སྙིང་ཉེ་བའི་དགེ་འདུན་ཆོས་འཕེལ།
རྩོམ་པ་པོ།:རྩྭ་ཕྲན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-01 10:43:52
ཀློག་གྲངས།:
སྙིང་ཉེ་བའི་དགེ་འདུན་ཆོས་འཕེལ།
རྩྭ་ཕྲན།
ཕལ་ཆེར་ལོ་དེའི་དཔྱིད་ཀ་ཞིག་རེད། ལོ་དེ་ནི༡༩༠༣ལོ་རེད། མདོ་ཁམས་སྨད་དུ་སྐྱེས་ཆེན་ཞིག་འཁྲུངས། ཕྲུ་གུ་དེ་འཁྲུངས་རྗེས་འཛམ་གླིང་དུ་གྲགས་འགུལ་ཅི་ཡང་མ་བྱུང་། ཡིན་ཡང་། ཁ་བ་གངས་ཅན་པའི་སྣང་ངོར་དེ་ནི་ས་ཆེན་གཡོ་བའི་གྲགས་འགུལ་ཞིག་མིན་པའི་ངེས་པ་མེད། མི་སུས་ཀྱང་བྱིས་པ་དེར་ཡིད་འཇོག་གང་ཡང་བྱེད་མི་སྲིད། ཡིན་ཡང་ཁོང་ནི་རྙིང་མའི་སྤྲུལ་སྐུ་ཞིག་གི་སྐུ་སྲས་ཡིན་པ་ཤེས་ཡོད། ཅི་ཡང་མི་ཤེས་པའི་བྱིས་པ་དེར་མི་ཚང་མས་རྡོ་བྲག་སྤྲུལ་སྐུ་ཟེར། ཨ་ལགས་རིག་ལོ་ཟེར། བུ་སྐྱེས་ན་ཐམས་ཅད་དཔའ་བོ། རྟ་སྐྱེས་ན་ཐམས་ཅད་རྐྱང་ངེ་ཟེར་བའི་དཔེ་ལྟར་ཡིན་ནམ། བྱིས་པ་དེ་ལ་ཁྱིམ་རྒྱུད་ཀྱི་ཆོ་རིགས་བཙུན་པ། སྤྲུལ་སྐུའི་མིང་བྱང་ཞིག་ཀྱང་ཞོར་ནས་ཐོགས། ཡིན་ཡང་ཁོང་ནི་ཡོན་བདག་མེད་པའི་སྤྲུལ་སྐུ་ཞིག དགོན་པ་མེད་པའི་སྤྲུལ་སྐུ་ཞིག ཁོང་ལ་གསེར་ཁྲི་མེད་ལ་ནང་ཆེན་ཡང་མེད། ཐ་ན་ཇ་ཕོར་བ་གང་འདྲེན་པའི་ཡོན་བདག་ཅིག་ཀྱང་མེད། མི་ལ་རས་པ་ཇི་བཞིན་ཕ་ཡུལ་དང་བྲལ། ཁོང་ཉིད་མི་ལ་རས་པ་ཇི་བཞིན་ཨ་མས་མངགས་བཅོལ་བཞིན་ཕ་ཡུལ་དང་གྱེས་སོང་། ཡོན་བདག་མེད་པའི་ཁོང་། སྤྲུལ་མིང་ཐོགས་པའི་ཁོང་། ཆོ་རིགས་བཙུན་པའི་ཁོང་། འདི་ལྟར་འདས་ཟིན་པའི་བཞུད་ལམ་ཞིག་ལ་གདོང་སྣེ་གཏད། ངྷི་ཚ་སྐམ་པོ་ནི་དངོས་གནས་རྩོད་པ་ཞིག་ཡིན། དངོས་གནས་རིག་གནས་པ་ཞིག་ཡིན། དངོས་གནས་དཔེ་ཆ་བ་ཞིག་ཡིན། དངོས་གནས་གྲྭ་བཙུན་དཀྱུས་མ་ཞིག་ཡིན། སྐྱ་ཐིང་ཐིང་གི་རི་ལུང་ཞིག་བརྒྱུད་རྗེས་ཁོང་ཉིད་མདོ་སྨད་བླ་བྲང་དུ་འབྱོར། ཁོས་དོགས་གནད་ཅིག་དྲིས། ཁོས་རི་མོ་ཞིག་བྲིས། ཁོས་དབྱིན་ཡིག་ཅིག་སྦྱངས། ཁོས་རྩོད་པ་ཞིག་བྱས། ཁོས་གྲུ་ཆུང་ཞིག་བཟོས། ཡིན་ཡང་ཁོ་དེ་ལས་ཐག་རིང་ཞིག་དུ་ཕེབས་སོང་། དུས་རབས་བདུན་པར་བཞེངས་པའི་ཕོ་བྲང་སྟེ། ཡང་ན་དུས་རབས་བཅུ་གསུམ་པར་བཞེངས་བའི་ལྷ་ཁང་ཞིག