གཟི་མིག་དགུ་པའི་ལྷུག་རྩོམ།
རྩོམ་པ་པོ།:གཟི་མིག་དགུ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-11-24 17:33:37
ཀློག་གྲངས།:
ཕ་ཡུལ་དུ་བཞུར་བའི་སེམས་ཀྱི་རླབས་རྒྱུན།
གཟི་མིག་དགུ་པ།
གཅིག
ང་སྐྱེ་སའི་རི་གྲོང་དེ་ནི་ལུང་ཆེན་གྱི་ཁ་ཤར་དུ་གཏད་པ་ཞིག་ལ་ལུང་ཆུང་བརྒྱ་ཕྲག་གིས་འཕྲེད་དུ་བསྙེས་ཤིང་རྩྭ་སྣ་ཆུ་སྣ་འཛོམས་པ། ནམ་ཟླ་དུས་བཞིའི་དབྱེ་མཚམས་གསལ་ལ། དབྱར་གསུམ་ཆར་ཆུ་མོད་ཅིང་དགུན་གསུམ་གྲང་རེག་རྒོད་པའི་ཁར། ཁ་བ་དང་རྡུལ་རླུང་འཚུབ་པ་བཅས་དུས་བཞིའི་ཚ་གྲང་དང་ནམ་ཟླའི་འགྱུར་ལྡོག་གི་དབྱེ་མཚམས་ཀུན་ནས་གསལ་བའི་རང་བྱུང་གི་རི་གྲོང་ཞིག་རེད། ཡུལ་འདིའི་ཆ་རྐྱེན་དབང་གིས་དབྱར་དགུན་དུ་གཏན་ཁེལ་དུས་ཚིགས་ལ་རུ་བ་སྤོ་དགོས་ཤིང་དགུན་ཁ་སྡོད་སའི་ཁང་ཁྱིམ་ཕུད། དབྱར་མཚེར་ལ་རྩོད་གླེང་མེད་པར་ལ་མོ་དེའི་ཕར་རྒྱབ་ཀྱི་ཁོད་ཡངས་པའི་སྤང་གཞུང་དུ་གང་འདོད་ངང་སྦྲ་གུར་འཕིབ་ནས་སྡོད་ཆོག་པ་མ་ཟད། རི་ལུང་ཐང་གསུམ་ཀུན་ཏུ་རྟ་ནོར་ལུག་གསུམ་གྱི་འབའ་ངུར་འཚེར་སྐད་དང་རྫི་བོའི་གླུ་སྒྲ་སོགས་གང་སར་ཐོས་རྒྱུ་ཡོད་ལ།རི་ཁུག་དང་རི་མ་འདབས་སུ་དབྱིབས་གཟུགས་མ་འདྲ་བའི་ས་ཞིང་ཆེ་ཆུང་མང་པོ་ཡོད་ཅིང་། དེ་དག་ནི་མེས་པོ་ཚོས་སེན་མགོ་ཁྲག་དང་སེན་རྟིང་རྣག་གིས་མི་རབས་ཕྲེང་བ་བཞིན་བརྒྱུད་དེ། ནས་ཡུང་སྲན་གསུམ་གཙོས་ཐོན་སྐྱེད་བྱས་ཤིང་ཡོང་བ་ཞིག་རེད། འདི་ལྟར་ཞིང་འབྲོག་གི་ལས་རིགས་མཉམ་དུ་འཛོམས་པའི་ས་ཁུལ་ཞིག་ལ། རྒྱུན་ཆགས་ཀྱི་བོད་སྐད་དུ་ས་མ་འབྲོག་ཅེས་འབོད་སྲོལ་ཡོད་འདུག་ལ། ང་ནི་ལོ་རབས་བརྒྱད་ཅུའི་སྟོད་དུ་ཁོར་ཡུག་དེ་འདྲ་ཞིག་ནང་སྐྱེས་པ་རེད། མིས་ཤོད་ཚུལ་ཞིག་ལ། ངའི་སྐྱེས་ལོ་ལོ་ཁ་ཤས་ཀྱིས་ཕྱིར་སྣུར་སོང་བ་མ་གཏོགས། ད་གཟོད་ངེད་ཚང་གི་ས་ཞིང་དང་སྒོ་ཕྱུགས་ཀྱི་གྲངས་ཚད་འདི་ལས་མང་ཡོད་པ་རེད་ཅེས་པའི་གཏམ་དེའི་གོ་དོན་ནི་ཕྱིས་སུ་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་བལྟས་པས་གསལ་པོ་རྟོགས་བྱུང་།
གཉིས།
ལོ་རབས་དེ་འདྲ་ཞིག་ལ་ང་རང་བྱིས་པ་ཡིན་རུང་ལོ་དྲུག་ལ་ལོན་ནས་བཟུང་ཁྱིམ་ཚང་གི་ཕྱུགས་རྫིར་འགྲོ་བ་དང་ཞིང་ལས་བྱེད་པ་སོགས་སྲོལ་རྒྱུན་གྱི་ལས་ཀ་ཅི་རིགས་བྱ་མྱོང་ཞེས་བཤད་ན། དེང་གི་གསར་བུ་ཚོའི་བློར་འགྲོ་མིན་མ་ཤེས་ཀྱང་། རྒན་རབས་ཚོའི་ཁྲོད་དུ་དོན་དེ་ཁས་མི་ལེན་མཁན་ཞིག་ཡོད་མི་སྲིད། ཡུལ་མིའི་ཁ་དཔེར།ལོ་དྲུག་གྲུ་གུ་འགྲིལ་བ་འདྲ། ལུག་གཡང་མོ་འཚོ་བའི་དུས་ལ་བསླེབས། བརྒྱད་པ་ཁ་ཆག་ནོར་བརྒྱ་འདུས། ནོར་ནག་ཆུང་འཚོ་བའི་དུས་ལ་བསླེབས་ཞེས་ལོ་དྲུག་ལ་ལོན་ན། ལུག་རྫིར་འགྲོ་དགོས་པ་དང་ལོ་བརྒྱད་ལ་ཐོན་ན་ནོར་རྫིར་འགྲོ་དགོས་པའི་ཤོད་སྲོལ་ནི་རྒྱུན་གཏན་ཞིག་རེད། མ་ཟད་ཕོ་ལོ་ལྔ་གསུམ་བཅོ་ལྔའི་དུས། མདའ་སྐྱེན་པོའི་མཐེབ་ཚོད་ཟིན་ཚོད་རེད། མོ་ལོ་དྲུག་གསུམ་བཅོ་བརྒྱད་དུས། ཞོ་དར་བའི་སྐ་རྩ་ཤེས་ཚོད་རེད། ཅེས་སྐྱེས་པ་ཕོ་ཞིག་ལོ་བཅོ་ལྔ་རུ་ལོན་ན། ད་གཟོད་ཡོངས་སུ་ནར་སྨིན་ཏེ་ཁྱིམ་ཚང་གི་འགན་འཁྲི་ལེན་དགོས་པ་དང་བུ་མོ་ཞིག་ལོ་བཅོ་བརྒྱད་ལ་ཐོན་ན། ནར་སྨིན་ཏེ་གནས་ཡུལ་འགྲིམ་དགོས་པའི་ངོས་འཛིན་བྱེད་ཅིང་ལམ་ལུགས་དེར་བསྟུན་ནས་གཉེན་སྒྲིག་བྱེད་མཁན་ཡང་ཉུང་ཉུང་མ་རེད། ང་རང་ཆུང་དུས་དབྱར་དགུན་གཉིས་ལ་ཕྱུགས་རྫིར་འགྲོ་བ་ཕུད། སྟོན་དཔྱིད་ཀྱི་དུས་ཚིགས་ཕལ་ཆེ་བ་ཨ་ཕ་དང་ལྷན་དུ་ཞིང་ལས་ཁོ་ན་བྱེད་ཀྱི་ཡོད། རྣམ་ཀུན་ཡུལ་དེའི་གཞུང་ལམ་བརྒྱུད་ནས་འགྲོ་འོང་བྱེད་མཁན་ནི་ཧོར་པ་ཞེས་ལྷོ་བྱང་དབར་ཚོང་ལམ་འཐེན་པའི་ཕ་ཡུལ་གྱི་མི་ཕོ་སྟག་འདྲ་དེ་དག་ཡིན་ཚོད་འདུག