མོ་པོ་སང་གི་བརྩམས་སྒྲུང་བོད་འགྱུར་མ། བདེ་སྐྱིད།

རྩོམ་པ་པོ།:མོ་པོ་སང་གིས་བརྩམས། སྙིང་མོ་སྐ ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-15 09:02:28 ཀློག་གྲངས།:
བདེ་སྐྱིད།
མོ་པོ་སང་གིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།

        འདི་ནི་གློག་སྒྲོན་མ་གསལ་བའི་སྔོན་གྱི་ཇ་འཐུང་བའི་དུས་ཚོད་ཡིན། གཞིས་མིན་སྤྲོ་ཁང་ནི་མཐོ་སྡོད་གཤམ་གནོན་ཡིན་པ་དང་རྒྱ་མཚོར་ཐུར་ལྟ་བྱས་ཆོག ཉི་མ་ནི་ནུབ་རིའི་ཕང་བར་བཞུད་འདུག་ལ། ལྟག་རྒྱབ་ཏུ་མཚམས་སྤྲིན་གྱིས་ཁེངས་ཤིང་། མུ་མཐའ་མེད་པའི་གསེར་ཕྱེ་ཡུག་ཅིག་འཐིབ་པ་དང་ཀུན་ནས་མཚུངས། ས་དབུས་རྒྱ་མཚོ་རླུང་ཞི་རླབས་འཇགས་ཡིན་ལ། ཆུ་རླབས་དབེན་པས་རླབས་རིས་ཉག་གཅིག་ཀྱང་མཐོང་རྒྱུ་མི་འདུག ནུབ་ཁའི་ཉི་འོད་འོག་ཆུ་ངོས་ནི་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། བལྟས་ཚོད་དུ། ངོས་གཙང་ཞིང་འཇམ་པའི་ལྕགས་རིགས་ཀྱི་སྙོམས་ངོས་ཆེན་པོ་ཞིག་དང་འདྲ།
        རྒྱང་རིང་གི གཡས་ངོས་སུ་བཅར་ན། ལྷུན་པོའི་བང་རིམ་བརྩེགས་འདུག་ལ། སོག་ལེའི་ཁ་ལྟ་བུའི་ནག་ཐོམ་ཐོམ་གྱི་རི་རྩེའི་གྲིབ་གཟུགས་དག་མདོག་སྨུག་སྐྱའི་མཚམས་སྤྲིན་ཁྲོད་མངོན་གསལ་དོད་པོར་མཐོང་ཐུབ། 
        ཇ་འཐུང་བཞིན་པའི་མི་སྐོར་དེས་ཕོ་མོའི་བརྩེ་དུང་གླེང་བཞིན་འདུག ཚང་མས་གླེང་གཞི་རྙིང་པ་འདིར་དམིགས་ནས་གླེང་མོལ་སྣ་ཚོགས་བྱེད་ཀྱང་། དེ་ནི་རྒད་པོའི་བཤད་རྒྱུན་དུ་སོང་བའི་ལྟ་བ་ཞིག་ལས་མ་འདས། ས་སྲོས་དུས་ཀྱི་ཡི་མུག་རབ་རིབ་དེས། གླེང་མོལ་གྱི་འགྲོས་ཇེ་དལ་དུ་བཏང་ཞིང་། དྲོད་སྐྱིད་ཀྱི་ཚོན་མདངས་ཤིག་བསྒོས་བྱུང་། དེར་མ་ཟད་བཤད་མཁན་གྱི་སེམས་ལའང་ཞི་དུལ་གྱི་བརྩེ་བ་ཞིག་འཁྱོམ་དུ་བཅུག འོན་ཀྱང་“བརྩེ་དུང་”ཞེས་པའི་ཚིག་འབྲུ་འདི་གླེང་མོལ་ཁྲོད་ཡང་དང་བསྐྱར་དུ་ཐོས་ཐུབ། འགྲུལ་བ་སྐྱེས་པ་རྣམས་ཀྱིས་ཕོ་ཁྱོ་གའི་ཞུམ་པ་མེད་པའི་སྐད་གདངས་ཀྱིས་བཤད་ལ། བུད་མེད་རྣམས་ཀྱིས་མཉེན་ཞིང་འཇམ་པའི་སྐད་གདངས་ཀྱིས་བཤད་ཀྱིན་འདུག རེ་ཞིག་ལ། འགྲུལ་ཁང་ཆུང་ཆུང་ཧྲིལ་བོར་ཚིག་འབྲུ་འདིས་བརྒྱངས་འདུག དེ་ནི་བྱེའུ་ཞིག་དང་འདྲ་བར་འཕུར་ལྡིང་བྱེད་ལ། གདོན་འདྲེ་ཞིག་དང་འདྲ་བར་ལྡིང་སྐོར་རྒྱག
        མི་ཞིག་གི་བརྩེ་དུང་དེ། དུས་ཡུན་རིང་པོར་འགྱུར་བ་མེད་པར། ལོ་མང་པོར་རྒྱུན་འཁྱོངས་བྱེད་ཐུབ་བམ།
        “ལོས་ཐུབ།” དེར་བསྡད་པའི་མི་ལ་ལས་འདི་ལྟར་འདོད།
        “མི་ཐུབ།” གཞན་པ་འགས་འདི་ལྟར་ཚིག་ཐག་གཅོད།
        དེ་མུར། ཚང་མས་གནས་ཚུལ་མི་མཐུན་པ་དག་རིགས་དགར་ནས། ལྟ་ཚུལ་སྨྲ་བ་སྣ་ཚོགས་བཙུགས་ཤིང་། དཔེ་མཚོན་འགའ་དྲངས་པ་སྟེ། གནས་དེར་བཞུགས་པའི་མི་ཡོད་ཚད། སྐྱེས་པ་དང་བུད་མེད་སུ་ཡིན་རུང་། ཚང་མ་སོ་སོའི་ཕྱིར་དྲན་གྱི་ཀློང་དུ་ཚུད་འདུག ཕྱིར་དྲན་སྣ་ཚོགས་ནི་མ་བགྲོས་གཅིག་མཐུན་དང་། གློ་བུར་ཐོལ་བྱུང་། མི་སེམས་ཕུང་དཀྲུག མི་སེམས་སྒུལ་བ་བཅས་ཀྱི་ངང་སྐད་ཆ་མིད་པར་བསླེབས་ཀྱང་ཁ་ནས་བཤད་པར་སྟབས་མི་བདེ་བར་གྱུར། སྐུ་མགྲོན་འདི་དག་གིས་གསང་བའི་ངར་ཤུགས་སྒོམ་ཞིང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་། བརྩེ་དུང་སྟེ་སྤྱིར་བཏང་ཡིན་ལ་མཆོག་གྱུར་ཡང་ཡིན་པའི་དོན་དག་འདི་གླེང་མོལ་བྱེད་ཅིང་། ཕོ་མོ་དབར་གྱི་ལྐོག་གྱུར་དང་ཞི་འཇམ་གྱི་ཟུང་འབྲེལ་གླེང་བཞིན། མི་རེ་རེའི་གདོང་ལས་སེམས་རྩ་འཁོལ་ཞིང་རྒྱུན་ལྡན་མིན་ལ། སེམས་འགུལ་ཐེབས་པའི་རྣམ་འགྱུར་མངོན།
        གློ་བུར་དུ། མི་ཞིག་གིས། ཐག་རིང་དུ་རྒྱང་ལྟ་བྱེད་བཞིན། སྐད་ཅོར་བརྒྱབ་བྱུང་།
        “ནོ། ཚང་མས་ལྟོས་དང་། གན་ཅི་ཞིག་རེད།”
        གནམ་མཁའི་མཐའ་རུ། སྐྱ་ཆིལ་ཆིལ་གྱི་དངོས་པོ་གཏོས་ཆེན་པོ་ཞིག་མཚོ་ངོས་སུ་མངོན་བྱུང་ལ། སྤྱི་ཁོག་རབ་རིབ་ཙམ་ལས་མཐོང་མི་ཐུབ།
        སྐུ་མགྲོན་བུད་མེད་རྣམས་ཡར་ལངས་བྱུང་། ཁོ་མོ་ཚོས་གཏན་ནས་མཐོང་མ་མྱོང་བའི་ཡ་མཚན་ཅན་གྱི་དངོས་པོ་དེར་ཅེར་ནས། ཡང་སྙིང་དེ་ནི་ཅི་ཞིག་ཡིན་པ་གསལ་ཐག་མ་ཆོད།
        སྐུ་མགྲོན་ཞིག་གིས་གསལ་སྟོན་བྱས་བྱུང་།
        “དེ་ནི་ཁའོ་ཞི་ཅཱ་གླིང་ཕྲན་རེད། ལོ་རེར་ཐེངས་གཉིས་གསུམ་ཞིག་ལ། དམིགས་བསལ་གྱི་ནམ་ཟླའི་དབང་གིས། ནམ་མཁའ་གཡའ་དག་ཞིང་ས་གཞི་རྡུལ་དག་དུས། ཆུ་རླངས་གིས་གྲུབ་པའི་སྨུགས་པས་མཐོང་ལམ་མ་སྒྲིབ་ཚེ། དེ་ཉིད་ད་གཟོད་རྒྱང་ཐག་རིང་པོ་ནས་མཐོང་ཐུབ།”
        གླིང་ཕྲན་སྟེང་གི་རིའི་ཟུར་སྣེ་གསལ་ལ་མི་གསལ་བར་དབྱེ་ཐུབ་ལ། སྐབས་འགར་ད་དུང་རི་རྩེའི་གངས་ཀྱང་མཐོང་ཐུབ། རྒྱ་མཚོའི་ངོས་ལས་རྣམ་ཤེས་འདི་འདྲ་ཞིག་མངོན་པས། མི་མང་ཧ་ལས་ཤིང་བློ་མི་བདེ་བར་གྱུར་ལ། ཐ་ན་འཇིགས་སྐྲག་ཀྱང་སྐྱེས་བྱུང་། ཀོ་ལུན་པུའུ་ལྟར། རྒྱུས་མེད་ཀྱི་མཚོ་ཁོངས་སུ་ཕྱིན་མྱོང་བའི་མི་དེ་དག་ཁོ་ནས། ད་གཟོད་ཁྱད་མཚར་བའི་རྒྱ་མཚོའི་མཛེས་ལྗོངས་འདི་རིགས་མཐོང་མྱོང་ཡང་སྲིད།
   དུས་འདིར། ཁ་གྲགས་མ་མྱོང་བའི་སྐུ་ཞབས་རྒན་པ་ཞིག་གིས་ཁ་གྲག་བྱུང་།
        གླིང་ཕྲན་འདི་ང་ཚོའི་མིག་མདུན་དུ་མངོན་པ་ནི། ཧ་ལམ་ང་ཚོར་ད་གིན་གླེང་མོལ་བྱས་པའི་དྲི་བ་དེར་དྲིས་ལན་ཞིག་སྟེར་ཆེད་ཡིན་པ་འདྲ། དེས་ང་རང་གླིང་ཕྲན་དུ་བསྡད་དུས་ཀྱི་ཡ་མཚར་བའི་ཕྱིར་དྲན་ཞིག་བློ་ངོར་ཤར་དུ་བཅུག་བྱུང་ལ། དེ་ནི་ངས་ད་བར་དུ་མཐོང་མྱོང་ཡོད་པ་ལས། ནམ་ཡང་འགྱུར་མྱོང་མེད་པའི་བརྩེ་དུང་གི་དཔེ་མཚོན་ཞིག་ཡིན་ཏེ། བདེ་སྐྱིད་ཀྱི་དཔལ་ལ་རོལ་ཚད་ནི་ཧ་ཅང་ཡིད་ཆེས་དཀའ་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན།
        ད་ནི་ངས་ལྷན་རྒྱས་སྙན་ལམ་དུ་ཞུས་ཆོག
        ལོ་ལྔའི་སྔོན་དུ། ང་རང་ཁའོ་ཞི་ཅཱ་གླིང་ཕྲན་དུ་ལྗོངས་རྒྱུར་ཐེངས་ཤིག་ཕྱིན་པ་ཡིན། གདོད་མའི་ས་རྒོད་ལྟ་བུའི་གླིང་ཕྲན་འདི་ཉིད། ང་ཚོ་ཧྥ་རན་སིའི་མིར་མཚོན་ནས་བཤད་ན། མེ་གླིང་དུ་བསླེབས་པ་ལས་ཀྱང་རྒྱུས་མེད་དང་། རྒྱང་ཐག་རིང་བར་སྣང་། ཧྥ་རན་སིའི་མཚོ་འགྲམ་དུ་འགྲེང་ཚེ། མཚམས་ལ་རེར་ད་ལྟ་ནང་བཞིན་དེ་ཉིད་མིག་གིས་མཐོང་ཐུབ།
