བཀའ་ཆད།
རྩོམ་པ་པོ།:ཧྥུའུ་ལན་ཚི•ཁཱ་ཧྥུའུ་ཁཱ་ཡིས་བར
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-19 10:16:31
ཀློག་གྲངས།:
བཀའ་ཆད།
ཧྥུའུ་ལན་ཚི•ཁཱ་ཧྥུའུ་ཁཱ་ཡིས་བརྩམས།
ནག་ཤོད་དགྲ་འདུལ་གྱིས་བསྒྱུར།
སྲས་མོ་ཧྥེ་ལི་ཚེ•Bལ་ཕུལ་བའི་གཏམ་རྒྱུད་ཅིག
དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་གཟའ་ཉི་མའི་སྔ་དྲོ་ཞིག་ལ། གཞོན་སྐྱེས་ཚོང་གཉེར་བ་ཀུ་ཨའོ་ཨེར་ཀུ•པུན་ཏུ་མན་ཁོ་རང་ཉིད་ཀྱི་ཐོག་ཁང་གཉིས་ཅན་གྱི་ཁང་པའི་ནང་དུ་བསྡད་ཡོད། ཁང་པ་འདི་ནི་གཙང་པོའི་ཤོད་དུ་ལུ་གུ་རྒྱུད་པ་བཞིན་གྱི་ཧ་ཅང་དམའ་བའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁང་པ་འདི་དག་གི་མཐོ་ཚད་དང་ཁ་དོག་ཁོ་ན་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན། ཁོང་གིས་ཆུང་ནས་སྨོན་འདྲིན་དུ་གྱུར་ཅིང་རྒྱལ་ཁབ་གཞན་ན་ཡོད་པའི་གྲོགས་པོ་ཞིག་ལ་བསྐུར་རྒྱུའི་འཕྲིན་ཐུང་ཞིག་བྲིས་ཚར་རྗེས་བག་ལྷོད་ངང་ཁ་བརྒྱབ་པ་དང་། ལག་ཟུང་གི་གྲུ་མགོ་སྒྲོག་ཙེའི་ཐོག་ཏུ་བཞག་སྟེ་སྒེའུ་ཁུང་ཕ་རོལ་གྱི་གཙང་པོ་དང་ཟམ་གྱི་ཕར་ངོགས་སུ་གསར་དུ་སྐྱེས་པའི་སྔོ་ལྗང་གི་རྩི་ཤིང་དེའུ་འབུར་ལྟ་བུ་དེར་ཞིབ་ལྟ་བྱེད་བཞིན་འདུགཁོ་པས་གྲོགས་པོ་གང་དེས་རང་ཉིད་ཕ་ཡུལ་དུ་འཚོ་བ་འཕེལ་རྒྱས་ཕྱིན་པར་ཤིན་ཏུ་མི་སྤྲོ་བས་ལོ་ཤས་གོང་དུ་ཨུ་རུ་སུར་བྲོས་པ་དེར་བསམ་བློ་ཡང་ཡང་བཏང་། ཁོས་ད་ལྟ་པི་ཏུ་པའོ་རུ་ཚོང་ཁང་ཞིག་བཙུགས་ཤིང་དང་ཐོག་ཚོང་ཡག་པོ་བྱུང་ནའང་། ཡུན་རིང་ཞིག་དེ་ཙམ་ལས་འགྱུར་ལྡོག་ཅི་ཡང་མ་བྱུང་བས་ཕྱིར་ཕ་ཡུལ་ལོག་སྐལ་ཇི་ཉུང་ནས་ཇི་ཉུང་དུ་ཕྱིན། ནམ་རྒྱུན་ཐུག་ཐེངས་རེར་ཁོས་རེ་ཐག་ཆད་པའི་གཏམ་རྐྱང་རྐྱང་ཤོད་བཞིན་ཡོད། ཁོས་འདི་ལྟར་རྒྱལ་ཁབ་གཞན་དུ་ངལ་བ་འབྲས་མེད་ཀྱིས་འབད་པས་འབུངས་པ་དང་། ཕྱི་རྒྱལ་ལུགས་ཀྱི་ཨ་ར་རྒྱ་བོ་དེས་ཀུ་ཨའོ་ཨེར་ཀུ་ཡིས་ཆུང་ནས་རྒྱུས་ཡོད་དུ་གྱུར་པའི་ངོ་གདོང་དེ་འགེབས་སྦས་ག་ལ་ཐུབ། ཁོའི་ངོ་མདངས་སེར་མདོག་དེར་བལྟས་ན་ནད་ཀྱིས་མནར་ནས་ཇི་སྡུག་ཏུ་འགྲོ་བཞིན་པ་ལྟར་དུ་སྣང་། ཁོང་གིས་ཡུལ་དེ་གའི་མི་དང་འབྲེལ་འདྲིས་གང་ཡང་མེད་ཅིང་། ཨུ་རུ་སུའི་ཁྱིམ་ཚང་དང་ཕར་འགྲོ་ཚུར་འོང་གི་འབྲེལ་བ་གང་ཡང་མེད་པར་ཚེ་འདིར་རང་ཉིད་ཁེར་ཧྲེང་གི་འཚོ་བ་རོལ་བཞིན་ཡོད་ཟེར།
མི་འདི་འདྲ་ཞིག་ལ་འཕྲིན་ཡིག་ཏུ་ཅི་ཞིག་བཤད་དགོས་སམ། ཤེས་གསལ་ལྟར་ཁོ་ལམ་ནོར་དུ་ཕྱིན་ཟིན་པས་ཀུ་ཨའོ་ཨེར་ཀུ་ཡིས་དེའི་དོན་དུ་བློ་ཕངས་པ་ལས་རོགས་པ་བྱེད་འདོད་ཀྱང་ནུས་པ་མེད། ཡིན་ནའང་ཁོ་པ་ཕྱིར་ཕ་ཡུལ་དུ་ལོག་ནས་འཚོ་བ་རོལ་ཐབས་དང་བསྐྱར་དུ་སྔོན་མའི་མཐུན་སྦྱོར་དག་བཙལ་ན་གནད་དོན་ཅི་ཡང་མེད་པར་གྲོགས་པོ་དག་གིས་རོགས་རམ་བྱེད་སྲིད་པ་སོགས་ཀྱི་བསླབ་བྱ་བཏང་ན་མི་ཕན་པའི་ངེས་པ་མེད་མོད། སྔར་ནས་ཚོད་ལྟ་བྱས་ཤིང་ཐེངས་དུ་མ་ནས་བཤད་རུང་ད་ལྟའི་བར་དུ་ནུས་པ་མ་ཐོན་པས། ཁོང་གིས་ད་ནས་སེམས་ཁུར་བྱེད་བཞིན་པའི་དོན་དེ་བློས་གཏོང་འོས་པའི་ཚོད་དུ་སླེབས། ཁོ་པ་རང་ཡུལ་དུ་ལོག་ནས་གཉེན་ཉེ་དུའི་རོགས་རམ་ཤིན་ཏུ་མཁོ་བས་ཚང་མས་ཧང་སངས་པའི་ངང་འགྱོད་སེམས་ཀྱིས་ཁེངས་པའི་ཁོ་པ་མཐོང་ངེས། དེ་དུས་གྲོགས་པོ་དེ་དག་ཁོ་ནས་ཁོ་ལ་བསམ་ཤེས་ཐུབ་ངེས་ཤིང་། ཁོང་གིས་གཡོ་ལྷད་མེད་པའི་བྱིས་པ་བཞིན་ཕ་ཡུལ་དུ་འཕེལ་རྒྱས་ཕྱིན་པའི་གྲོགས་པོ་དག་གི་རྗེས་སུ་འབྲང་དགོས་ངེས། སྐད་ཆ་འདི་དག་སྙན་པོ་ཇི་ལྟར་བཤད་རུང་ཁོང་ལ་ཕོག་ཐུག་གཏོང་ངེས་ནའང་། ཁོང་གིས་མྱོང་བཞིན་པའི་དཀའ་སྡུག་དེ་དག་གི་དོན་སྙིང་ཅི་ཞིག་ཡིན་ནམ། ཡང་གཅིག་བཤད་ན་ཁོ་པ་ཕྱིར་ཕ་ཡུལ་དུ་ལོག་དགོས་པའི་བསླབ་བྱས་ནུས་པ་ཅི་ཡང་ཐོན་མི་སྲིད་དེ། ཁོ་རང་ཉིད་ཀྱིས་ཕ་ཡུལ་ནི་རྒྱུས་མེད་དུ་གྱུར་ཟིན་བཤད་པ་བཞིན། གནས་བབས་གང་འདྲ་ཡིན་རུང་རྒྱལ་ཁབ་གཞན་དུ་གཞིས་ཆགས་ངེས་ཤིང་། བསླབ་བྱ་འདི་དག་གིས་ཁོ་པར་ཕོག་ཐུག་བཏང་ནས་གྲོགས་པོའི་བར་གྱི་བརྩེ་བ་ཇི་སྡུག་ཏུ་འགྲོ་བ་ལས་མ་འདས། གལ་སྲིད་ཁོས་ཕ་ཡུལ་ཏུ་ལོག་པར་ཁས་བླངས་ཏེ་འདི་གར་སུ་ཞིག་གི་འདོད་དོན་ལྟ་བུ་མ་ཡིན་པར་དོན་དངོས་ཀྱིས་ཡིད་ཐང་ཆད་དུ་བཅུག་པ་དང་། གྲོགས་པོ་མེད་ན་མི་རུང་ཞིང་དགོས་ཀྱང་འབྲེལ་འདྲིས་ཡག་པོ་མ་བྱུང་ཚེ། ད་གཟོད་ཆེས་ངོ་གནོངས་ཤིང་ཕ་ཡུལ་དང་གྲོགས་པོ་མེད་པའི་ན་ཟུག་དངོས་སུ་ཚོར་ངེས། དེ་ལྟར་ལགས་ན། ཁོ་པ་འདི་ལྟར་མུ་མཐུད་དུ་རྒྱལ་ཁབ་གཞན་ན་གཞིས་ཆགས་ན་བཟང་བ་མིན་ནམ། གནས་བབས་དེར་གཞིགས་ན་ཁོ་པས་ད་དུང་འདི་ནས་འཚོ་བ་གསར་པ་འགོ་རྩོམ་སྲིད་དམ།
