ་ན་བཙས་མ་བརྔ་བཞིན་ཡོད་ལ་ཁོས་ཆུ་འཐུང་རྒྱུར་སྒུག་ཡོད། ཁོ་གཤིས་ཀ་རྩུབ་པས་གཅར་དུས་མགོ་དང་ངོ་གདོང་གང་ཡིན་ཡང་སྣང་མེད་དུ་འཇོག་ངེས། དགོངས་པ་མ་ཚོམ། བྱིས་པ། ཁྱོད་གཅིག་བྱས་ན་ལྷ་ཞིག་ཡིན་ཡང་སྲིད”ཟེར།
བུད་མེད་ཕྱིན་སོང་། གོམ་པ་བཅུ་ལྷག་ཙམ་ཕྱིན་རྗེས་ཡང་བསྐྱར་ཕྱིར་འཁོར་བྱུང་། མོས་མཇུག་མཐར་མཐེ་བོང་གི་སྒྲོག་བཀྲོལ་མ་ཐུབ་ཀྱང་། ཨ་དབྱིའི་སེམས་སུ་མོར་བཅངས་བའི་བཀའ་དྲིན་གྱིས་བཀང་ཡོད། ཆུ་འཐུང་ཐུབ་པའི་རྐྱེན་གྱིས་ཁོའི་མིག་ཟུང་དུ་མཆི་མ་འཁྱིལ་བྱུང་།
ལྔ།
ཕྱི་དྲོའི་ཆུ་ཚོད་གཅིག་ཙམ་གྱི་སྟེང་། ཉི་འོད་ཤིན་ཏུ་ཚ། ས་ངོས་ནི་བསྲེགས་ནས་དམར་པོར་གྱུར་བའི་ལྕགས་ལེབ་ཅིག་དང་འདྲ། གསོམ་སྡོང་སྟེང་གི་ཟོར་བའི་གཏུབ་ཤུལ་ནས་སྣུམ་ཚིལ་བཞུར་བྱུང་། ཨ་དབྱིས་བཏུང་བའི་ཆུ་ཇ་དེམ་ཕྱེད་ཀ་དེ། སྔ་མོ་ནས་རྔུལ་ཆུར་གྱུར་ཏེ་རླངས་འགྱུར་བྱས་ཟིན། ཁོས་མགོ་བོ་ནི་གས་པ་ལྟར་ན་ཞིང་། ཀླད་པའི་ནང་གི་ཀླད་ཞོ་སྐམ་ནས་མཉམ་དུ་འབྱར་ཏེ་ཕྱེ་ལོག་སྐམ་པོ་ཞིག་དང་འདྲ། ཁོས་སྡོང་བོའི་མདུན་དུ་པུས་བཙུགས་ནས། ཐམ་མེ་ཐོམ་མེའི་ངང་རྣ་འགྲམ་དུ་ཏུའུ་ཏུའུ་ཡི་སྒྲ་གྲག་བཞིན་འདུག སྒྲ་དེ་ནི་ཕལ་ཆེར་ཀླད་པའི་གཏིང་ནས་མཆེད་འོངས་བ་དང་འདྲ། སྒྲོག་གིས་མཉམ་དུ་བཅིངས་བའི་མཐེ་བོང་གཉིས་ནི་སྐྲང་ནས་ལ་སེར་གཉིས་དང་འདྲ་སྟེ། སྦོམ་ཕྲ་མཚུངས་ཤིང་རིང་ཐུང་ཡང་མཚངས་བས། ང་རྒྱལ་ཅན་གྱི་སྤུན་མཚེ་ཞིག་དང་གཉིས་སུ་མེད། མཉམ་པོར་བསྡམས་ཡོད་པའི་སྨན་ཐུམ་གཉིས་ནི། མ་ཉེས་ཁ་གཡོག་ངང་མེ་ཏོག་དཀར་པོ་བཞད་པའི་སྤང་རམ་ཕུང་བོ་ཞིག་གི་འགྲམ་ན་ཙོག་འདུག ཤོག་ཐུམ་རྩིང་པོ་དེ་སུ་ཞིག་གི་རྐང་པས་རྡོག་རྫིས་ཐེབས་ནས། ནང་གི་ཤིང་ཤུན་དང་རྩྭའི་རྩད་པ་ཕྱིར་མངོན་འདུག