   ཚང་མས་འཆར་ཡན་ཞིག་གནོང་དང་། ཉག་ཉོག་གི་ཚུལ་དུ་གནས་པའི་འཇིག་རྟེན་གྱི་རྣམ་པ་ནི་གང་འདྲ་ཞིག་ཡིན་ནམ། རྦ་རླབས་འཕྱུར་བ་ལྟ་བུའི་མུ་འབྲེལ་རི་བོ། རི་དང་རིའི་བར་དུ། གུ་དོག་ཅིང་གཡང་གཟར་བའི་གྲོག་རོང་། དཀྱིལ་དུ་ཆུ་རྒྱུན་དྲག་ཏུ་བརྒྱུགས་ཅིང་། ཧ་ལས་པར་མགྱོགས། འཇིག་རྟེན་འདིར། རྟ་བརྒྱུགས་སའི་ཐང་བདེ་མོ་ཞིག་མེད་ལ། ཡོད་པ་ནི་འཇིགས་སུ་རུང་བའི་རྦ་རླབས་དབྱིབས་ཀྱི་བྲག་རྡོ་ཆེན་པོ་དང་། རྦ་རླབས་ཆེན་པོ་འཕྱུར་འདྲའི་རྣང་ཞིང་ཡིན་ལ། དེ་རུ་ཚང་ཚིང་གི་ལི་ཤིང་དང་གསོམ་སྡོང་གིས་གྲུབ་པའི་ནགས་ཚལ་སྟུག་པོས་ཁེབས་ཡོད། འདི་ནི་ཐང་རྒོད་ཡུག་ཅིག་ཡིན་ཏེ། རྨོ་འདེབས་བྱས་མྱོང་མེད་པའི་ས་རྒོད་རེད། སྐབས་འགར་གྲོང་སྡེ་འགའ་ཤས་མཐོང་ཐུབ་ཀྱང་། དེ་ནི་སྐྱ་ཐེར་ཐེར་གྱི་རི་རྩེའི་བྲག་རྡོ་ཕུང་བོ་ཞིག་དང་འདྲ་བ་ཉིད་ལས་མ་འདས། ཞིང་སར་རྨོ་འདེབས་མེད་ལ། བཟོ་རྩལ་ལས་སྣོན་མེད་ཅིང་། ཡི་གེའི་སྒྱུ་རྩལ་ཡང་མེད། ཁྱོད་ཀྱིས་ནམ་ཡང་ལས་སྣོན་བྱས་མྱོང་བའི་ཤིང་ལེབ་ཅིག་མཐོང་མི་ཐུབ་ལ། བརྐོ་བཟོ་བྱས་མྱོང་བའི་རྡོ་ལེབ་ཅིག་ཀྱང་མཐོང་མི་ཐུབ། ལོ་རྒྱུས་ཀྱི་རིག་གནས་ཤུལ་དངོས་གཅིག་ཀྱང་མཐོང་རྒྱུ་མེད་པ་དེས་གླིང་ཕྲན་སྟེང་གི་མིའི་རིགས་ཀྱི་ཡབ་མེས་དེ་ཉིད། མཛེས་ཤིང་སྡུག་པའི་དངོས་པོ་ཡིན་ན་དེ་ལ་ཤིན་ཏུ་བབ་ཆགས་པའམ་ཡང་ན་དང་དོད་བྱེད་པའི་དགའ་ཕྱོགས་ཡོད་པ་གསལ་བཤད་བྱེད་ཐུབ། སྤྱིར་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱིས་ཕུན་སུམ་ཚོགས་པའི་རྣམ་པར་རེ་སྙེག་བྱེད་པ་དེར་སྒྱུ་རྩལ་དུ་འབོད། ཡིན་ཡང་། ཆེས་ཡ་མཚར་དགོས་ས་ཞིག་ཡོད་པ་ནི། ཡུལ་གྱི་བཀོད་པ་རྩིང་ཞིང་བརྗིད་ཆགས་པའི་ས་ཆ་འདིར། མི་རབས་ནས་མི་རབས་བརྒྱུད་པའི་མི་རྣམས་ཀྱིས་འདི་ཉིད་སྣང་མེད་དུ་འཇོག་ཞིང་དོ་ཁུར་གཏན་ནས་མི་བྱེད། 
        དབྱི་ཐ་ལི་རུ། སྒྱུ་རྩལ་ཐོན་རྫས་ཀྱིས་བཀང་བའི་ཕོ་བྲང་རེ་རེ་ནི། སྒྱུ་རྩལ་བརྩམས་ཆོས་རེ་རེ་ཡིན། གནས་དེ་རུ། རྡོ་ཀ་མ་རུ་དང་ཤིང་ཆ། ཟངས། ལྕགས། ལྕགས་རིགས་གཞན་དང་རྡོ། རྒྱུ་ཆ་འདི་དག་ཡོད་ཚད་ལ་མིའི་རིགས་ཀྱི་སྒྱུ་རྩལ་ཡོན་ཏན་གྱིས་བརྒྱན་ཡོད་ཅིང་། གནའ་བོའི་འཛུགས་བསྐྲུན་དེ་དག་ཁྲོད་བཤམས་པའི་རིག་གནས་ཤུལ་དངོས་ལས། ཆེས་ཆུང་ཞིང་ཕལ་བ་དེ་ཡིན་རུང་། ཡོད་ཚད་ཀྱིས་མཛེས་སྡུག་ལ་བཅངས་བའི་རེ་སྙེག་བླ་ན་མེད་པ་འདི་རིགས་མངོན་འདུག དེར་བརྟེན། དབྱི་ཐ་ལི་ནི་ང་ཚོ་མི་རེ་རེར་མཚོན་ནས་བཤད་ན། བླ་ན་མཐོ་བའི་མེས་རྒྱལ་ཡིན་པས། ང་ཚོ་དེ་ལ་དགའ། རྒྱུ་མཚན་ནི་དེས་ང་ཚོར། མིའི་རིགས་ཀྱི་གསར་གཏོད་ནུས་པ་ལྡན་པའི་ཤེས་རིག་གི་ནུས་སྟོབས་རང་བཞིན་དང་། དེ་ཉིད་རླབས་ཆེན་ཡིན་པ། ཟིལ་ཤུགས་ལྡན་པ་དང་འོད་སྟོང་འབར་བ་བཅས་འགྲེམས་སྟོན་བྱས་ཤིང་ར་སྤྲོད་བྱས་ཡོད། 
        དབྱི་ཐ་ལི་དང་རྒྱ་མཚོས་བར་ཆོད་པའི་ཁ་གཏད་དུ་ཡོད་པ་ནི་ཁའོ་ཞི་ཅཱ་གླིང་ཕྲན་རེད། དེ་ཉིད་ཧམ་པ་ཚ་ཐག་ཆོད་ཕྱིན། སྔར་བཞིན་རང་ཉིད་ཀྱི་གདོད་མའི་དུས་རབས་སུ་གནས་ཡོད། ས་དེའི་མི་རྣམས། བཟོ་བཀོད་རྩིང་ཞིང་ཐབས་ཆགས་ཀྱི་ཁང་པའི་ནང་བསྡད་དེ། རང་གི་འཚོ་བའམ་ཁྱིམ་རྒྱུད་ཀྱི་རྩོད་གཞི་དང་འབྲེལ་བ་མེད་པའི་དོན་དག་ཞིག་ཡིན་ཕྱིན། ཅི་ཡིན་རུང་སེམས་ཁུར་ཉག་ཙམ་ཡང་བྱེད་མི་སྲིད། ཁོ་ཚོས་སྔར་བཞིན་ཤེས་རིག་མ་དར་བའི་མིའི་རིགས་ཀྱི་སྐྱོན་ཆ་དང་དགེ་མཚན་དག་རྒྱུན་འཛིན་བྱས་ཡོད་དེ། གཤིས་ཀ་རྩུབ་ཅིང་ཞེ་འཁོན་བཅངས་ནས་སྙིང་ནད་རྩོད་པར་དགའ་ཞིང་། གཏུམ་དྲག་ཡིན་ལ་གདུག་རྩུབ་ཆེ།  འདི་དག་ཐམས་ཅད་ལྷན་སྐྱེས་ཡིན་པས་སྐྱོན་ཆ་ཞིག་ཡིན་པའང་གཏན་ནས་ཤེས་ཀྱིན་མི་འདུག འོན་ཏེ། ཁོ་ཚོ་འགྲུལ་རྩིས་ཆེ་ཞིང་གཏོང་ཕོད་ཆེ་ལ། བློ་དཀར་ཟོལ་མེད་དང་གཞུང་དྲང་བབ་ཆགས་ཀྱང་ཡིན་ཏེ། ཁོ་ཚོས་རང་ཁྱིམ་གྱི་སྒོ་ཕྱེ་ནས། བརྒྱུད་འགྲོ་བའི་ལྗོངས་རྒྱུ་བ་རེ་རེར་དགའ་བསུ་བྱེད་ངེས། ཁྱོད་ཀྱིས་ཕར་ཁོ་ཚོར་སེམས་བཟང་ཏོག་ཙམ་ལས་མ་བཅངས་རུང་། ཁོ་ཚོས་ལན་དུ་ལྷད་མེད་ཀྱི་མཛའ་བརྩེ་བཅངས་ངེས། 
        འོ། ང་རང་ཡུལ་གྱི་བཀོད་པ་བརྗིད་ཉམས་ཆེ་བའི་གླིང་ཕྲན་འདིའི་སྟེང་ཟླ་གཅིག་ལྷག་ལ་འགྲུལ་བཞུད་བྱེད་དུས། ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ནམ་མཁའི་མཐའ་དང་རྒྱ་མཚོའི་སྣེ་རུ་བསླེབས་པའི་སྣང་བ་ཞིག་སྐྱེས་བྱུང་། མགྲོན་ཁང་ཞིག་དང་ཐུག་མི་སྲིད་ལ། ཆང་ཁང་ཞིག་ཀྱང་རྙེད་མི་ཐུབ་ཅིང་། གཞུང་ལམ་ཡང་མེད། ཁྱོད་རང་དྲེལ་སོང་ཤུལ་གྱི་ལམ་ཆུང་དེད་ནས་སོང་ན། རིའི་སྐེད་པར་དཔྱངས་ཤིང་གཡང་གཟར་ལ་གདོང་གཏད་ཡོད་པའི་གྲོང་སྡེ་ཞིག་ཏུ་བསླེབས་སྲིད། དེ་རུ། མཚན་མོར་གཡང་གཟར་གྱི་མཐིལ་ནས་མཆེད་འོངས་བའི་སྒྲ་ཞིག་མཚམས་མི་ཆད་པར་རྣ་ལམ་དུ་གྲགས་འོངས། དེ་ནི་དྲག་ཏུ་རྒྱུག་བཞིན་པའི་ཆུ་རྒྱུན་གྱིས་ཡུན་རིང་ཞིང་ཡི་མུག་པའི་ངུ་ཤུབ་རྒྱག་པ་ཡིན། ཁྱོད་ཀྱིས་གྲོང་མིའི་སྒོ་རྡུང་ནས། མཚན་གཅིག་གི་གནས་ཚང་གཡར་བའི་རེ་བ་བཏོན་ན། ཁ་ལ་བཟའ་རྒྱུ་འགའ་རེག་ངེས། སྣེ་ལེན་ཐོབ་རྗེས། ཁྱོད་ཀྱིས་བདག་པོས་འདོན་སྤྲོད་བྱས་པའི་སྤྱིར་བཏང་གི་ཟ་མ་བཟས་ཏེ། ཐབས་ཆགས་ཀྱི་ཁང་པའི་ནང་ཉལ་ཆོག ཕྱི་ཉིན་ཞོགས་པར། བདག་པོས་ཁྱོད་དང་ལག་འཇུ་བྱས་ནས་གྱེས་ཕྱག་ཕུལ་བ་མ་ཟད། གྲོང་སྣེའི་མཐའ་རུ་སྐྱེལ་ངེས། 
        ཉིན་ཞིག་ལ། ང་རང་ཆུ་ཚོད་བཅུ་ལ་གོམ་པ་བརྒྱབ་ནས་སོང་། ས་སྲོས་སུ། ཁང་ཆུང་ཁེར་རྐྱང་ཞིག་གི་མདུན་དུ་བསླེབས་བྱུང་། ཁང་ཆུང་འདི་གྲོག་རོང་དོག་མོ་ཞིག་གི་དཀྱིལ་དུ་འདུག་ཅིང་། གྲོག་རོང་བརྒྱུད་ནས་ད་རུང་སྤྱི་ལེ་གཅིག་ཙམ་ལ་སོང་ན་མཚོ་འགྲམ་དུ་བསླེབས་ཐུབ། གྲོག་རོང་གི་འགྲམ་གཉིས་ནི་རི་ངོས་གཟར་བོ་ཡིན་ཞིང་། རི་ངོས་སུ་ཤིན་ཏུ་སྟུག་པའི་སྡོང་ཕྲན་ཚོམ་བུ་དང་ཤིང་སྡོང་ཆེན་པོས་ཡོངས་སུ་ཁེབས་ལ། མར་ཉིལ་བའི་བྲག་རྡོ་འགའ་ཡང་གང་སར་འཐོར་འདུག་པ་དེ་ནི། གྲིབ་ནག་གྱོན་པའི་གྱང་གཉིས་ཀྱི་དབར་ལ་སྐྱོ་ཤུར་ཤུར་གྱི་རི་ཤུར་ཞིག་བཙིར་ཡོད་པ་དང་ཀུན་ནས་མཚུངས། 
   ཁང་ཆུང་དེའི་མཐའ་འཁོར་དུ། རྒུན་འབྲུམ་རྐང་ཁ་ཤས་དང་ར་སྐོར་ཆུང་ཆུང་ཞིག་ཡོད་ཅིང་། ཐག་ཅུང་རིང་ས་དེ་ན་ལི་ཤིང་གི་སྡོང་བོ་ཆེན་པོ་འགའ་འདུག འདི་དག་གིས་ཀྱང་འཚོ་བའི་རྒྱུན་སྐྱོང་ཐུབ་པས། ཐང་སྟོང་མཐའ་འཁོབ་འདི་རུ། དེ་ཡང་ཁྱིམ་ནོར་ཞིག་ཏུ་བརྩིས་ཆོག
   ང་ལ་སྣེ་ལེན་བྱེད་མཁན་ནི་རྒན་མོ་ཞིག་རེད། མོའི་ཉམས་འགྱུར་ཚུལ་ལྡན་ཡིན་ལ། གྱོན་པ་གཙང་ཞིང་གྲལ་དག་པས། དེ་འདྲ་གནས་འདིར་མཐོང་དཀོན། སྐྱེས་པ་བདག་པོ་དེ་རྩྭའི་རྐུབ་བཀྱག་ཞིག་གི་སྟེང་བསྡད་ཡོད་ཅིང་། ཡར་ལངས་ནས་ང་ལ་གུས་ལན་ཞིག་ཕུལ་རྗེས། སླར་ཡང་མར་ཙོག་པ་དང་མགོ་ནས་མཇུག་བར་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། མོས་ང་ལ།