གནད་དོན་འདི་དག་གིས་རྐྱེན་པས་ཁོང་དང་མུ་མཐུད་དུ་འཕྲིན་ཡིག་བསྐུར་འདོད་ཀྱང་དོན་དངོས་ཀྱི་གནས་ཚུལ་ཅི་ཡང་བཤད་ཐབས་མེད། དེ་བས་ན་གནས་དོན་འདི་དག་མཛའ་གཅུགས་ཆེས་བཟང་བའི་མི་ལ་བཤད་ན་འགྲིག་པ་འདྲ། གྲོགས་པོ་ཁོང་ཕྱིར་རང་རྒྱལ་དུ་མ་ལོག་པར་ལོ་གསུམ་ཙམ་འདས་པ་དེ་ཨུ་རུ་སུའི་སྲིད་དབང་བརྟན་ལྷིང་མེད་པར་བཤད་མོད། སྲིད་དབང་ཇི་ལྟར་བརྟན་ལྷིང་མེད་རུང་ཚོང་པ་ཕལ་པ་ཞིག་རྒྱལ་འཚམས་བསྒྲོལ་བར་དཀའ་འགོག་མི་སྲིད་ཅིང་། དུས་འཚམས་འདིར་ཨུ་རུ་སུའི་མི་ཁྲི་ཕྲག་མང་པོ་ས་ཕྱོགས་གང་སར་ལྗོངས་རྒྱུར་ཆས་བཞིན་ཡོད་པས་རྒྱུ་མཚན་དེར་ཡིད་ཆེས་བྱེད་ཐབས་བྲལ། ཏག་ཏག་ལོ་གསུམ་འདིའི་ནང་ཀུ་ཨའོ་ཨེར་ཀུའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། ཀུ་ཨའོ་ཨེར་ཀུའི་ཨ་མ་ལོ་གཉིས་ཙམ་གྱི་གོང་དུ་ཚེ་ལས་འདས་པ་ནས་ཨ་ཕ་དང་ལྷན་དུ་འཚོ་བ་རོལ། རྗེས་སུ་གྲོགས་པོ་ཁོང་ལ་རྨོ་བོ་འདས་གྲོངས་སུ་གྱུར་པའི་འཕྲིན་ཡིག་ཅིག་འབྱོར་བས་ཁོས་སྐད་གསལ་ལ་མི་གསལ་བའི་ངང་མྱ་ངན་ཞུས། དེ་ཡང་ཁོ་པ་རྒྱལ་ཁབ་གཞན་དུ་དོན་དེར་བློ་ཕམ་སྐྱེས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་འདྲ། གཅིག་བྱས་ན་ཨ་མ་འཇིག་རྟེན་འདིར་འཚོ་བཞུགས་བྱེད་སྐབས་ཚོང་གཉེར་གྱི་ཐད་དུ་ཨ་ཕས་བརྒྱ་ཁ་གཅིག་གཅོད་བྱེད་བཞིན་ཡོད་པས་བུ་ཕྲུག་གི་འཇོན་ནུས་ལ་ཚད་བཀག་ཐེབས་ཡོད། ཡང་གཅིག་བྱས་ན་ཨ་མ་འདས་གྲོངས་སུ་གྱུར་པ་ནས་ཨ་ཕ་ཚོང་ཁང་དུ་ལས་ཀ་བྱེད་བཞིན་ཡོད་ནའང་ནམ་རྒྱུན་བཞིན་རང་ཤེད་ཆེན་པོ་མེད་པར་སྙམ། གཞན་ཡང་དེ་ལས་ཀྱང་གལ་ཆེ་བ་ནི་བྱ་བ་ལམ་ལྷོང་དུ་བྱུང་བའང་ཡིན་སྲིད། གང་ལྟར་ཇི་ལྟར་ཡིན་རུང་། ལོ་འདི་དག་གི་རིང་ཁོང་གི་ཚོང་ལས་འཕེལ་རྒྱས་ཧ་ཅང་ཆེ་ཞིང་། ལས་མི་ཡང་ལྡབ་གཅིག་གིས་མང་ཞིང་དངུལ་གྱི་ཡོང་སྒོ་ཡང་ལྡབ་ལྔ་ཙམ་གྱིས་འཕར་ཡོད་པ་མ་ཟད་རྗེས་ནས་མུ་མཐུད་དུ་འཕེལ་བར་ཐེ་ཚོམ་མེད།
གྲོགས་པོ་ཁོང་གིས་དེ་སྔོན་རྨོ་བོ་འདས་གྲོངས་སུ་གྱུར་པའི་འཕྲིན་ཡིག་འབྱོར་སྐབས་ཀྱི་ཀུ་ཨའོ་ཨེར་ཀུ་ཡི་གནས་བབས་ཤེས་པ་ལས་དེའི་རྗེས་ཀྱི་འགྱུར་ལྡོག་དེ་དག་གང་ཡང་ཤེས་མེད་པ་མ་ཟད། སྐབས་དེར་ཀུ་ཨའོ་ཨེར་ཀུ་ཡང་ཨུ་རུ་སུར་གནས་སྤོས་བྱེད་དགོས་པའི་བསླབ་བྱ་བཏང་བ་མ་ཟད། གལ་སྲིད་ཀུ་ཨའོ་ཨེར་ཀུ་ཡིས་པི་ཏུ་པའོ་རུ་ཁོང་གི་ཚོང་ཁང་ཡན་ལག་ཅིག་བཙུགས་ཚེ་འབྱུང་འགྱུར་ལ་འཕེལ་རྒྱས་ཆེ་བ་སོགས་ཀྱང་བཤད། སྐབས་དེར་ཁོས་བསམ་ཚོད་ཀྱིས་བཤད་པའི་ཡོང་འབབ་ལས་ད་ལྟ་ཀུ་ཨའོ་ཨེར་ཀུ་ཡི་ཡོང་འབབ་ནི་ལྡབ་མང་གིས་མཐོ། འོན་ཀྱང་ཀུ་ཨའོ་ཨེར་ཀུ་ཡིས་འཕྲིན་ཡིག་གི་ནང་དུ་རང་ཉིད་ཀྱི་ཚོང་ལས་འཕེལ་རྒྱས་ཧ་ཅང་ཆེ་བའི་སྐོར་ལ་གྲོགས་པོར་བཤད་འདོད་མེད་ནའང་། ཡུན་རིང་ཞིག་འདས་རྗེས་ད་ལྟ་གཞི་ནས་བཤད་ན་ཧང་སངས་ངེས་ཡིན། དེར་བརྟེན་ཀུ་ཨའོ་ཨེར་ཀུ་ཡིས་གྲོགས་པོར་འཕྲིན་ཡིག་སྐུར་སྐབས། ཆེས་ལྷིང་འཇགས་ཀྱི་གཟའ་ཉི་མ་ཞིག་ལ་རང་ཉིད་ཁེར་རྐྱང་གིས་བསམ་བློ་གཏོང་སྐབས་འདས་དོན་མང་པོ་ཞིག་དྲན་འཛིན་དུ་ལྷུང་བ་ལྟ་བུའི་འབྲེལ་མེད་ཀྱི་དོན་བཤད་ཀྱི་ཡོད་ཅིང་། དེ་ཡང་དུས་ཡུན་རིང་པོ་འདིའི་ནང་གྲོགས་པོས་ཕ་ཡུལ་ལ་དགའ་ཞེན་གྱི་བསམ་བློ་དེ་དག་མེད་པ་བཟོ་མི་འདོད་པས་རེད། ཀུ་ཨའོ་ཨེར་ཀུ་ཡིས་འཕྲིན་ཡིག་གཏོང་ཐེངས་གསུམ་གྱི་བར་དུས་ཚོད་ཧ་ཅང་འགྱངས་ནའང་། རྟག་ཏུ་གྲོགས་པོར་འབྲེལ་བ་ཅི་ཡང་མེད་པའི་སྐྱེས་པ་ཞིག་དང་བུད་མེད་ཅིག་གི་གཉེན་སྟོན་གཏན་འཁེལ་བྱས་པའི་སྐོར་བཤད་པས། ཀུ་ཨའོ་ཨེར་ཀུ་ཡི་ཐོག་མའི་ཀུན་སློང་དང་ལྡོག་སྟེ། གྲོགས་པོས་ཡ་མཚན་པའི་གནས་ཚུལ་དེར་སྤྲོ་སྣང་གི་བློ་སྐྱེས།
ཀུ་ཨའོ་ཨེར་ཀུ་ཡིས་གཏམ་རྒྱུད་དེ་ལྟ་བུ་གྲོགས་པོར་བཤད་པ་ལས་རང་ཉིད་ཟླ་བ་གཅིག་གི་སྔོན་ནས་ཕྱུག་བདག་བུ་མོ་ཧྥུའུ་ལི་ཏཱ•པཱོ་ལན་ཏུན་ཧྥེ་ཨེར་ཏུ་དང་གཉེན་སྒྲིག་གཏན་འཁེལ་བྱས་པར་ཐད་ཀར་བཤད་འདོད་མེད། ཁོས་ནམ་རྒྱུན་རང་ཉིད་ཀྱི་མ་འོངས་པའི་མནའ་མར་གྲོགས་པོ་དང་ཁོང་གཉིས་ཀྱི་འཕྲིན་ཡིག་བསྐུར་རེས་དང་དམིགས་བསལ་རྣམ་པ་དེ་དག་བཤད་ཀྱི་ཡོད།
ཁོ་མོས་“དེ་ལྟར་ན་ཁོ་རང་ང་གཉིས་ཀྱི་གཉེན་སྟོན་ལ་གཏན་ནས་ཡོང་མི་སྲིད་ནའང་ཁྱེད་ཀྱི་གྲོགས་པོ་ཚང་མ་ངོ་ཤེས་གཏོང་བའི་ཐོབ་ཐང་ང་ལ་ཡོད་རེད།”ཅེས་བཤད་པར། ཀུ་ཨའོ་ཨེར་ཀུ་ཡིས་“ངས་གྲོགས་པོར་སུན་པོ་བཟོ་འདོད་མི་འདུག”ཅེས་ལན་བཏབ།
