ང་ཚོས་ཁྱེད་རང་དྲན་པའི་རྟེན་དུ་གང་ཞིག་བཞེང་འོས།

རྩོམ་པ་པོ།:ངྷ་ན་ཀོ་ཤ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2021-11-05 16:29:50 ཀློག་གྲངས།:
ང་ཚོས་ཁྱེད་རང་དྲན་པའི་རྟེན་དུ་གང་ཞིག་བཞེང་འོས།
ངྷ་ན་ཀོ་ཤ།
        སྐྱེར་མའི་མེ་ཏོག་གང་སར་བཞད་ཅིང་ཁུ་བྱུག་སྔོན་མོས་གསུང་སྐད་ཅི་དགར་སྒྲོག་པའི་སྐབས་དེར། ཁྱེད་ཉིད་ང་ཚོ་དང་དུས་གཏན་དུ་བྲལ་བས། ང་ཚོའི་སེམས་ཀྱི་དབྱར་གཞུང་ལ་ཁངས་ཆག་ལྷུང་སོང་།
        སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་སྟེ་སྐྱེ་རྒ་ན་འཆི་ནི་ང་ཚོ་འགྲོ་བ་མི་རེ་རེས་ངེས་པར་དུ་བརྒྱུད་དགོས་པའི་མི་ཚེའི་གོ་རིམ་ཞིག་ཡིན་པ་ལྡོག་ཏུ་མེད་ཀྱང་། ཁྱེད་ཀྱིས་ང་ཚོ་དང་དང་ལྷན་དུ“སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར”གྱིས་མི་ཚེ་མཐའ་རུ་བསྐྱལ་ཆོག་ཅེས་ཨ་མ་གཅིག་གི་ཐུ་སྣེ་ལ་འཇུས་ནས“ཚིག་རྟིང་མནའ་དང་ཕུར་མགོ་རྡོས་མནན”ཏེ་གོ་ཁ་གྲུ་བཞི་འདིར་གཞི་བཅོས་པ་ཡིན་ན། ཁྱེད་རང་ཇ་ཡུན་ཙམ་གྱི་བར་ནས་ང་ཚོ་དང་རྒྱང་དུ་གྱེས་དོན་ཅི།
        ཡང་ཅིག་བཤད་ན། “ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག”སྟེ། ཁྱེད་ནི་ང་ཚོ་མི་རེ་རེའི་སེམས་ངོར་ཟུག་པའི་སྐྱེས་ཕོ་རབ་དེ་ཡིན་པ་བདེན་ན། ཁྱེད་ཀྱིས་ཁས་འཆེས་པའི་དམ་བཅའ་རྩིས་མེད་ཀྱིས་ཕྱི་མིག་ཙམ་ཡང་མི་བསྲིངས་པར་ཕྱིར་ཡོང་མེད་པའི་ལམ་ཁ་དེ་གདམས་བསལ་བྱེད་དོན་ཅི།
        འོ་ན“དམ་བཅའ་འདུས་བྱས་ཡིན་པས་འཇིག་སོང་།།རི་ཀླུང་རྫ་སྟོང་ཡིན་པས་སུན་སོང་།།”ཞེས་གྲགས་པ་ལྟར། ཁྱེད་ཀྱིས་རྟག་འཛིན་གྱི་འཆང་རྒྱར་ཚུད་པའི་ཀླད་ཆུང་ང་ཚོར་གསལ་འདེབས་ཤིག་བསླང་པར་དམ་བཅའ་རྡོ་རྗེའི་དྲུག་མདུད་མཛུབ་མགོ་ནས་གློད་ཅིང་བརྩེ་བ་དར་སྐུད་རིང་མོ་སྙིམ་མཐིལ་ནས་བཏང་སྟེ་སྐྱེ་འཆིའི་ཉག་ཁིས་རྡོག་པས་མནན་པ་ཡིན་ནམ།
