ཁོང་གི་ཁ་དོག་ནི་གྲུ་བཞི་ནར་མོ་ཞིག་རེད།

རྩོམ་པ་པོ།:མཛེས་སེ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-11 11:37:06 ཀློག་གྲངས།:
ཁོང་གི་ཁ་དོག་ནི་གྲུ་བཞི་ནར་མོ་ཞིག་རེད།
མཛེས་སེ།

        ཉིན་དེར། གྲོགས་པོ་འགས་མགྲོན་དུ་བོས་པས། ང་རང་དུས་བཅད་ལྟར་ཁོང་ཚོས་སྔ་མོ་ནས་གཏན་ཁེལ་བྱས་ཡོད་པའི་ཟ་ཁང་དུ་སོང་ཞིང་། གྲོགས་པོ་ཚོ་དང་མཉམ་དུ་འཛོམས་པ་ན། ལོ་ངོ་གཉིས་གསུམ་ཙམ་ལ་མ་འཕྲད་པའི་གྲོགས་པོ་རྙིང་བ་གཞན་ཞིག་ཀྱང་མཇལ་བྱུང་།
        ལྷན་ཅིག་ཏུ་འཛོམས་པའི་གྲོགས་པོ་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་དུ་ཁ་ཟས་དང་ཇ་ཆང་ལ་རོལ་ཞོར་ཕྱོགས་ཡར་མར་གྱི་ད་ལྟའི་གནས་སྟངས་སྐོར་ནས་གླེང་མོལ་གང་མང་བྱས། སྐབས་དེར་ཀུན་གྱི་བཞིན་ཉམས་ནི་ཆར་ཤུལ་གྱི་ནམ་མཁའ་ལས་ཀྱང་དྭངས་ལ། ཆང་གི་ནུས་སྟོབས་ཀྱིས་གྲོགས་པོ་ཕན་ཚུན་བར་གྱི་འདང་རྩིས་ཀྱང་ཆར་རྗེས་སུ་སྟོད་ཀྱི་ཤྭ་འོད་སྨད་ཀྱི་ལྟེང་ཀའི་ནང་དུ་བབ་པ་ལྟར་དུ་སྣང་།
        ཡུན་ཙམ་སོང་བ་དང་། ངའི་གྲོགས་པོ་རྙིང་བ་དེས་ང་རང་ལོགས་སུ་བོས་ནས་མིང་བྱང་ཞིག་ང་ལ་སྤྲད་དེ་ན་རེ། གྲོགས་པོ་ཁྱོད་ནི་སྔར་བཞིན་རྒས་མི་འདུག ལོ་འདི་གའི་རིང་ལ། ལས་ཁུངས་ནང་གི་ལས་ཀ་ཆེ་ཆུང་ཡོངས་ལ་སེམས་འཁུར་བྱེད་དགོས་པས། ང་ནི་མགྱོགས་པོར་རྒས་སོང་། འོན་ཀྱང་ངའི་བསམ་དོན་ནི་ཡིད་བཞིན་འགྲུབ་ཀྱིན་ཡོད་པས། བསམ་པ་སྐྱིད་ཐག་ཆོད་ཡིན།ཞེས་ཟེར།
        ངས་ལན་དུ། ལུས་པོ་བདེ་ཐང་ཡིན་པ་དང་སེམས་སུ་སྐྱིད་སྣང་ཡོད་ན། གཞན་ཅི་ཡང་དགོས་པ་མ་རེད། དེ་ནི་ཁྱོད་ལ་ཅི་ཡང་འཛོམས་ཡོད་པའི་རྟགས་རེད།ཅེས་བཤད།
        ཆང་འཐུང་བའི་རྐྱེན་གྱིས་ཁོང་གི་གདོང་མདོག་དམར་པོ་ཆགས་འདུག ཁོང་གིས་ཆང་ཕོར་བཏེགས་ནས་ངའི་ལག་གི་ཆང་ཕོར་ལ་གཏུགས་ཙམ་བྱས་རྗེས་ཞབས་དག་བརྒྱབ་ཅིང་། མུ་མཐུད་དུ་བཤད་རྒྱུར།ཁྱོད་ཀྱིས་ངའི་གནས་སྟངས་ལ་དོ་སྣང་སྤུ་ཙམ་ཡང་བྱེད་ཀྱིན་མེད་པ་འདྲ། ད་ལྟ་ངའི་ལས་འགན་ཇེ་ལྗིད་དུ་སོང་ཡོད་དེ། ང་ལས་ཁུངས་ཀྱི་འགོ་ཁྲིད་དུ་བསྐོས་ནས་ལོ་གཅིག་ལྷག་འགོར།ཞེས་སྨྲས་བྱུང་།