“ཁྱེད་ཀྱིས་གོ་བ་ལོག་སྒྲུབ་མ་བྱེད་དང་། ཁོ་ཉིན་ཞིག་ཡོང་བར་ང་ཡིད་ཆེས་ཡོད་མོད། ཁོས་དེ་ནི་རང་གི་འདོད་པ་ལྟར་མ་ཡིན་པར་བཙན་གྱིས་ཡོང་བ་དང་། ང་ལ་ཡིད་སྨོན་འཆོར་ནས་སེམས་ཕམ་དང་འཁོན་སེམས་སྐྱེ་སྲིད། འཁོན་སེམས་དེ་ནི་དུས་ནམ་ཡང་མེད་པར་བཟོ་ཐུབ་མི་སྲིད་པས། སླར་ཡང་ཡིད་ཕམ་པའི་ངང་ཁེར་རྐྱང་དུ་ཕྱིར་ལོག་སྲིད། དེ་ལྟར་ཡིད་ཕམ་པའི་ངང་ཁེར་རྐྱང་དུ་ཕྱིར་ལོག་པའི་རྣམ་པ་དེ་ནི་སེམས་ཀྱིས་བཟོད་དཀའ་བ་ཤེས་སམ།”
“དེ་ངས་ཤེས་ཐུབ་མོད་ང་གཉིས་ཀྱི་གཉེན་སྒྲིག་གི་གནས་ཚུལ་འདི་ཁོང་གིས་ཐབས་ལམ་གཞན་ནས་རྟོགས་མི་སྲིད་དམ།”
“དེ་ནི་ངས་འགོག་ཐབས་མེད་པ་ཞིག་ཡིནའང་ཁོང་གི་འཚོ་བའི་གནས་བབས་ལ་གཞིགས་ན་དེ་ནི་ཕལ་ཆེར་དཀའ་བོ་རེད།”
“ཁྱེད་ལ་གྲོགས་པོ་དེ་ལྟ་བུ་ཞིག་ཡོད་ན་སྔར་ནས་གཉེན་སྒྲིག་མ་བྱས་ན་འཚམས།”
“དེ་ནི་ངས་ནོར་བ་ཡིན་མོད། གང་ལྟར་ངས་རང་ཉིད་ཀྱི་གདམ་ག་ལྟར་བྱ་ངེས།”
ཁོ་མོས་ཀུ་ཨའོ་ཨེར་ཀུ་ལ་འོ་བྱེད་སྐབས་བྲེད་སྔངས་ཀྱི་དབུགས་ཧུར་ཧུར་གྱིས་གཏོང་བཞིན།“གནད་དོན་འདིས་ང་ལ་ཕོག་ཐུག་བཏང་བྱུང་།”ཞེས་བཤད་པར་ཐོས་སྐབས། ཁོང་གིས་འཕྲིན་ཡིག་གཏོང་སྐབས་གནས་ཚུལ་ཚང་མ་ཇི་མ་ཇི་བཞིན་གྲོགས་པོར་བཤད་ན་ད་གཟོད་ཡོད་ཚད་ཤེས་ངེས་སྙམ་བཞིན། “གང་ལྟར་ང་ནི་འདི་ལྟར་དུ་ཡིན་པས་ཅི་ཞིག་བསམས་ཀྱང་ཁོའི་འདོད་པ་རེད། ངས་གྲོགས་པོའི་བརྩེ་བ་དང་ཁོང་གི་འདོད་དོན་དུ་ཡོད་ཚད་བསྟུན་མི་དགོས་པར་སེམས་ནས།”བསམ་བློ་ཡང་ཡང་བཏང་།
འདིའི་གཟའ་ཉི་མའི་སྔ་དྲོར་ཁོང་གིས་“གཏམ་བཟང་ནི་ཆེས་གཞུག་མར་བཤད་དགོས་ཏེ། བདག་དང་སྲས་མོ་ཧྥུའུ་ལི་ཏཱ•པཱོ་ལན་ཏུན་ཧྥེ་ཨེར་ཏུ་གཉིས་གཉེན་སྒྲིག་གཏན་འཁེལ་བྱས་ཟིན་ཞིང་། ཁོ་མོ་ནི་ཕྱུག་བདག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་རེད། ཁྱེད་རང་འདི་ནས་བྲལ་ནས་ཡུན་རིང་གི་རྗེས་སུ་ཁོ་མོའི་ཁྱིམ་ཚང་འདིར་གནས་སྤོས་པ་ཡིན་པས་ཁྱེད་ཀྱིས་ངོ་ཤེས་མི་སྲིད་མོད། ངའི་མ་འོངས་པའི་མནའ་མའི་སྐོར་ལ་རྗེས་སུ་ཞིབ་པར་བཤད་ངེས་ཡིན། དེ་རིང་ངས་ཁྱེད་ལ་བཤད་པར་འདོད་པ་ནི་ངའི་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས། ང་གཉིས་ཀྱི་བར་དུ་འབྲེལ་བ་ཞིག་འགྱུར་བ་བྱུང་ཡོད་པ་ནི་ད་ནས་བཟུང་ང་ནི་ཁྱེད་ཀྱི་གྲོགས་པོ་ཕལ་པ་ཞིག་མ་ཡིན་པར་ཆེས་བདེ་སྐྱིད་ལྡན་པ་ཞིག་ཡིན། གཞན་ཡང་བདག་གི་མ་འོངས་པའི་མནའ་མས་ཁྱེད་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བཞིན་འདུག་ལ། མ་འོངས་པར་ཁོ་མོ་རང་ཉིད་ཀྱིས་ཁྱེད་ལ་འཕྲིན་ཡིག་གཏང་ངེས། ཁོ་མོ་ཡང་ཁྱེད་ཀྱི་གྲོགས་པོ་ཞིག་ཏུ་འགྱུར་སྲིད་པས་ཁེར་རྐྱང་གི་མི་ཞིག་ལ་མཚོན་ན་དེ་ནི་དགའ་འོས་པ་ཞིག་མ་རེད་དམ། ཁྱེད་ཉིད་ལས་ཀ་དག་འགྲུབ་པར་ཧ་ཅང་དཀའ་ཞིང་ལས་བྲེལ་ཆེ་བ་བདག་གིས་རྟོགས་ཡོད། འོན་ཀྱང་། ངའི་གཉེན་སྟོན་སྐབས་དང་བསྟུན་ནས་ཁྱེད་ཀྱིས་གནས་ཚུལ་ཡོད་ཚད་བརྗེད་ཐུབ་པར་བྱ་ཐུབ་བམ། མཇུག་འབྲས་ཇི་ལྟར་ཡིན་རུང་བློ་དོགས་ཅི་ཡང་མེད་པར་རང་གི་འདོད་པ་ལྟར་བྱོས་དང་།”ཞེས་རང་ཉིད་ཀྱི་གཉེན་སྒྲིག་གཏན་འཁེལ་བྱས་པའི་དངོས་ཡོད་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་དུ་འཕྲིན་ཡིག་རིང་པོ་ཞིག་བྲིས།
ཀུ་ཨའོ་ཨེར་ཀུ་ཡིས་འཕྲིན་ཡིག་དེ་ལག་ཏུ་བཟུང་ཞིང་སྒེའུ་ཁུང་གི་ཕྱོགས་སུ་བལྟས་ཏེ་དཔེ་སྒྲོམ་གྱི་གམ་དུ་ཡུན་རིང་ཞིག་བསྡད། ལམ་དེར་དེད་ནས་འགྲོ་བཞིན་པའི་ངོ་ཤེས་ཤིག་གིས་ཁོ་ལ་འཚམས་འདྲི་ཞུས་པར་ཁོང་གིས་འཛུམ་ཙམ་བྱས་པ་ལས་དེར་དོ་སྣང་མ་བྱས།
ཁོང་གིས་ད་ལྟ་གཞི་ནས་འཕྲིན་ཡིག་དེ་སྟོད་གོས་ཀྱི་ནང་དུ་བཅུག་སྟེ་སྒོར་ཐོན་ཞིང་། སྲང་ལམ་ཐུང་ཐུང་དེར་དེད་ནས་པཱ་ལགས་ཀྱི་ནང་དུ་འབྱོར། ཁོང་འདིར་ཟླ་བ་ཁ་ཤས་རིང་འདིར་མ་ཕྱིན་ཞིང་། ནམ་རྒྱུན་འདིར་ཡོང་བའི་དགོས་པའང་མེད། ཕ་བུ་གཉིས་རྟག་པར་ཚོང་ཁང་གི་ནང་དུ་འཕྲད་བཞིན་ཡོད། ཁོང་གཉིས་གུང་ཟས་མཉམ་དུ་རོལ་གྱི་ཡོད་ཅིང་དགོང་ཟས་རང་རང་སོ་སོར་རོལ། གལ་སྲིད་ཀུ་ཨའོ་ཨེར་ཀུ་གྲོགས་པོ་དག་དང་འཛོམས་པའམ་ཡང་ན་ཁོའི་མ་འོངས་པའི་མནའ་མ་དང་ལྷན་དུ་མེད་ཚེ། དགོང་ཟས་ཚར་རྗེས་ཁོང་གཉིས་སྤྱི་གླིང་ཞིག་གི་ནང་དུ་མཉམ་དུ་སྡོད་པ་མ་ཟད། ནམ་རྒྱུན་མི་རེས་ཚགས་པར་རེ་ཀློག་བཞིན་ཡོད།
ཀུ་ཨའོ་ཨེར་ཀུ་དེར་འབྱོར་རྗེས་ཧང་སངས་པ་ཞིག་ནི། ཉི་འོད་རབ་ཏུ་འཚེར་བའི་ཞོགས་པ་ལའང་པཱ་ལགས་ཀྱི་ཁང་པའི་ནང་དུ་མུན་ནག་ལྟར་གསལ་ལ་མི་གསལ་ཞིག་གིས་ཁྱབ། གྲིབ་ནག་ཕལ་ཆེ་བ་ནི་ཁ་ཐག་ཉེ་བའི་མདུན་ཕྱོགས་ཀྱི་ཧ་ཅང་མཐོ་བའི་གྱང་དེའི་དབང་གིས་ཡིན་འདུག པཱ་ལགས་ནི་སྒེའུ་ཁུང་ཕྱོགས་ཀྱི་གྲུ་ཟུར་ཞིག་ཏུ་བསྡད་ཡོད་ཅིང་དེ་གར་ཀུ་ཨའོ་ཨེར་ཀུ་ཡི་མ་འདས་གྲོངས་སུ་གྱུར་པའི་དྲན་རྟེན་དངོས་རྫས་འགའ་བཞག་ཡོད། ཁོང་གིས་ཚགས་པར་ཞིག་ཀློག་བཞིན་ཚགས་པར་དེ་གཞོགས་གཞན་དུ་འཇོག་ཙམ་བྱས་རྗེས་མིག་ཤེད་ལ་སྙོམ་སྒྲིག་བྱས།
