གདོན་མིག་གི་ལྷུག་རྩོམ།
རྩོམ་པ་པོ།:གདོན་མིག
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-22 15:35:18
ཀློག་གྲངས།:
ཁེར་རྐྱང་གིས་བཞུད་པའི་ཚེ་སྲོག་ལ་དུངས་པ།
གདོན་མིག
ཕྱི་རོལ་ན་ཆར་བ་ཤག་ཤག་ཏུ་འབབ་ཀྱིན་འདུག ང་རང་མལ་ཁང་གི་སྒེའུ་ཁུང་ཁར་འགྲེང་སྟེ། གློག་འོད་ངོགས་ཀྱི་ཆར་བའི་འབབ་རྒྱུན་ལ་ཅེར་ནས་བསྡད། སྤྱིར་ན་ས་སྲོད་ཀྱི་འཕྲོ་རུ་འཕྲོས་འོང་བ་ནི་ཟླ་འོད་ཡིན་མོད། དོ་དགོང་ས་སྲོད་ཀྱི་རྗེས་སུ་ས་སྲོད་གཞན་ཞིག་སླེབས་ཏེ། ཆར་བའི་ཐིགས་པ་རེ་རེས་ཤིན་ཏུ་འཁྱགས་པའི་ནང་སེམས་ཀྱི་དགུན་ལྗོངས་བརླན་པར་བྱས།
ང་རང་ཕ་ཡུལ་དང་བྲལ་དུས་ནི་དགུན་ཁ་ཞིག་ཡིན། རྣོ་ཚེར་ལས་ཀྱང་ལྷག་པའི་གྲང་འཁྱག་གིས་ཡུལ་མི་རྣམས་ཀྱི་ལག་པ་དང་མིག་ཟུང་ཕྱིད་དུ་བཅུག་ཅིང་། གཉོམ་ལ་མདངས་མེད་པའི་ཉི་འོད་ཀྱིས་མཚོ་བོད་མཐོ་སྒང་གི་ཁ་བ་དང་གྲང་ངར་གཞོམ་ག་ལ་ནུས། ང་རང་ཕ་ཡུལ་དང་གྱེས་པའི་ཉིན་འགའི་རྗེས་སུ། གྲང་ངར་སྔར་ལས་ཇེ་ཆེར་ཕྱིན་ལ་ཉི་འོད་སྔར་ལས་ཇེ་གཉོམ་དུ་སོང་། དེའི་རྗེས་ཀྱི་ས་སྲོད་ཅིག་ལ། ལོ་ན་ཧ་ཅང་གཞོན་པའི་གསར་བུ་ཞིག གློ་བུར་གློ་བུར་དུ། ལང་ཚོའི་བཀྲག་མདངས་རྒྱས་པའི་ཆུང་མ་དང་དཔྲལ་བའི་མིག་ཟུང་ལྟ་བུའི་བུ་དང་བུ་མོ་གཉིས་བསྐྱུར་ཏེ། འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་སོང་། ཁོ་འགྲོ་དུས་ནི་ས་སྲོག་ཅིག་ཡིན་ནའང་། ཁོའི་ཆུང་མ་དང་བུ་ཕྲུག་གིས་ཁོ་རང་གཏན་དུ་གྱེས་སོང་བ་ཤེས་དུས་ནི་སྨག་ཤིན་ཏུ་མཐུག་པའི་མཚན་མོ་ཞིག་རེད།