        གང་ལྟར། ཁྱེད་ཀྱི་ཤུལ་ན་ལུས་པའི་ང་ཚོ་ནི་འཇིག་རྟེན་པའི་བྱ་བ་ཙམ་ལ་ཡང་མགོ་རྨོངས་པའི་མི་དཀྱུས་མ་ཁྱུ་ཅིག་སྟེ། ཞིང་ཕར་འདེབས་ཀྱི་ས་བོན་གཏོར་མི་ཤེས་ལ་ཞིང་ཚུར་བསྡུ་ཡི་སྟོན་ཏོག་ཀྱང་ལེན་མི་ཤེས་པའི་ཚུལ་དུ་ཡོད་ན། ཁྱེད་ཀྱིས་ང་ཚོ་ཐོལ་གྱིས་བསྐྱུར་ཞིང་ངང་གིས་བཞག་པའི་ཁྲེལ་འདས་གདུག་རྩུབ་ཀྱི་བྱེད་ལས་ཡ་ང་བ་དེ་ང་ཚོས་ཇི་ལྟར་དང་ལེན་བྱེད།
        ལྷག་པར་དུ། ཁྱེད་ཀྱི་དྲི་མེད་ལྷག་བསམ་གྱིས་སྐུལ་བའི་ཚིག་འབྲུ་རེ་རེ་ནི་ང་ཚོ་ལེགས་ལམ་དུ་དཀྲི་བའི་འོད་ཀྱི་ཐིག་ལེ་རེ་རེ་ཡིན་ན། ཁྱེད་ཀྱིས་ང་ཚོའི་རྐང་སྣེ་རྡོ་ལ་ཐོགས་ཏེ་ལམ་གོལ་མུན་དོང་དུ་ལྷུང་ན་ཅི་བྱ་ཞེས་ཞེན་ཆགས་འཚེར་སྣང་གི་ལག་བརྡ་ཙམ་ཡང་མ་བསྟན་པར་ག་ལེར་བཞུད་སོང་པས། སྟོང་ཤིག་ཤིག་དང་མུན་འཐོམ་འཐོམ་དུ་གྱུར་བའི་ང་ཚོའི་སེམས་ཀྱི་སྲུབས་ཀ་རེ་རེར་འཁྱག་གྲང་གྲང་གི་ནུབ་རླུང་བར་མེད་དུ་ལྡང་།
        ཁ་སང་། ཁྱེད་ཀྱིས་ཚ་རུ་རྒྱབ་ལ་བླངས་ཤིང་འཇུར་རྟ་རྐང་ལ་གྱོན་ཏེ་ཕོ་བརྒྱ་ཟིལ་གྱིས་མནན་ཞིང་མོ་བརྒྱའི་མིག་ཚིལ་བརྡོལ་བཞག་ཅེས་ཕ་མ་སྤུན་མཆེད་ཀྱི་སྣང་བ་དགུང་ནས་གསོས་ཤིང་། དེ་རིང་། ཁྱེད་ཀྱིས་གོས་ཚར་ཕྲག་ནས་ཕུད་ཅིང་ཀོ་ལྷམ་ས་ལ་བཞག་སྟེ་སྒྲེན་པོར་ལམ་ལ་ཆས་པའི་སྐྱོ་གར་ཐང་ནས་འཁྲབ་ན།  ཡ་གིའི་རི་རྒྱུད་མཐོན་པོའི་སྨུག་སྤྲིན་ང་ཚོའི་སེམས་ངོ་རུ་འཐིབས་ཤིང་མ་གིའི་གཙང་ཆབ་སྔོན་མོའི་ཆུ་རྒྱུན་ང་ཚོའི་མིག་མཐའ་རུ་ཟགས།
        ཀྱི་ཧུད། སྐད་ཅིག་དེ་ཉིད་དུ། ཁྱེད་ཀྱི་ཤ་ཁྲག་གདོས་བཅས་ལུས་ཀྱི་ཕུང་པོ་སྦྱིན་བསྲེགས་ཀྱི་རྫས་སུ་གྱུར་ཏེ་རུས་ཐལ་སྤར་མོ་གང་པོར་ཚ་ཚ་བཏབ་ནས་ཆུ་ལ་བཤགས་པ་ནས་བཟུང་། ཁྱེད་ཀྱི་ཡིད་སྨོན་འཆོར་བའི་སྐྱེ་གཟུགས་དང་། དྲོད་ཁོལ་སྦྱིན་པའི་འཛུམ་མདངས་། ཤ་ཚ་རུས་འདུ་ཡི་གཏམ་གླེང་སོགས་ཀྱང་ཁྱེད་དང་མཉམ་དུ་གཙང་པོའི་གཞུང་ལ་འདྲེས་པས། དེ་སྔ་ཁྱེད་དང་ང་ཚོས་གནམ་སར་ཁ་ལོ་བསྒྱུར་མྱོང་པ་རྩེད་རྒོད་འུར་ཟིང་གི་འཇིག་རྟེན་ཏེ་ང་ཚོའི་ཕ་ཡུལ་གྱི་སྲང་མདོ་རེ་རེ་ཡང་ཁུ་སིམ་ལྷིང་འཇགས་ཀྱི་ཁོར་ཡུག་རབ་རིབ་ཅིག་ཏུ་སྣང་ལ། ཆུང་དུས་ང་ཚོས་ཚོམ་བུ་དང་ཚོམ་བུར་འཐུས་ཏེ་ལྷ་མདུན་དུ་ཕུལ་མྱོང་པ་ན་པོ་ཆེའི་མེ་ཏོག་སེར་ཆེན་ལ་བཀྲག་མདངས་མེད། ཐ་ན་ཁྱེད་ཀྱིས་སློབ་མ་སྟོང་ཕྲག་མང་པོའི་བློ་སྒོ་ཅིག་ཅར་དུ་ཕྱེས་པའི་ཐབས་ལམ་འཕྲུལ་གྱི་རིག་པ་དེའང་ཉ་གསེར་ལོ་ཅིག་གི་འཁྱུག་འགྲོས་དང་བསྡེབས་ཤིང་ཁྱེད་ཉིད་བྲིས་ལ་བྱང་པའི་བོད་རྒྱ་ཡི་གེའི་མཛེས་རིས་དག་ཀྱང་སྲམ་དཀར་ནག་གཉིས་ཀྱི་གྲ་འཛུམ་དུ་གྱུར་སོང་བས། ང་ཚོས་ཁྱེད་རང་དྲན་པའི་རྟེན་དུ་གང་ཞིག་བཞེང་འོས།
        དེ་ནི་ཁྱེད་ཀྱིས་མི་ཚེ་གང་པོར་ཁྲག་རྣག་གཏའ་མར་བཞག་ནས་ཉོས་པའི་རྡོ་ཁང་དང་། རྔུལ་ནག་གོང་པར་བཟེད་ནས་ལས་པའི་ཤིང་ཁང་། ཡང་ན། སྐྱེད་ཀ་འཕར་མ་བྱིན་ནས་བླུས་པའི་རླངས་འཁོར་སོགས་ཀྱིས་འཐུས་སམ།མིན། ད་ལྟ། དེ་དག་ཐམས་ཅད་ནི་ང་ཚོའི་སྡུག་བསྔལ་གྱི་སྣོན་མ་རུ་གྱུར་ཡོད་པ་སྟེ། དེ་དག་གི་རྐྱེན་པས་ཁྱེད་ཀྱིས་མི་ཚེ་ཕལ་མོར་རང་གི་ལུས་སེམས་གཉིས་ཀ་བྲན་གཡོག་ཏུ་བཀོལ་ནས་ཞེ་ལྷོད་ལྷོད་དང་ལག་དལ་དལ་གྱིས་ཇ་དཀར་ཡོལ་གང་པོའང་གཙང་མ་ཞིག་འཐུང་མ་ཐུབ་པར་མི་ཚེ་ལ་བཞི་ཤད་འཐེན་དགོས་བྱུང་།
        དེ་ལྟར་ཉི་མ་དམར་པོ་མགོ་ཐོག་ཏུ་ལྷུང་བའི་ཉིན་དེར། ང་ཚོས་མགོ་བོ་ཡར་བཏེགས་ཏེ་འགྱོད་གདུང་གི་མིག་ཆུ་མཁའ་དབྱིངས་ལ་མཆོད་ཅིང་སྡུག་ཡུས་ཀྱི་ངུ་འབོད་རླུང་ཁམས་ལ་གཏོར་ཡང་ཁྱེད་ལ་གྲག་འགུལ་ཅི་ཡང་མེད་པས། ང་ཚོའི་སེམས་ཁོང་དུ་ཆུད་ཅིང་རྒྱབ་གྱང་ལ་བསྙེས་ཏེ་ཡིག་དྲུག་མ་ཎི་འཁོར་ལོ་ལག་ལ་ཐོགས་ཤིང་དགེ་བ་ཚོགས་ཞིང་གི་དབྱངས་རྟ་ངག་ལ་དྲངས་ནས་ཁྱེད་ཉིད་རིགས་དྲུག་གི་གནས་ལས་འགོངས་པའི་ཞིང་བཀོད་ཅིག་ཏུ་སྐྱེས་པའི་སྨོན་ལམ་གཙང་མ་གསོལ་ཞོར་དུ། ཁྱེད་ཀྱི་འདས་སོང་གི་གཏམ་རྒྱུད་རེ་རེ་བྲང་ལ་ཡང་ཡང་གླན།