ཁོ་ཚོས་འདི་ལྟར་ལོ་ཟླ་ཞག་གིས་སྐྱེལ་ཏེ་བྱང་གི་རེ་སྒོ་མན་དང་ལྷོ་ཡི་ཤིང་སྒོ་ཡན་བསྐོར་ཞིང་། བྱང་ཚྭ་ལྷོ་རུ་འདྲེན་པ་དང་ལྷོ་འབྲུ་བྱང་ལ་སྐྱེལ་ནས་ལོ་ངོ་ཇི་ཙམ་སོང་མིན་བདག་ལ་ཆ་རྒྱུས་མེད་ཀྱང་། སྐབས་དེར་བདག་གི་ཨ་ཕ་ཡང་དེ་ལྟར་ཐེངས་མང་ཕྱིན་པ་མཐོང་མྱོང་ཡོད་པས། ཨ་ཕ་ལགས་ནི་མི་ཕོ་སྟག་འདྲ་བའི་གྲལ་མགོར་མེད་ནའང་གྲལ་མཇུག་ལ་ཡོད་པ་ཞིག་མ་རེད་སྙམ། ཨ་ཕས་རྒྱུན་དུ་ལོ་བཅོ་ལྔའི་ཐོག་ཚྭ་ཚོང་འགྲོ་མ་ཐུབ་ན། བུ་དེ་ནུས་མེད་འཇོན་མེད་ཅིག་ཡིན་ཚུལ་ཟར་དང་ཟུར་ནས་གླེང་བ་ངའི་རྣ་ལམ་དུ་ད་དུང་ལྷག་ཡོད། ལོ་གཅིག་གི་དཔྱིད་ཀར་ཕ་ཡུལ་གྱི་མི་ཕོ་སྟག་འདྲ་བ་ཞིག་བྱང་དུ་ཚྭ་ལེན་པར་འགྲོ་བའི་ལམ་བར་ནས་འཆི་ཉེས་བྱུང་བ་མ་ཟད། ཉིན་ཤས་རྗེས་སླར་ཡང་ཁོང་ཚང་གི་དགེ་སློང་གསེར་འདྲ་བ་ཞིག་སྐུ་ཚེ་ལས་འདས་ཏེ་ཁྱིམ་ཚང་དེར་སྡུག་པོ་ཉིས་བརྩེགས་སུ་གྱུར་བ་ངས་ད་ལྟ་ཡང་དྲན་སོས་ཀྱི་འདུག སྐབས་དེར་ཨ་ཕས་ཁྱིམ་མཚེས་ཀྱི་དགུང་ཞག་ཞེ་དགུ་མ་ཚང་བར་ང་དང་གཅེན་པོ་ལུག་རྫིར་འགྲོ་སྐབས་ཀྱང་རི་མགོ་ནས་གླུ་ལེན་མི་རུང་བའི་སྐུལ་མ་ཡང་ཡང་བྱེད་པ་དེས། ང་ཚོའི་མི་རབས་གོང་མ་ཚོར་ཁྱིམ་མཚེས་ཀྱི་སྐྱིད་སྡུག་ནི་ཡུལ་མིའི་སྐྱིད་སྡུག་ཏུ་ལྟ་བའི་འགྲོགས་བདེ་གཤིབ་བདེའི་རིག་གནས་སེམས་ཁམས་ཤིག་ཡོད་པ་ཕྱིས་སུ་རྟོགས། དེ་ནས་ལོ་ཤས་སོང་རྗེས་འགྲིམ་འགྲུལ་ཐད་ཡར་རྒྱས་ཆེན་པོ་བྱུང་ནས་སྔར་གྱི་ཚྭ་ཚོང་འགྲོ་བའི་ལུགས་སྲོལ་རྙིང་པ་དེ་དག་རིམ་བཞིན་ང་ཚོ་དང་རྒྱང་ཐག་བཅད་དེ་རྟ་ཁལ་ལ་ཡང་བཅིང་འགྲོལ་ཐོབ་སོང་བ་རེད།
གསུམ།
སྐབས་དེར་ལུང་པའི་ནང་སློབ་གྲྭར་འགྲོ་མཁན་ཧ་ཅང་ཉུང་ཞིང་རེ་གཉིས་ཡོད་པ་ནི་རྣམ་ཀུན་ཕ་མའི་ཁར་དེ་ཙམ་མི་ཉན་མཁན། ཞིང་འབྲོག་གི་ལས་ཀ་གང་ཞིག་མངགས་ཀྱང་སྒྱིད་ལུག་གིས་རི་ཉལ་རྒྱག་མཁན་ཏེ།ཁྱིམ་ཚང་གི་རེ་བ་མེད་པའི་བྱིས་པ་མ་རབས་ཅན་དེ་དག་ཡིན་ཚོད་འདུག གོས་ཧྲུལ་རྙིང་པ་འགའ་དྲས་ནས་བལ་སྐུད་ཀྱིས་ལག་ཚེམ་བྱས་པའི་དཔེ་ཁུག་ནང་དུ་ཚོན་ཁྲ་ཅན་གྱི་དེབ་གཟུགས་ཡིད་དུ་འོང་བ་འགའ་བཅུགས་པའི་བྱིས་པ་སྣབས་ལུག་དེ་ཚོ་དུས་ཐོག་ཏུ་སློབ་གྲྭར་མི་འགྲོ་བ་དང་། སློབ་ཚན་གྲོལ་རྗེས་ཀྱང་དུས་ཐོག་ཏུ་ཁྱིམ་ལ་མི་ལོག་པར་ལམ་བར་གྱི་རྡོ་ཤིང་ལ་འབེན་རྩེད་རྩེ་ཞོར་དཔེ་ཁུག་གང་བྱུང་དུ་བོར་བ། སྐབས་རེ་འཁྱག་ཤུད་གློད་དེ་ཉིན་རེའི་དུས་ཚོད་སྐྱེལ་བ་སོགས་ཡུལ་མི་རྒན་པ་ཚོས་གཏན་ནས་མཐོང་མི་འདོད་པའི་རང་མོས་ཀྱི་འཚོ་བ་དེར་དྭངས་གཙང་གི་བྱིས་བློ་མ་ཡལ་བའི་ཕྲུ་གུ་ཞིག་ལ་མཚོན་ན། ཁོ་ཚོའི་འཇིག་རྟེན་ལ་ཡིད་སྨོན་འཆོར་བ་ཉུང་ཉུང་ག་ལ་ཡིན་ཏེ། དེ་དག་གླེང་ཡོང་ན། ཁོ་བོ་ད་ལྟ་ཡང་བྱིས་དུས་དེར་ལོག་པར་འདོད། གོ་གཅིག་ལོའི་དགུན་གཞུང་དེར་གྲོང་དཔོན་ག་གེ་མོས་སྔར་ནས་གྲ་སྒྲིག་ཡོད་པའི་ཚོགས་འདུའི་གྲོས་ཆོད་དེས་ཁོ་བོ་སློབ་གྲྭར་འགྲོ་བའི་ལས་སྐལ་སྨིན་པ་ནི། བསམ་ངན་བསམ་བཟང་དུ་གྱུར་ཞིང་རྐྱེན་ངན་གྲོགས་སུ་འཕྲད་སོང་བ་རེད་ཅེས་བཤད་ན། ཡུལ་གྱི་རྒན་རབས་རེ་གཉིས་ཀྱིས་མ་གཏོགས་གནས་ལུགས་དེའི་གསང་བ་རྟོགས་མཁན་དཀོན།འོན་ཀྱང་། ད་ལྟ་གྲོང་དཔོན་འདས་པོ་དེར་ཡང་སེམས་གཏིང་ནས་བཀའ་དྲིན་ཆེ་སོང་ཞུ་རྒྱུ་ལས་མ་འདས། གང་ལྟར་ལོ་རབས་དགུ་བཅུའི་སྟོད་དུ་ཁོ་བོ་དངོས་སུ་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་ཅིང་ཆེས་ཡིད་སྨོན་ཤོར་སའི་བྱིས་པའི་འཇིག་རྟེན་ཞིག་མྱོང་རོལ་དང་རིག་གནས་ཀྱི་མཁའ་དབུགས་ཤིག་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད། མ་གཞི་དེའི་སྔོན་དུ་ཨ་ཕས་བདག་ལ་དབྱངས་གསལ་ཡི་གེའི་སྦྱོར་ཀློག་དང་། གཅིག་ནས་བརྒྱ་བར་གྱི་གྲངས་གནས་བརྩི་སྟངས་སོགས་བསླབ་ཡོད་པས། ཐོག་མར་སློབ་གྲྭར་འགྲོ་དུས་རྨང་གཞི་ཅུང་ཟད་ལེགས་གྲས་ཡིན་ཙང་དགེ་རྒན་གྱིས་ཅར་བརྡུངས་དང་གཤེ་གཤེ་གཟེད་དགོས་མ་བྱུང་ལ། ལོ་མཇུག་ཏུ་ཡིག་རྒྱུགས་མ་འཕྲོད་དེ་ལོ་རིམ་བསྐྱར་སྡོད་བྱེད་དགོས་ཀྱང་མ་ཐུག་པར་སློབ་ཆུང་ནས་མཐར་ཕྱིན་པ་རེད། ཕྱིས་སུ་མུ་མཐུད་སློབ་གྲྭར་གཏོང་མིན་ནི། ཁྱིམ་ཚང་གི་ཆ་རྐྱེན་དང་ནང་མིའི་མོས་མཐུན་ཁོ་ནར་རག་ལས་པས། དངོས་སུ་སློབ་འབྲིང་ལ་མ་འབྱོར་བའི་དུས་ཐུང་ནང་ཁོ་བོ་རྟག་ཏུ་སེམས་ཁྲལ་གྱི་ཀློང་དུ་བསྐྱལ་མྱོང་། དེ་ནི་ངའི་ཕ་ཡུལ་གྱི་མི་ཕལ་མོ་ཆེས་སློབ་གྲྭར་གཏོང་བ་ནི་བྱ་བ་བཟང་པོ་ཞིག་ལ་མི་བརྩི་བར། སློབ་མ་ཞིག་ལོ་དྲུག་ལམ་ལུགས་དང་ལོ་དགུའི་འོས་འགན་སློབ་གསོ་མྱོང་རྗེས། སྔར་བཞིན་རི་གྲོང་འདིའི་སྲོལ་རྒྱུན་གྱི་ལས་ཀར་འཐམ་ནས་སྡོད་དགོས་ཤིང་ལོ་དྲུག་ལམ་ལུགས་དང་འགན་བབས་སློབ་གསོ་ནི་སྲིད་གཞུང་གིས་ཁོ་ཚོར་བཀལ་བའི་ཁྲལ་ཞིག་ལ་ངོས་འཛིན་བྱེད་མཁན་མང་བ། ཡང་ལ་ལས་སློབ་གྲྭར་སོང་ན་ཆོས་ལ་མི་དད་པར་ལྟ་བ་ལོག་འགྲོ་བའི་སེམས་ཁྲལ་ཡོད་པས་སོ། །རྒྱུ་མཚན་དེའི་དབང་གིས་ཕ་ཡུལ་ནས་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྟོད་དུ་སློབ་གྲྭར་སོང་ཞིང་ད་ལྟ་གཞུང་ཞབས་པའི་ལས་ཀར་ཡོད་པ་ཤིན་ཏུ་ཉུང་ཞིང་མི་རབས་དེར་སྐྱེས་པའི་ན་ཟླ་ཕལ་ཆེ་བ་ནི་རི་གྲོང་དེར་འཚོ་བ་སྐྱེལ་མཁན་ཤ་སྟག་ཡིན་པ་རེད།
བཞི།
ང་རང་སློབ་གྲྭར་འགྲོ་བའི་རིང་ཡུལ་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང་རིན་ཐང་ལྟ་བ། རིག་གནས་སེམས་ཁམས་སོགས་ལ་འགྱུར་བ་གང་འདྲ་ཞིག་ཐེབས་མིན་ཞིབ་ཏུ་འཆད་རྒྱུ་མེད་ཀྱང་། ལོ་ངོ་བཅུ་གྲངས་རིང་ལ་ཕ་ཡུལ་གྱི་འགྲིམ་འགྲུལ་དང་སྡོད་ཁང་། གློག་ཤུགས། བརྡ་འཕྲིན་བཅས་ཕྱོགས་མང་པོར་གནམ་ས་སླ་འོག་གི་འགྱུར་བ་ཐེབས་ཡོད་པ་ནི་མངོན་གསལ་རེད། སྤྱི་ལོ༢༠༠༩ལོར་ཁོ་བོ་སློབ་ཆེན་ནས་ཐོན་ཏེ་ཕ་ཡུལ་ལ་ལོག་འགྲོ་དུས། དུད་ཚང་རེའི་ཁྱིམ་དུ་བརྙན་འཕྲིན་དང་སྦག་སྦག ཁ་པར་སོགས་མེད་པ་མེད་ཅིང་། ལུང་པའི་སྟོད་སྨད་དུ་འགྲོ་འོང་ཡོ་བྱད་ནི་འཕྲུལ་ཆས་ཁོ་ན་ལས་མ་འདས། འོན་ཏེ། དེ་སྔོན་ལུང་པ་འདི་ནས་ཡིན་པའི་སློབ་ཆེན་སློབ་མ་ནི་མཛུབ་མོར་བགྲང་ཆོག་པའི་ཚོད་ལ་ཡོད་པ་མ་ཟད། ཐ་ན་དགུ་བཅུའི་རྗེས་ཀྱི་གཞོན་ནུ་མི་ཉུང་བ་ཞིག་ཀྱང་སློབ་ཤོར་བྱས་ཏེ་གྲོང་སྡེ་དེའི་དུད་གྲངས་འཕར་བ་ལས། ད་གཟོད་དེ་སྔོན་ཡུལ་མི་ཚོས་སློབ་གྲྭར་འགྲོ་བ་ནི་སྲིད་གཞུང་གི་བཀལ་བའི་ཁྲལ་དུ་ངོས་འཛིན་པ་དང་སློབ་གྲྭར་གཏོང་ན་ཆོས་ལ་མི་དད་པར་ལྟ་བ་ལོག་འགྲོ་བ། ཡང་ལ་ལས་གཞོན་ནུ་ཡོད་ཚད་སློབ་གྲྭར་གཏོང་ན་ཞིང་འབྲོག་སྐྱོང་མཁན་གྱི་ལྟེ་འཆད་འགྲོ་བ་སོགས་བསམ་བློའི་ཆུ་ཚད་སྔར་ལྟར་ལོ་རབས་བརྒྱད་ཅུའི་ནང་སྡད་ཡོད་པ་གསལ་བཤད་བྱེད་ཡོང་ལ། བསམ་བློ་དེའི་སྐྱེད་འབྲས་ཀྱིས་ཕ་ཡུལ་གྱི་འཚོ་བ་སྔར་བཞིན་གསོན་ཤུགས་མེད་པའི་ས་བོན་ལྟར་ལུས་ཡོད་པ་ཡིད་ལ་འཆར་ཐེངས་རེར། སེམས་སུ་འཁྱག་སིབ་སིབ་ཀྱི་རླུང་བུ་ལྡང་ཡོང་ཞིང་རྣ་ནས་སྐྱུར་ཚུབ་ཚུབ་ཀྱི་ན་ཟུག་གཏོང་ཡོང་མོད། འོ་ན། འདི་ལྟར་མི་རབས་དེའི་གྲས་སློབ་གྲྭར་མ་གཏོང་བར་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་རིགས་སྲ་བརྟན་བྱས་ཡོད་དམ་ཞེ་ན། དེ་ཡང་ཕར་གྱི་སླེ་པོ་དང་ཚུར་གྱི་ལྕི་བ་མེད་པས། དེ་བས་སེམས་པ་འཁྱག་གིས་བསྡམས་འགྲོ་རྒྱུ་ལས་མ་འདས་སོ། །
ལྔ།
བགྲང་བྱ་བཅུ་ཕྲག་གོང་དུ་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་དཀར་ནག་ཕྱུགས་རིགས་ཀྱི་འབའ་ངུར་དང་རྫི་བོའི་གླུ་སྐད། སྒོ་ཁྱིའི་ཟུག་སྐད་སོགས་གང་སར་ཐོས་རྒྱུ་ཡོད་པ་མ་ཟད། རི་ཐང་གི་ཞིང་ཁུལ་དག་ལ་ནས་ཡུང་སྲན་གསུམ་གཙོས་ལོ་འབྲས་ཀྱི་མགོ་ལྕོག་ལྡེམ་བཞིན་དུས་བཞིའི་རྣམ་པ་མཚོན་པའི་རྟགས་ཁྱད་པར་དག་ནི། ད་ལྟ་ཕལ་ཆེར་མངོན་རྒྱུ་མེད་པར་གྱུར་ཏེ། དབྱར་སྟོན་གྱི་དུས་ཚིགས་མཉམ་དུ་ཡོལ་འགྲོ་ལ། དགུན་དཔྱིད་ཀྱི་དུས་ཚིགས་ལྷན་དུ་འདས་འགྲོ་བའི་ནམ་ཟླ་ཞིག་ཡུལ་མི་ཚོའི་མགོ་ཐོག་ཏུ་ལྷུང་ཟིན་པ་ནི་བསམ་གཞིག་བརྒྱ་ཕྲག་གི་གཏིང་ན་འཛུལ་བའི་དོན་ཆེན་ཞིག་ཅི་ལ་མིན། རི་ཁུག་ཏུ་ཡོད་པའི་ས་ཞིང་མང་ཆེ་བ་སྐམ་ལ་བསྐྱུར་ཟིན་ཞིང་ཐང་གཞུང་གི་ཞིང་ས་ཕལ་ཆེ་བ་ནི་གསར་དུ་འཕེལ་བའི་དུད་ཁྱིམ་ཚོའི་ཁང་པ་རྒྱག་སར་གྱུར་བ་འདི་མཐོང་ན། ཡུལ་འདིའི་ཞིང་འབྲོག་ཐོན་སྐྱེད་ཟེར་བ་ནི་ཉིན་མོའི་སྐར་མ་དང་དགུན་གྱི་མེ་ཏོག་ལ་གྲོས་ཁ་མཉམ་སོང་བས་ཁོ་བོར་སེམས་ཁྲལ་འཕར་མ་ཞིག་ཏུ་གྱུར་ལ། ཞིང་ཁར་ཁང་པ་བསྐྲུན་པ་ནི་གཏེར་ཁར་འབར་གས་གཡུག་པ་དང་ཀུན་ནས་མཚུངས་པས་ཅིས་ཀྱང་བློ་ཕམ་གྱི་གནས་སུ་སྐྱེལ་ཡོང་། གསར་དུ་འཕེལ་བའི་དུད་ཁྱིམ་དེ་དག་ནི། ཏག་ཏག་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྟོད་དུ་སློབ་གྲྭར་མ་སོང་བའི་བྱིས་པ་དེ་དག་རེད། ད་ལྟ་ཁོང་ཚོར་ས་ཞིང་མེད་ལ་ཕྱུགས་ཟོག་ཀྱང་མེད་པ་མ་ཟད། ཐ་ན་སྒོ་ཁྱི་ཙམ་ཡང་སྐོར་རྒྱུ་མེད་པར་ལོ་རེའི་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཕྲན་ཙམ་དང་སྲིད་གཞུང་གི་གནང་བའི་རྣམ་གྲངས་འགར་སྒུག་རྟེན་སློང་གསུམ་ཁོ་ནར་ཁ་གདངས་ནས་སོས་དལ་བག་ཕེབ་ངང་སྡད་ཡོད་པ་དང་ཡང་ཉེ་བའི་ལོ་ཤས་སྔོན་དུ་ཡུལ་མི་འགའ་ཞིག་གིས་རང་ཉིད་སྲིད་གཞུང་གི་ཁ་གཏད་རོགས་སྐྱོར་བྱེད་སའི་དབུལ་པོའི་དུད་ཁྱིམ་ནང་འཛུལ་ཐུབ་རྒྱུ་ནི་ཇུས་ཆེན་ཞིག་གམ་འཇོན་ཐང་དུ་རློམས་པའི་འཁྲུལ་བློ་དགོད་བྲོ་ལ་ཡ་ང་བ་འདི་དག་དྲན་ཡོང་ན། སེམས་ཁྲལ་ལྕི་བའི་དབུགས་རིང་ཞིག་ངང་གིས་ཕྱུང་ཡོང་བ་ནི་ཁོ་བོའི་སེམས་ལ་ད་དུང་ཕ་ཡུལ་གྱི་མི་ཚོགས་ལུས་ཡོད་པས་སོ། །ལོ་རབས་དགུ་བཅུའི་ནང་གྲོང་ཚོ་ཡོངས་ལ་དུད་ཁྱིམ་སུམ་ཅུ་ཙམ་དང་མི་གྲངས་ཉིས་བརྒྱ་ལྷག་ལས་མེད་རུང་། ས་ཞིང་དང་ཕྱུགས་ཟོག་མེད་པ་ཕལ་ཆེར་མེད། ས་ཞིང་དང་སྒོ་ཕྱུགས་ནི་བཅོས་སུ་མེད་པའི་འཚོ་རྟེན་གྱི་མ་རྩ་ཡིན་པའི་ཨུ་ཚུགས་དང་རང་ཚུགས་གཉིས་ཀ་ཡོད་པའི་མི་རབས་གོང་མ་དག་ནི། ད་ལྟ་གཅིག་མཇུག་གཉིས་མཐུད་ཀྱིས་འཇིག་རྟེན་ཕྱི་མའི་ལམ་དུ་ཆས་ཟིན་ཞིང་། དེང་དུས་ཐེམ་དུད་བདུན་ཅུ་ཡན་དང་མི་གྲངས་ལྔ་བརྒྱ་ལ་ཉེ་བའི་ཁྲོད་དུ་ཨུ་ཚུགས་དང་རང་ཚུགས་གཉིས་ཀ་བོར་བའི་ཟ་འདོད་འགུལ་འཚེར་གྱི་མི་རབས་ཤིག་གི་ངོ་གདོང་མཐོང་ཡོང་ན། སྙིང་རླུང་སྟོད་ལ་འཚང་རུང་སྡུག་གྱོང་ཁོ་ན་ལས་སུ་ཞིག་གིས་ཡིད་ཚིམ་པའི་སེམས་གསོ་བྱ་མི་ཐུབ་པ་ནི་ངས་སྔར་ནས་ཤེས་བྱུང་།
དྲུག
རང་རྒྱལ་གྱིས༡༩༨༦ལོར་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་དགུའི་འོས་འགན་སློབ་གསོ་དེ༢༠༠༦ལོར་དངོས་སུ་འོས་འགན་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གྲོས་འཆམ་བྱུང་བ་དང་འགྲོགས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྲོང་རྡལ་ཀུན་ལ་གཅིག་གྱུར་གྱིས་ལག་བསྟར་བྱེད་འགོ་བརྩམས་པས། ད་གཟོད་ཡུན་རིང་གཉིད་དུ་ཡུར་བའི་ཕ་ཡུལ་གྱི་མི་ཚོགས་ཀྱང་ཧར་ལངས་ཐེངས་གཅིག་གིས་བྱིས་པ་སློབ་གྲྭར་གཏོང་ཚད་མངོན་གསལ་དོད་པོའི་ཡར་རྒྱས་བྱུང་བ་ནི་ཅིས་ཀྱང་དགའ་བསུ་ཞུ་འོས་པ་ཞིག་ལོས་ཡིན། དེ་དང་ལྷན་དུ་དབྱར་རྩྭ་དགུན་འབུའི་གོང་ཚད་ཀྱང་མཐོ་རུ་སོང་བས་མི་རྣམས་མགོ་འཕང་མཐོ་ཤིག་གེ་དང་སྐད་མགོ་སྦོམ་ཧྲག་གེ་གྱུར་ཏེ་ཆབས་ཅིག་སྒོ་ཟོག་དང་ཞིང་ཁ། ཐ་ན་སྒོ་ཁྱི་ཡན་དོར་ནས་གྲོང་རྡལ་ལ་གནས་སྤོ་བྱེད་མཁན་ཡང་བྱུང་འདུག་པའི་ཁྲོད་དུ་མི་རབས་མང་པོའི་རིང་ཞིང་འབྲོག་སྐྱོང་ཡོང་བའི་ཁྱིམ་དུད་རྙིང་པ་དང་གསར་དུ་ཁྱིམ་སོ་འཛིན་པའི་དུད་ཁྱིམ་ཅི་རིགས་འདུས་འདུག ༢༠༢༠ལོར་སྡོམ་རྩིས་བྱས་པར་གཞིག་ན་མིག་སྔར་གྲོང་ཚོ་དེར་ཐེམ་དུད་བདུན་ཅུ་དོན་གསུམ་ཡོད་ཅིང་མི་གྲངས་ལྔ་བརྒྱ་ལ་ཉེ་བའི་ཁྲོད། དུས་ཐོག་ཏུ་སྨན་བཅོས་མ་བྱས་པས་ད་ལྟ་བཅོས་དཀའ་བའི་ནད་གཞི་ཅན་དང་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པས་ནད་རིགས་འདྲ་མིན་བྱུང་སོང་བ། སློབ་གྲྭར་ཚད་ལྡན་མ་སོང་བར་ཉིན་ལྟར་རུ་སྡེ་ཉུལ་ནས་དུས་ཚོད་རྫོགས་བཞིན་པའི་འཁྱམ་པོ། ངལ་རྩོལ་ནུས་ཤུགས་ཤོར་ཏེ་འགན་ལེན་ནང་ཚུད་པའི་རྒན་ཁོག་སོགས་བརྒྱ་ཆ་སུམ་ཅུ་ཡན་ཟིན་འདུག་ཟེར་ན་རྒྱུ་མ་ཕུ་འདེད་དང་མཛུབ་མོ་ནང་བཀུག་གིས་བགྲང་ཆོག་པ་འདིས་སྲིད་ཇུས་བཟང་པོ་འདི་ལྟ་བུའི་ནང་ད་དུང་གོ་རྟོགས་མ་སད་པར་མི་ཕལ་ཆེ་བར་འཚོ་གནས་ཀྱི་འགན་འཁྲི་བོར་ཞིང་སློབ་གསོའི་གོ་རྟོགས་དབེན་པ། རྨོངས་དད་ཆེ་བས་ལས་དབང་དང་སྐྱིད་སྡུག་ཡོད་ཚད་དཀོན་མཆོག་གིས་བཀོད་སྒྲིག་ལ་སྒུག་མཁན། ཕྱི་མ་དོན་གཉེར་གྱི་སྙིང་སྟོབས་ལས་འཚོ་གནས་ཀྱི་སྙིང་སྟོབས་མེད་པ། ཁ་ནས་རྒྱུ་འབྲས་གླེང་བཞིན་རྒྱུ་འབྲས་ཀྱི་དོན་སྙིང་མི་རྟོགས་པ། རང་གི་ལག་གཉིས་ལ་བརྟེན་ནས་ཡར་རྒྱས་གཏོང་རྒྱུའི་སེམས་ཤུགས་མེད་པར་ཏང་དང་རྒྱལ་ཁབ་ལ་སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཤུགས་ཆེ་བ། དེ་བཞིན་སློབ་གྲྭར་གཏོང་བ་ནི་གཞུང་ཞབས་ཀྱི་ཡིག་རྒྱུགས་ལོན་རྒྱུ་ཁོ་ནའི་ཆེད་དུ་ཡིན་པར་འདོད་པ་སོགས་ཡར་རྒྱས་ཀྱི་བཀག་རྡོར་གྱུར་པའི་བསམ་བློའི་ནད་རྟགས་བགྲང་ལས་འདས་པ་ཞིག་གིས་ཡོད་ཚད་ལ་འཆིང་སྒྲོག་ཐེབས་ཡོད་པ་མཐོང་དུས་ཚིག་པ་གཏིང་ནས་ཟ་ཡོང་། ས་འདི་ནས་ཚར་ལོངས་བྱུང་ཞིང་རིག་གནས་ལག་རྩལ་ཅུད་ཟད་ཡོད་མཁན་དག་ནི་གནས་སྐབས་ཀྱི་ལྟོ་ཕོར་ཙམ་ལ་དམིགས་ཏེ་གཞན་ཡུལ་དུ་ཐེམ་ཐོ་བསྒྱུར་གང་ཐུབ་བྱེད་པར་བལྟས་ན། ཡུལ་འདིར་སྡོད་མཁན་ཕལ་ཆེ་བ་ནི་ཚད་གཞི་གང་དུ་གནས་པ་རྟོགས་སླ་བས་དམིགས་གསལ་འགྲེལ་བཤད་ཀྱི་དགོས་པ་དབེན།
བདུན།
ཤ་ཚས་མ་བཟོད་པར་གདོང་ལ་མཛུབ་མོ་བཙུགས་ཏེ་སྙིང་གཏམ་ཞིག་བཤད་བཏང་ན། མགོ་བོ་འཕྲེད་དུ་གཡུག་ནས་བུད་འགྲོ་ཞིང་། སེམས་པས་མ་ཐེགས་པར་ལག་པ་བྲང་ལ་བཞག་སྟེ་སེམས་གཏན་ཞིག་བརྗོད་བཏང་ན། རྣ་བ་རྒྱང་ལ་གཏད་དེ་གཡོལ་འགྲོ་བ་འདི་ཚོར་བལྟས་ན། རང་སྟོབས་ལ་བརྟེན་ནས་ཡར་རྒྱས་ལ་ད་དུང་ལོ་མང་རིང་དང་རྒྱང་ཐག་སྐྱེད་ཡོད་པ་ངང་གིས་རྟོགས་ཐུབ་ལ། ཁོ་ཚོས་བུ་ཕྲུག་སློབ་གྲྭར་གཏོང་བ་ཡང་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་དམིགས་ཡོད་པ་ལས། དེ་ལས་རིང་བའི་ཕུགས་བསམ་དང་རེ་བ་ཞིག་བཅོལ་ཤེས་མེད་པ་ཟུར་ནས་རྟོགས་ཡོང་། དཔེར་ན། སློབ་གྲྭར་གཏོང་བ་ནི་གཞུང་ཞབས་པའི་ལས་ཀ་རག་རྒྱུ་ཁོ་ནའི་དོན་དུ་ཡིན་པ་ལས།མིའི་ཤེས་རིག་ཡར་རྒྱས་དང་དཔྱོད་ཤེས་ལ་བརྟེན་ནས་ཕ་ཡུལ་འཛུགས་སྐྲུན། ཐོན་སྐྱེད་གོང་སྤེལ། མི་རབས་ཕྱི་མའི་མི་སྤུས་གསོ་སྐྱོང་། ཁེ་ལས་གཉེར་ཏེ་ཞིང་འབྲོག་གི་ཐོན་རྫས་ཁྲོམ་རྭར་ཁ་ཕྱོགས་ཤིང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མ་མཐར་ཡང་ཏང་དང་རྒྱལ་ཁབ་ལ་སྒུག་རྟེན་སློང་གསུམ་མི་བྱེད་པར། ཁྲེལ་གཞུང་དང་ངོ་ཚ་ཡོད་པར་བྱས་ནས། རང་ཁ་རང་གསོ་ཐུབ་རྒྱུའི་ཆེད་དུ་ཡིན་པའི་གོ་རྟོགས་དང་མིག་རྒྱང་ཙམ་མེད་པ་ནི་བསམ་ཡུལ་ལས་འདས་འགྲོ་བ་ཞིག་མ་ཡིན་ནམ། རྣམ་ཀུན་དོན་ཆེན་དོན་ཆུང་དུ་རློམ་ཞིང་དོན་ཆུང་དོན་ཆེན་དུ་འཁྲུལ་ལ། སྤྱི་དོན་སྒེར་ཧམ་དུ་སྨྲ་ཞིང་སྒེར་དོན་སྤྱི་སེམས་སུ་བསྒྲགས་ནུས་པའི་མགོ་བདེ་ཅན་འགས་སྒེར་གྱི་ཁེ་ཕན་ཉི་ཚེ་བའི་ཆེད་དུ་མི་གཤིས་དང་སྤྱོད་ལམ། རྩ་དོན་ཡོད་ཚད་འདོར་ཞོར་ཁ་མཆུ་ནང་ལ་གཏོད་བཞིན་ཁྱི་ལ་སེང་གེར་བཏགས་པའི་ཤེས་མེད་ཁོག་སྟོང་འགའི་མཆན་འོག་ནས་མགོ་བོ་སྒུར་སྒུར་དང་ལྕེ་རྩེ་ནར་ནར་བྱེད་པའི་བྲན་གཤིས་འདི་མཐོང་ཡོང་ན་དེ་བས་ཚིག་པ་གཏིང་ནས་ཟ་འོང་བ་ཞིག་ཅི་ལ་མིན། ས་གནས་འདིར་སྔར་ནས་དར་ཞིང་འདས་པའི་ལོ་རྒྱུས་ཁྲོད་ཡུལ་མི་ཚོའི་ཐོན་སྐྱེད་ནུས་ཤུགས་དང་འཚོ་བའི་དགོས་མཁོ་ལ་ཞབས་ཕྱི་བླ་ན་མེད་པ་ཞུ་མྱོང་བའི་ཤིང་བཟོ་དང་ལྕགས་མགར། ལྷ་བྲིས།འཇིམ་བཟོ། རྡོ་རྩེག