ཁོས་རྩྭ་སྨན་གྱི་དྲི་མ་སྣོམ་བཞིན། ཚ་ཐབ་སྟེང་ན་པུས་བཙུགས་ཡོད་པའི་ཨ་མ་དྲན་བྱུང་། ཨ་མའི་སྡུག་བསྔལ་གྱི་འཁུན་སྒྲ་དེ་བར་སྟོང་དུ་གྲག་བྱུང་། ཁོས་ཁ་གཅུ་བཞིན་ངུས། ཡིན་ཡང་ངུ་སྐད་ཐོས་རྒྱུ་མི་འདུག་ལ། མིག་ཆུ་ཡང་ལྷུང་རྒྱུ་མི་འདུག ཁོའི་སྙིང་ནི་སྐབས་རེར་ལྡིང་མཚམས་བཞག་པ་འདྲ་ལ། སྐབས་རེར་མཆོང་ལྡིང་བྱས་པ་ཤིན་ཏུ་མགྱོགས། ཁོས་ཧུར་ཐག་གིས་རང་ཉིད་གཉིད་རྨུགས་འཐིབ་པར་འགོག་རྒོལ་བྱས། ཡིན་ཡང་ལྕི་ཞིང་འབྱར་བག་ཅན་གྱི་མིག་ལྕིབས་ནི་རང་འགུལ་ངང་མཉམ་དུ་འབྱར་འགྲོ། ཁོས་རང་གི་གཟུགས་ཕུང་ནི་གཡང་གཟར་གྱི་ངོས་སུ་དཔྱངས་ཡོད་པའི་ཚོར་སྣང་བྱུང་། འོག་ནི་གཏིང་མཐའ་མེད་པའི་རི་ཀླུང་ཡིན་ལ། རི་ཀླུང་དུ་རླུང་བུ་ལང་ལོང་ལྡང་། གདོན་འདྲེ་ཁྱུ་ཚོགས་རེ་རེ་བྲོ་གར་འཁྲབ་ཅིང་། མགོ་རུས་སྐམ་པོ་རུ་བསྟར་རེ་རེ་ཡར་འགྲིལ་མར་འགྲིལ་བྱེད། སྤྱང་ལྟོགས་རེ་རེས་མགོ་བོ་གྱེན་དུ་བསྲིངས་ནས་མཆེ་བ་གཙིགས་ཤིང་ལྕེ་དམར་བསྲིངས། ཁ་ཆུ་བཞུར་བཞིན་སྐོར་བ་བརྒྱབ་ནས་འོ་དོད་བྱེད། ཁོས་ལག་ཟུང་གིས་རྩྭ་ལྡུམ་ཞིག་བཟུང་ལ། རྩྭའི་རྩད་པ་ཧྲག་ཧྲག་ངང་ཆད་འགྲོ། སྒྲོག་གིས་བཅིངས་བའི་མཐེ་བོང་དེ་གཉིས་ཀྱི་སེན་མོ་ནི་ཤི་ཟིན་པའི་ཉ་ནག་པོ་གཉིས་ཀྱི་མིག་འབྲས་དང་འདྲ་བར་མཐའ་འཁོར་དུ་ཁྲག་རྩས་ཁྱབ་འདུག ཁོས་སྐད་མཐོན་པོས་ཨ་མ་བོས་པ་ན། ཨ་མ་ཚ་ཐབ་ལས་བབས་བྱུང་། ལུས་སུ་རས་དཀར་པོ་ཞིག་གྱོན་འདུག་ཅིང་སྤྲིན་དཀར་ཞིག་གྱོན་པ་དང་ཤིན་ཏུ་མཚུངས། མཐོ་སར་འཕུར་ནས་དམའ་སར་ལྡིང་སྐོར་བརྒྱབ་སྟེ་ག་ལེར་སར་བབས་བྱུང་། རྩྭའི་རྩད་པ་ཆད་པས་ཁོ་མར་ལྷུང་། ལྷབ་ལྷུབ་ཏུ་གཡོ་བཞིན་ལྗིད་ཚད་ཅུང་ཙམ་ཡང་མེད་པ་འདྲ། ཨ་མས