        ཁྱེད་ཡ་ཁྱེད། ཁྱེད་ཉིད་གཞི་འཁོར་བ་འདི་གའི་གདུང་འདེགས་ཀྱི་ཀ་ཆེན་ཉན་པ་ནས་བཟུང་། ཁྱེད་ཀྱིས་ཕྱིའི་ལྕགས་རི་ར་བ་མིག་འབྲས་བཞིན་བསྲུངས་ཤིང་ནང་ཉེ་མིའི་བདེ་སྡུག་སྙིང་ཁ་རུ་སྦྱར་ནས་ཡོང་ན་ཡང་། དུས་དེ་རིང་། ཁྱེད་ལ་ཁབ་སྐུད་པ་ཙམ་གྱི་ཆས་ཀ་མེད་ལ་བུ་སྣབས་ལུག་འདྲ་ཡང་སྐྱོ་གྲོགས་མེད་པར་ཐང་ཆེན་པོ་གོམ་པས་འཇལ་ཞིང་ཆུ་ཆེན་པོའི་རབ་ཁ་བརྒལ་ཏེ་ཆ་མེད་རྒྱུས་མེད་ཀྱི་འཇིག་རྟེན་དེར་ཧྲང་ཧྲང་དུ་བསྐྱོད་ན། ང་ཚོས་ཁྱེད་ཉིད་མིག་གིས་བསྐྱལ་ཡང་བློ་ཡིས་ཇི་ལྟར་ཐོངས་སམ།
        ཉིན་ཞག་ཞེ་དགུའི་རིང་། ང་ཚོས་ནས་རྩམ་སྔོན་མོའི་ཚ་གསུར་ཆག་མེད་དུ་བཀྱགས་ཤིང་གཙང་ཆུ་སྔོན་མོའི་དྲི་ཆབ་ཆད་མེད་དུ་གཏོར་གྱིན་ཁྱེད་རང་བཀྲེས་སྐོམ་གྱིས་མི་མནར་བའི་གསོལ་འདེབས་འབུམ་ཕྲག་ཏུ་བརྩེགས་ཀྱང་། བསམས་བསམས་ན། དེ་ནི་སྐབས་ཐོག་ཙམ་ལ་ན་ཟུག་གི་མགོ་རེ་བསྙལ་བའི་གཟེར་འཇོམས་སྨན་ཐུན་ལྟ་བུ་ལས། ཁྱེད་རང་ང་ཚོའི་མཐོང་ལམ་ནས་གཏན་དུ་ཡལ་བའི་སྐྱོ་གདུང་སེམས་ཆུའི་སྐྲན་རོ་དེས་དུས་ངེས་མེད་དུ་ང་ཚོའི་ལུས་ཀྱི་དོན་ལྔ་སྣོད་དྲུག་ནས་ཚོར་བའི་དབང་བོ་ཐམས་ཅད་ལ་མནར་གཅོད་ཚད་མེད་གཏོང་གྱིན་པས། ད་ལོའི་དབྱར་ཟླ་ཧྲིལ་བོར་ང་ཚོའི་མིག་ལམ་དུ་བརྒྱུད་པའི་འཇིག་རྟེན་ཡོད་ཚད་ཐལ་མདོག་ཏུ་སྣང་ཞིང་ང་ཚོའི་རྐང་འོག་ན་བཞུར་བའི་གཙང་ཆབ་སྔོན་མོར་དྭངས་ཤ་བྲལ།
        མདོར་ན། ང་ཚོ་མི་ཞེས་པ་ནི་འཇིག་རྟེན་བྱེད་པོའི་ལག་མཐིལ་ན་འགྲིལ་བའི་འདམ་བཟོས་རྩེད་ཆས་ཙམ་སྟེ། མཚམས་རེར་ས་ལ་འཐིམ་ཞིང་མཚམས་རེར་ཆུ་ཁར་གཡེང་བ། མཚམས་རེར་མེ་ཡིས་འཚིག་ཅིང་མཚམས་རེར་རླུང་གིས་ཁུར་བ། མཚམས་རེར་ཆར་གྱིས་རྫི་ཞིང་མཚམས་རེར་ཁངས་ཀྱིས་གནོན་པ་སོགས་འཇིགས་སྐྲག་སྡུག་བསྔལ་གྱི་ཀློང་ན་ཡོམ་ཡོམ་འཁྱོམ་འཁྱོམ།