དཔར་བརྐོའི་ལག་རྩལ་སོགས་ལ་དུས་དང་འཚམ་པའི་གསོན་ཤུགས་སྤྲས་ཏེ་ཡར་རྒྱས་གཏོང་མ་ཐུབ་ལ། ལྗོངས་དང་གྲོང་ཁྱེར། ཐ་ན་རྫོང་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཁོངས་སུ་བཅུགས་ཏེ་རྒྱུད་འཛིན་བྱེད་མ་ཐུབ་པར་ད་ལྟ་འཆི་ལ་ཉེ་བའི་བགྲེས་སོང་བཞིན་གྱུར་པ་ནི་དེ་བས་བློ་ཕམ་དགོས་པ་ཞིག་ཅི་ལ་མིན། མ་ཟད་ཡུལ་འདི་ནས་དུས་ད་ལྟ་ཡང་ཚད་ལྡན་གྱི་ཁེ་ལས་པ་ཞིག་དང་རྒྱལ་ཁམས་ཆོད་པའི་འཇོན་ཐང་ཅན་ཞིག་ཐོན་མ་ཐུབ་པ་འདི་ད་དུང་དཀོན་མཆོག་ལ་ལེ་ཁག་དཀྲི་རྒྱུ་ཞིག་མ་ཡིན་པར་རང་གདོང་ལ་མཛུབ་མོ་བཙུགས་ཏེ་ཞིབ་འདང་རྒྱག་དགོས་པའི་དུས་ལ་བབས་འདུག་གོ །
བརྒྱད།
འདི་ལྟར་མ་མི་མིན་མེད་ཀྱིས་ཁེངས་པའི་འཁང་གཏམ་ཅི་རིགས་ཤིག་ཁྱོད་ཀྱི་རྣ་བར་འཛུལ་ཡོང་དུས། ལྟོ་རྒྱག་ཉི་མས་དྲོས་པའི་གྲོགས་པོ་འགས་ཁྲེལ་དགོད་བྱེད་སྲིད་ལ། སྣང་བ་དགུང་ལ་ཡོད་པའི་གསར་བུ་འགས་ཧབ་དགོད་བྱ་ན་ཡང་ཐང་། མ་ཟད་རྨོངས་ཞེན་དང་ཨུ་ཚུགས་ཀྱིས་ཡོད་ཚད་ལས་དབང་གི་བཀོད་སྒྲིག་ཡིན་པར་འདོད་ཅིང་། ས་གཞི་ཆེན་མོ་ཡང་འགུལ་མེད་སྲ་བརྟན་གྱི་འཇིག་རྟེན་ལྟེ་བར་འདོད་མཁན་འགས་བདེན་པ་གཡག་ཙམ་མེད་པར་ཧམ་པ་རི་ཙམ་ཞིག་བཤད་ནས། ལྟ་ལོག་རྟོག་སད་པའི་ཁ་ལ་ཉན་མི་རུང་བར་མངོན་ལྐོག་གང་རུང་ནས་བསྒྲགས་ཀྱང་ཆོག་ལ། སེམས་པར་ལྷད་མེད་ཅིང་གཞུང་རྒྱུད་དྲང་ལ་ལྷག་བསམ་ཆེ་བའི་མི་འགས་བདག་ལ་ཐུགས་ཁྲལ་གནང་ཡང་རུང་། ལས་འབྲས་ལ་བསླུ་བ་མེད་པས་བཟང་ངན་ལེགས་ཉེས་ནི་ནམ་ཞིག་དུས་ཚོད་ཁོ་ནས་ར་སྤྲོད་ཡོང་བ་ནི་སྔ་ཕྱི་ཙམ་ལས་མ་འདས། དེ་སྔོན་རང་ཉིད་ཀྱི་སེམས་སུ་ཡུན་རིང་སྒོམ་པའི་བྱ་བ་ཞིག་འདི་ལོའི་དབྱར་མཇུག་ཏུ་འབྲེལ་ཡོད་འགར་ཡང་ཡང་སྐུལ་བས། མཐའ་དོན་རེ་འབྲས་སུ་སྨིན་ཏེ། གྲོང་ཚོ་དེའི་སློབ་ཆེན་པ་གཙོས་མཐོ་འབྲིང་དམའ་གསུམ་གྱི་སློབ་ཐོན་པ་ཀུན་ལ་སྐུལ་ལྕག་གི་བྱེད་སྒོ་ཞིག་སྤེལ་ཐུབ་པས་སྣང་བ་ཧ་ཅང་དགའ་ཡོད། དེའི་ཁྲོད་དུ་སློབ་ཆེན་པ་ནི་མཛུབ་མོའི་གྲངས་ཀས་མཚོན་ཆོག་པ་ལས་གཙོ་གནད་སློབ་ཆེན་སློབ་མ་ནི་མིང་གི་ལྷག་མར་གྱུར་བ་མཐོང་དུས་སེམས་པ་སྟོང་ལྷང་ལྷང་ཞིག་སྐྱེས་ཀྱང་། ད་ལྟ་སློབ་གྲྭར་འགྲོ་བཞིན་པའི་གཞོན་སྐྱེས་ཚོ་ནམ་ཞིག་འཇོན་ནུས་ཅན་དུ་འགྱུར་བའི་རེ་བ་དང་ཡིད་ཆེས་ཀློང་ནས་བྱེད་སྒོ་དེ་མགོ་མཇུག་ཡོད་པ་ཞིག་སྤེལ་ཐུབ་པས་བློ་ཡིད་གཏིང་ནས་ཚིམ་བྱུང་། མ་གཞི་དཔལ་འབྱོར་ཕྲན་ཙམ་ཞིག་གིས་མི་སེམས་སྒུལ་བའི་བྱ་བ་རླབས་ཆེན་ཞིག་བྱེད་མི་ཐུབ་ལ། དཔལ་འབྱོར་གྱིས་ཐག་གཅོད་ཐུབ་པའི་དོན་དག་ནི་དོན་ཆུང་ཡིན་པ་ཁོ་བོས་སྔར་ནས་རྟོགས་ཡོད་ཀྱང་། ཕངས་སེམས་དང་འཁང་ར་སྤུ་ཙམ་མེད་པར་ལྷག་བསམ་རྣམ་དག་གིས་རང་གི་གླ་ཕོགས་ནས་སྒོར་མོ་ཕྲན་ཙམ་ཞིག་འདི་ལྟར་ལོ་ནས་ལོ་རུ་བརྒྱུད་དེ་༼གཞོན་ནུ་ལོ་ཆུང་སློབ་གསོར་སྐུལ་བ་དང་སློབ་ཆེན་སློབ་མ་སྐྱེལ་བསུའི་བྱེད་སྒོ་༽སྐབས་གཉིས་པ་དང་གསུམ་པ་སོགས་རིམ་བཞིན་སྤེལ་མཐར་བགྲང་བྱ་བཅུ་ཕྲག་ལ་རྒྱུན་བསྲིང་རྒྱུའི་ཆོད་སེམས་བཞག་ཟིན་པས།ནམ་ཞིག་ཁོ་བོས་ཕ་ཡུལ་གྱི་སློབ་གསོའི་དོན་དུ་དམངས་སྒོར་ཁྲི་བཅུ་ལྷག་བཏང་བ་དེ་འཕྲོ་བརླགས་སུ་མི་འགྲོ་བར་མི་རིང་བར་ས་གནས་འདི་ནས་ཤེས་འཇོན་ཀུན་འཛོམས་ཀྱི་མི་སྣ་ཇི་སྙེད་ཅིག་ཐོན་རྒྱུར་ཡིད་ཆེས་བརྟན་པོས་སྒུག་ཡོད།