་ལག་པ་བརྐྱངས་ནས་ཁོ་བཟུང་ཞིང་། ཁོ་ཁྲིད་ནས་ཡར་འཕགས་ཏེ་ཆེས་མཐོ་སར་བསླེབས། ལུས་འོག་གི་སྤྲིན་པ་ནི་ལང་ལོང་གི་གངས་དང་མཚུངས། མདུན་རྒྱབ་ཐམས་ཅད་སྐར་མ་ཡིན་ལ། ལ་ལ་ནི་ཆེ་ཆུང་མཆིག་སྡེར་དང་མཚུངས་ཤིང་ལ་ལ་ནི་ཆེ་ཆུང་དཀར་ཡོལ་གྱི་ཁ་དང་མཚུངས། ཚོན་མདོག་རྣམ་པར་བཀྲ་བས་དངོས་གནས་མཛེས། ཨ་མས་ཁོ་པང་དུ་བཟུང་ནས་སྐར་མ་ལྗང་ཁུ་ཞིག་གི་སྟེང་ཡར་ལངས། སྐར་མའི་སྟེང་སྔོ་ཐིང་ཐིང་གི་སྔོ་དྲེག་གིས་ཁྱབ་པས། འདྲེད་པ་མ་ཟད་གྲང་མོ་ཡང་རེད། ཁོས་ཨ་མར་ལྟ་བཞིན་དགའ་ཞིང་བློ་བདེ་མོའི་ངང་དྲིས་དོན། “ཨ་མ། ཁྱེད་དྲག་སོང་ངམ། ཁྱེད་གཞི་ནས་དྲག་སོང་ངམ། ”ཨ་མས་འཛུམ་དམུལ་དམུལ་ངང་ལག་པ་གཅིག་བརྐྱངས་ནས་ཁོའི་མགོ་བོར་བྱིལ་བྱིལ་བྱེད། ཁོའི་མགོ་བོར་སྡིག་པ་ར་བཙས་སོ་བརྒྱབ་པ་ལྟར་ན་ཟུག་དྲག་པོ་ཞིག་བཏང་བྱུང་། ཁོས་ཨ་མའི་ངོ་གདོང་འཁྱོག་སོང་བ་མཐོང་། སྣ་ནི་བྱ་གླག་གི་ཁ་རུ་གྱུར་ཞིང་ཁ་ནས་དམར་ནག་གི་ལྕེ་རིང་པོ་གཉིས་བསྣར་བྱུང་། ཁོས་སྐད་ཅོར་ཞིག་བརྒྱབ་པ་ན། རྐང་འོག་གི་སྐར་མ་ནི་ཆུ་ངོས་ཀྱི་སྤོ་ལོ་བཞིན་འཁོར་བྱུང་། ཁོ་རང་མགོ་རྟིང་ལོག་ནས་ས་ངོས་གཏད་དེ་མར་ལྷུང་། ལྡིར་སྒྲ་ཞིག་གྲག་པ་དང་ཆབས་ཅིག་ས་འདམ་དུ་འཛུལ་ནས། ཐལ་རྡུལ་འཚུབ་བྱུང……ཨ་དབྱི་རྨི་ལམ་ངན་པས་སད་དུ་བཅུག་བྱུང་། དཔྲལ་བར་འབྱར་བག་ཅན་གྱི་སྣུམ་དང་རྔུལ་ཆུས་བཀང་འདུག མིག་མདུན་ནི་སྔར་བཞིན་གསོམ་སྡོང་དང་དུར་ས། མུ་མཐའ་བྲལ་བའི་གྲོ་ཞིང་རེད། ནུབ་ལྷོའི་རླུང་བུ་གཡུགས་ཤུགས་ཆེ་རུ་ཕྱིན་ལ། ཐབ་ཁོག་ཆེན་པོ་ཞིག་ནས་འཕྱུར་འོངས་བའི་ཚ་རླངས་དང་འདྲ། ལང་ལོང་དུ་འཕྱུར་བའི་སྙེ་མའི་རླབས་རྒྱུན་གཅིག་ཐོག་ཉིས་བརྩེགས་རེད། མཐའ་མེད་པའི་སེར་པོ་གསེར་གྱི་ཁྲོད་ན། དངུལ་མདོག་གི་འོད་རླབས་འཁྱུག་བཞིན་འདུག