        ཡིན་ན་ཡང་། ཁྱེད་དང་ང་ཡི་སྐྱོ་མོ་སངས་རྟེན་ཏེ་ང་ཚོ་མི་རེ་རེའི་སེམས་ཀྱི་ཟབ་སར་འཁྱིལ་བའི་བརྩེ་འདང་འབྲི་འོའི་རང་མདངས་དེ་རྟག་བརྟན་ཐེར་ཟུག་གི་ཚུལ་དུ་གནས་སྲིད་སྐད། ཁྱེད་དང་ལས་འཕྲོར་ལུས་པ་ང་ཚོས་ཀྱང་ཨ་མ་འགག་བཟའ་ཇི་བཞིན་དྲན་པའི་ཞོ་གསར་ཡིད་ཀྱི་ཐབ་ལ་བསྙལ་ཏེ་ཉིད་རང་རྒྱང་ནས་ཆས་ཤིང་གདོང་ནས་བུད་པའི་སིང་སིང་ཀི་སྒྲ་དེར་རེ་ལྟོས་ཀྱི་རྣ་གཤོག་བརྐྱངས་ནས་ཡོད། ང་ཚོའི་སེམས་སུ་སར་བའི་ཨ་ཇོ་གེ་སར་ལགས།
ངྷ་ན་ཀོ་ཤ། དངོས་མིང་ལ་པདྨ་འཚོ་ཟེར། ལོ་རབས་དྲུག་ཅུ་པའི་སྨད་ཙམ་ལ་ཨ་མདོ་རེབ་གོང་དོན་རིན་ཉིན་ཞེས་པའི་སྡེ་བར་སྐྱེས་ཤིང་། རང་ལོ་བརྒྱད་ཀྱི་ཐོག་ནས་བཟུང་སློབ་གྲྭ་ཆུང་འབྲིང་འགྲིམས། 1988ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་པ་ནས་དུས་ད་ལྟའི་བར་དགེ་རྒན་གྱི་ལས་ཀ་གཉེར་གྱིན་ཡོད། ཞོར་དུདུ་ཆང་གི་ཉེས་དམིགསསོགས་ཉེར་མཁོའི་རྩོམ་ཡིག་འགའ་རེ་དུས་དེབ་དང་ཚགས་པར་སོགས་སུ་སྤེལ། 2011ལོར་རང་འཛིན་བདག་ཡིན་པ་དབྱི་ཧྥུའི་མི་རིགས་སློབ་འབྲིང་དབང་རྣོན་འཛིན་གྲྭས་སྤེལ་བའིས་བོནདུས་དེབ་ཀྱི་གཙོ་སྒྲིག་པ་དང་ཞུ་དག་པ་བྱས། 2015ཡི་ལོ་སྨད་ནས2016གི་ལོ་སྨད་དེ་ལོ་གཅིག་ལྷག་གི་རིང་ལ་ཁུལ་སློབ་གསོ་ཅུས་ཀྱི་མངགས་བཅོལ་ལྟར་ཧུའུ་པེ་ཞིང་ཆེན་ཀོང་ཀང་ལིན་ཧུའུ་མཐོ་འབྲིང་དུ་བོད་ཀྱི་སློབ་མ་དག་ལ་སློབ་ཁྲིད་བྱེད་དུ་སོང་། 2019ལོའི་ལོ་སྟོད་དུསྙན་གཞུང་དྲི་ལན་ལྔ་བརྒྱ་པདངསྙན་གཞུང་དཔེར་བརྗོད་སྒྲ་དབྱངས་ལྷ་མོའི་འཛུམ་རིསགཉིས་དུས་མཉམ་གཅིག་ཏུ་འགྲེམས་སྤེལ་བྱས། ལོ་དེའི་ལོ་སྨད་དུ་འབྲེལ་ཡོད་མི་སྣས་ནན་སྐུལ་བྱས་པ་ལྟར་དམའ་འབྲིང་གི་བསླབ་གཞི་ལསདག་ཡིག་འཁྲུལ་སྤོང་ལེགས་བཤད་སྐྱ་རེངསགཙོ་བྱས་བསླབ་ཚན་འགའ་རེ་འཆད་ཁྲིད་བྱས་མྱོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།