དགུ།
ཁྱེད་རྣམ་པས་སོམས་དང་། རང་ལྗོངས་ནི་མི་འབོར་ཉུང་ཞིང་ས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁོར་ཡུག་དམིགས་བསལ་བ་ཞིག་ཡིན་མོད། རང་རེའི་རྫོང་ནི་བོད་བྱང་ཐང་དང་བོད་ཤར་རྒྱུད་ཀྱི་ས་མཐོའི་གྲོག་རོང་འབྲེལ་མཚམས་སུ་ཆགས་པའི་ས་མ་འབྲོག་ཁུལ་ཞིག་ཡིན་ལ།ལྟོས་བཅས་ཀྱིས་བཤད་ན། ས་བབས་ཀྱི་ཆ་རྐྱེན་དང་གནམ་གཤིས་དྲོ་གྲང་ལ་འཚམ་པའི་རང་བྱུང་ཐོན་རྫས་དབྱར་རྩྭ་དགུན་སོགས་སྨན་སྣ་རྩ་ཆེན་ཅི་རིགས་ཡོད། ཤ་མར་ཕྱུར་གསུམ་དང་ནས་ཡུང་སྲན་གསུམ་གཙོས་ཞིང་འབྲོག་གི་ཐོན་རྫས་ཀྱང་གང་འཚམ་ཡོད་པ་འདི། སྔར་ལས་ལྷག་པའི་ཇེ་རྒྱས་ཇེ་འབེལ་དུ་གཏོང་སྟེ། རྒྱ་ཆེ་བའི་ཁྲོམ་རྭར་ཁ་ཕྱོགས་ཐུབ་མིན་གྱི་རེ་བ་ཕལ་ཆེ་བ་སློབ་ཆེན་པ་ཁྱེད་ཚོའི་འཇོན་ནུས་ལ་ཐུག་ཡོད་པ་མ་ཡིན་ནམ། ཁྱེད་ཀྱིས་མཐོང་གསལ་ལྟར། ཉེ་བའི་ལོ་ཁ་ཤས་སྔོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྩྭ་ཐང་ནས་ཡིན་པའི་འབྲོག་ཕྲུག་ཅིག་སློབ་གྲྭར་སོང་རྗེས། ཕ་ཡུལ་གྱི་རྩྭ་ཐང་བྱེ་འགྱུར་ལ་བསྒྱུར་བཀོད་གཏོང་རྒྱུའི་ཆོད་སེམས་བརྟན་པོས་སྐྱེ་ཁམས་གསོ་སྐྱོང་གི་རིག་གཞུང་དང་ལག་ལེན་ཟུང་དུ་འབྲེལ་ཏེ་ཞིབ་འཇུག་བྱས་མཐར། ཕ་ཡུལ་རྩྭ་ཐང་ལ་སྐྱར་གསོ་ཐུབ་སྟེ་སྐྱེ་ཁམས་སྲུང་སྐྱོང་ཐད་བླ་ན་མེད་པའི་བྱས་རྗེས་བཞག་ཅིང་ཕ་ཡུལ་མི་དམངས་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་བཞིན་པ་དང་ཉེ་ཆར་དཀར་མཛེས་ཁུལ་སྡེ་དགེ་སྨན་ཤོད་ཀྱི་བུ་མོ་ཞིག་གིས་ཚོང་ལས་རིག་པར་སློབ་གཉེར་བྱས་མཐར། ཡུལ་དེའི་ལག་ཤེས་བཟོ་རྩལ་འཛམ་གླིང་རྒྱལ་སྤྱིའི་ཁྲོམ་རྭར་ཁ་ཕྱོགས་གཏོད་པ་མ་ཟད། མང་ཚོགས་ཀྱི་དཔལ་འབྱོར་དང་ལག་ཤེས་རིག་གནས་གོང་སྤེལ་བྱས་པ། སྨར་ཁམས་རྫོང་གི་སློབ་ཆེན་བུ་མོ་ཞིག་གིས་ཁྱིམ་ཚང་གི་ལག་རྩལ་ཐོན་རྫས་རྒུན་ཆང་བཟོས་ཏེ། རྒྱལ་ནང་གི་ཞིང་ཆེན་སོ་སོའི་ཁྲོམ་རྭར་བཏོན་པ། ཁམས་ཡུལ་ཤུལ་ཁུལ་གྱིས་འབྲོག་མོ་པདྨ་མཁའ་འགྲོས་འབྲོག་ལས་ཐོན་རྫས་བཟོས་ཏེ་རྒྱལ་ནང་གི་ཁྲོན་རྭར་མཁོ་འདོན་བྱེད་བཞིན་པ། ནག་ཆུ་གྲོང་ཁྱེར་དབྱངས་ཅན་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་འོ་མཚོ་ཡིས་འབྲོག་ལས་ཐོན་རྫས་སྣ་ཚོགས་དང་དབྱར་རྩ་དགུན་འབུའི་འཐུང་ཇ་སོགས་བཟོས་ནས་ཁྲོམ་རྭར་མཁོ་འདོན་གནང་བ་མ་ཟད། ཉེ་འཁོར་གྱི་བུད་མེད་མང་པོའི་ལས་གནས་ཐག་གཅོད་གནང་བཞིན་པ། རང་རེའི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས༢༠༢༡་ལོ་གཅིག་པུར་འབུམ་རམས་ཞིབ་འཇུག་པར་ཡིག་རྒྱུགས་འཕྲོད་མཁན་སློབ་མ་གསུམ་བྱུང་བ། དེ་བཞིན་ཁེ་ལས་པ་དང་ལས་གཏོད་པ་མང་པོ་ཞིག་ཐོན་དང་ཐོན་མུས་ཡིན་པ་བཅས་ཉེ་ས་ནས་མིག་དཔེར་འོས་པ་ཧ་ཅང་མང་བས། ད་ནི་ཅིས་ཀྱང་ཁྱེད་ཚོའི་གོ་རྟོགས་སད་དགོས་ངེས་རེད་ཡཱ།
བཅུ།
སྙིང་ནས་བརྩེ་བའི་ཡུལ་མི་རྣམ་པ། འཕེལ་རྒྱས་ཀྱི་རྦ་རླབས་དྲག་ཏུ་གཡོ་བའི་དུས་རབས་འདི་ལ། འགྲན་རྩོད་ཀྱི་བུ་ཡུག་ཀུན་ནས་ལྡང་བའི་མི་རབས་འདི་ལ། རིག་གནས་ཀྱི་རྒྱགས་ཕྱེ་མེད་ན་རྗེས་ལུས་ཀྱི་ལྟོགས་སྐོམ་སེལ་མི་ཐུབ་པའི་དཀྱོགས་མཚམས་འདི་ལ། ཁྱེད་ཉིད་སྲོལ་རྒྱུན་གྱི་བག་ཆགས་ཀློང་དུ་གཉིད་ལ་མ་ཡུར་བར་ཡར་རྒྱས་ཀྱི་མགོ་བོ་དགྱེ་ཙམ་གྱིས་དང་། རྙིང་ཞེན་གྱི་ཨུ་ཚུགས་ཁྲོད་ནས་ལྡོག་ལམ་དུ་མ་ཆས་པར་དུས་དང་འཚམ་པའི་གོམ་སྟབས་རེ་རེ་ཡིན་ཡང་མདུན་ནས་མདུན་དུ་བསྒྱུར་དང་། རྨོངས་དད་ཀྱི་ཞྭ་མོ་མགོ་ལ་གྱོན་ནས་ལས་དབང་གི་བཀོད་སྒྲིག་ཁོ་ནར་སྒུག་སྟེ་མ་སྡད་པར་འཇིག་རྟེན་གྱི་བདག་པོ་མི་ཡིན་པ་ཤེས་པར་གྱིས་དང་། ཆགས་སྡང་གི་མིག་ཟུང་ནང་ལ་མ་བལྟས་པར་རྒྱ་ཆེ་བའི་ཕྱི་རོལ་འཇིག་རྟེན་ལ་ལན་གཅིག་གཟིགས་དང་། རིག་པ་སྒྲིམ་དང་། མཐུན་སྒྲིལ་གྱིས་དང་། མཐར་གཏུག་ན་སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ་ཕ་ཡུལ་གྱི་ཆབ་དཔལ་རིག་གསུམ་ཀུན་ལ་ཡར་རྒྱས་གཏོང་བའི་མིག་རྒྱང་བསྲིང་སྟེ་མེས་རྒྱལ་དང་མི་རིགས་ལ་ཞབས་ཕྱི་སྒྲུབ་པའི་ཆོད་སེམས་བཅངས་བཞིན། དུས་འདི་ནས་རྩིས་ཏེ་ལོ་རེར་སློབ་ཆེན་པ་བཅུ་རེ་ཐོན་ཡོང་ན། ནམ་ཞིག་ལོ་བཅུའི་རྗེས་སུ་ཡུལ་འདིར་སློབ་ཆེན་པ་བརྒྱ་ལྷག་ཐོན་ཡོང་བ་ཡིན་ལ། དེ་དག་གི་ཁྲོད་དུ་འབུམ་རམས་ཞིབ་འཇུག་སློབ་མ། ཁེ་ལས་པ། རིག་གཞུང་སློབ་དཔོན། རྩོམ་པ་པོ། གཞུང་ཞབས་པ། སྒྱུ་རྩལ་བ། བསམ་བློ་བ་སོགས་ཅི་རིགས་ལོས་ཡོད། དེ་ལྟར་སློབ་གསོར་ཤུགས་སྣོན་རྒྱག་པ་ནི་དུས་རབས་ཀྱི་ཅོ་འདྲིའི་འདུན་ནས་གཡོལ་དུ་མེད་པའི་བདམས་ཁ་གཅིག་པུ་དེ་ཡིན་པས་ང་ཚོ་མུ་མཐུད་ལམ་ལ་ཆས་ཤོག །འདི་ལྟར་ཁོ་བོའི་ལྷག་བསམ་གྱི་རྒུན་ཆང་ལ་ཆགས་སྡང་གི་ཕབས་བཏབ་པའི་རྩོམ་ཡིག་འདི་མཇུག་སྒྲིལ་ལ་ཉེ་དུས། ད་དུང་གང་ཞིག་བརྗོད་མ་ཚར་བར་ལུས་སོང་བའི་ཚོར་བ་སྐྱེ་ཡོང་ལ། ཅི་ཞིག་གླེང་མ་ཐུབ་པར་ཆད་སོང་བའི་དྲི་རྟགས་སླེབས་ཡོང་མོད། གང་ལྟར་དོན་ཆུང་མང་པོ་ཞིག་ཞིབ་ཕྲར་བྲིས་ན་ཡིག་ཚོགས་ལ་འཇིག་པས་ཟུར་ནས་གོ་བ་ལེན་རྒྱུར་སྐུལ་ཞིང་གནད་འགག་འགའི་སྐེ་ནས་འཆང་སྟེ་ཡང་ཡང་སྒུལ་ཁུལ་ཞུས་ཀྱང་། དོན་ཆེན་དོན་ཆུང་དུ་ལྟ་ཞིང་དོན་ཆུང་དོན་ཆེན་ལ་འཁྲུལ་བའི་རང་རློམ་ཅན་འགའ་དང་། འབྱོར་དུས་ཉེ་ས་ནས་བཀུར་ཡོང་ཞིང་རྒུད་དུས་རིང་ས་ནས་གཡོལ་འགྲོ་བའི་ཀླད་སྟོང་འགའི་རྣ་ལམ་དུ་མི་མཛའ་མཛའ་ཞིག་དང་། ལམ་ལྷོང་བྱུང་ན་ཡུལ་ལྷའི་ཁ་འཛིན་དུ་འཁྲུལ་འགྲོ་ཞིང་ཆག་སྒོ་འཕྲད་ན་གཞི་བདག་བཀའ་ཆད་དུ་བསྒྲགས་ནུས་པའི་མི་འགའི་རྣ་བར་དེ་བས་མི་སྙན་པ་ཡང་ཁོ་བོས་ཤེས་ཡོད་ཀྱང་མི་ཁ་དང་གླེང་ཕྱོགས་དེ་ལ་འདང་རྒྱག་ཙམ་ཡང་མེད་པར་ཚིག་གི་མཚོན་རྩེར་ངར་བླུད་པ་ཡིན་པས།རེ་ཞིག་གུ་ཡངས་གནང་དང་། ནམ་ཞིག་ང་ཚོའི་ཡར་རྒྱས་ཀྱི་རྨང་གཞི་ནི་སློབ་གསོ་ཁོ་ན་ལ་བརྟེན་རྒྱུ་ཡིན་པ་རྟོགས་ཡོང་བས་སོ། །
༢༠༢༡/༡༠/༡༦ཉིན་གྲུབ།
◈གཟི་མིག་དགུ་པ།
དངོས་མིང་ལ་བསོད་ནམས་དཔལ་འབྱོར་ཟེར། ལོ་རབས་བརྒྱད་ཅུའི་སྟོད་དུ་ནག་ཆུའི་ཤར་རྒྱུད་སོག་རྫོང་ཁོངས་ཀྱི་དཀར་ཤོད་ཅེས་པའི་ས་མ་འབྲོག་ཁུལ་དུ་སྐྱེས། སློབ་གྲྭར་འགྲིམས་ཏེ་སྔ་རྗེས་སུ་«བྱང་ཐང»དང་«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས་«ཚངས་སྲས་མཆོད་པ»དང་«བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུས»སོགས་ཚད་ལྡན་གྱི་དུས་དེབ་དང་ཚགས་པར། དྲྭ་ཚུགས་ཁག་ཏུ་སྙན་རྩོམ་དང་ལྷུག་རྩོམ་གཙོས་མི་གཤིས་དང་རྩོམ་གཤིས་དོ་སྙོམས་པའི་བརྩམས་ཆོས་མང་པོ་སྤེལ་མྱོང་ཞིང་། ད་ལྟ་ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།
དངོས་མིང་ལ་བསོད་ནམས་དཔལ་འབྱོར་ཟེར། ལོ་རབས་བརྒྱད་ཅུའི་སྟོད་དུ་ནག་ཆུའི་ཤར་རྒྱུད་སོག་རྫོང་ཁོངས་ཀྱི་དཀར་ཤོད་ཅེས་པའི་ས་མ་འབྲོག་ཁུལ་དུ་སྐྱེས། སློབ་གྲྭར་འགྲིམས་ཏེ་སྔ་རྗེས་སུ་«བྱང་ཐང»དང་«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས་«ཚངས་སྲས་མཆོད་པ»དང་«བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུས»སོགས་ཚད་ལྡན་གྱི་དུས་དེབ་དང་ཚགས་པར། དྲྭ་ཚུགས་ཁག་ཏུ་སྙན་རྩོམ་དང་ལྷུག་རྩོམ་གཙོས་མི་གཤིས་དང་རྩོམ་གཤིས་དོ་སྙོམས་པའི་བརྩམས་ཆོས་མང་པོ་སྤེལ་མྱོང་ཞིང་། ད་ལྟ་ནག་ཆུ་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།