ལོ་ན་ཉེར་བརྒྱད་ཡས་མས་ཀྱི་གསར་བུ་དེ། ངས་ཕུ་བོའི་ཁ་ནས་ཐེངས་མང་པོ་གོ་མྱོང་ལ། ཁོའི་བྱ་སྤྱོད་དང་གདེང་ཚོད། མི་གཞི་དང་ཚུགས་ཀ་སོགས་ཀྱང་ཕུ་བོའི་ངག་ནས་ལན་མང་ཐོས་མྱོང་། ཡིན་ནའང་། ཁོས་ཅིའི་ཕྱིར་རང་སྲོག་གཅོད་དགོས་སམ། འཇིག་རྟེན་གྱི་མི་རྣམས་མ་གཞི་ནས་འཆི་བ་ལ་སྐྲག་པ་མིན་ནམ། འཆི་བའི་འཇིགས་སྐྲག་གི་དབང་གིས་ཚུལ་འཆོས་ཀྱི་ཟློས་གར་སྣ་ཚོགས་འཁྲབ་ཀྱིན་ཡོད་པ་མིན་ནམ། ཁོ་ནི་འཆི་བ་ལ་དེ་འདྲའི་ཐེ་མི་ཚོམ་ཞིང་དེ་འདྲའི་རང་དབང་ལྡན་པ་ཞིག་ཅིའི་ཕྱིར་ཡིན་ནམ།
གསར་བུ་དེས་འགྲོ་ཁར་ཕལ་ཆེར་འདི་ལྟར་སེམས་ལ་དྲན་ཡོད་ངེས། གྲང་རླུང་དང་གདུག་རྩུབ་ལས་ཅི་ཡང་ལྷག་མེད་པའི་འཇིག་རྟེན་འདིར། ཇི་ལྟར་བཙལ་ཡང་མི་རྙེད་པ་ནི་རྣམ་ཤེས་ཀྱི་ངལ་གསོ་ཐེངས་ཤིག་ཡིན་མོད། འོན་ཀྱང་། ཁོ་ལ་ཐོབ་པ་ནི་ན་ཟུག་དང་སྡུག་བསྔལ་ལས་མི་འདུག་ལ། ཇི་ལྟར་འབད་པ་སྟོང་གིས་འཚོས་ནའང་། སྨིན་མི་ཐུབ་པ་ནི་རྒྱུ་འབྲས་ཀྱི་འབྲས་བུ་དང་མཐོང་མི་ཐུབ་པ་ནི་ལག་མཐིལ་གྱི་བདེ་སྐྱིད་རེད་པས། ཡོད་ཚད་གཉིད་དུ་ཡུར་བའི་མཚན་མོ་འདིར། དབུགས་ཀྱི་རྒྱུ་བ་ཐག་པས་བསྡམས་པ་ནི་ཁོ་ན་མཚོན་ན། ཚེ་འདིའི་རང་དབང་གི་ངལ་གསོ་ཐེངས་ཤིག་ཅི་ལ་མིན་ཨང་སྙམ་ནས། ཁ་རོག་གེར་བུད་སོང་བ་རེད།
ཁ་བ་ཤིན་ཏུ་མཐུག་པའི་མཚན་མོ་དེ། མི་རྣམས་ཀྱི་ཡིད་ནས་ཡུན་གྱིས་ཇེ་ཡང་དུ་སོང་སྟེ། རིམ་གྱིས་ཡ་ང་བའི་མཚན་མོ་དེ་ཀུན་གྱིས་བརྗེད་པར་གྱུར། སྐྱི་གཡའ་བའི་དགུན་ཟླ་དེའང་། དུས་ཀྱི་རླུང་བུས་དེད་ནས་ལོ་ཟླ་གཞན་ཞིག་ལ་ཐིམ་པ་དང་། ལོ་གསར་བ་ཞིག་གི་ཉི་འོད་སླར་ཡང་དགུང་ནས་འཚེར་ཞིང་། གངས་དང་ཁ་བ་ཞུ་ནས་དཔྱིད་ཀྱི་ལྗང་མྱུག་ཕྲ་མོ་དག རེ་བ་དང་ཕུགས་བསམ་གྱིས་ཁེངས་པའི་ཡུལ་མི་ཚོའི་ཡིད་ཀྱི་སྤང་ཐང་དུ་འབུས། དེ་ནི་ཁ་ཆར་འདྲེས་མ་འབབ་པའི་སོས་ཀ་ཞིག་སྟེ། ཡུལ་མི་རྣམས་ཀྱི་དཀའ་སྡུག་གི་གཉེར་རིས་དག་ཅིང་། བདེ་སྐྱིད་ཀྱི་འཚོ་བའི་རི་མོ་མིག་མཐའ་རུ་གསལ་བའི་དུས་ཤིག་ཀྱང་ཡིན།