པཱ་ལགས་ཀྱིས་“ཨོ། ཀུ་ཨའོ་ཨེར་ཀུ།”ཞེས་ཁོང་གི་ཕྱོགས་སུ་ཡོང་། ཁོང་གིས་གོམ་པ་རྒྱག་སྐབས་ཤིན་ཏུ་ཆེ་བའི་ཉལ་གོས་དེ་ལྡིར་ལྡིར་དུ་ཆགས་ཡོད་ཅིང་། ཉལ་གོས་ཀྱི་འགབ་མཐའ་ཁོང་གི་ལུས་ཀྱི་ཕྱོགས་གང་སར་གཡུག་བཞིན་ཡོད་པས། “ཁོང་གིས་བདག་གི་ཨ་ཕ་ནི་གྱད་མི་ཞིག་ཡིན་སྙམ།”
ཀུ་ཨའོ་ཨེར་ཀུ་ཡིས་བསམ་བློ་གཏོང་བཞིན་དུ་“འདིར་ནག་དྲགས་འདུག”ཅེས་བཤད།
པཱ་ལགས་ཀྱིས་“འདུག ནག་དྲགས་འདུག”ཅེས་ལན་བཏབ།
“ཁྱེད་ཀྱིས་སྒེའུ་ཁུང་ཡང་སྒོ་བརྒྱབ་ཡོད་དམ།”
“ངས་སྒེའུ་ཁུང་སྒོ་འབྱེད་འདོད་མི་འདུག”
ཀུ་ཨའོ་ཨེར་ཀུ་ཡིས་“ཕྱི་ལོག་ཏུ་གནམ་གཤིས་དྲོད་པོ་འདུག”ཅེས་མུ་མཐུད་དུ་དེའི་སྐོར་ཤོད་བཞིན་པ་ལྟར་མར་བསྡད། པཱ་ལགས་ཀྱིས་ཞོགས་ཟས་ཟ་བྱེད་ཀྱི་ཕུར་པ་དག་བསྡུ་གསོག་བྱས་ནས་སྒམ་ཞིག་གི་ནང་དུ་བཞག ཀུ་ཨའོ་ཨེར་ཀུ་ཡིས་“བདག་གིས་ཁྱེད་ལ་བཤད་འདོད་པ་ནི།”ཞེས་ཤོད་བཞིན་སེམས་སུ་ཅི་ཞིག་བྱེད་དགོས་མིན་མི་ཤེས་པར་པཱ་ལགས་ཀྱི་བྱ་ལུགས་བྱེད་སྟངས་ལ་བལྟས་ཏེ།“བདག་གིས་པི་ཏུ་པའོ་རུ་ཡོད་པའི་གྲོགས་པོར་གཉེན་སྟོན་གྱི་སྐོར་ལ་བཤད་རྩིས་ཡོད།”ཅེས་འཕྲིན་ཡིག་དེ་སྟོད་གོས་ནང་ནས་ཕྱིར་བཏོན་ཙམ་བྱས་རྗེས་སླར་ཡང་ཡར་བཅུག་སོང་།
པཱ་ལགས་ཀྱིས་“པི་ཏུ་པའོ་རུ་ཨི།”ཞེས་དྲིས།
ཀུ་ཨའོ་ཨེར་ཀུ་ཡིས་“བདག་གི་གྲོགས་པོ་དེ་ཟེར་བ་ཡིན།”ཞེས་བཤད་རྗེས། པཱ་ལགས་ནམ་རྒྱུན་ཚོང་ཁང་དུ་ཡོད་སྐབས་ཀྱི་རྣམ་འགྱུར་དང་མི་འདྲ་བ་ཞིག་སྣང་ནས་མིག་གི་ལྟ་ཕྱོགས་ལ་བལྟས།
པཱ་ལགས་ཀྱིས་ཁོང་གིས་ལག་པ་གཉིས་ཕན་ཚུན་བསྣོལ་ཅིང་བྲང་ཁར་སྦྱར་ནས་ཉམས་ཆེན་པོས་བསྡད་པ་མཐོང་ནས། སྐད་ཤུགས་མཐོ་རུ་བཏང་སྟེ་“རེད། ཁྱེད་ཀྱི་གྲོགས་པོ་རེད།”ཅེས་བཤད།
“པཱ་ལགས། ཁྱེད་ཀྱིས་ཤེས་པ་ལྟར་ཁོང་ལ་བདག་གི་གཉེན་སྟོན་གྱི་སྐོར་ལ་བཤད་འདོད་མེད་པ་ནི། ཡོད་ཚད་ཁོང་ལ་བསམ་བློ་བཏང་བ་ལས་གཞན་གྱི་རྒྱུ་མཚན་ནི་གང་ཡང་མེད། ད་དུང་ཁྱེད་ཀྱིས་ཤེས་གསལ་ལྟར་ཁོང་ནི་མི་གཞན་དང་གཤིབ་པར་ཧ་ཅང་དཀའ་བ་ཞིག་རེད། བདག་གིས་བསམས་ན། ཁོང་ནི་ཕྱི་མི་དང་འབྲེལ་ལམ་ཧ་ཅང་ཞན་པས་བདག་གི་གཉེན་སྟོན་གྱི་སྐོར་ལ་ཤེས་དཀའ་ནའང་། འབྲེལ་ལམ་གཞན་གྱི་ཐོག་ནས་ཤེས་མེད་པ་ནི་བཤད་དཀའ་ཞིང་དེར་བདག་གིས་བཀག་འགོག་བྱེད་ཐུབ་པ་ཞིག་ཀྱང་མ་རེད། གང་ལྟར་བདག་གིས་བཤད་རྒྱུ་ནི་མི་འོས་པར་སྣང་།”
པཱ་ལགས་ཀྱིས་“འོ་ན་ད་ལྟ་ཁྱོད་ཀྱི་བསམ་བློ་འགྱུར་ཡོད་དམ།”ཞེས་དྲིས་རྗེས། ཚགས་པར་སྒེའུ་ཁུང་གི་སྟེགས་བུའི་ཐོག་ཏུ་བཞག་ཅིང་། མིག་ཤེལ་དེ་ཚགས་པར་ཐོག་ཏུ་བཞག་ནས་ལག་པ་གཅིག་གིས་བསྣན་ཙམ་བྱས།
“བདག་གིས་བསྐྱར་དུ་བསམ་བློ་བཏང་བར་ཁོང་ནི་བདག་གི་གྲོགས་པོ་ཡག་པོ་ཞིག་ཡིན་པས་བདེ་སྐྱིད་ལྡན་པའི་བདག་གི་གཉེན་སྒྲིག་ནི་ཁོང་ལ་མཚོན་ན་དགའ་འོས་པ་ཞིག་རེད། དེར་བརྟེན་ཐེ་ཚོམ་ཅི་ཡང་མེད་པར་ཁོང་ལ་བཤད་ངེས་ཡིན། འཕྲིན་ཡིག་མ་གཏང་བའི་སྔོན་དུ་ཁྱེད་ལ་བཤད་ཙམ་བྱེད་འདོད་པ་ཡིན།”
“ཀུ་ཨའོ་ཨེར་ཀུ”’ཞེས་པཱ་ལགས་ཀྱིས་སོ་གཅིག་ཀྱང་མེད་པའི་ཁ་གདངས་ནས་“ཁྱོད་ཀྱིས་ཉོན་ཨ། དོན་འདིའི་ཕྱིར་དུ་འདིར་ཡོང་ནས་ང་དང་གྲོས་བསྡུར་བྱེད་འདོད་པ་ཡིན་ཚེ་དེ་ནི་ཀུན་སློང་བཟང་པོ་ཡིན་མོད། ད་ལྟ་ཁྱོད་ཀྱིས་གནས་ཚུལ་ཁ་ཤས་ཤིག་དངོས་ཡོད་ཇི་བཞིན་དུ་མ་སྨྲས་ན། ཡོད་ཚད་དོན་སྙིང་ཅི་ཡང་མེད་པ་མ་ཟད་དེ་ལས་ཀྱང་འགལ་ངེས། ངས་ཚོང་ལས་ཕུད་པའི་གཞན་འབྲེལ་མེད་ཀྱི་དོན་དུ་ཐེ་གཏོགས་གང་ཡང་བྱ་འདོད་མེད་མོད། ཁྱེད་ཀྱི་ཨ་མ་ལགས་འདས་གྲོངས་སུ་གྱུར་པ་ནས་མི་རུང་བའི་གནས་ཚུལ་ཁ་ཤས་བྱུང་སོང་། འདིའི་སྐོར་ལ་བཤད་པའི་དུས་ཚོད་ཡོད་སྲིད་ལ་གནས་ཚུལ་འདི་དག་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཀྱང་ཡིན་ངེས། ཚོང་གཉེར་ཐད་ཀྱི་གནས་ཚུལ་ཁ་ཤས་ངས་ཐེ་གཏོགས་བྱེད་མི་ཐུབ་ཅིང་། ད་ལྟ་ངས་ཁྱེད་ཀྱིས་ང་ལ་གསང་བ་བྱས་པའི་གནས་ཚུལ་ཡོད་པར་བསམ་གྱི་མེད་ཅིང་གསང་བ་བྱས་པའང་མེད་ངེས། ད་ལྟ་བདག་གི་དྲན་ཤེས་དང་ལུས་སྟོབས་ཡོད་ཚད་ཉམས་བཞིན་འདུག་པས་ཕྱོགས་མང་པོ་ཞིག་ཐེ་གཏོགས་བྱེད་ཐུབ་ཀྱི་མི་འདུག འདི་ནི་མ་གཞི་རང་བྱུང་གི་ཆོས་ཉིད་ཅིག་ཡིན་མོད། ཁྱེད་ཀྱི་ཨ་མ་འདས་གྲོངས་སུ་གྱུར་པ་དེས་ཁྱོད་ལས་ཀྱང་ང་རང་བློ་ཕམ་བྱུང་ཞིང་། ད་ལྟ་ང་གཉིས་གནད་དོན་འདི་དག་གླེང་བ་མ་ཟད། འཕྲིན་ཡིག་གི་སྐོར་ལ་ཡང་གླེང་བཞིན་ཡོད་པས། འདི་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་པས་ཁྱོད་ཀྱིས་ང་ལ་རྫུན་བཤད་མི་དགོས། ཁྱེད་རང་དངོས་གནས་པི་ཏུ་པའོ་རུ་གྲོགས་པོ་ཞིག་ཡོད་དམ།”