     “ཁོ་ལ་དགོངས་པ་སྟེར་རོགས། ད་ལྟ་ཁོའི་རྣ་བ་འོན་ཡོད། ཁོ་ད་ལོ་ལོ་བརྒྱད་ཅུ་གྱ་གཉིས་ཡིན་”ཟེར། 
        རྒན་མོས་བཤད་པ་ནི་ཧྥ་རན་སིའི་སྐད་རྣལ་མ་རེད། དེས་ང་རང་ཡ་མཚར་དུ་བཅུག་སོང་། 
        ངས་མོར་དྲིས་དོན། “ཁྱེད་ཉིད་ཁའོ་ཞི་ཅཱའི་མི་མིན་པ་འདྲ།” 
        མོས་ང་ལ། “ཁྱེད་ཀྱིས་གསུངས་པ་བདེན། ང་ཚོ་ནི་ཧྥ་རན་སིའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཡིན། འོན་ཀྱང་ས་འདིར་ཡོང་ནས་ལོ་ངོ་ལྔ་བཅུ་འགོར་སོང”ཟེར། 
   དར་རྒྱས་ཆེ་ཞིང་འདུ་འཛིས་ཁེངས་བའི་གྲོང་ཁྱེར་དང་རྒྱང་གྱེས་ནས། སྐྱོ་ལྷང་ལྷང་གི་གནས་མཐའ་འཁོབ་ཀྱི་གྲུ་ཟུར་འདི་ལྟ་བུ་ཞིག་ནས་འཚོ་བ་རོལ་བ་མ་ཟད། ད་དུང་ལོ་ལྔ་བཅུ་འགོར་ཟིན། བསམ་བློ་ཞིག་གཏོང་དུས་ཀྱང་དངངས་སྐྲག་སྐྱེས་ནས་སེམས་པ་བདེ་ལ་འབབ་ཐབས་མི་འདུག དུས་འདིར། ཕྱུགས་རྫི་རྒན་པ་ཞིག་བསླེབས་བྱུང་། ཚང་མས་དགོང་ཟས་བཟའ་མགོ་ཚུགས། ཟས་ཅོག་སྟེང་ཚལ་སྣ་ཁ་གཅིག་ལས་མེད་དེ། ཞོག་ཁོག་དང་ཤ་ཚོན་པོ། ཚོད་དཀར་གསུམ་གདུས་པའི་ཁུ་བ་གར་པོ་སླ་ང་གང་རེད། 
   ཧ་ཅང་སྟབས་བདེ་ཡིན་པའི་དགོང་ཟས་ཐུན་འདི་མགྱོགས་པོར་ཟས་ཚར་སོང་། ང་རང་སྒོའི་མདུན་དུ་སོང་ནས་ཙོག་པ་ན། མིག་མདུན་གྱི་སྐྱོ་ལྷང་ལྷང་གི་ཡུལ་ལྗོངས་འདིའི་ཡི་མུག་པའི་ཉམས་འགྱུར་གྱིས་ངའི་སེམས་པ་ནག་འཐིབ་བེར་བཏང་། ལྗོངས་རྒྱུ་བ་ཕལ་ཆེ་བ་ནི་གཞན་ཡུལ་འགྲིམས་དུས། ཡིད་སྐྱོ་བའི་མཚན་མོར་མི་མེད་ལུང་ཀྱོག་ཞིག་ཏུ་བསླེབས་ཚེ། སེམས་པ་ནག་འཐིབ་བེར་གྱུར་ནས་སྐྱོ་སྣང་ལྡབ་འཕར་མི་བྱེད་པ་གཅིག་ཀྱང་ཡོད་མི་སྲིད། དུས་འདིར་འཇིག་རྟེན་དང་འཚོ་བའི་ཁྲོད། ཡོད་ཚད་ཀྱི་ཡོད་ཚད་ཧ་ལམ་ཚེ་ཡི་འཕེན་པ་རྫོགས་ལ་ཉེ་བའི་སྣང་བ་བྱུང་ལ། གློ་བུར་དུ། མི་ཚེའི་འཇིགས་རུང་གི་སྡུག་བསྔལ་དང་། གཞན་ཡུལ་གྱི་གྲོགས་མེད་ཁེར་རྐྱང་། སྐྱེ་དངོས་ཡོད་དགུའི་དོན་སྟོང་ཉམ་ཆུང་། ནང་སེམས་སྟོང་ལྷང་ལྷང་ཡིན་པའི་ཁེར་རྐྱང་གི་གདུང་བ་བཅས་ཡོད་ཚད་ཅིག་ཅར་དུ་ཁྱོད་ཀྱི་མིག་མདུན་དུ་མངོན་དུས། ཤི་རག་བར་དུ་ཕུགས་བསམ་ལ་མགོ་འཁོར་ནས་རང་ཉིད་སྐྱིད་པར་འདོད་པ་དང་རང་མགོ་རང་གིས་གཡོགས་པའི་འཕྲུལ་སྣང་དེ་དག་གཏོར་བརླག་བྱས་སོང་། 
   རྒན་མོ་དེ་ངའི་མདུན་དུ་བསླེབས་བྱུང་། མཚར་སྣང་གིས་སྐུལ་འདེད་དྲག་པོ་ཐེབས་པ་མངོན་གསལ་རེད། མཚར་སྣང་འདི་རིགས་ཀྱིས་ལས་དབང་གི་བཀོད་སྒྲིག་ལ་ཉན་ཞིང་། དཀའ་ངལ་ལ་འཕྲད་རུང་སེམས་མི་འཚབ་པའི་མིའི་ལུས་སྟེང་ནས་ཀྱང་གཡོལ་ཐབས་མེད་པར་རྩ་བ་བརྟན། 
        “ཁྱེད་ནི་ཧྥ་རན་སི་ནས་ཡོང་བ་ཡིན་ནམ།”   
        “ཡིན་ལགས། ང་ནི་ལྗོངས་རྒྱུ་རུ་འོངས་བ་ཡིན།” 
        “གཅིག་བྱས་ན་ཁྱེད་ནི་པཱ་ལི་ནས་ཡོང་བ་ཡིན་ཡང་སྲིད།” 
        “མིན། ང་རང་ནན་ཞིས་ནས་ཡོང་བ་ཡིན།” 
        མོའི་སེམས་པར་ཧ་ལམ་སྐྱོམ་ཤུགས་ཆེན་པོ་ཐེབས་པ་ངས་ཚོར་བྱུང་། ངས་འདི་ཉིད་ཇི་ལྟར་ཤེས་བྱུང་ཟེར་བའམ། ཡང་ན་ངས་འདི་ཉིད་ཇི་ལྟར་ཚོར་བྱུང་ཟེར་ན། ངས་ཀྱང་གསལ་བོ་ཞིག་བཤད་ཤེས་ཀྱིན་མི་འདུག
        མོས་ག་ལེར་བསྐྱར་བཤད་ཅིག་བྱས།
        “ཁྱེད་རང་ནན་ཞིས་ནས་ཡོང་བ་ཡིན།” 
        སྐྱེས་པ་དར་མ་དེ་སྒོ་ཁར་མངོན་བྱུང་། འོན་པ་གཞན་རྣམས་དང་འདྲ་བར། ངོ་གདོང་དུ་རྣམ་འགྱུར་ཅི་ཡང་མི་འདུག
        མོས་མུ་མཐུད་དུ་བཤད་རྒྱུར། 
       “སྐྱོན་མེད། ཁོས་ཐོས་མི་ཐུབ།” 
       སྐར་ཆ་འགའ་འགོར་རྗེས། ཁོ་མོས་སླར་ཡང་དྲིས་བྱུང་། 
       “འདི་ལྟར་བཤད་ན། ཁྱེད་ཀྱིས་ནན་ཞིས་སུ་མི་མང་པོ་ཞིག་ངོ་ཤེས་སྲིད། ”  
       “ཡིན་ལགས། མི་ཧ་ཅང་མང་པོ་ཞིག་ངོ་ཤེས། ”  
       “ཧྲིན་ཨ་ལེ་ཚི་ཁྱིམ་རྒྱུད་ཀྱི་མི་ངོ་ཤེས་སམ། ”  
       “ངོ་ལོས་ཤེས། ཁོ་ཚོ་ནི་ངའི་ཨ་ཕའི་གྲོགས་པོ་ཡིན། ”  
       “ཁྱེད་ཀྱི་མཚན་ལ་ཅི་ཟེར། ”  
  ངས་རང་གི་རུས་མིང་བཤད། མོས་ང་ལ་ཕུར་ཚུགས་སུ་ཐེངས་ཤིག་བལྟས་རྗེས། འདས་དོན་ལ་ཕྱིར་དྲན་བྱེད་བཞིན་པའི་སྐད་གདངས་ཤབ་ཤུབ་དེས་བཤད་རྒྱུར། 
       “རེད། རེད། ངས་དྲན་སོས་བྱུང་། པུའུ་ལིས་མཱ་ཨར་ཁྱིམ་མི་ཡོངས། ཁོ་ཚོ་ད་ལྟ་ཇི་འདྲ་རེད།”  
       “ཚང་མ་ཚེ་ལས་འདས་ཟིན།”  
       “འོ། ཞི་ཨར་མིན་ཁྱིམ་མི་ཡོངས། ཁྱེད་ཀྱིས་ངོ་ཤེས་སམ།”  
       “ངོ་ཤེས། རབས་ཆེས་ཕྱི་མའི་མི་དེ་དམག་དཔོན་བྱས་སོང་།”  
  དུས་འདིར། མོ་ཡིད་འགུལ་ཆེན་པོ་ཐེབས་པས་སེམས་ཀྱི་རྦ་རླབས་འཁྲུགས་པ་ཕྱི་ལུས་ན་གསལ་ཞིང་། ད་དུང་ཁྱད་དུ་འཕགས་ལ་ཤུགས་དྲག་ཅིང་ངག་ངོག་ཡིན་པ། ངས་ཀྱང་བཤད་མི་ཤེས་པའི་བརྩེ་དུང་གིས་ཡོངས་སུ་ཁེངས་འདུག་པས། སྐད་ཆས་མཚོན་ཐབས་བྲལ་ཡང་། མོས་རང་ཉིད་ཀྱི་དགོས་མཁོ་དམར་ཧྲེང་དུ་ཕུད་འདོད་ཡོད་པ་སྟེ། ཡོད་ཚད་ཁས་ལེན་བྱས་ཤིང་ཡོད་ཚད་ཤར་མར་བཤད་ནས། དུས་ཡུན་རིང་བོར་སེམས་པའི་གཏིང་རུམ་དུ་སྦས་པའི་འདས་དོན་དང་། དུས་ཡུན་རིང་བོར་ནང་སེམས་ཀྱི་འཇིག་རྟེན་དཀྲུག་མཁན་གྱི་གྲོགས་པོ་བློས་ཐུབ་དེ་དག་བཤད་འདོད་ཡོད་ཕྱིན། མོའི་སེམས་པ་ནི་འདི་ལྟར་ལྷིང་འཇགས་སུ་གནས་ཐབས་བྲལ་བས། སྐད་ཆ་བཤད་དུས་ལུས་ཡོངས་འདར་གྱིན་འདུག
       “རེད། དེ་ནི་ཧིན་ལིས·ཏི·ཞི་ཨར་མིན་རེད། ངས་ཁོ་ངོ་ཤེས། ཁོ་ནི་ངའི་གཅུང་བོ་ཡིན།”  
       ང་རང་ཧ་ལས་ཤིང་ཡ་མཚར་ཆེན་པོ་སྐྱེས། མིག་ཟུང་བཀྱགས་ནས་མོར་བལྟས་པ་ན། གློ་བུར་དུ། ངས་འདས་དོན་རྙིང་བ་ཞིག་དྲན་སོས་བྱུང་། 
       སྔོན་ཆད། དོན་རྐྱེན་ཆེན་པོ་ཞིག་བྱུང་མྱོང་ཞིང་། དེས་ལའོ་ལིན་ས་ཁུལ་གྱི་སྐུ་དྲག་རིམ་གྲས་ལ་གྲགས་འགུལ་བཟོས། ལོ་ན་གཞོན་ལ་གཟུགས་བྱད་མཛེས་པ་མ་ཟད། ད་དུང་རྒྱུ་ནོར་གྱིས་ཕྱུག་པའི་བུ་མོ་ཞིག་སྟེ། སོའུ་ཧྲན.ཏི.ཞི་ཨར་མིན་མི་གཞན་གྱིས་མགོ་གཡོག་ནས་ཁྲིད་སོང་། ཁྲིད་མཁན་ནི་སོའུ་ཧྲན་གྱི་ཨ་ཕའི་བཀོད་འདོམས་ལ་ཉན་མཁན་རྟ་དམག་དཀྱུས་མའི་མདའ་ཤོག་གི་ཝེ་དཔོན་རེད། 
        སྟོང་དཔོན་གྱི་སྲས་མོ་བསླུ་མཁན་དམག་དཔོན་དེ་ནི། ཕོ་སྒོ་ཅན་གྱི་གཞོན་ནུ་ཞིག་ཡིན་ལ། ཞིང་པའི་བུ་ཕྲུག་ཡིན་རུང་། འདོགས་སྒྲོག་མེ་ཏོག་སྔོན་པོས་བརྒྱན་པའི་རྟ་དམག་དཀྱུས་མའི་དམག་ལྭ་གྱོན་ཚེ། དངོས་གནས་རྫིག་པོ་འདུག ཕལ་ཆེར་རྟ་དམག་གི་དཔུང་ཁག་བརྒྱུད་ནས་འགྲོ་དུས། སྲས་མོ་སུའོ་ཧྲན་གྱིས་ཁོ་མཐོང་བ་དང་། མཐོང་མ་ཉིད་ནས་སེམས་པ་ཤོར་བ་ཡིན་སྲིད། སྲས་མོ་ལགས་ཀྱིས་ཁོ་དང་ཇི་ལྟར་འབྲེལ་འདྲིས་བྱས་པ་དང་། ཁོ་གཉིས་ཀྱིས་དུས་ཆད་ཇི་ལྟར་བཏབ་པ། ཕན་ཚུན་ལ་སྙིང་གཏམ་ཇི་ལྟར་བརྗོད་པ། སྲས་མོ་ལགས་ཀྱིས་ཀྱང་ཇི་ལྟར་ཕ་རོལ་བར་རང་ཉིད་ཀྱིས་ཁོ་ལ་བཅངས་པའི་བརྩེ་དུང་དེ་ཤེས་སུ་འཇུག་ཕོད་པ་སོགས། ཡོད་ཚད་ནི་ཇི་སྲིད་བར་དུ་མི་གཅིག་གིས་ཀྱང་ཤེས་དཀའ་བའི་དོན་དུ་གྱུར། 