དུས་དེ་ནི་ང་རང་ཕ་ཡུལ་ལ་ཆེས་དགའ་བའི་དུས་ཤིག་ཡིན་ལ། ང་ཡིས་ཕ་ཡུལ་ཆེས་དྲན་དུས་ཀྱང་དེ་ཡིན། རྒྱུ་མཚན་ནི། ང་རང་ཕ་ཡུལ་གྱི་རྩྭ་ཕྲན་དེ་དག་དང་མཉམ་དུ་ནར་སོན་ཞིང་། རྩྭ་ཕྲན་དེ་དག་གི་ལས་དབང་ནི་ང་ཡི་ལས་དབང་དང་གཅིག་མཚུངས་ཡིན། ང་རང་ལོ་ན་ཤིན་ཏུ་ཆུང་དུས། འཇིག་རྟེན་གྱི་དོན་དག་གཞན་མི་ཤེས་ནའང་། མཚན་མོའི་རྨི་ལམ་ནང་དུའང་སེམས་ཁུར་བྱེད་ས་ནི་ར་སྐོར་ཕྱི་རོལ་གྱི་རྩྭ་ཕྲན་དེ་དག་ཡིན། ཉིན་རེར་རྩྭ་ཕྲན་དེ་དག་གི་རྩར་ཆུ་བླུགས་ཏེ་མྱུར་དུ་ནར་སོན་པར་རེ་སྒུག་བྱས་ཤིང་། ནར་སོན་ནས་མེ་ཏོག་གི་བཀྲག་མདངས་རྒྱས་པར་དེ་བས་ཀྱང་རེ་བ་བྱེད་མྱོང་བས། ང་རང་ཕ་ཡུལ་གྱི་རྩྭ་ཕྲན་དེ་ག་ཡར་སྐྱེས་པ་དང་མཉམ་དུ་ནར་སོན་པ་ཡིན།
ཕྱིས་སུ་ང་རང་ས་ཆ་གཞན་ན་ཡོད་པའི་སློབ་གྲྭ་ཞེས་པ་དེར་བུད་སོང་། ལོ་ཟླའི་དུས་བཞི་རེས་མུས་ཀྱིས་འཁོར་བ་མགྱོགས་དྲགས་ནའང་ཕྱིར་ཕ་ཡུལ་དུ་ལོག་མ་ཐུབ་ལ། ཕ་ཡུལ་གྱི་སོས་ཀ་དང་སོས་ཀའི་ལྗང་མྱུག་དག་མིག་གི་མངོན་སུམ་དུའང་འགྱུར་མ་ཐུབ། ད་ལྟ་ངའི་ཕྱིར་དྲན་བྱེད་བཞིན་པའང་དེ་ལྟ་བུའི་སོས་ཀ་ཞིག་ཡིན་ནའང་། ཕྱིར་དྲན་ཁྲོད་ཀྱི་སོས་ཀ་དེས་ང་ལ་སྐྱོ་སྣང་གཞན་ཞིག་སྦྱིན་སོང་། རྩྭ་ཕྲན་གྱི་ལྗང་མྱུག་དེ་དག་གསོན་སྟོབས་ཀྱིས་འབར་ཡོང་བའི་སོས་ཀ་དེར། སོས་ཀའི་ལྗང་མྱུག་ལས་ཀྱང་ལྷག་པའི་བྱིས་པ་གཉིས་ཀྱི་སེམས་ནང་གི་ཨ་མ་ཞིག