ཀུ་ཨའོ་ཨེར་ཀུ་ཅུང་མ་བདེ་བའི་ངང་ཡར་ལངས་ཤིང་།“ད་ནི་གྲོགས་པོའི་སྐོར་ལ་གླེང་བར་མི་བྱའོ། །གྲོགས་པོ་སྟོང་གཅིག་ཡོད་ཀྱང་ཁྱེད་ཀྱི་ཚབ་ཏུ་མི་རུང་། ཁྱེད་ཀྱིས་རང་ཉིད་ཀྱི་གཟུགས་པོར་བདག་གཅེས་ཡག་པོ་མི་ཐུབ་པ་ནི་ངའི་སེམས་ཁྲལ་ཞིག་ཡིན་པ་ཤེས་སམ། ལོ་ཟླས་མི་ལ་སྙིང་རྗེ་སྒོམ་མི་སྲིད་ཅིང་། བདག་གི་ཚོང་གཉེར་གྱི་ལམ་དུ་ཁྱེད་ཉིད་མེད་ན་ཐབས་མེད་ཡིན་པ་ཁྱེད་ཀྱིས་གསལ་པོར་ཤེས་ངེས། ཡིན་ནའང་། གལ་སྲིད་ཚོང་གཉེར་གྱི་ལས་བྲེལ་གྱིས་ཁྱེད་ཀྱི་གཟུགས་པོའི་བདེ་ཐང་ལ་གནོད་པ་བྱུང་ཙ་ན། དེ་ནས་བཟུང་ཚོང་ཁང་གི་སྒོ་རྒྱག་རྒྱུ་ལས་མེད་པས་དེ་ལྟར་དུ་གཏན་ནས་བྱ་མི་རུང་། ཁྱེད་ཀྱི་འཚོ་བའི་གོམས་གཤིས་ནམ་རྒྱུན་དང་གཏན་ནས་མི་འདྲ་བར་འགྱུར་བ་གཏང་དགོས་འདུག འགྲུལ་ཁང་གི་ནང་དུ་ཉི་འོད་ཧ་ཅང་ཡག་ནའང་འོད་གསལ་ལ་མི་གསལ་བའི་འདིའི་ནང་བསྡད་པ་དང་། གཟུགས་པོའི་བདེ་ཐང་ལ་བསམ་བློ་མི་གཏོང་བར་ཞོགས་ཟས་ཁམ་གང་ཙམ་ལས་མི་ཟ་ཞིང་། སྒེའུ་ཁུང་སྒོ་བརྒྱབ་ནས་བསྡད་ན་གཟུགས་པོར་ཕན་པའི་མཁའ་རླུང་གཙང་མ་ཡང་མེད། པཱ་ལགས། བདག་གིས་སྨན་པ་གདན་ཞུ་བྱ་ཡོང་། ད་ནས་སྨན་པས་ཇི་ལྟར་གསུངས་ནའང་དེ་ལྟར་དུ་བྱ། ཁྱེད་ཉིད་བདག་གི་ཁང་པའི་ནང་དུ་སྡོད། ང་རང་འདིར་བསྡད་ནས་ང་གཉིས་ཀྱི་ཁང་པ་བརྗེ་མོ་རྒྱག འདིའི་ནང་གི་ཅ་ལག་ཚང་མ་ཡར་དབོར་ཚེ་ཁྱེད་རང་མི་གོམས་པ་གང་ཡང་ཡོད་མི་སྲིད། འོན་ཀྱང་འདི་ནི་དུས་ཚོད་ཅུང་ཙམ་འགོར་སྲིད་པས་ད་ལྟ་ཁྱེད་ཉིད་ཉལ་ཁྲིའི་ཐོག་ཏུ་ངལ་གསོ་རྒྱོབ། པཱ་ལགས་འདིར་ཤོག་དང་བདག་གིས་ཁྱེད་ཀྱི་གྱོན་གོས་འཕུད་ཆོག འདི་དག་བདག་གིས་ཡག་པོ་བསྒྲུབ་ཐུབ་པར་ཁྱེད་ཀྱིས་མཐོང་ངེས། ཡང་ན་ཁྱེད་ཉིད་བདག་གི་ཁང་པའི་ནང་སྡོད་འདོད་འདུག་ན་ད་ལྟ་ནས་ཡར་འགྲོ་དང་སྔོན་ལ་བདག་གི་ཉལ་ཁྲིའི་ཐོག་ཏུ་ངལ་གསོ་བྱོས་དང་། འདི་ཡང་ཐབས་ཤེས་ཡག་པོ་ཞིག་རེད།”
ཀུ་ཨའོ་ཨེར་ཀུ་ཕའི་གམ་དུ་ཀྲོང་ངེར་ལངས་ནས་བསྡད། པཱ་ལགས་ཀྱི་སྐྲ་ལོ་དཀར་ཞིང་ཟང་ཟིང་གི་མགོ་བོ་དེ་བྲང་ཁར་དུད།
པཱ་ལགས་ཀྱིས་གཟུགས་པོ་གཡོ་འགུལ་གང་ཡང་མེད་པར་སྐད་ཤུགས་ཆུང་ངུས་“ཀུ་ཨའོ་ཨེར་ཀུ”ཞེས་བཤད།
ཀུ་ཨའོ་ཨེར་ཀུ་ཡིས་པཱ་ལགས་ཀྱི་ཉམ་ཐག་པའི་གདོང་གཤིས་དེ་མཐོང་བས་དེ་མ་ཕའི་གམ་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་བསྡད་ཅིང་། ཁོང་གིས་མིག་ཆེར་བགྲད་ཅིང་མིག་ཟུར་ཀུ་ཨའོ་ཨེར་ཀུའི་ཕྱོགས་སུ་་འཕངས།
“ཁྱེད་རང་པི་ཏུ་པའོ་རུ་གྲོགས་པོ་ཤིག་ཡོད་མ་རེད། ཁྱེད་ཀྱིས་སྔོན་མ་ནས་ང་ལ་རྫུན་བཤད་པ་རེད། ཐ་ན་ང་ལའང་མགོ་སྐོར་གཏོང་། ཁྱོད་ལ་ཏག་ཏག་པི་ཏུ་པའོ་རུ་གྲོགས་པོ་ཞིག་ཡོད་སྲིད་དམ། ང་རང་གཏན་ནས་ཡིད་ཆེས་མེད།”
ཀུ་ཨའོ་ཨེར་ཀུ་ཡིས་“པཱ་ལགས་ཁྱེད་ཀྱིས་ཡང་བསྐྱར་བསམ་བློ་ཞིག་ཐོངས་དང་།”ཞེས་ཤོད་བཞིན་པཱ་ལགས་འབོལ་གདན་ཐོག་ནས་ཡར་བསྐྱོར། པཱ་ལགས་ནི་ཧ་ཅང་ཉམ་ཐག་པའི་ངང་དེ་གར་ལངས་ནས་བསྡད། ཁོང་གིས་ཕའི་ཉལ་གོས་མར་འཕུད་བཞིན།“སྔོན་མར་བདག་གི་གྲོགས་པོ་འདིར་ཡོང་ནས་ད་ལྟའི་བར་དུ་ལོ་གསུམ་འདས་ཟིན། ད་དུང་བདག་གི་དྲན་འཛིན་དུ་ཁྱེད་ཉིད་ཁོང་ལ་དགའ་བོ་ཡོད་མ་རེད། ཁོང་རང་བདག་གི་ཉལ་ཁང་ནང་དུ་བསྡད་ཡོད་སྐབས། བདག་གིས་ཁྱེད་ལ་ཁོང་ནི་ངའི་གྲོགས་པོ་མིན་ཞེས་ཉུང་ཤོས་ལ་ཐེངས་གཉིས་ཙམ་རྫུན་བཤད་མྱོང་། ཁོང་གི་གཤིས་ཀ་ཁྱད་མཚར་ཞིག་ཡོད་པས་ཁྱེད་ཉིད་ཁོང་ལ་དགའ་བོ་མེད་པར་བདག་གིས་བསམ་ཤེས་ཐུབ་ཀྱི་འདུག འོན་ཀྱང་། དེའི་རྗེས་སུ་ཁྱེད་གཉིས་ཕན་ཚུན་བར་དུ་སྐད་ཆ་བཤད་རྒྱུར་དགའ་བོ་ཆགས་ཤིང་། ཁོང་གིས་སྐད་ཆ་བཤད་དུས་ཁྱེད་ཀྱིས་མགོ་བོ་གཡུགས་གཡུགས་བྱེད་བཞིན་ཉན་པ་མ་ཟད། སྐབས་སྐབས་སུ་དྲི་བ་ཡང་འདྲི་བཞིན་འདུག་པས་སྐབས་དེར་ང་རང་ཡང་སྤོབས་པ་སྐྱེས་མྱོང་། ཁྱེད་ཀྱིས་བསམ་བློ་ཡང་ཡང་ཐོངས་དང་གཏན་གཏན་དྲན་ངེས། ཁོང་གིས་སྐབས་དེར་ཐོས་པ་ཙམ་གྱིས་འཇིགས་སུ་རུང་བའི་ཨུ་རུ་སུའི་གསར་བརྗེའི་གཏམ་རྒྱུད་བཤད་ཀྱི་འདུག དཔེར་ན། ཐེངས་ཤིང་ཁོང་ཉིད་ཝུའུ་ཁུ་ལན་རྒྱལ་ས་ཅི་ཧྥུའུ་རུ་འགྲོ་སྐབས་ཏག་ཏག་དམག་འཁྲུག་དང་ཁེལ་ཞིང་། ཁོང་གིས་ཡེ་ཤུའི་ཆོས་པ་ཞིག་ལྡིང་ཁང་དུ་ལངས་ནས་གྲིས་རང་ཉིད་ཀྱི་ལག་མཐིལ་དུ་ཡེ་ཤུའི་ཆོས་རྟགས་ཤིག་བྲིས་རྗེས་ལག་པ་ཡར་བརྐྱངས་ནས། སྐད་ཤུགས་ཆེན་པོས་མང་ཚོགས་ཚོར་གཏད་དེ་ཁྱོད་རང་ཉིད་ཀྱིས་གཏམ་རྒྱུད་འདི་ཐེངས་ག་ཚོད་བཤད་མྱོང་ཞེས་བཤད་པ་མཐོང་མྱོང་ཟེར།”
