སྐྱེ་ཁམས་ཀྱི་གྱེར་དབྱངས།
རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-10 15:53:50
ཀློག་གྲངས།:
སྐྱེ་ཁམས་ཀྱི་གྱེར་དབྱངས།
རྔོག་བུ་བདུད་མགོན་ཚེ་རིང་།
ང་ནི་མཁའ་དབྱིངས་སུ་ལྡིང་བའི་སྤྲིན་པ་ལེབ་མོ་ཞིག་ཡིན། འབྲུ་དྲུག་གི་སྙེ་མ་ལ་ཚ་བས་གདུང་ཚེ་སྦྲང་ཆར་གྱི་བདུད་རྩི་ཕབ་པའི་སྤྲིན་པ་ལང་ལོང་དེ་དག་ཡིན། རི་ལུང་གི་སེམས་ཅན་ཚ་བས་མནར་ནས་དབུགས་ཧལ་ཧལ་བྱེད་དུས་གྲིབ་བསིལ་གྱི་གདུགས་བསྐོར་བའི་ཕྱག་ཟུང་བརྐྱང་མཁན་དེ་ཡིན། ཁྱོད་ཚོས་མཛུབ་མོ་གེར་ནས་བར་སྣང་ལ་བལྟ་དུས་ངའི་ངོ་གདོང་དཀར་པོ་དང་ནག་པོ་གང་ལྟར་མཆིས་ཀྱང་། ང་ནམ་ཡང་ཁྱོད་ཀྱི་མགོ་ཐོག་ནས་ཉི་མ་དང་ཟླ་བས་གྱོན་པའི་གོས་ལྭ་དམར་སྨུག་དེ་ཡིན། ས་སྲོད་ལ་ཐོན་དུས་ངས་བྱིས་པ་ཚོར་ཚོན་མདོག་གི་རྨི་ལམ་འོད་ཀྱིས་བརྒྱུས་ནས་འཆར་སྣང་གི་སྒོ་མོ་ཕྱེ་ཞིང་། འཇིག་རྟེན་གྱི་གསང་བ་ལ་རབ་བཏགས་ཀྱི་སྐྲ་སྣེ་སྣ་ཚོགས་བསླེས་མྱོང་། བར་སྣང་ལ་སྤྲིན་པ་རྒྱུ་བས་མི་ཡུལ་གྱི་དྲོ་གྲང་དང་བདེ་སྡུག་ལ་བློ་རྟོན་ས་ཡོད། སྤྲིན་པ་ལ་གཟུགས་འགྱུར་མང་བས་ཕ་མེས་ཀྱི་གཏམ་རྒྱུད་དང་གཏམ་རྒྱུད་ནང་གི་མི་སྣ་ལ་གསོན་གཟུགས་ཀྱི་སྣང་བརྙན་སྐྲུན། མདོར་ན་ངས་ནི་འཇིག་རྟེན་མི་ཡུལ་ལ་གཟུགས་ཅན་དང་གཟུགས་མེད་ཀྱི་ང་རང་བར་སྣང་ལ་བྲིས་ཏེ་ཁྱོད་ཚོར་ནམ་ཡང་གཤོག་པས་འགེབ་བཞིན་ཡོད།
ས་ཆེན་ལ་ཚེ་སྲོག་གི་རྒྱུ་བ་མ་འགག་པར་གསར་ནས་གསར་དུ་སྟོབས་ཤུགས་སྩོལ་མཁན་གྱི་བརླན་གཤེར་ཏེ། ང་ནི་མི་རྣམས་ཀྱིས་འདོད་རྒྱལ་དུ་ཆུ་བོ་དང་ཡང་ན་རྒྱ་མཚོ་ཞེས་འབོད་པ་དེ་ཡིན། བརྩེ་དུང་ལ་བར་ཆད་འབྱུང་དུས་འགྱོད་སེམས་ཀྱིས་བརྡོལ་ཡོང་བའི་མིག་ཆུ། ས་གཞི་ལ་སྐོམ་གདུང་འབྱུང་དུས་རྐང་འཐུང་ལ་མངར་སྐྱུར་གྱི་ཁུ་བ་སྦྲུམ་པའི་ཨ་མ། ཁྱོད་ཀྱི་ཚེ་སྲོག་ལ་སྙིང་རྗེ་དང་བྱམས་སེམས་ཀྱི་མྱུ་གུ་འབུས་པའི་ས་བོན། མདོར་ན་མི་ཡུལ་ལ་རྒྱ་མཚོའི་ཕ་རོལ་དང་ཚུ་རོལ་གྱི་བར་ཐག་ཅིག་གི་ལུང་རིག་ཁྱེར་ནས། མི་དང་མིའི་བར། ཡུལ་དང་ཡུལ་གྱི་མཐའ། སེམས་ཅན་དང་སེམས་ཅན་གྱི་བར་ལ་ཆོག་ཤེས་འཛིན་སྟངས་ཤིག་དང་འཆམ་མཐུན་སྒྲིལ་ལུགས་ཤིག་གི་གནས་ལུགས་སྟོན་བཞིན་ཡོང་བའི་ཆུའི་ཐིགས་པ་མང་པོ་ཡིན། ངས་ནི་དེ་ལྟར་སྙིང་རྗེ་དང་ཤེས་རབ་ཀྱི་ས་ཁྱོན་བསྲུང་ཞིང་ཚེ་སྲོག་གི་སྐྱིད་སྡུག་འཇལ་ཏེ་མི་རྣམས་ལ་ས་སྐལ་ས་དང་ཆུ་སྐལ་ཆུ་ཡི་མཐའ་མཚམས་སོ་བཞིན་བསྲུང།