གློ་བུར་དུ་གསོན་སྟོབས་ཀྱིས་འབར་བའི་སོས་ཀ་འདི་དང་ཁ་གྱེས་སོང་། ཡང་ན། གསོན་སྟོབས་དང་ཡིད་ཆེས་ཀྱིས་ཁེངས་པའི་བྱིས་པ་དེ་གཉིས་དང་གཏན་དུ་གྱེས་སོང་། ལོ་ན་སོ་གཉིས་ཅན་གྱི་ཨ་མ་དེ། ཡང་ན། ལོ་ན་སོ་གཉིས་ཅན་གྱི་ཕ་ཡུལ་གྱི་བུ་མོ་དེ། རི་ལུང་གི་ཡིད་སེམས་འོ་མ་ལས་ཀྱང་དྭངས་པའི་འབྲོག་མོ་ཞིག་རེད། འཁུར་ཚོས་བྱུ་རུ་ལས་དམར་ཞིང་། བྲང་ལ་གཡུ་བྱུར་བཏགས་པའི་འབྲོག་པ་ཞིག་རེད། ཁོ་མོས་འཇིག་རྟེན་གྱི་འདུ་འཛི་མཐོང་མ་མྱོང་ནའང་འདུ་འཛི་དང་རིང་དུ་གྱེས་སོང་། ཁོ་མོས་གདུག་རྩུབ་ཀྱི་མེ་ལྕེར་རེག་མ་མྱོང་ནའང་གདུག་རྩུབ་དང་གཏན་དུ་གྱེས་ཏེ། སྐར་ཚོགས་ས་ལ་འཐོར་བའི་མཚན་མོ་ཞིག་ལ། བྲག་ཅར་འཁྱིལ་བའི་སྒོ་ཁྱིའི་ཟུག་སྐད་ལ་སྨྲེང་བ་སྐྱེ་ཞོར་དུ། ཅིའི་ཕྱིར་རང་ལམ་དུ་ག་ལེར་ཕེབས་པ་ཡིན་ནམ།
རླུང་བུ་འཇམ་པོ་ཞིག་རི་ལུང་གི་ལྷིང་འཇགས་བརྒྱུད་དེ་ཁོ་མོའི་གདོང་ལ་རྡེག་གིན་གཡུག་ཡོང་བའི་མཚན་མོ་དེར། ཁོ་མོ་ཁྱིམ་དང་ཐག་མི་རིང་བའི་དེའུ་འབུར་ཞིག་ཏུ་ཙོག་སྟེ། མཁའ་མཐའི་སྐར་མདའ་ལ་ཅེར་ནས་བསྡད། ད་སོ་མར་རུམ་ཁ་ནས་ལངས་ཡོང་བའི་ཁྱོ་གའི་ལུས་ཀྱི་དྲོད་ཁོལ་དྲན། ཁ་སང་ཕྱིར་སློབ་གྲྭར་བུད་སོང་བའི་བྱིས་པ་གཉིས་ཀྱི་མིག་ཟུང་གི་རྒྱང་རིང་དྲན། རང་སེམས་ཀྱི་ཟབ་སར་དུར་སྦས་བྱས་ཡོད་པའི་སྐྱོ་གདུང་དང་མིག་ཆུ་དྲན། ད་དུང་རང་ལ་བརྩེ་འདང་ཤིན་ཏུ་ཟབ་པའི་ལྷས་ཀྱི་འབྲི་མོ་དག་རེ་རེ་བཞིན་དྲན་ཞིང་། ཐ་ན་གཡང་དཀར་ལུག་ཁྱུ་དང་སྒོ་ཁའི་ཁྱི་རྒན་དེའང་ཞེ་ལ་ཡང་ཡང་ཐོགས།
ཡིན་ནའང་། སེམས་པ་གྲང་ཤུར་ཤུར་བྱེད་པའི་མཚན་མོ་དེར། འབྲི་མོ་དང་ལུག་ཁྱུ་ནམ་རྒྱུན་ལྟར་ཡིན་ལ། ཁྱི་རྒན་དང་རི་ར་བ་ཁང་ཁྱིམ་ཡང་ནམ་རྒྱུན་ལྟར་རེད། ཁོ་མོ་གཅིག་པུ་ནི་མཚན་མོ་འདིའི་མགྲོན་པོ་ཇི་བཞིན། ཅི་འདྲའི་སྟོང་སེང་ངེ་བ་ཞིག་རེད་ཨང་། ཕྱི་ཉིན་ཁྱོ་ག་དེ་གཉིད་ལས་སད་དུས། ཆུང་མ་ཁྱིམ་དུ་མི་འདུག་ལ། སྟོང་འཇགས་ཀྱི་རི་ཀློང་འདི་རུའང་མི་འདུག