ཀུ་ཨའོ་ཨེར་ཀུ་ཡིས་སྐད་ཆ་ཤོད་ཞོར་དུ་པཱ་ལགས་མར་སྡོད་དུ་བཅུག ཁོང་གིས་གཟབ་ནན་གྱིས་པཱ་ལགས་ཀྱི་ཕྱིའི་གོས་ཐུང་དམ་པོ་དེ་དང་རྐང་ཤུབས་གཉིས་ཕྱིར་ཕུད་ཅིང་། པཱ་ལགས་ཀྱི་གྱོན་གོས་གཙང་པོ་མེད་པར་མཐོང་སྐབས་རང་ཉིད་ཀྱིས་ལྟ་སྐྱོང་ཡག་པོ་ཐུབ་མི་འདུག་སྙམ་པའི་བློ་ཕམ་སྐྱེས། པཱ་ལགས་ལ་གྱོན་གོས་བརྗེ་དགོས་པའི་དྲན་སྐུལ་བྱ་རྒྱུ་ནི་རང་གི་འོས་འགན་ལོས་ཡིན་སྙམ། ཁོང་གིས་པཱ་ལགས་ཀྱི་སྐོར་ལ་ད་དུང་ཆུང་མར་བཤད་མེད་པས་མ་འོངས་པར་པཱ་ལགས་ཇི་ལྟར་ལྟ་སྐྱོང་བྱ་དགོས་སམ་སྙམ་ནའང་། ཁོང་གཉིས་ཀྱིས་མ་གཞི་ནས་པཱ་ལགས་ནི་ཁང་པ་རྙིང་པ་དེའི་ནང་དུ་འདུག་འོས་པའི་ཁ་ཆད་བྱུང་ཟིན། འོན་ཀྱང་། ད་ལྟ་ཁོང་གིས་པཱ་ལགས་རང་ཉིད་ཀྱི་ནང་དུ་བསུ་དགོས་པར་སེམས་སུ་རང་ཐག་བཅད་པ་མ་ཟད། ཁོང་གི་སེམས་སུ་སྐབས་དེ་དུས་པཱ་ལགས་ལ་ལྟ་སྐྱོང་བྱ་འདོད་ནའང་འཕྱི་མི་ཡོང་སྙམ་པའི་བྲེད་སྔངས་ཤིག་ཀྱང་ལངས།
ཁོང་གིས་པཱ་ལགས་པང་དུ་ཁྱེར་ནས་ཉལ་ཁྲིའི་ཐོག་ཏུ་གཞོག་བསམ་མོད་དེའི་བར་གྱི་གོམ་པ་ཁ་ཤས་ཤིག་གི་ནང་དུ་པཱ་ལགས་ཀྱིས་ཁོའི་བྲང་ཁའི་ཐོག་གི་སྐེ་རྒྱན་དེར་ཕུར་བཞིན་པར་ཚོར་བས་ཤིན་ཏུ་འཇིགས་པར་གྱུར། པཱ་ལགས་ཀྱིས་སྐེ་རྒྱན་དེར་ཤུགས་ཆེན་པོས་འཇུས་པ་ན་ཁོང་གིས་ཡུད་ཙམ་ཞིག་ལ་གདན་ཐོག་ཏུ་འཇོག་ཐབས་བྲལ།
པཱ་ལགས་ཉལ་ཁྲིའི་ཐོག་ཏུ་བཞག་པ་དང་ཡོད་ཚད་ནམ་རྒྱུན་བཞིན་དུ་གནས། ཁོང་རང་ཉིད་ཀྱིས་ཉལ་ཆས་གྱོན་ཞིང་ཡར་ཕྲག་པའི་བར་དུ་འཐེན། སྐབས་དེར་ཀུ་ཨའོ་ཨེར་ཀུའི་ཐོག་ཏུ་བལྟས་འདུག་ནའང་མིག་གི་ལྟ་སྟངས་ལས་རྣམ་འགྱུར་ངན་པ་ཅི་ཡང་མི་མངོན།
ཀུ་ཨའོ་ཨེར་ཀུ་ཡིས་“དེ་ལྟར་ཨི་རེད། ཁྱེད་ཉིད་ཀྱིས་ཁོང་དྲན་སོས་ཡོད་ངེས།”ཞེས་སྐུལ་འདེབས་ཀྱི་ཚུལ་དུ་མགོ་བོ་གཡུག་བཞིན་དེ་ལྟར་དུ་དྲིས།
པཱ་ལགས་ཀྱིས་“ངས་ད་ལྟ་ཚང་མ་འགེབ་ཐུབ་སོང་ངམ།”ཞེས་རྐང་པ་ཟུང་འགེབ་ཐུབ་ཡོད་མེད་རང་ཉིད་ཀྱིས་མཐོང་མི་ཐུབ་པ་འདྲ།
ཀུ་ཨའོ་ཨེར་ཀུ་ཡིས་ཉལ་ཆས་ཡང་བསྐྱར་འགེབ་ཞོར་དུ་“ཁྱེད་ཉིད་ཉལ་ཁྲིའི་ཐོག་ཏུ་ངལ་གསོ་བརྒྱབ་ན་སྤྲོ་བོ་ཡོད་ངེས།”ཞེས་སྨྲས།
པཱ་ལགས་ཀྱིས་ཡང་བསྐྱར་དུ་“ཡག་པོ་འགེབ་ཐུབ་འདུག་གམ།”ཞེས་ལན་ཇི་ལྟར་རྒྱག་མིན་ལ་དོ་སྣང་ཆེན་པོ་ཡོད་པ་ལྟར་དེ་ལྟར་དུ་དྲིས།
“སེམས་ཁྲལ་མ་བྱེད། ཡག་པོ་བཀབ་ཡོད།”ཞེས་སྐད་ཆུང་ངུས་བཤད།
པཱ་ལགས་ཀྱིས་“མི་འདུག”ཅེས་སྐད་བརྒྱབ་ཅིང་། ངར་ཤུགས་ཆེན་པོས་ཉལ་གོས་ཕྱིར་གཡུགས་པ་ན་ཉལ་ཆས་ཡུད་ཙམ་ཞིག་བར་སྣང་དུ་ལྡིར་རེར་གནས། དེ་མ་ཐག་ཁོང་ཉལ་ཁྲིའི་ཐོག་ནས་ཡར་ཀྲོང་ངེར་འགྱིང་ཞིང་། ལག་པ་གཅིག་ཁོ་ནས་གནམ་གཅལ་ལ་སྐྱོར་བཞིན།“ངས་ཤེས་ཀྱི་ཡོད། ཁྱེད་ཀྱིས་ང་ནམ་ཡང་འགེབ་པར་འདོད་པ་རེད། བདུད་ཕྲུག་ཨང་། འོན་ཀྱང་ང་ད་དུང་འགེབ་ཐུབ་མ་སོང་། ཁྱོད་ལ་ཁ་གཏད་བྱེད་པར་ངའི་མཐའ་མཇུག་གི་ནུས་ཤུགས་འདིས་འདང་བ་མ་ཟད་ཤུགས་ཆེན་པོ་རྒྱག་དགོས་མེད། ངས་ཁྱེད་ཀྱི་གྲོགས་པོ་ཤེས་དང་ཤེས། ཁོང་ནི་ངའི་རེ་འདུན་གྱི་བུ་ཕྲུག་དང་མཚུངས། དེ་ལྟར་ལགས་ན། ཁྱེད་ཀྱིས་ལོ་མང་པོའི་རིང་ཁོང་ལ་མགོ་སྐོར་གཏོང་བའི་རྒྱུ་མཚན་ཅི་ཞིག་ཡོད་དམ། ཁྱེད་ཀྱི་བསམ་པར་ངས་ཁོང་གི་ཕྱིར་དུ་མིག་ཆུ་གཏོང་མྱོང་ཡོད་མ་རེད་སྙམ་མམ། དེ་བས་ཁྱེད་ཀྱིས་ཨུ་རུ་སུར་གཏང་རྒྱུའི་རྫུན་གྱིས་ཁྱབ་པའི་འཕྲིན་ཡིག་འབྲི་ཕྱིར་དུ་གཞན་གྱིས་སུན་པོ་མི་བཟོ་བར་དོགས་ནས་ཚོང་དོན་བྲེལ་བ་ཆེ་བར་བཤད་ཅིང་རང་ཉིད་གཞུང་ལས་ཁང་དུ་སྒོ་ཟྭ་བརྒྱབ་ཡོད་པ་མིན་ནམ། སྟབས་ཡག་པ་ཞིག་ནི་གཞན་གྱིས་བཤད་མི་དགོས་པར་ངས་ཁྱེད་ཀྱི་བསམ་ངན་རྟོགས་སོང་། ཁྱོད་ཀྱི་བསམ་པར་ཁྱོད་ཀྱིས་ཁོང་ཉིད་ཕམ་པར་བརྒྱབ་པ་མ་ཟད། ཁོང་གི་ལུས་ཐོག་ཏུ་རྐུབ་བཙུགས་ནའང་འགུལ་མི་ནུས་པ་ལྟར་ཕམ་པར་བྱས་རྗེས། ང་ཡི་སྲས་སྐུ་ཞབས་གཉེན་སྒྲིག་གཏན་འཁེལ་བྱས་པ་ཡིན་སྙམ་གྱི་འདུག་གམ། ”
ཀུ་ཨའོ་ཨེར་ཀུ་ཡིས་མགོ་བོ་ཡར་དགྱེ་ཞིང་འཇིགས་སུ་རུང་བའི་ཨ་ཕའི་ཚུལ་དེར་བལྟས་ཏེ། ཨ་ཕས་པི་ཏུ་པའོ་རུ་ཡོད་པའི་གྲོགས་པོ་དེར་རྒྱུས་མངའ་ཧ་ཅང་ཆེ་བ་འདྲ། གྲོགས་པོ་ཁོང་ནི་ད་ལྟ་ཤོད་བཞིན་པ་ལྟར་ནམ་རྒྱུན་ཨ་ཕའི་སེམས་སུ་དེ་ལྟ་བུའི་གོ་ས་ཞིག་མེད་ཨང་སྙམ། ཁོང་གིས་གྲོགས་པོ་དེ་ཉིད་གཞི་རྒྱ་ཆེ་བའི་ཨུ་རུ་སུར་འཁྱམ་བཞིན་པ་དང་ཡོད་ཚད་ཕྲོགས་ཟིན་པའི་ཚོང་ཁང་སྟོང་བ་ཞིག་གི་སྒོ་ཁར་ལངས་ཤིང་། དངོས་ཟོག་འཇོག་སའི་ཕན་མེད་ཀྱི་གད་སྙིགས་དང་ཁ་ཐོར་ཡ་བྲལ་གྱི་ཅ་ལག སོལ་རླངས་ལྕགས་མདོང་མགོ་མཇུག་བསློགས་པ་སོགས་ཀྱི་ཁྲོད་དུ་བསྡད་ཡོད་པར་མཐོང་། ཁོང་ངེས་པར་དུ་ཐག་རིང་པོ་དེར་འགྲོ་དགོས་དོན་ཅི་ཞིག་ཡིན་ནམ་སྙམ་བཞིན་བསམ་བློ་བཏང་།
