མཛེས་པའི་ཕན་མེད་སྤྱོད་སྒོ།

རྩོམ་པ་པོ།:ལྷ་འབྲུག་གིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-11-08 14:51:53 ཀློག་གྲངས།:
མཛེས་པའི་ཕན་མེད་སྤྱོད་སྒོ།
ལྷ་འབྲུག་གིས་བསྒྱུར། 

        འཇིག་རྟེན་དུ་མཛེས་པ་དང་། བཙོག་པ། བདེན་པ། དགེ་བ། སྡིག་པ་སོགས་བྱ་དངོས་ཡོད་དོ་ཅོག་ལ་ལྟ་ཚུལ་ཐ་དད་པ་མང་དུ་ཡོད་ཆོག བྱ་དངོས་འདྲ་བ་གཅིག་ལའང་ལྟ་སྟངས་མི་འདྲ་བ་མང་དུ་འབྱུང་བ་དང་། དེ་ལས་མཐོང་བའི་སྣང་ཚུལ་ཡང་མི་འདྲ་མང་དུ་མཆིས་སོ། །
        དཔེར་ན། གནའ་བོའི་གསོམ་སྡོང་ཞིག་ལ་མཚོན་ན། གལ་ཏེ་ཁྱོད་ནི་ཤིང་ཚོང་མཁན་ཞིག་དང་། ང་ནི་སྐྱེ་དངོས་རིག་པ་བ། གྲོགས་གཞན་པ་དེ་རི་མོ་བ་ཞིག་ཡིན་པའི་དབང་དུ་བཏང་ན། མི་གསུམ་པོས་དུས་མཉམ་དུ་ཤིང་སྡོང་འདིར་ལྟ་དུས་ཚོར་བ་མི་འདྲ་བ་གསུམ་འབྱུང་བ་དང་། ཡིན་ན་ཡང་མི་གསུམ་པོའི་ཚོར་བར་བྱུང་བ་ཡང་དངོས་པོ་མི་འདྲ་བ་གསུམ་ཡིན་པ་རེད། ཁྱོད་རང་ཤིང་ཚོང་མཁན་ཡིན་པའི་གོམས་གཤིས་དང་ཁ་འབྲལ་ཐབས་མེད། ཁྱོད་ལ་ཤིང་སྡོང་དེ་སྤྱད་དེ་ཤིང་ཆས་ཅི་འདྲ་ཞིག་བཟོ་བར་སྒོར་ག་ཚོད་ལ་རི་བའི་ཤིང་ཆ་དགོས་པ་དེ་ཁོ་ན་ཚོར་རྟོགས་འབྱུང་བ་དང་། ང་ཡང་སྐྱེ་དངོས་རིག་པ་བའི་གོམས་གཤིས་དང་འབྲལ་ཐབས་མེད་པར་དེའི་ལོ་མ་ཁབ་དབྱིབས་དང་། འབྲས་བུ་རིལ་དབྱིབས་ཡིན་པ། དུས་བཞིར་ལྗང་མདོག་མངོན་པའི་སྐྱེ་དངོས་ཤིག་ཡིན་པ་དེ་ཁོ་ན་ཚོར་རྟོགས་འབྱུང་ངེས། ང་ཚོའི་གྲོགས་པོ་རི་མོ་བ་དེས་དོན་གང་ལ་ཡང་ཁ་ཡ་མི་བྱེད་པར་མཛེས་དཔྱོད་ཁོ་ནར་སེམས་ཤོར་ངེས། ཁོར་ཚོར་རྟོགས་འབྱུང་བ་ནི་མདོག་སྔོ་ཞིང་དྲང་ཤ་ལེར་ཡོད་པའི་གནའ་སྡོང་ཞིག་ཡིན་པ་དེ་རེད། ང་ཚོ་མི་གསུམ་པོའི་དྲན་སྟངས་དང་རྣམ་འགྱུར་འཛིན་སྟངས་ཀྱང་མི་འདྲ་བར་བརྟེན། ཁྱོད་ཀྱིས་དེས་ཁང་བ་འབུབས་པའམ་སྤྱོད་ཆས་བཟོ་བར་ཁོག་རྩིས་བྱེད་པ་དང་། ཇི་ལྟར་ཉོ་བ་དང་གཅོད་པ་དང་སྐྱེལ་འདྲེན་བྱེད་པར་བསམ་བློ་གཏོང་བར་བྱེད། ངས་ཀྱང་དེ་ཉིད་རིགས་ཚན་གང་རུང་ཞིག་ཏུ་ཕྱོགས་བསྡུས་བྱེད་པ་དང་། དེ་དང་གསོམ་སྡོང་གཞན་དག་བར་གྱི་མི་འདྲ་སར་དོ་སྣང་བྱེད་པ་དང་། དེ་ཉིད་གནའ་སྡོང་ཞིག་ཏུ་ཇི་ལྟར་གྱུར་བའི་ཚུལ་ལ་བསམ་གཞིག་བྱེད་ངེས། ང་ཚོའི་གྲོགས་པོ་དེས་འདི་ལྟར་མི་དྲན་དགུ་དྲན་གྱི་བསམ་གཞིག་མི་བྱ་སྟེ། ཁོས་བློ་རྩེ་གཅིག་སྒྲིམ་གྱིས་དེའི་སྔོ་ཞིང་ལྗང་བའི་ཁ་དོག་དང་།  