གལ་ཏེ་ས་གཞི་ལ་མེ་ཏོག་མེད་ཚེ། དགུན་ཁ་ཐོན་དུས་ཕྱི་ལོའི་མེ་ཏོག་གི་ས་བོན་ཁ་བས་མནན་ཏེ་མི་རྣམས་ཡིད་ཆད་སེམས་ཕངས་ཀྱིས་ངང་ལ་སྡོད་དགོས་ཚེ་ཇི་འདྲའི་ཡིད་སྐྱོ་བོ་ཞིག་ཡིན་ནམ། ནགས་ཚལ་གྱི་ཁ་དོག་དང་ལྗོན་པའི་གོས་ཆེན་འདིས་མི་ཡུལ་གྱི་སྐྱོ་སྡུག་དང་མྱ་ངན་ག་ཚོད་ལྗང་མདོག་ལ་བསྒྱུར་ཡོད་པ་ཤེས་སམ། ང་ནི་ལྗོན་པ་ཡིན། ཁྱེད་ཚང་གི་སྒོ་འགྲམ་དང་ཁྱིམ་མཚེ་བར་གྱི་ལྗང་མདོག་གི་བྱ་ཚང་བཅའ་སའི་ཚང་ཚིང་གི་ཡལ་ག་དེ་དག་ཡིན། དབྱར་ཁ་ཐོན་ཚེ་ལྗོངས་རྒྱུ་ལ་འགྲོ་སའི་ལམ་འགྲམ་དང་རི་མགོ་ན་ཁྱེད་ལ་བསུ་བ་བྱེད་པའི་དྲི་ཞིམ་གྱི་ཤུག་སྡོང་དེ་དག་ཡིན། བྱིས་པ་ཚོ་འགྲམ་ཆུ་བཞུར་བའི་སིལ་སྡོང་དེའི་རིགས་ཡིན། ངས་ལྗང་མདོག་གི་ལོ་མ་གཡབ་ནས་སེམས་ཅན་ལ་རེ་སྨོན་ཁྱེར་ནས་ཡོང་། བུད་ཤིང་དང་ཅ་ལག ཁང་ཁྱིམ་སོགས་བཟོ་བའི་སྐབས་གང་ལའང་ངས་སྔར་ལྟར་དྲི་བསུང་ཁྱེར་ཏེ་བཟའ་མི་གང་པོར་བདེ་སྐྱིད་ཀྱི་རོལ་དབྱངས་མཉམ་དཀྲོལ་བྱས་མྱོང་། ང་ནི་ལྗོན་པ་ཡིན། ནགས་ཚལ་ཡིན། ས་གཞི་ལ་ལྗང་མདོག་གི་ལོ་མས་གཡོགས་པའི་དུས་ཚིགས་ཤིག་ཡིན།
ང་ཚོ་ནི་གོ་ལའི་ཁྱིམ་ཚང་ཆེན་པོ་འདིར་གཅིག་ཏུ་འདུས་ཤིང་ལྷན་དུ་ཆགས་པའི་བཟའ་མི་ཡིན། ནམ་མཁའ་སྔོ་ཐང་བ་དེ་ནི་ཨ་ཕའི་རྒྱབ་ཀྱི་གོས་ལྭ་ལྟར་དབྱར་ཟླ་གསུམ་པའི་རྩྭ་ཐང་གི་ཁ་དོག་ཡིན། དགུན་ཟླ་གསུམ་པའི་གངས་རི་ཡི་ཁ་དོག་ཡིན། བར་སྣང་གི་ཁྱིམ་ཆེན་འདི་ཡོད་པས་ཁྱོད་ཅག་ལ་རླུང་གི་བསེར་ཤ་རྒྱུ། དབུགས་ཀྱི་དྲོད་འཇམ་ལྡང་། ཚེ་སྲོག་གི་ས་བོན་འབུས། རྣམ་ཤེས་ཀྱི་ལང་ཚོ་སྨིན། རྨི་ལམ་ལ་ཚོན་མདོག་བྱུག་ཡོད་པ་མཁྱེན་གྱི་ཡོད་དམ། ས་སྒང་གི་གྲོགས་པོ་དག་གོ་བར་གྱིས་ཤིག མཐུན་པར་མཛོད་ཅིག སྐྱེ་ཁམས་ནི་ཁྱོད་ཀྱི་རྐང་པ་སྤོ་ས་རེད། སྐྱེ་ཁམས་ནི་ཐུན་མོང་གི་ཁྱིམ་གཞིས་དྲོན་མོ་ཡིན། ཕན་ཚུན་བར་ལ་ཆོག་ཤེས་གྱིས་གཅེས་རོགས་མཛོད་ཅིག་ཨང་ས་སྒང་གི་བུ་དང་བུ་མོ་ཚོ།