པཱ་ལགས་ཀྱིས་“ང་ལ་ལྟོས་དང་།”ཞེས་སྐད་བརྒྱབ། ཀུ་ཨའོ་ཨེར་ཀུ་ཡིས་དོན་དེར་ཤེས་འདོད་ཀྱིས་ཐམ་མེ་ཐོམ་མེའི་ངང་ཉལ་ཁྲིའི་ཕྱོགས་སུ་ཡོང་ཞིང་དཀྱིལ་ཙམ་སླེབས་པ་དང་དེར་ལངས་ནས་བསྡད།
པཱ་ལགས་ཀྱིས་སྐད་གདངས་ཅུང་ཙམ་བསྒྱུར་ནས་“བུ་མོ་དེས་སྨད་གཡོགས་ཡར་འགྱོག་པའི་ཆེད་དུ་ཡིན་ནམ། ཞེན་པ་ལོག་དགོས་པའི་མོས་དེ་ལྟར་དུ་སྨད་གཡོགས་བཀྱགས་སོང་།”དེ་ནི་ཁྱེད་ལ་སྟོན་པའི་ཆེད་དུ་རེད། འོག་འཇུག་ཀྱང་མཐོ་རུ་བཀྱགས་ཏེ་དམག་འཁྲུག་སྐབས་ཀྱི་བརླ་ཤའི་ཐོག་ཏུ་བཟོས་པའི་རྨ་ཁ་ཡང་མཐོང་། “ཁོ་མོས་འདི་ལྟ་འདི་ལྟར་སྨད་གཡོགས་བཀྱགས་པ་ན། ཁྱོད་ཀྱིས་རང་འདོད་ལྟར་ཁོ་མོའི་ལུས་ཐོག་ནས་འདོད་ཆགས་སེལ་བར་བྱས། ཁྱོད་ཀྱིས་ཨ་མའི་སེམས་འདུན་དང་གྲོགས་པོ་ལ་རྒྱབ་འགལ་བྱས་ཤིང་། ཨ་ཕ་ཉལ་ཁྲིའི་ཐོག་ཏུ་བཞག་ནས་འགུལ་སྐྱོད་ཀྱང་བྱེད་མི་ཐུབ་པར་བྱ་བསམ་མོད། དེ་ལྟར་དུ་བྱེད་ཐུབ་སོང་ངམ།”ཞེས་ཤོད་བཞིན། གནམ་གཅལ་བསྐྱོར་པའི་ལག་པ་དེ་མར་བཞག་ནས་རྐང་པ་གཡུག་ཙམ་བྱས་ཤིང་། ཁོང་གིས་རང་ཉིད་ཀྱིས་དོན་ཕྲ་མོའང་རྟོགས་ཐུབ་ཀྱི་འདུག་སྙམ་བཞིན་ཡིད་ཚིམས་པའི་རྣམ་འགྱུར་སྟོན།
ཀུ་ཨའོ་ཨེར་ཀུ་པཱ་ལགས་དང་ཅུང་ཐག་རིང་བའི་གྲུ་ཟུར་ཞིག་ཏུ་ལངས་ནས་བསྡད། ཁོང་གིས་ཅུང་ཙམ་ཞིག་རིང་རྒྱབ་མདུན་དང་གཡས་གཡོན་གང་རུང་ནས་གློ་བུར་དུ་འཇབ་རྒོལ་ལ་སྐྲག་ནས་དེ་གའི་ཡོད་ཚད་ལ་གཟབ་ནན་གྱིས་ཞིབ་ལྟ་བྱེད་སྐབས། ཁོང་གིས་སྔོན་མ་ནས་བརྗེད་པའི་ཆོད་སེམས་ཤིག་དྲན་ཞིང་སླར་ཡང་བརྗེད་པར་གྱུར། དེ་ནི་སྐུད་པ་ཞིག་ཁབ་ཁུང་དུ་བརྒྱུས་པ་ཙམ་ལ་ཆད་པའི་གོ་རིམ་དང་མཚུངས།
པཱ་ལགས་ཀྱིས་“འོན་ཀྱང་ཁྱེད་ཀྱི་གྲོགས་པོ་མགོ་སྐོར་གཏོང་ཐུབ་གི་མ་རེད།”ཞེས་སྐད་རྒྱག་ཞོར་མཛུབ་མོ་གཡུག་བཞིན།“ང་ནི་ཁོང་གི་འདིར་ཡོད་པའི་ཚབ་བྱེད་མི་སྣ་ཡིན།”
ཀུ་ཨའོ་ཨེར་ཀུ་ཡིས་“གཡོ་སྒྱུ་ཚ་བའི་འཁྲབ་སྟོན་པ།”ཞེས་རང་དབང་མེད་པར་ཁ་ནས་ཤོར། དེ་མ་ཐག་ད་ནི་གནས་ཚུལ་མི་ཡག་པ་ཞིག་འབྱུང་ངེས་སྙམ་བཞིན་སོ་ཡིས་ལྕེ་བཙིར་ནའང་ཡོད་ཚད་འཕྱིས་ཟིན། ཁོང་གིས་མིག་ཟུང་ཐད་དུ་བལྟས་ཏེ། ལྕེ་ན་ཚ་མི་བཟོད་པའི་བར་དུ་བཙིར།
“ཡིན། ངས་གཡོ་སྒྱུ་ཅན་གྱི་རོལ་རྩེད་འཁྲབ་བཞིན་ཡོད། གཡོ་སྒྱུ་ཅན་ཞེས་ཡག་པོ་བཤད་སོང་། དེ་མ་ཡིན་པའི་ཁེར་རྐྱང་གི་རྒན་པོ་ང་ལ་བཤད་རྒྱུ་གང་ཡོད་ཤོད་དང་། ང་རྒས་དྲགས་ནས་རུས་ཡང་འཐོར་གྲབས་ཡོད་པས་ངས་ཅི་ཡང་བྱེད་མི་ཐུབ་ནའང་། ཞབས་གཡོག་རྒྱུས་མེད་འགའ་ངའི་སར་ལྐོག་ལྟ་བྱེད་པར་བཏང་དོན་ཅི་ཡིན། ཁྱེད་རང་འཇིག་རྟེན་འདིར་གསོན་པ་ནི་ལན་དེ་རྙེད་ཕྱིར་དུ་ཡིན་ནམ། ངའི་བུ་ཕྲུག་གིས་བསམ་དོན་གྲུབ་པས་མི་ཚོགས་ཀྱི་ཁྲོད་དུ་སྤོབས་པས་ཁེངས། བདག་གིས་རྨང་གཞིར་བཏིང་བའི་ཚོང་གཉེར་དེ་འཕེལ་རྒྱས་ཕྱིན་པས་དགའ་སྣང་གིས་འགྲེལ་ལོག་ཀྱང་རྒྱག་བཞིན་ཡོད། ཨ་ཕའི་མདུན་དུ་ཡོང་ནས་སྐྱེས་པ་ཕོ་ཞིག་གི་ཉམས་བསྟན། ཁྱོད་ཀྱིས་ངའི་ཤ་ཁྲག་འདྲེས་པའི་ཁྱོད་ལ་བརྩེ་བ་སྐྱེ་མྱོང་ཡོད་མ་རེད་བསམ་གྱི་འདུག་གམ།”
“ཁོང་ཉིད་མྱུལ་མྱུལ་པོས་འཁྱར་མ་འཁྱོར་གྱིས་མདུན་དུ་ཡོང་བར།”ཀུ་ཨའོ་ཨེར་ཀུ་ཡི་བསམ་པར་“རྡེབ་སྐྱོན་བྱུང་ནས་རྨས་སྐྱོན་ཚབ་ཆེན་ཕོག་ན་སྙམ་པའི།”རེ་འདུན་ཞིག་ཐོལ་གྱིས་སྐྱེས། པཱ་ལགས་གཟུགས་པོ་མདུན་ཕྱོགས་སུ་འཁྱོར་ཙམ་བྱས་ནའང་ཀུ་ཨའོ་ཨེར་ཀུ་ཡི་རེ་འདུན་ལྟར་སར་འགྱེལ་མེད་པས། ཁོང་གི་མདུན་དུ་འགྲོ་ཙམ་བྱས་ཤིང་སླར་ཡང་ཀྲོང་ངེར་ལངས།
“ཁྱེད་རང་དེ་གར་སྡོད། ང་ལ་ཁྱོད་ཀྱི་རོགས་པ་མི་དགོས། ཁྱོད་ཀྱི་བསམ་པར་ཁྱོད་ལ་འདི་གར་ཡོང་བའི་ནུས་སྟོབས་ཡོད་བསམ་གྱི་འདུག་གམ། ང་དེར་ཡོང་མ་འདོད་པས་འགུལ་སྐྱོད་བྱས་མེད་པར་ངེས་པར་བྱོས། ང་རང་ཁོ་ནའི་ནུས་པས་ཁྱོད་དང་འགྲན་མི་ནུས་ནའང་ཁྱོད་ཀྱི་ཨ་མས་ནུས་སྟོབས་ང་ལ་སྦྱིན་ཡོད་པས་ཁྱོད་ལས་སྟོབས་ཆེ་ངེས། ངས་ཁྱོད་ཀྱི་གྲོགས་པོ་དང་འབྲེལ་ལམ་ཡག་པོ་བྱས་ཤིང་། ཁྱོད་ཀྱི་སྐུ་མགྲོན་དག་གི་མིང་བྱང་བྱ་ར་ངའི་གློ་ཁུག་གི་ནང་དུ་ཡོད།”
ཀུ་ཨའོ་ཨེར་ཀུ་ཡིས་“ཁོང་གི་འོག་འཇུག་ལའང་གློ་ཁུག་ཡོད་པ་འདྲ།”ཞེས་ཆིག་ལབ་བརྒྱབ། ཁོང་གིས་ནམ་རྒྱུན་གནས་ཚུལ་ཕལ་ཆེ་བ་བརྗེད་ཀྱི་ཡོད་མོད། པཱ་ལགས་ཀྱི་སྐད་ཆ་འདི་ཁོ་ནས་ཁོང་ནི་མི་གཞན་དང་ཕྲད་ན་ངོ་ཚ་བའི་གནས་ཡིན་པ་གློ་བུར་དུ་དྲན།