འཇིག་རྟེན་གྱི་ཡུལ་གྲུ་གང་དུའང་མི་འདུག་པ་ད་གཟོད་གཞི་ནས་རྟོགས། ཁོ་རང་ཆུང་མའི་བེམ་པོ་ལ་འཐམ་ནས་ངུ་ངག་གི་འཁུན་སྒྲ་འདོན། འཁུན་སྒྲ་དེ་རི་ལུང་ཀུན་ལ་ཁྱབ་སྟེ། རྩྭ་དང་རྩི་ཤིང་ལའང་སྡུག་བསྔལ་གྱི་འདར་སྐྱོམ་བརྒྱབ། དེ་ནི་ཆར་ཆུ་ཤིན་ཏུ་དཀོན་པའི་སོས་ཀ་ཞིག་ཡིན་པར་མ་ཟད། རེ་བའི་ཆར་ཆུ་ཉུང་བའི་སོས་ཀ་ཞིག་ཀྱང་རེད་པས། མི་རྣམས་ཀྱིས་ཟླ་ལྷག་གི་ཁར་ཟླ་ལྷག་བསྣན་ནས། དབྱར་དང་སོས་ཀ་གཉིས་ཀྱི་བར་ཐག་ཇེ་རིང་དུ་གཏོང་གིན། རང་ཉིད་ལོ་ན་ཆུང་བའི་དུས་ནས་རྒ་བར་འཆི་བའི་སྟ་གོན་བྱེད་བཞིན་འདུག
དེའི་རྗེས་ཀྱི་མཚན་མོ་ཞིག་ལ། ང་རང་སུན་སྣང་དང་ངལ་དུབ་ཀློང་དུ། གཉིད་མ་ཁུག་པར་ཁ་པར་འཆར་ངོས་ཀྱི་རྒྱལ་ཁམས་འགྲིམ་དུས། ཁམས་ཀྱི་གྲོགས་པོ་ཞིག་གིས་སྨྲེ་ངག་གི་ཚིག་འགའ་བསྟར་ཡོད་པ་མཐོང་། དེ་ནི་སྙིང་བོ་ཅི་ཡང་མེད་པའི་མཚན་མོ་ཞིག་ཡིན་ལ། ཟླ་འོད་ཀྱི་བདེན་པ་དང་སྐར་ཕྲན་གྱི་འཛུམ་དམུལ་ཡང་མེད་པའི་མཚན་མོ་ཞིག་ཡིན། དེ་ལྟ་བུའི་མཚན་མོ་ཞིག་ལ། གཉེན་སྒྲིག་བྱས་མ་ཐག་པའི་ལོ་ན་སུམ་ཅུ་ཡས་མས་ཀྱི་གསར་བུ་ཞིག ཆུང་མའི་ཁ་འཛིང་ཙམ་བྱུང་བ་དང་བསྟུན། མས་ཉེ་འགྲམ་གྱི་རྡོ་ཟམ་ཞིག་ཏུ་མགྲིན་པ་ཁ་བཏགས་ཀྱིས་བསྒགས་ནས་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་སོང་།
མཚན་མོ་དེར། ལོ་ངོ་སུམ་ཅུ་ལྷག་གི་མྱོང་བའི་བརྩེ་དུང་གིས་འཇིག་རྟེན་གྱི་མུན་ནག་གཏོར་ཞིང་། རྣོ་ལ་མེ་དབལ་ཚ་བའི་བརྩེ་སེམས་ཀྱི་སྟོབས་ཤུགས་ཀྱིས་རང་མལ་བཏང་ན་ཡང་། དུས་རབས་ཉེར་གཅིག་པའི་ན་གཞོན་ཕོ་མོ་རྣམས་ཀྱི་ཟླ་བ་གཟའ་ཡིས་བཟུང་འདྲའི་བརྩེ་དུང་ལ། ཚེ་སྲོག་གི་དྭངས་མས་འགྲམ་ལྕག་ཐེངས་ཤིག་བཞུས་སོང་། མཚན་མོ་དེར། ང་རང་ཡར་དགྱེས་ཏེ་སྒེའུ་ཁུང་ལས་སླར་ཡང་ཕྱི་རོལ་ཏུ་བལྟས་པ་ན། བྱང་མཐའི་ནམ་མཁའ་རུ་སྐར་ཚོགས་འདར་གྱིན་འདུག་ལ། ཨེ་ཤ་ཡ་དཀྱིལ་མ་ཡི་ལུང་སྟོང་ཞིག་ཏུ། ས་རྡུལ་ཞིག་རླུང་གིས་དེད་དེ་གཡང་གཟར་དུ་ལྷུང་བ་ཇི་བཞིན་དུ། ང་ནི་གངས་འདབས་ཀྱི་ལུང་སྟོང་འདིའི་ཅི་འདྲའི་ཉམ་ཆུང་ལ་ཡིད་མུག་པའི་རི་དྭགས་རྨས་མ་ཞིག་དང་མཚུངས་པ་ལ།
མཚན་མོ་དེ་དག་ལ། ཧ་ཅང་ཁེར་རྐྱང་གིས་བཞུད་སོང་བའི་ཚེ་སྲོག་དེ་དག འཇིག་རྟེན་གྱི་མི་ཕལ་ཆེར་གྱིས་ཁོ་ཚོ་མི་ཡུལ་འདིར་གསོན་མྱོང་བའང་ཤེས་མི་སྲིད་ལ། སླར་ཡང་མི་ཡུལ་འདིར་ཇི་ལྟར་གྱེས་སོང་བར་ཡང་བསམ་བློ་གཏོང་མི་སྲིད། དེ་བཞིན་དུ། ཚེ་སྲོག་དེ་དག་ལ་འབྲེལ་བ་ཤིན་ཏུ་ཟབ་པའི་མི་དེ་དག་གིས་ཀྱང་། སྡུག་ལ་བརྗེད་ཀྱི་མེད་ཀྱང་རྙིང་རྒྱུ་ཡོད་ཅེས་སྔར་བཞིན་འཚོ་བར་རོལ་ངེས་ཡིན། ཡིན་ནའང་། ངས་མཚན་མོ་མང་པོ་ཞིག་ཇི་ལྟར་ཕར་བསྐྱལ་ན། དེ་ལྟར་ཚེ་སྲོག་དེ་དག་དྲན་ནས་བཟོད་གླགས་མེད་པར་གྱུར་འགྲོ་ལ། ད་ལྟ་ཚེ་སྲོག་དེ་དག་གི་སླད་དུ་ཚེ་སྲོག་ཅིག་སྡུག་ལ་སྦྱར་ཡོད་པའང་གཞི་ནས་རྟོགས། ཡིན་ནའང་། ངས་རང་དང་འབྲེལ་བ་གང་ཡང་བྱུང་མ་མྱོང་བར་བཞུད་སོང་བའི་ཚེ་སྲོག་དེ་དག་དྲན་ན། མཚན་མོ་མང་པོ་ཞིག་ལ་སྡུད་གསོག་རྒྱག་བསམ་ནའང་། དེ་ནི་ཆུ་ནང་དུ་རྩྭ་ལོ་ཞིག་འཕངས་པ་ལྟར་གཏིང་དུ་བྱིངས་ཐུབ་པ་ཞིག་མ་རེད།