༢༠༢༡ལོའི་སྤྱི་ཟླ༡༡པའི་ཚེས༤མཚན་མོར།
རྔོག་བུ་བདུད་མགོན་ཚེ་རིང་།
1982ལོ་ནས་བཟུང་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་། མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་སོགས་སུ་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་བྱེད་ཞོར་བོད་སྨན་གྱི་ལས་ཀ་གཉེར། སྔ་གཞུག་ཏུ་སྨན་བླའི་ཐུགས་ཀྱི་ས་བོན་དཔལ་ལྡན་རྩ་བའི་རྒྱུད་ཀྱི་འགྲེལ་བ། ལུས་བསྲུང་རྡོ་རྗེ་ཕ་ལམ། བདེ་ཐང་གསལ་སྟོན་སོགས་དཔེ་དེབ་གསུམ་བརྩམས། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་གི་འབྲིང་རིམ་སློབ་དེབ་ཉེར་བཞིའི་གཙོ་སྒྲིག་གི་འགན་ཁུར་བ་དང་། དཔྱད་རྩོམ་དང་རྩོམ་རིག་བརྒྱ་ཕྲག་ཙམ་དུས་དེབ་དང་ཚགས་པར། དྲ་ལམ་སོགས་སུ་བཀོད་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུ་ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ཀྱི་རྩོམ་སྒྲིག་གི་ལས་ཀ་གཉེར་བཞིན་ཡོད།
1982ལོ་ནས་བཟུང་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་། མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་སོགས་སུ་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་བྱེད་ཞོར་བོད་སྨན་གྱི་ལས་ཀ་གཉེར། སྔ་གཞུག་ཏུ་སྨན་བླའི་ཐུགས་ཀྱི་ས་བོན་དཔལ་ལྡན་རྩ་བའི་རྒྱུད་ཀྱི་འགྲེལ་བ། ལུས་བསྲུང་རྡོ་རྗེ་ཕ་ལམ། བདེ་ཐང་གསལ་སྟོན་སོགས་དཔེ་དེབ་གསུམ་བརྩམས། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་གི་འབྲིང་རིམ་སློབ་དེབ་ཉེར་བཞིའི་གཙོ་སྒྲིག་གི་འགན་ཁུར་བ་དང་། དཔྱད་རྩོམ་དང་རྩོམ་རིག་བརྒྱ་ཕྲག་ཙམ་དུས་དེབ་དང་ཚགས་པར། དྲ་ལམ་སོགས་སུ་བཀོད་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུ་ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ཀྱི་རྩོམ་སྒྲིག་གི་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།