        དེ་དུས་ཁོ་གཉིས་ཀྱི་བརྩེ་དུང་ནི། མིས་མ་ཤེས་ལ་འདྲེས་ཀྱང་མ་གསལ་བར་མུ་མཐུད་དུ་རྒྱུན་སྐྱོང་བཞིན་འདུག་སྟེ། སུས་ཀྱང་མ་རྟོགས་ལ་སུས་ཀྱང་སྔོན་དཔག་བྱེད་མ་ཐུབ། ཉིན་ཞིག་གི་མཚན་མོར། དམག་དཔོན་དེས་ལས་རེས་ཚར་རྗེས། སྲས་མོ་སུའོ་ཧྲན་དང་མཉམ་དུ་གར་སོང་ཆ་མེད་དུ་གྱུར། ཚང་མས་གང་སར་རྩད་གཅོད་བྱས་ཀྱང་ཁོ་གཉིས་མ་རྙེད། དུས་དེ་ནས་བཟུང་མི་འདི་གཉིས་དང་འབྲེལ་བའི་སྐད་ཆ་ཅི་ཡང་གོ་རྒྱུ་མ་བྱུང་། ཡུན་ནས་ཡུན་དུ། མི་རྣམས་ཀྱིས་སྲས་མོ་དེ་གྲོངས་ཟིན་པར་སྙམ། 
        ཡིན་ཡང་མཐའ་འཁོབས་ཀྱི་རི་ཁུག་འདི་ནས་ང་རང་མོ་དང་འཕྲད་བྱུང་། 
        དེ་མུར། ངས་མོར། 
        “རེད། ངས་དྲན་སོས་བྱུང་། ཁྱེད་ནི་སྲས་མོ་སུའོ་ཧྲན་རེད”་ཞེས་བཤད་པ་ན། 
        མོས་མགོ་བོ་ལྡེམ་ཙམ་བྱས་ནས་ཡིན་པ་ཁས་བླངས། མཆི་མའི་ཐིགས་པ་ཆེན་པོ་རེ་རེ་མོའི་མིག་ཟུང་ལས་ཟགས། དེར་མཐུད་ནས། མོས་སྒོ་ཁར་ཙོག་ནས་ཧད་འདུག་པའི་རྒད་པོ་འོན་པ་དེར་མིག་གིས་ཐེངས་ཤིག་བལྟས་རྗེས། ང་ལ་བཤད་རྒྱུར། 
        “ཁོ་རེད་”ཟེར། 
        ངས་ཧ་གོ་སོང་། མོ་ད་བར་དུ་ཁོར་དགའ་བཞིན་ཡོད་ཅིང་། ཁོར་བལྟ་དུས། སྔར་བཞིན་མིག་མདངས་སུ་ཕར་སེམས་ཆགས་པའི་ཉམས་ཤིག་ཤར་འདུག
        ངས་དྲིས་དོན། 
        “མ་མཐའ་ཡང་། ཁྱེད་ཉིད་འདས་པའི་དུས་ཀྱི་ཐོག་མཐའ་བར་གསུམ་དུ་བདེ་སྐྱིད་ལྡན་ཡོད་སྲིད།”
        མོས་ནང་སེམས་ལས་ཕྱུང་བའི་སྐད་ཅིག་གིས་ལན་འདེབས་དོན། 
        “འ་་་། ཡིན་ལགས། ཧ་ཅང་སྐྱིད། ཁོས་ང་རང་སྐྱིད་རྒྱག་ཏུ་བཅུག ང་རང་ཁོ་དང་འགྲོགས་པར་འགྱོད་པ་གཏན་ནས་སྐྱེས་མ་མྱོང་།”
   ང་རང་རྒན་མོ་འདིར་ཅེར་ནས། སྐྱོ་སྣང་སྐྱེས་བྱུང་ལ་བློ་ཡུལ་ལས་ཀྱང་འདས་བྱུང་། བརྩེ་དུང་གི་སྟོབས་ཤུགས་ནི་འདི་ལྟར་ཆེ་བས། དངོས་གནས་ང་རང་ཧང་སང་དུ་བཅུག་སོང་། ཕྱུག་པོ་ཚང་གི་སྲས་མོ་ཞིག་རྐང་ལ་འདམ་བསྒོས་པའི་སྐྱེས་པ་ཞིག་དང་འགྲོགས་ཤིང་ནམ་ཡང་འགྱུར་མ་མྱོང་། མཐའ་མར། མོ་རང་ཉིད་ཀྱང་ལུས་ཡོངས་འདམ་གྱིས་སྦག་པའི་བུད་མེད་ཞིང་པ་ཞིག་ཏུ་གྱུར། མོས་ཕ་རོལ་བའི་ཡིད་དབང་འཕྲོག་ཤུགས་ཅི་ཡང་མེད་ལ། རྒྱས་སྤྲོས་ཅི་ཡང་མེད་པ། སྤམ་པོ་ཅི་ཡང་མེད་པའི་འཚོ་བ་དེ་རིགས་དང་ལེན་བྱས་པ་མ་ཟད། མོས་སྐྱེས་པ་འདིའི་ཐབས་ཆག་དང་ལེན་བྱས་ཤིང་རང་ཉིད་ཀྱང་དེར་གོམས་སུ་བཅུག མོ་སེམས་གཏིང་ནས་སྐྱེས་པ་འདིར་དགའ་ཞིང་། ཇི་སྲིད་བར་དུ་འགྱུར་བ་བྱུང་མ་མྱོང་། ལོ་ཐོག་ཟླ་བརྩེགས་རྗེས། མོ་ཞྭ་མོ་སྟབས་བདེ་ཞིག་གྱོན་ཞིང་རས་ཀྱི་སྨད་གཡོགས་གྱོན་པའི་ཞིང་གྲོང་གི་བུད་མེད་ཅིག་ཏུ་གྱུར། མོ་རྩྭའི་རྐུབ་སྟེགས་སྟེང་ཙོག་ཏེ། ཅོག་ཙེ་རྩུབ་པོ་དེར་གདོང་གཏད་ནས། རྫ་གཞོང་ཞིག་གི་ནང་ནས། ཞོག་ཁོག་དང་ཚོད་དཀར། ཤ་ཚོན་པོ་གདུས་པའི་ཁུ་བ་བཏུངས་ཤིང་། མོ་སྐྱེས་པ་འདིར་བསྙེས་ནས་རྩྭ་གདན་ཞིག་གི་སྟེང་ཉལ། 