        ངས་དེ་མ་ཐག་ཁོ་ལ། བཀྲ་ཤིས་གཏམ་བཟང་འདི་ད་བར་དུ་མ་ཐོས་པ་ལ་དགོངས་དག་ཞུ་རྒྱུ་དང་། དེ་རིང་ཁྱོད་ཀྱི་ངག་ལས་དངོས་སུ་ཐོས་པ་ལ་སེམས་ཁོང་ནས་དགའ་སྤྲོ་སྐྱེས་པས་གྲོགས་པོ་ཁྱེད་ལ་རྟེན་འབྲེལ་ཞུ་བ་ཡིན། ཞེས་བཤད་ཞོར་དུ་ཁོང་གི་ཆང་ཕོར་ནང་དུ་ཆང་བླུགས་ཤིང་ངེད་གཉིས་ཀྱིས་མཉམ་གཅིག་ཏུ་ཞབས་དག་བརྒྱབ་པ་ཡིན།
        གྲོགས་པོ་གཞན་དག་གིས་ངེད་གཉིས་ཕྱིར་རང་སོ་སོའི་འདུག་སྟེགས་སྟེང་དུ་བསྡད་དེ་སེམས་གཏམ་ཡོད་ན་མཉམ་དུ་བཤད་ན་ལེགས་ཟེར་བས། ངས་ཀྱང་དེར་འཐད་པའི་བརྡ་བསྟན་ནས་རང་གི་འདུག་སྟེགས་སུ་བསྡད་པ་ཡིན།
        ངའི་གྲོགས་པོ་རྙིང་བ་ཁོང་ནི་ངའི་གྲོགས་པོ་གཞན་དག་གི་གྲོགས་པོ་རྙིང་བའང་རེད། དགོང་མོའི་ཆུ་ཚོད་དགུ་བ་ཙམ་ལ་བསླེབས་པ་ན། ང་ཚོའི་གྲོགས་པོ་རྙིང་བ་ཁོང་ཆང་གིས་བཟི་བཞིན་ཡོད་པ་འདྲ་སྟེ། ཁོའི་སྐད་གདངས་ཇེ་མཐོ་ནས་ཇེ་མཐོར་སོང་ཞིང་། གཏམ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དེ་ལས་ཤེས་ཐུབ།
        ཁོང་གི་གམ་དུ་སྡོད་པའི་གྲོགས་པོ་ཞིག་གིས་ཁོང་གི་མིང་བོས་ནས་གླུ་གཞས་སོགས་བླངས་ནས་ཀུན་ལ་རྩེད་མོ་ཞིག་བསྟན་རོགས་ཞེས་བཤད་པ་ན། ཁོང་གི་གདོང་ལ་མ་དགའ་བའི་རྣམ་འགྱུར་མངོན་ཏེ་སྨྲས་པ་འདི་ལྟར། ཁྱོད་ཚོས་ངའི་མིང་རྐྱང་རྐྱང་དེ་བོས་ཚེ་རྣ་ལ་སྙན་པོ་མ་རེད། ད་ལྟ་ང་ནི་ལས་ཁུངས་ཀྱི་འགོ་ཁྲིད་དུ་བསྐོས་ཡོད་པས། མི་གཞན་སུ་ཡིན་ཡང་ང་ལ་ཅུ་ཀྲང་ཆེ་གེ་མོ་ལགས་ཞེས་བརྩི་བཀུར་ཡོད་པའི་སྒོ་ནས་འབོད་ཀྱིན་ཡོད་པ་ལས་མིང་རྐྱང་རྐྱང་འབོད་ཕོད་མཁན་གཅིག་ཀྱང་མེད།ཅེས་ཟེར།
        གྲོགས་པོ་ཞིག་གིས་གཏམ་དེ་ཐོས་འཕྲལ་ཁོང་ལ་བཤད་རྒྱུར། ཁྱོད་རང་ཕ་ཡུལ་དུ་ལོག་ཚེ། གྲོང་སྡེ་གཅིག་ནས་ཡིན་པའི་ཤ་ཉེ་དང་ན་ཟླ་ཚོས་ཁྱོད་ལ་ཅུ་ཀྲང་ཞེས་འབོད་སྲིད་དམ། ཞེས་དྲིས་པར།ཁོ་ནི་དགོད་ཙམ་བྱས་ཤིང་ཇ་ཧུབ་གང་འཐུངས་ནས་ལན་དུ་སྨྲས་དོན། ཁོ་ཚོས་ང་ལ་དེ་ལྟར་བོས་ན་ད་གཟོད་འདང་རྩིས་ཡོད་པའི་རྟགས་མཚོན་ཡོད་པ་རེད། ཉིན་རེར་ལས་ཀ་གྲོལ་ནས་ཕྱིར་རང་ཁྱིམ་དུ་འབྱོར་དུས། ངའི་བུ་དང་བུ་མོས་ཀྱང་རྒྱུན་དུ་ང་ལ་ཅུ་ཀྲང་ཞེས་འབོད་པ་རེད།ཅེས་ཟེར།
        ཁོང་གིས་ད་དུང་མུ་མཐུད་དུ་བཤད་རྒྱུར། ཁྱོད་ཚོ་ནི་ཤེས་བྱ་དང་ཡོན་ཏན་ཅུང་ཙམ་ཡོད་ཀྱང་རིག་གནས་ཟེར་བ་དེ་རྒྱུད་ན་མེད་པའི་མི་སྐོར་ཞིག་རེད་ཅེས་ཀུ་རེའི་ཚུལ་དུ་བཤད་ན། འདིར་བཞུགས་གྲོགས་པོ་ཐམས་ཅད་ཁོང་ཁྲོ་མི་ལྡང་བར་མཁྱེན། ངས་དྲི་བ་འགའ་གདོན་དགོས་བསམ་ཡོད་དེ། ཁྱོད་ཚོས་ཆབ་སྲིད་བསྒྲུབ་ཤེས་སམ། ཁྱོད་ཚོས་མི་དང་མིའི་བར་གྱི་འབྲེལ་ལམ་འཛུགས་ཤེས་སམ། ནང་སྒོས་སུ་བུད་མེད་རྒན་དར་གཞོན་གསུམ་ཚུར་འགུགས་ཤེས་སམ། ཁྱོད་ཚོས་དཔལ་འབྱོར་གཉེར་ཤེས་སམ། འཛམ་གླིང་ལ་ཁ་གཏད་པའི་དེང་རབས་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་ཟེར་བ་ཡིན། ཁྱོད་ཚོས་གླེང་བཞིན་པའི་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཡར་ཐོན་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཟེར་བ་དེ་ཁྱོད་ཅག་གིས་བསྒྲུབ་འོས་པ་ཞིག་རེད་དམ། དེ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་མ་རེད། ཞིང་ལས་པ་དང་ཕྱུགས་ལས་པ་དང་ཚོང་ལས་པ་དང་དགོན་པའི་གྲྭ་བ་བཙུན་མ་སོགས་ཀྱིས་ད་གཟོད་གོང་གི་ལས་ཀ་དེ་དག་ལ་བརྩི་མཐོང་དང་ནུས་པ་གདོན་དགོས་པ་མ་རེད་དམ། དུས་རབས་འགྱུར་ལྡོག་གི་རྗེས་ཆོད་འདོད་ན། ཁྱོད་ཚོས་དེ་དག་བསྐྱུར་ནས་ང་ལ་སློབ་སྦྱོང་བྱས་ན་འགྲིག་པ་རེད། ངའི་རིན་ཐང་ད་ལྟ་མངོན་དུ་གྱུར་ཡོད། ཁྱོད་ཚོའི་རིན་ཐང་དེ་གང་ན་ཡོད་དམ། ཁྱོད་ཚོས་རྒྱལ་ཁབ་ལ་བྱས་རྗེས་ཅི་ཞིག་བཞག་སོང་ངམ། ང་དང་ང་ལྟ་བུའི་སྲིད་སྒྲུབ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱི་མིག་ལམ་དུ། ཁྱོད་ཚོ་དང་ཁྱོད་ཚོ་ལྟ་བུའི་སློབ་གསོའི་ཚན་པ་དང་། ཞིབ་འཇུག་ཚན་པ་དང་། གསར་འགྱུར་ཚན་པ་དང་། རྩོམ་རིག་སྒྱུ་རྩལ་ཚན་པ་སོགས་བྱ་གཞག་ལས་ཁུངས་ཀྱི་ཤེས་ཡོན་པ་རྣམས་ནི་ཟླ་ཕོགས་ལེན་མཁན་ཡོངས་ཀྱི་གྲལ་མཐའ་ཟིན་ཙམ་གྱི་མི་དེའི་རིགས་སུ་བརྩིས་ཡོད་པ་ལ་ཁྱོད་ཚོ་ཤིན་ཏུ་རབ་ཏུ་དགའ་སྤྲོ་སྐྱེ་འོས་ཤིང་། ང་ཚོ་སྲིད་སྒྲུབ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བྱས་ཏེ་རྒྱ་ཆེ་བའི་གཞུང་ཞབས་པ་ཡོངས་ལ་ཁྱོད་ཚོས་བཀའ་དྲིན་ཞུ་བར་འོས་སོ། །ཞེས་སྨྲས་བྱུང་།
        སྐབས་དེར་གྲོགས་པོ་གཞན་ཞིག་གིས་ཇ་འཐུང་ཞོར་དུ་ཁོང་གི་བཤད་མཚམས་བཅད་དེ་ན་རེ། ཁྱོད་ཀྱིས་སྲིད་སྒྲུབ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞེས་བསྟོད་བསྔགས་བྱ་ཡུལ་དེ་ནི། ངག་ལས་མི་མང་དང་སེམས་ཅན་ཐམས་ཅད་ཅེས་སྒྲོག་ཞོར་དུ་དོན་ངོ་མར་རང་ཉིད་དང་རང་གི་ཤ་ཉེ་མ་གཏོགས་བསམ་རྒྱུ་གང་ཡང་མེད་པའི་ཚུལ་འཆོས་ཅན་རྣམས་རེད། གཡོ་སྒྱུས་ཁེངས་ཤིང་ངོ་ཚ་བྲལ་བའི་ཁྱོད་ཚོ་ནི་སྤྱི་བའི་མིང་གཡར་ནས་སྒེར་དོན་རྐྱང་རྐྱང་སྒྲུབ་མཁན་གྱི་ཁྱོད་ཚོ་རེད། ཁྱོད་ཚོས་རྒྱུ་ནོར་ལ་བརྟེན་ཏེ་གོང་འོག་དང་གཡས་གཡོན་ལ་འབྲེལ་ལམ་བཙུགས་ཤིང་། སྐྱེ་བོ་ཀུན་ལ་བརྗོད་ཐབས་མེད་པའི་སོ་སོའི་དམིགས་ཡུལ་གང་དེའི་ཆེད་དུ་ཕན་ཚུན་བར་གྱི་ཁེ་ཕན་དང་གསང་བ་དག་སྲུང་བསྡད་ཡོད་པས་ན། རྩིས་ཐང་ཅི་ཡང་མེད་པར་འཇིག་རྟེན་འདི་རུ་འཚོ་བའི་སྐྱག་འབུ་དང་ཁྱད་པར་ཅི་ཡོད་དམ། ངས་འདི་ལྟ་བུའི་ཀུ་རེའི་ཚིག་འགའ་བཤད་ན་གྲོགས་པོ་ཁྱོད་ཀྱང་ཁོང་ཁྲོ་ག་ལ་ལངས་སྟེ་ལྡང་མི་སྲིད་སྙམ། ཞེས་བཤད་པས་ཀུན་ཀྱང་གད་མོ་དགོད་ཞོར་དུ་ཅོག་ཙེའི་སྟེང་གི་རང་སོ་སོའི་ཆང་ཕོར་དེ་མཆུ་འདབ་ཀྱི་ཉེ་སར་ཁྱེར་སོང་།
        གྲོགས་པོ་རྙིང་བ་ཁོང་གིས་ཆང་ཁམ་གང་འཐུང་ནས་བཤད་རྒྱུར། གནས་སྟངས་དེ་ནི་སྲིད་སྒྲུབ་ལས་ཁུངས་གཅིག་པུ་ག་ལ་ཡིན། བྱ་གཞག་ལས་ཁུངས་རྣམས་ཀྱང་དེ་འདྲ་རང་རེད། ཁྱོད་ཚོས་རང་ཉིད་ཀྱི་ལས་གྲོགས་སམ་རང་ཉིད་ཀྱི་སློབ་གྲོགས་སམ་ཡང་ན་རང་ཉིད་དང་ལས་ཀ་གཅིག་མཚུངས་གཉེར་མཁན་གྱི་མི་གཞན་དག་ལ་དཔེ་བླངས་ཏེ་ཞིབ་འདང་རེ་རྒྱོབ་དང་། ཡོན་ཏན་སྤུ་ཙམ་མེད་པར་སློབ་ཐོན་ལག་ཁྱེར་དང་བསླབ་གནས་ཆེན་པོ་ཕ་བོང་འདྲ་བ་བླངས་ཡོད་པའི་མི་་ག་ཙམ་མཆིས། འཇོན་ཐང་ཅི་ཡང་མེད་ནའང་ལས་ཐོབ་ནི་རིམ་པ་བཞིན་འཕར་ནས་ཨ་སྔོན་གནམ་ལ་ཐུག་ཡོད་པའི་མི་ག་ཙམ་མཆིས། གྲུབ་འབྲས་ཁྱུ་གུ་ཙམ་ལས་མེད་ཀྱང་སྙན་གྲགས་དཔང་ཡིག་ནི་མཐོན་པོ་རྔ་མོང་འདྲ་བ་ཐོབ་པའི་མི་ག་ཙམ་མཆིས། ཁྱོད་ཚོ་ལྟ་བུ་ནི་་་་་་་་།
        དགོང་མོ་དེར། ཁོས་ཕལ་ཆེར་ཆུ་ཚོད་གཅིག་ལྷག་གི་རིང་ལ་གཏམ་ཉ་ཉོག་མང་པོ་བཤད་པས་ན། ང་རང་སུན་སྣང་སྐྱེས་ཏེ་ཆང་མང་ཙམ་འཐུང་བས་བཟི་བར་གྱུར། གྲོགས་པོ་གཞན་དག་གིས་ཀྱང་ཕན་ཚུན་གྱི་གདོང་ལ་ལྟ་ཞོར་དུ་ཁྲོ་མ་འཛུམ་དང་གཉིད་མ་སད་ཀྱི་ངང་དུ་ཆང་མང་པོ་འཐུངས་སོང་།
        གསོལ་སྟོན་གྲོལ་ནས་ང་ཚོ་ཚང་མ་འདུག་སྟེགས་ལས་ལངས་ཤིང་ཕྱི་རུ་འགྲོ་བའི་དུས་དེར། གྲོགས་པོ་རྙིང་བ་ཁོང་གིས་ད་གིན་ཇ་ལྡུག་སྐབས་གཤེ་གཤེ་བཏང་བའི་ཞབས་ཞུ་མ་དེའི་ལག་ཏུ་སྒོར་མོ་ཉི་ཤུ་ཐམ་པ་བཞག་ཅིང་། ཕན་ཚུན་འཕྲིན་ཕྲན་སྦྲེལ་དགོས་ཟེར་གྱི་འདུག
        ཕྱི་ཉིན་སྔ་དྲོར། བཟི་དྭངས་ནས་མདང་ནུབ་ཀྱི་དོན་དག་ཕྱིར་དྲན་དུས། ངས་གྲོགས་པོ་རྙིང་བ་དེས་ང་ལ་གནང་བའི་མིང་བྱང་དེ་སྟོད་གོས་ཀྱི་ཨམ་ཕྲག་ལས་བཏོན་ནས་ཞིབ་ཏུ་བལྟས་པ་ན། དེའི་ངོས་སུ་ཁོང་གི་མིང་དང་། ལས་ཁུངས་ཆེ་གེ་མོའི་ཅུ་ཀྲངའགན་འཛིནསྐུ་གཞོན་ཞེས་བྲིས་ཡོད་པ་མ་ཟད། ད་དུང་གུག་རྟགས་ཀྱི་ནང་དུ་ལས་ཁུངས་འདིར་ད་ལྟ་ཅུ་ཀྲངའགན་འཛིནརྒན་པ་མེད་པས་རང་ཉིད་ནི་ལས་ཀ་གཙོ་སྐྱོང་བྱེད་མཁན་གཅིག་པུ་ཡིན་ཞེས་ཟུར་མཆན་དང་བཅས་རྒྱ་ནག་གི་ཡི་གེ་ཆེ་ཆུང་མི་འདྲ་བ་ཐིག་ཕྲེང་བཞི་ཙམ་བྲིས་འདུག་པ་རེད། མིང་བྱང་ངོས་ཀྱི་ཡི་གེ་བཀླགས་ཚར་རྗེས། ཁོང་གི་ཁ་དོག་ནི་སྲོག་ཆགས་ཁྱི་དང་འདྲ་བའི་གྲུ་བཞི་ནར་མོ་ཞིག་རེད་ཅེས་པའི་ཁེར་ལབ་ཅིག་རང་དབང་མེད་པར་ངའི་ངག་ལས་ཤོར་སོང་།
༢༠༢༠ལོའི་ཟླ༦ཚེས༥ཉིན་ཟི་ལིང་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།