སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཚིག་གི་ཞལ་ཐང་མ།
རྩོམ་པ་པོ།:པད་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-12 15:08:49
ཀློག་གྲངས།:
སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ཚིག་གི་ཞལ་ཐང་མ།
པད་གྲོལ།
༡ སྒྲོལ་མ་མྱུར་མ་དཔའ་མོ།
སྲིད་ཞིའི་གདུང་བ་འཛུམ་གྱིས་སེལ་ཞིང་། །འགྲོ་དོན་ཐུགས་བསྐྱེད་རབ་ཏུ་མྱུར་མ། །
མཐའ་ཀླས་གདུལ་བྱའི་སྣང་བར་འཐིབ་པའི། །ཉོན་མོངས་ན་བུན་འཇོམས་པའི་དཔའ་མོ། །
༢ སྒྲོལ་མ་དབྱངས་ཅན་མ།
རེག་མེད་སྲིད་པའི་ནམ་མཁའི་གར་སྟེགས། །གཡོ་མེད་བཞད་པའི་སྐར་ཚོགས་ཁྲོད་དུ། །
གཉུག་གཤིས་བདེན་གྲུབ་སྟོན་ཟླའི་ཞལ་ལས། །ཀུན་རྨོངས་འཇོམས་པའི་འོད་རབ་འཕྲོ་མ། །
༣ སྒྲོལ་མ་བསོད་ནམས་མཆོག་སྟེར་མ།
སྣང་བ་མཁའ་ལ་བསྙེགས་པའི་ལང་ཚོ། །པདྨའི་འཁྲི་ཤིང་གཡོ་བའི་སྐྱེས་གཟུགས། །
མཚམས་སྤྲིན་ཀློང་ན་རྗེན་པར་འགྱིང་ཞིང་། །བསོད་ནམས་སྐྲ་ལོ་མཁའ་ནས་དཔྱངས་མ། །
༤ སྒྲོལ་མ་རྣམ་རྒྱལ་མ།
མི་ཤིག་མཐོན་པོ་གནམ་གྱི་ཕོ་བྲང་། །རྒྱལ་བའི་སྲས་ཀྱི་སྙིང་གི་ཐིག་ལེ། །
ལྷ་དང་ལྷ་མའི་སྐྱབས་ཀྱི་དྭངས་མ། །ཕྱག་འཚལ་སྙིམ་པའི་མེ་ཏོག་གཏོར་མ། །
༥ སྒྲོལ་མ་རིག་བྱེད་མ།
རྫུ་འཕྲུལ་གློག་ཞགས་རྟ་རུ་བཅིབས་ནས། །ཕྱོགས་ཀྱི་འཁོར་ལོའི་སྐྱེ་རྒུའི་འགྲོ་བ། །
མ་དག་འཁོར་བའི་གཡང་ནས་སྐྱོབ་མཁན། །འབུམ་ཕྲག་མིག་གིས་རེ་བའི་མ་མ། །
༦ སྒྲོལ་མ་འཇིགས་བྱེད་མ།
ཞི་ལ་ཞི་བའི་ཉམས་ལྡན་ཟླ་མོ། །རྒྱས་ལ་རྒྱས་པའི་ཚུལ་གྱིས་སྐྱོང་མ། །
དབང་ལ་དབང་གི་གར་མཛད་ནག་མོ། །དྲག་ལ་དྲག་པོའི་ལས་ཀྱིས་སྒྲོལ་མ། །
༧ སྒྲོལ་མ་གཞན་གྱིས་མི་ཐུབ་མ།
རྒྱུ་འབྲས་གོ་ལྡོག་རྣོན་པོའི་མདུང་རྩེ། །ལྷ་ཆོས་སྙིང་ཁར་ཤུགས་ཀྱིས་གཏད་པས། །
སྒྲ་བརྒྱ་བ་ཡི་གདངས་དང་འགྲོགས་ཏེ། །དྲག་པོའི་གསུང་གིས་སྦྱོར་ངན་བཤིག་མ། །
༨ སྒྲོལ་མ་གཞན་ལས་རྒྱལ་མ།
མགྲིན་པ་དུང་གི་འཁོར་ལོའི་རྩེ་ནས། །ཏུཏྟ་ར་ཡི་གསུང་གི་སྒྱུ་འཕྲུལ། །
མ་དག་འགྲོ་བའི་ཐོས་འཛིན་སིམ་པས། །ཉོན་མོངས་བདུད་ཚོགས་རྣམ་པར་འཇོམས་མ། །
༩ སེང་ལྡིང་ནགས་ཀྱི་སྒྲོལ་མ།
མི་ཕྱེད་དད་པའི་མེ་ལྕེ་དམར་པོ། །སེང་ལྡིང་ནགས་ཀྱི་གསེབ་ཏུ་སྦར་བས། །
སྲིད་མཚོ་ཉམས་ངར་ལྷུང་བའི་འགྲོ་བ། །སྐད་ཅིག་རྣམ་གྲོལ་གླིང་དུ་ཁྲིད་མ། །
༡༠ སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་མ།
ཕྱག་འཚལ་རང་སྣང་སྤྲུལ་བའི་ལྷ་མོ། །ཡིད་འཕྲོག་མཛེས་མའི་རྣམ་པར་རོལ་མ། །
མཉེན་ལྕུག་སོར་མོའི་ཕྱག་རྒྱའི་གདུགས་ཀྱིས། །འགྲོ་ལ་གྲིབ་བསིལ་སྟེར་བའི་དགའ་མ། །