དེ་ལྟར་རང་སེམས་ཀྱི་ལ་མོ་གདུང་བ་ཡིས་སྐྱོམ་གྱིན། མཚན་མོ་འདི་གཏིང་ཇེ་ཟབ་ཏུ་ཕྱིན་ལ། ང་ཡིས་མུན་པའི་གཏིང་རིམ་ནས་ཚེ་སྲོག་དེ་དག་གི་དོན་དུ་གསོལ་བ་ལན་འགར་འདེབས་ཤིང་། བདེ་ཐང་མིན་པའི་དུས་རབས་འདིའི་ནམ་མཁའ་དུད་སྨུག་གིས་སྒྲིབ་ཅིང་། བློ་དང་ཕྱི་ཐག་དོག་པའི་མི་རྣམས་ཀྱི་ནང་སེམས་ཀྱི་དགུན་ཟླ་དེའི་སླད་དུ། དོན་མེད་ཀྱི་སེམས་ཁུར་གནང་འདོད་ཅིང་། གཉོམ་ལ་སྙི་བའི་བདག་གི་སེམས་པ་ཆུང་ཆུང་འདི། བཞུད་སྔ་བའི་ཁྱེད་ཅག་དང་འདྲ་བར་མུན་པའི་ནང་ན་སྐྲག་གིན་ཡོད་ལ། རླུང་བུའི་ནང་ན་འདར་གྱིན་ཡོད་ནའང་། དྲོད་ལམ་ལམ་གྱི་སྐད་ཆའི་ཚིག་ཕྲེང་རེ་རེ་ནི་ཁྱེད་ཅག་གི་རྣམ་ཤེས་དང་བསྡོངས་ནས་ཡོད་ལ། ཧ་ཅང་ཁེར་རྐྱང་གིས་བཞུད་པའི་ཁྱེད་ཅག་ལ་གདོང་གྲོགས་ལན་ཅིག་བྱ་ཐུབ་ན་སྙམ་པའང་ཡིན་ནོ། །
༢༠༡༩/༦/༡༣མཚན་མོར།
◈གདོན་མིག
དངོས་མིང་ལ་སྟག་ལྷ་རྡོ་རྗེ་ཟེར། སྙུག་མིང་ལ་གདོན་མིག་ཏུ་འབོད། ཕ་ཡུལ་མཚོ་ལྷོ་འབའ་རྫོང་དུ་སྐྱེས།༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། སྔ་ཕྱིར་ཏུ་འབོལ་རྩོམ་དེབ«ལྕགས་མདའ་ལྕགས་གཞུ»དང་། ལྷུག་རྩོམ་དེབ«སྐྱེ་བ་རྗེས་མ་དགུང་གི་སྐར་མར་སྐྱེ»ཞེས་པ་པར་དུ་བསྐྲུན། སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་སོགས་ཀྱི་གསར་རྩོམ་ལ་ཞུགས་དང་ཞུགས་མུས་སུ་ཡོད།
དངོས་མིང་ལ་སྟག་ལྷ་རྡོ་རྗེ་ཟེར། སྙུག་མིང་ལ་གདོན་མིག་ཏུ་འབོད། ཕ་ཡུལ་མཚོ་ལྷོ་འབའ་རྫོང་དུ་སྐྱེས།༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། སྔ་ཕྱིར་ཏུ་འབོལ་རྩོམ་དེབ«ལྕགས་མདའ་ལྕགས་གཞུ»དང་། ལྷུག་རྩོམ་དེབ«སྐྱེ་བ་རྗེས་མ་དགུང་གི་སྐར་མར་སྐྱེ»ཞེས་པ་པར་དུ་བསྐྲུན། སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་སོགས་ཀྱི་གསར་རྩོམ་ལ་ཞུགས་དང་ཞུགས་མུས་སུ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།