འབྲུག་སྦྲུལ་ལྟར་འཁྱིལ་བའི་གཉེར་རིས་དང་། དེའི་མཐོ་ཞིང་བརྗིད་ལ་ཞུམ་པ་མེད་པའི་ཉམས་འགྱུར་ལ་རོལ་མྱོང་བྱེད་སྲིད་དོ།།
        དེ་ལས་མཐོང་ཐུབ་པ་ནི། གནའ་སྡོང་འདིའི་དབྱིབས་དང་རྣམ་པ་ནི་ལྟ་མཁན་གྱི་རང་གཤིས་དང་དགའ་ཕྱོགས་དང་བསྟུན་ནས་འགྱུར་བ་རེད། མི་སོ་སོས་མཐོང་བའི་གནའ་སྡོང་གི་དབྱིབས་དང་རྣམ་པ་ཚང་མ་ཡང་མི་སོ་སོའི་རང་ཉིད་ཀྱི་གཤིས་ཀ་དང་དགའ་ཕྱོགས་ཀྱི་སླར་སྣང་ཞིག་རེད། གནའ་སྡོང་གི་དབྱིབས་དང་རྣམ་པའི་ཕྱེད་ཀ་ནི་ལྷན་སྐྱེས་དང་། ཕྱེད་ཀ་ནི་མི་ལས་བྱུང་བ་ཡིན། ཧ་ཅང་སྤྱིར་བཏང་གི་ཚོར་བར་གསར་གཏོད་རང་བཞིན་གྱི་ཆ་དུ་མ་ཞིག་ལྡན་པ་དང་། ཆེས་ཕྱི་ཡུལ་གྱི་བྱ་དངོས་དག་གི་ཁྲོད་དུའང་རང་སྣང་གི་གྲུབ་ཆ་དུ་མ་ལྡན་པ་རེད།  
        མཛེས་པ་ཡང་དེ་དང་འདྲ་སྟེ། མཛེས་དཔྱོད་ཀྱི་མིག་ལྡན་ན་ད་གཟོད་མཛེས་པའི་ཆ་མཐོང་ཐུབ་པ་ཡིན། 
        སྤྱོད་སྒོའི་ཕྱོགས་ནས་བཤད་ན། མཛེས་པ་ནི་ཆེས་སྤྱོད་སྒོ་མེད་པ་ཞིག་སྟེ། མཛེས་པའི་བྱ་དངོས་དཔེར་ན། སྙན་ངག་དང་། རི་མོ། བརྐོས་རིས། རོལ་དབྱངས་སོགས་ནི་གྲང་ན་གོས་སུ་མི་རུང་བ་དང་། ལྟོགས་ན་བཀྲེས་ལྟོགས་སེལ་མི་ཐུབ། ཡིན་ན་ཡང་། ང་ཚོས་ཅིའི་ཕྱིར་མཛེས་པའི་ཆ་དེ་དག་ལ་དོ་སྣང་བྱ་དགོས་སམ། མི་གཤིས་ནི་གདོད་མ་ནས་རྒྱུ་མང་ཅན་དང་། དེ་བཞིན་དུ་དགོས་མཁོ་ཡང་རྒྱུ་མང་ཅན་ཡིན། མི་གཤིས་ཁྲོད་བཟའ་བཏུང་གི་འདོད་པ་ལྡན་ཞིང་། སྐོམ་ན་བཏུང་རྒྱུ་མེད་པ་དང་། ལྟོགས་ན་བཟའ་རྒྱུ་མེད་པ་ནི་མ་གཞི་ནས་ཆད་ཕྱོགས་ཤིག་རེད། མི་གཤིས་ཁྲོད་གཟོད་ནས་ཤེས་འདོད་ཀྱི་འདུན་པ་ལྡན་ཡང་ཚན་རིག་དང་མཐུན་པའི་འགུལ་སྐྱོད་མེད་པ་ནི། མ་གཞི་ནས་མཛེས་པའི་འཁྲི་ས་ཡོད་ཀྱང་མཛེས་ཚོར་གྱི་འགུལ་སྐྱོད་བྲལ་བ་དེ་ཡང་ཆད་ཕྱོགས་རིགས་ཤིག་ག་ལ་མིན། བདེན་པ་དང་མཛེས་པའི་ཕྱོགས་ཀྱི་དགོས་མཁོ་དེ་ཡང་མི་ཚེའི་ཁྲོད་ཀྱི་བཀྲེས་ལྟོགས་ཤིག་སྟེ། བསམ་བློའི་ཕྱོགས་ཀྱི་བཀྲེས་ལྟོགས་ལགས། ནད་ཀྱིས་བཏབ་ཅིང་རྒས་ཉམས་ཀྱིས་ཟིན་པའི་ལུས་ཕུང་ལ་ཁ་དང་གསུས་པའི་ཐད་ཀྱི་བཀྲེས་ལྟོགས་མེད། གནས་ལུགས་དེ་དང་མཚུངས་པར་ཁྱོད་རང་བསམ་བློའི་ཕྱོགས་སུ་བཀྲེས་ལྟོགས་མེད་པའི་མིའམ་མི་རིགས་ཤིག་དང་འཕྲད་ཚེ། ཁྱོད་ཀྱིས་ཁོའི་ནང་སེམས་དེར་ནད་ཀྱིས་བཏབ་པའམ་རྒས་ཉམས་ཐོན་འདུག་པར་ཁ་ཚོན་བཅད་ཆོག 
        རྒྱུ་མཚན་དེ་འདྲའི་དབང་གིས་མི་སྲོག་ཆགས་གཞན་དག་དང་མི་འདྲ་ཞིང་། བཟའ་བཏུང་དང་ཕོ་མོ་ལས་གཞན་ད་དུང་དེ་ལས་ལྷག་པའི་ཁྱད་འཕགས་ཀྱི་རེ་སྙེག་ཅིག་ལྡན་པ་རེད། མཛེས་པ་ཡང་དེའི་ནང་གི་ཆ་ཤས་ཤིག་རེད། དེམ་ཡིན་ན་ཇ་བསྙལ་ཆོག་པ་དང་། ཅིའི་ཕྱིར་དེའི་དབྱིབས་དང་རྣམ་པ། ཁ་དོག་ཡག་པ་སོགས་ལ་དང་དོད་བྱེད་དགོས་པ་ཡིན་ནམ། ཟས་ཀྱིས་ཕོ་བ་རྒྱགས་ན་གཉིད་དུ་ཡུར་ཆོག་ལ། ཅིའི་ཕྱིར་སེམས་ནུས་ཡོད་རྒུ་བཏོན་ནས་སྙན་ངག་རྩོམ་པ་དང་། རི་མོ་འབྲི་བ། རོལ་མོ་དཀྲོལ་བ་སོགས་བྱེད་དགོས་སམ། ཚེ་སྲོག་དང་འགུལ་སྐྱོད་ནི་སྒྲ་ཐ་དད་ཅིང་དོན་མཚུངས་པ་ཡིན་ཏེ། འགུལ་སྐྱོད་ལས་རང་དབང་ཐོབ་པ་དང་། ཚེ་སྲོག་ལ་སྔར་ལས་དོན་སྙིང་ལྡན་ངེས། མིའི་སྤྱོད་གོ་ཆོད་པའི་འགུལ་སྐྱོད་ཡོངས་ནི་དེ་ལྟའི་དགོས་མཁོ་བྱུང་བ་ལས་སྒྲུབ་པ་ཞིག་ཡིན་པ་དང་། དེར་ཁོར་ཡུག་གི་དགོས་མཁོའི་ཚོད་འཛིན་ཐེབས་པ་ཡིན། མིའི་མཛེས་ཚོར་གྱི་འགུལ་སྐྱོད་ཡོངས་ནི་དགོས་མཁོ་མེད་ཀྱང་སྒྲུབ་གཉེར་བྱས་པ་ཞིག་ཡིན་ཏེ། དེ་ནི་ཁོར་ཡུག་ལ་དགོས་མཁོ་མེད་ན་ཡང་ཁོ་རང་ཉིད་ཀྱིས་སྒྲུབ་འདོད་པའི་འགུལ་སྐྱོད་ཅིག་ཡིན། དགོས་མཁོ་བྱུང་བ་ལས་སྒྲུབ་པའི་འགུལ་སྐྱོད་ཁྲོད། མི་ནི་ཁོར་ཡུག་གི་དགོས་མཁོའི་བྲན་གཡོག་ཡིན་པ་དང་། དགོས་མཁོ་མེད་ཀྱང་སྒྲུབ་གཉེར་བྱས་པའི་འགུལ་སྐྱོད་ཁྲོད། མི་ནི་རང་ཉིད་ཀྱི་ནང་སེམས་ཀྱི་ཁ་ལོ་སྒྱུར་མཁན་ཡིན།  

ཀྲུའུ་ཀོང་ཆན་གྱིམཛེས་རྟོག་གླེང་བལས་བདམས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།