   སྐྱེས་པ་འདི་ཕུད། མོས་གང་ལའང་དོ་སྣང་མི་བྱེད། མོས་དོ་སྣང་བྱེད་ས་ནི་ཁོ་གཅིག་པུ་ཡིན། མོས་གསེར་དངུལ་གྱི་རྒྱན་ཆ་དང་དར་གོས་ཟབ་ཆེན། སྒེག་ཉམས་ཀྱིས་ཕྱུག་པའི་སྐྱེས་གཟུགས། འབོལ་ཁྲི་རྫིག་པོ་ནས་ཐུར་དུ་དཔྱངས་པའི་ཡོལ་བ། དྲོ་ཞིང་ཞིམ་པའི་བུ་མོའི་གཟིམ་སྦུག ད་དུང་སྐུ་གཟུགས་དྲོ་སོབ་སོབ་ཆགས་ཐུབ་པའི་བྱ་སྤུའི་ཉལ་ཐུལ་སོགས་ཐམས་ཅད་ཕངས་སེམས་ཅི་ཡང་མེད་པར་བློས་བཏང་། སྐྱེས་པ་འདི་ཕུད། མོར་ཅི་ཡང་མི་དགོས། རང་གི་འཁྲིས་སུ་ཁོ་ཡོད་ན། མོས་ཅི་ལའང་རེ་ལྟོས་མི་བྱེད། 
   མོས་གཞོན་དུས་ནས་བཟུང་རྒྱས་སྤྲོས་ཀྱི་འཚོ་བ་དང་འཇིག་རྟེན་འཁོར་བ། ད་དུང་མོར་བྱམས་ཤིང་དུངས་ལ་གཉོར་སྐྱོང་བྱས་པའི་གཉེན་ཉེ་རྣམས་རྒྱབ་ཏུ་བསྐྱུར་ཏེ། སྐྱེས་པ་འདིར་འགྲོགས་ནས་མཐའ་འཁོབ་ཀྱི་རི་ཁུག་འདིར་བསླེབས། མོར་མཚོན་ནས་བཤད་ན། སྐྱེས་པ་འདི་ནི་ཡོད་ཚད་ཡིན་ལ། མི་ཞིག་ལ་མཁོ་བའི་ཡོད་ཚད་དང་རེ་ལྟོས་བྱེད་ས་ཡོད་ཚད། ཉིན་མཚན་མེད་པར་རེ་སྒུག་བྱེད་སའི་ཡོད་ཚད། ཇི་སྲིད་བར་དུ་རེ་སྨོན་བྱེད་ས་ཡོད་ཚད་ཡིན། སྐྱེས་པ་འདིས་མོའི་མི་ཚེ་མགོ་བརྩམས་པ་ནས་མཇུག་བསྡུ་རག་བར་བདེ་སྐྱིད་ལྡན་དུ་བཅུག
   མོར་འདི་ལས་ལྷག་པའི་བདེ་སྐྱིད་ཞིག་འཐོབ་མི་སྲིད། 
   མཚན་མོ་ཧྲིལ་བོ་འདིར། ངས་མཚམས་མི་ཆད་པར་གྲགས་བཞིན་པའི་དམག་མི་བགྲེས་སོང་དེའི་ཅུང་འགགས་པའི་སྔུར་བར་ཉན། ཁོ་རང་ཐབས་ཆག་གི་ཉལ་ཁྲི་དེའི་སྟེང་ཉལ་ཞིང། འཁྲིས་སུ་ལེ་དབར་ཁྲི་ཡི་དཀའ་ཁག་ལ་མ་འཛེམ་པར་ཁོ་དང་ལྐོག་སྡེབ་ཏུ་འོངས་བའི་བུད་མེད་དེ་ཉལ་འདུག ཡིན་ནའང་། ངས་ཁ་རོག་གེར་ངོ་མཚར་ཆེ་ལ་ཧ་ཅང་སྟབས་བདེ་ཡིན་པའི་བརྩེ་དུང་གི་གཏམ་རྒྱུད་འདི་ཡིད་ལ་སྒོམ་བཞིན། ཕོ་མོའི་བརྩེ་དུང་འདི་རིགས་ནི་འདི་ལྟར་ཤིན་ཏུ་རྨད་ཅིང་། དེ་ལས་འཐོབ་འདོད་ཀྱི་ཕན་ཁེ་ནི་འདི་ལྟར་ཉུང་བར་བསམ་བློ་བཏང་།  
   ཕྱི་ཉིན་ཞོགས་པར། ཉི་མ་རི་རྩེར་འགོས་དུས། ངས་རྒན་རྒོན་འདི་གཉིས་ལ་ལག་པ་བཏང་ནས་གྱེས་ཕྱག་ཕུལ་རྗེས་གནས་དེར་བྲལ། 
   གཏམ་རྒྱུད་བཤད་མཁན་གྱི་སྐུ་ཞབས་བགྲེས་སོང་དེས་བཤད་མཚམས་བཞག་སོང་། དེར་བཞུགས་པའི་བུད་མེད་ཞིག་གིས་མཐོ་བཤད་དམའ་བཤད་ཀྱིས་སྨྲས་དོན། “ཇི་ལྟར་བཤད་ཀྱང་། བུད་མེད་འདིའི་བརྩེ་དུང་གི་ཕུགས་བསམ་ཡང་གོ་རྟོགས་དམའ་དྲགས་པ་མ་ཡིན་ནམ། མོའི་དགོས་མཁོ་ནི་ཆེས་གདོད་མ་དེ་ཡིན་ལ། རེ་བ་ཡང་ཆེས་སྟབས་བདེ་དེ་ཡིན། མོ་ནི་གླེན་མ་ཞིག་ལས་མ་འདས་”ཟེར།
   བུད་མེད་གཞན་ཞིག་གིས་དེ་ལས་ལྡོག་སྟེ་ག་ལེར་བཤད་རྒྱུར། 
        “གཞན་དག་ཐམས་ཅད་གཙོ་བོ་མ་རེད། མོ་རང་ཉིད་བདེ་སྐྱིད་ལྡན་པས་ཆོག” 
   རྒྱང་རིང་གི་གནམ་མཁའི་མཐའ་རུ། ཁའོ་ཞི་ཅཱ་གླིང་ཕྲན་མུན་ནག་གི་ཡོལ་བས་བཀབ་བྱུང་། དེ་ནས་དལ་བུར་རྒྱ་མཚོའི་གཏིང་དུ་འབྱིང་སྟེ། ག་ལེར་རང་ཉིད་ཀྱི་གྲིབ་གཟུགས་ཆེན་པོ་དེ་བསུབས་སོང་ལ། ད་ཅི་དེ་ཉིད་ཀྱིས་གཟུགས་བྱད་མངོན་པ་ནི། ཧ་ལམ་དེའི་སྟེང་དུ་གནས་བཅས་པའི་དགའ་གྲོགས་ཕལ་བ་དེ་གཉིས་ཀྱི་གཏམ་རྒྱུད་བཤད་ཆེད་དུ་ཡིན་པ་ལྟ་བུར་གྱུར། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།