“ཁྱོད་ཀྱིས་རང་ཉིད་ཀྱི་མ་འོངས་པའི་མནའ་མ་ཁོ་ན་བདག་སྐྱོང་བྱས་ཏེ་ངའི་མདུན་དུ་ཁྲིད་ཤོག་དང་། ངས་ཁྱོད་ཀྱིས་གང་ཡང་མི་ཤེས་པའི་ངང་ཁྱོད་གཉིས་ཁ་བྲལ་དུ་གཏང་ངེས།”
ཀུ་ཨའོ་ཨེར་ཀུ་ཡིས་ཡིད་མ་ཆེས་པའི་རྣམ་འགྱུར་གྱིས་འཛུམ་ཙམ་བྱས་མོད། ཨ་ཕ་ཡིས་ཁོང་གི་ཕྱོགས་སུ་མགོ་བོ་གཡུགས་གཡུགས་ཀྱིས་ནན་ཏན་ཡིན་པའི་ཚུལ་བསྟན།
“དེ་རིང་ཁྱོད་རང་འདིར་ཡོང་ནས་གཉེན་སྒྲིག་གཏན་འཁེལ་བྱས་པའི་དོན་དག་འཕྲིན་ཡིག་བཏང་ནས་གྲོགས་པོར་བཤད་དགོས་མིན་སྐོར་ང་ལ་སྐད་ཆ་འདྲི་བར་ཡོང་ནས་ངའི་སེམས་དགའ་རུ་བཅུག་བསམ་བྱུང་ངམ། གླེན་ཕྲུག ཁྱོད་ཀྱིས་ངའི་ཡིག་ཆས་དག་འཁྱེར་རྒྱུ་བརྗེད་འདུག་པས་ངས་ཁོང་ལ་འཕྲིན་ཡིག་བཏང་ཞིང་། ཁོང་གིས་ཁྱོད་ལས་ཀྱང་ལྡབ་སྟོང་གིས་ཤེས་རྟོགས་ཐུབ་ཡོད་པས་ན། ལོ་མང་པོ་ཕྱིར་མ་ལོག་པ་རེད། ངས་བཏང་བའི་འཕྲིན་ཡིག་དེ་ལག་པ་གཡས་ཀྱིས་བཟུང་སྟེ་ཀློག་སྐབས། ཁྱོད་ཀྱིས་བཏང་བའི་འཕྲིན་ཡིག་ལག་པ་གཡོན་གྱིས་བཙིར་བཞིན་ཡོད།”
ཀུ་ཨའོ་ཨེར་ཀུ་ཡིས་“ལྡབ་ཁྲི་གཅིག་གིས་ངས་ལས་འགོངས་ཡོད་དམ།”ཞེས་དང་ཐོག་པཱ་ལགས་ལ་ཁྲེལ་རྒོད་ཀྱི་ཚུལ་དུ་བཤད་བསམ་མོད། དེ་ལྟར་ཁ་ནས་བཤད་དུས་ཆེས་འཇིགས་སུ་རུང་བའི་སྣང་བ་ཤར།
“ངས་ཁྱོད་ལ་ལོ་མང་པོར་དོ་སྣང་བྱེད་དོན་ནི་ཁྱོད་ཀྱིས་དྲི་བ་དེ་འདྲི་ཕྱིར་ཡིན། ཁྱོད་ཀྱིས་ང་ལ་གནས་ཚུལ་གཞན་གྱིས་སེམས་ཁྲལ་གཏོད་བཞིན་ཡོད་བསམ་གྱི་འདུག་གམ། ང་ཚགས་པར་ལ་མགོ་འཁོར་ཡོད་བསམ་བྱུང་ངམ། ཁྱོད་ཀྱི་ལྟོས་དང་།”ཞེས་ཀུ་ཨའོ་ཨེར་ཀུའི་ཕྱོགས་སུ་ཚགས་པར་ཞིག་འཕངས། ཁོང་གིས་ཚགས་པར་འདི་ཇི་ལྟར་ཉལ་ཁྲིའི་ཐོག་ཏུ་ཁྱེར་བར་མ་ཤེས་ཤིང་། ཚགས་པར་དེ་ནི་རྙིང་བ་ཞིག་ཡིན་པས་ཚགས་པར་གྱི་ཁ་བྱང་ནི་ཀུ་ཨའོ་ཨེར་ཀུ་ཡིས་ཧ་མི་གོ་བར་གྱུར།
“ཁྱོད་ཀྱིས་ཐབས་ཇུས་མ་རྙེད་པར་དུས་ཇི་ཙམ་ཞིག་ཐེ་ཚོམ་ངང་ནས་ལུས་སོང་། འདིའི་བར་དུ་ཁྱོད་ཀྱི་ཨ་མ་ཡང་གྲོངས་ཤིང་དོན་བཟང་འདི་མཐོང་བའི་གོ་སྐབས་མ་ཐུབ། ཁྱོད་ཀྱི་གྲོགས་པོ་ལོ་གསུམ་གོང་ནས་གདོང་མདོག་སྐྱོ་ལ་སྐམ་པ་མ་ཟད་ཨུ་རུ་སུར་ག་འགྲོ་འདི་འགྲོ་མེད་པར་གྱུར། མིག་ཆེ་ཙམ་བགྲད་ནས་ལྟོས་དང་ང་ནི་ཅི་ཞིག་འདྲ་འདུག་ཁྱོད་ཀྱིས་མཐོང་བཞིན་པ་འདི་རེད།”
ཀུ་ཨའོ་ཨེར་ཀུ་ཡིས་“ཁྱོད་ཀྱིས་མ་གཞི་ནས་ང་ལ་རྟག་པར་འཇབ་རྒོལ་བྱེད་ཀྱིས་ཡོད་པ་འདྲ་ཨང་།”ཞེས་སྐད་ཆེན་པོས་བཤད།
པཱ་ལགས་ཀྱིས་སེམས་གསོའི་ཚུལ་གྱིས་“སྐད་ཆ་འདི་ཁྱོད་ཀྱིས་སྔོན་ནས་བཤད་འདོད་པ་མིན་ནམ། ད་ལྟ་འདི་ལྟར་བཤད་པ་ནི་དེ་འདྲ་འཚམས་པོ་མི་འདུག”ཟེར།
པཱ་ལགས་ཀྱིས་སྐད་ཤུགས་ཆེ་རུ་བཏང་སྟེ་“ད་ལྟའི་བར་དུ་ཁྱོད་ཀྱིས་རང་ཉིད་ཁོ་ན་ལས་རྟོགས་མེད་ནའང་། ད་ལྟ་འཇིག་རྟེན་འདིའི་ཐོག་ཁྱོད་ཁོ་ན་མིན་པ་རྟོགས་ཡོད་ངེས། གདོད་ནས་ཁྱོད་རང་བྱིས་པ་ལྷད་མེད་ཅིག་ཡིན་མོད་དོན་དུ་ཁྱོད་ནི་གདོན་འདྲེ་ཞིག་རེད་འདུག་པས་ན། ད་ལྟ་ངས་ཁྱོད་རང་ཆུ་སུབ་ཏུ་ཤི་དགོས་པའི་བཀའ་བཏང་བ་ཡིན།”ཞེས་བཤད།
ཀུ་ཨའོ་ཨེར་ཀུ་ཡི་སེམས་སུ་རང་ཉིད་ཁང་པའི་ནང་ནས་ཕྱིར་ཕུད་པར་སྣང་ཞིང་། པཱ་ལགས་ཉལ་ཁྲིའི་ཐོག་ནས་སྐད་རྒྱག་བཞིན་པའི་སྒྲ་ད་དུང་ཁོང་གི་རྒྱབ་ནས་ཉན་བྱེད་དུ་ལྷུང་ཡོང་། ཁོང་གིས་ཐང་དུ་རྒྱུགས་པ་ལྟར་བྲེལ་འཚུབ་ཀྱིས་མར་བབས་དུས་གད་བདར་བྱེད་བཞིན་པའི་གཡོག་མོ་ཞིག་དང་བརྡུངས་པས་གཡོག་མོས་“དཀོན་མཆོག”ཅེས་སྐད་ཤོར་ཅིང་། པང་ཁེབས་ཀྱིས་གདོང་འགེབ་བཞིན་དེ་མ་ཐག་རྒྱང་དུ་བྲོས་སོང་། ཁོང་གིས་སྒོ་ཆེན་ནས་མཆོངས་ཤིང་རླངས་འཁོར་བགྲོད་ལམ་ནས་བརྒལ་ཏེ་གཙང་པོའི་ཕྱོགས་སུ་རྒྱུག
དེར་སླེབས་མ་ཐག་བཀྲེས་སྐོམ་གྱིས་མནར་བའི་མི་ཞིག་གིས་ཟ་མ་མཐོང་བ་ལྟར་ཟམ་ཀྱི་སྒྲོམ་སྐྱོར་ལ་དམ་པོར་འཁྱུད། དེ་ནི་ཁོས་ཆུང་དུས་སུ་ཕ་མ་གཉིས་ཀར་སྤོབས་པ་སྦྱིན་མྱོང་བའི་ལུས་རྩལ་བ་ཕུལ་བྱུང་ཞིག་ཡིན་པའི་སྐབས་ཀྱི་སྟངས་སྟབས་དང་ཧ་ཅང་འདྲ། ཁོའི་ལག་པས་དམ་པོར་འཛིན་མི་ཐུབ་ནའང་ད་དུང་ཤུགས་ཀྱིས་བཟུང་། རླངས་འཁོར་གྱི་སྒྲས་ཁོང་ཉིད་ཆུར་ལྷུང་བའི་སྒྲ་གོ་དཀའ་བས། ཁོང་གིས་སྒྲོམ་སྐྱོར་དེའི་བར་གསེང་ནས་སྤྱི་སྤྱོད་རླངས་འཁོར་ཞིག་ཡོང་བཞིན་པར་བསྟུན་ཏེ། སྐད་ཤུགས་ཆུང་ངུས་“གཅེས་པར་འོས་པའི་ཕ་མ་གཉིས་ལགས། བདག་ནི་དུས་ནམ་ཡང་ཁྱེད་གཉིས་ལ་དགའ།”ཞེས་ལག་པ་ནས་ག་ལེར་ལྷོད་དུ་བཏང་ནས་ཆུ་ནང་དུ་ལྷུང་སོང་།
སྐབས་དེར། ཟམ་པའི་ཐོག་ཏུ་རླངས་འཁོར་ནི་ཆུ་བོའི་རྒྱུན་བཞིན་ཡར་མར་དུ་རྒྱུག་བཞིན་འདུག
原文选自《卡夫卡中短篇小说全集》卡夫卡 著 叶延芳等 译
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།