དེ་ནི་དངུལ་གྱི་གཤེར་ཁུའི་ནང་གསེར་གྱི་གཤེར་ཁུ་བཞུར་འགྲོ་བ་དང་མཚུངས། མིག་ཚ་བའི་འཕྲུལ་ཆས་དམར་པོ་ཞིག་གསེར་དངུལ་གྱི་རྒྱ་མཚོ་རུ་གོ་མེད་ཚོར་མེད་ངང་འཁྱམས་འགུལ་བྱེད། འཕྲུལ་ཆས་ཀྱི་རྒྱབ་ནས་སྤྲིན་ཕུང་སེར་པོ་རེ་ཕྱིར་བསྐྱུག་ཡོང་། ལམ་སྟེང་ན་སླར་ཡང་མི་ཕར་འགྲོ་ཚུར་འོང་བྱེད། སྐྱེས་པ། བུད་མེད། ཡིན་ཡང་ཁོར་ཡ་བྱེད་མཁན་མི་འདུག ཁོའི་སེམས་སུ་ཁོང་ཁྲོའི་མེ་ལྕེ་འབར་བྱུང་བས། སྨྱོས་པ་བཞིན་གསོམ་སྡོང་གི་ཤུན་ལྤགས་ལ་སོ་བརྒྱབ། སྡོང་ཤུན་གྱིས་ཁོའི་ཁ་ཤ་གཤགས་ཤིང་སོ་རྩད། ཁོ་རང་སྙིང་ལངས། སྒྲོག་གིས་བཅིངས་བའི་མཐེ་བོང་ལ་སྙིང་ལངས། མི་བསྲེགས་པར་བྱེད་པའི་ཉི་མར་སྙིང་ལངས། རྡོ་མི་དང་རྡོ་རྟ། རྡོའི་གསོལ་ཅོག འཕྲུལ་ཆས་བཅས་ལ་སྙིང་ལངས། སྙེ་མའི་རྒྱ་མཚོ་ན་ཤིང་མི་ལྟར་འགུལ་བའི་མི་དེར་སྙིང་ལངས། སྡོང་བོར་སྙིང་ལངས། སྡོང་བོའི་སྟེང་གི་རྨ་ཁར་སྙིང་ལངས། འཇིག་རྟེན་འདིར་སྙིང་ལངས། ཡིན་ཡང་ཁོས་སྡོང་ཤུན་ལ་སོ་འདེབས་པ་ལས་ཅི་ཡང་བྱེད་མི་ཐུབ། ཁོའི་སོ་བར་དུ་སྡོང་ཤུན་གྱིས་ཁེངས་ཤིང་ཁ་ནང་ཁྲག་གིས་བཀང་། གསོམ་སྡོང་འགུལ་ཙམ་ཡང་མི་བྱེད། ན་རྒྱུ་མེད་ལ་ཟ་འཕྲུག་ཀྱང་མི་ལངས། འཁང་ར་མེད་ལ་ཁོང་ཁྲོའང་མི་ལངས། ཁོས་འཆི་བ་དྲན་བྱུང་། དཔྲལ་བས་སྡོང་བོར་རྡུང་བས། རྣ་ཅོག་ནང་ ཝུན་ཝུན་གྱི་སྒྲ་གྲགས་བྱུང་ལ། མིག་མདུན་དུ་དམྱལ་བའི་ཡུལ་དུ་འཐེན་པའི་ལམ་སྐྱ་བོ་ཞིག་མངོན་བྱུང……
ཨ་དབྱི་ཡང་བསྐྱར་སད་དུས། ནམ་མཁར་སྤྲིན་ནག་འཁྲིགས་ཤིང་། ཉི་མ་ནི་སྐུང་ནས་གར་སོང་ཆ་མེད་དུ་གྱུར་འདུག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།