༡༡ སྒྲོལ་མ་ནོར་སྟེར་མ།
ཛམྦུའི་འཁྲི་ཤིང་ལྡེམ་པའི་སྟེང་གི །ཀུན་སྙོམས་ཐུགས་རྗེའི་སྤྱན་གྱི་ནོར་བུས། །
མཐའ་ཀླས་འགྲོ་བའི་ཁམས་ལ་གཟིགས་པས། །སྐྱེ་རྒུའི་སེམས་ཅན་ཕོངས་ལས་སྒྲོལ་མ། །
༡༢ སྒྲོལ་མ་བཀྲ་ཤིས་དོན་བྱེད་མ།
པདྨའི་ཡལ་གའི་རྣ་ལུང་འགུལ་བའི། །དག་པ་མཁའ་སྤྱོད་སར་གནས་ལྷ་མོ། །
ཚེས་གཅིག་ཟླ་བས་དབུ་ལ་རྒྱན་ནས། །འོད་ཟེར་ཕྱོགས་ཀྱི་འཁོར་ལོར་འབར་མ། །
༡༣ སྒྲོལ་མ་དགྲ་དཔུང་འཇོམས་མཛད་མ།
བསྐལ་བ་མེ་དཔུང་འབར་བའི་ཀློང་དུ། །ཞབས་གཉིས་སྣོལ་བའི་སྟབས་ཀྱིས་བཞུགས་ནས། །
སྲིད་ཞུའི་སྲོག་ཏུ་སྦྲུམ་པའི་ཉོན་མོངས། །ལུས་པ་མེད་པར་ཕ་མཐར་སྤྲད་མ། །
༡༤ སྒྲོལ་མ་ཁྲོ་གཉེར་ཅན་མཛད་མ།
རྫོགས་ལྡན་པདྨའི་ཁྲི་ལ་བཞུགས་མ། །གང་གི་སྤྱན་ཟུང་གློག་ཞགས་འཁྱུག་པའི། །
འོད་ཀྱི་ཀློང་ནས་ཧཱུྃ་ཡིག་བརྡོལ་བས། །སྒྲིབ་གཉིས་ཆུ་འཛིན་ཡོངས་སུ་དག་མ། །
༡༥ སྒྲོལ་མ་རབ་ཞི་མ།
མུ་ཏིག་འཁྲི་ཤིང་གསར་བའི་རྩེ་མོའི། །མི་ཟད་བཞད་པའི་སྙིང་རྗེའི་མེ་ཏོག །
མཐའ་ཡས་ནམ་མཁའི་དབྱིངས་སུ་གཏོར་བས། །སྦྱིན་པའི་གེ་སར་ཆར་དུ་བསྙིལ་མ། །
༡༦ སྒྲོལ་མ་འབར་བའི་འོད་ཅན་མ།
མ་རིག་འཁྲུལ་བའི་དགུ་མདུད་དཀྲོལ་ཕྱིར། །རྒྱལ་ཀུན་གསུང་གི་སྙིང་པོ་གཅིག་བསྡུས། །
ཡི་གེ་བཅུ་བོ་འགག་པ་མེད་པར། །ཕས་རྒོལ་སྲོག་གི་གཤེད་དུ་སྒྲོག་མ། །
༡༧ སྒྲོལ་མ་དཔག་མེད་གནོན་མ།
རྙོག་བྲལ་སྟོང་གསུམ་སྟོང་གི་འཇིག་རྟེན། །སེམས་མེད་ལྗོན་པ་ལྗོན་པའི་ཡལ་ག །
ལྗོན་པའི་གསེབ་ཀྱི་རི་དྭགས་འདར་བྱེད། །ཕྱག་འཚལ་ཁྲོ་མོ་ཧཱུྃ་ཡིག་སྤྲུལ་མ། །
༡༨ སྒྲོལ་མ་རྨ་བྱ་ཆེན་མོ།
དཀར་འཇམ་ཟླ་ཤེལ་བྲང་གི་མེ་ལོང་། །སྤངས་རྟོགས་ལང་ཚོའི་མྱོས་བུམ་འབུར་ཞིང་། །
རྨི་ལམ་ཡུལ་གྱི་མོས་ལྡན་བུ་ལ། །མི་ཟད་འོ་མ་ལྡུད་པའི་མ་མ། །
༡༩ སྒྲོལ་མ་མི་ཕམ་རྒྱལ་མོ།
སྣང་བའི་སྨིག་རྒྱུ་འཁྲིགས་པའི་ཡུལ་གྱི། །དག་པ་འོད་འཕྲོ་གཞལ་ཡས་ཁང་ཆེན། །
ལྷ་དང་ལྷ་མའི་ཚོགས་ཀྱི་རྣ་བར། །ཡང་དག་ཆོས་ཀྱི་སྙན་གླུ་སྒྲོག་མ། །
༢༠ སྒྲོལ་མ་རི་ཁྲོད་མ།
བསྐལ་བའི་ཆུ་འཛིན་བརྩེགས་པའི་ནམ་མཁར། །ཟུག་པའི་ལྷུན་པོ་སྲིད་པའི་བླ་རིར། །
སྤྱན་གྱི་ཉི་ཟླའི་འོད་ཀྱིས་བཏབས་པའི། །ཨུཏྤལ་འདབ་མའི་སྟེང་དུ་གནས་མ། །
༢༡ སྒྲོལ་མ་འོད་ཟེར་ཅན་མ།
སྤྱན་ཟུང་ཉི་ཟླ་ཀེམ་ཀེམ་གཡོ་བའི། །འཇམ་པོ་གནག་སྣུམ་སྨིན་མའི་གཞུ་རྒྱུད། །
ལས་ཤོར་དུངས་ཞེན་སྐྱེན་པོའི་མདའ་མོ། །བདག་ལ་ལས་དང་སྐལ་གྱིས་ཕོགས་མ། །
༢༠༢༡/༣/༢༡
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།