འོད་གསལ་ལྷ་ལས་མཆེད་པའི་མི་སྡེ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་མཆོག ཁོ་རང་ཉི་མ་ལྷ་སར་ཆས་སོང་། ཆོ་རིགས་བཙུན་པའི་ཁོང་། སྤྲུལ་མིང་ཐོགས་པའི་ཁོང་། གདུགས་དང་ཆིབས་རྟ་མེད་པར་རྐང་ཐང་དུ་ཕེབས་སོང་། དཔུང་དང་ཞབས་གཡོག་མེད་པར་རྐང་ཐང་དུ་ཕེབས་སོང་། དུས་དེ་ནས་བཟུང་ཁོང་གཏན་དུ་འཁྲུངས་གཞིས་དང་གྱེས་སོང་། དུས་དེ་ནས་བཟུང་ཁོང་གཏན་དུ་འཁྲུངས་གཞིས་སུ་འབྱོར་མ་ཐུབ་བོ། །
ཉིན་མཚན་མང་པོ་ཞིག་འདས་སོང་། ཁོང་ཉིད་ལྷ་ལྡན་གྲོང་དུ་འབྱོར། ཀླུ་འབུམ་ཁམས་ཚན་དུ་ཞུགས། ཨ་མདོ་བའི་གྲྭ་བཙུན་དཀྱུས་མ་དེས་མུ་མཐུད་དུ་སློབ་གཉེར་བྱས། རྡོ་སྦིས་དགེ་བཤེས་ལ་ཡ་མཚར་བའི་དྲི་བ་འགའ་འཕངས། དགེ་བཤེས་མཆོག་གིས་ཀྱང་ཁོང་ལ་སྨྱོན་པའི་ཆོ་ལོ་ཞིག་བསྩལ། ཀུན་མཁྱེན་ཡིག་ཆར་སྔར་བཞིན་དོགས་འདྲི་བྱས། དེ་རུ་སོག་རིགས་གྲྭ་བ་འགའི་གཅར་རྡུང་ཡང་མྱངས། མི་ཉག་སྐྱོར་དཔོན་གྱི་ཆབ་རིལ་རྒྱན་དུ་བླངས། དགེ་འདུན་ཆོས་འཕེལ་ནི་དངོས་གནས་གྲྭ་བ་སྟོང་ཕྲག་ཅིག་ལས་རིག་པ་ཡག་ཤོས་ལ་ཆགས་ཡོད། ལྷ་རམས་པའི་དགེ་བཤེས་ཀྱི་དམ་བཅའ་མ་བཞག་པར་ཁོང་ཉིད་ལྷ་ས་དང་བྲལ་སོང་། དགེ་བཤེས་ཚོས་གཞུང་དང་རྩོད་པ་བྱེད་དུས་ཁོང་ཉིད་ཀྱིས་གང་ཞིག་ཕྱེ་མར་ནུབ་སོང་། གང་ཞིག་གསལ་བོ་མི་འདུག འདི་རུ་དཔེ་རྙིང་ཞིག་འདུག དེ་རུ་རྡོ་རིང་ཞིག་འདུག་ཅེས་པའི་སྐད་ཆ་རྡབ་རྡིབ་འགའ་ལས་ཅི་ཡང་སྨྲས་མ་སོང་། དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཕེབས་སོང་། སྔར་བཞིན་མགོ་ན་གདུགས་དང་ལག་ན་གསེར་མེད་པར་རྐང་ཐང་དུ་ཕེབས་སོང་། གནའ་དུས་ཀྱི་ལོ་ཙཱ་བ་དང་སློབ་གཉེར་བ་དག་དང་གཏན་ནས་མི་འདྲ། ཁོ་ཚོར་མགོ་ན་གདུགས་མེད་ཀྱང་ལག་ན་གསེར་ཡོད་ཤག་ཤག་ཡིན། དགུང་ལོ་སོ་གཉིས་པར་གངྒའི་ཆུ་བོ་འཐུང་། ཁེར་རྐྱང་གི་རྣམ་ཤེས་ལྡོམ་པོ་དེས་ཧི་མ་ལའི་ཕ་རོལ་སྙེག ཁོས་སྔར་བཞིན་རྡོ་རིང་དང་མཆོད་རྟེན་བཙལ། དེབ་ཐེར་དང་གླེགས་བམ་བཀླགས། ལྷ་ཁང་དང་གྲོང་སྡེ་ཉུལ། སུ་ཞིག་གི་ཆེད་དུ། གང་ཞིག་གི་དོན་དུ། ཁོས་དཀའ་སྤྱད་འབད་བརྩོན་བྱས་སོང་། དངོས་གནས་དཀའ་སྤྱད་འབད་བརྩོན་བྱས་སོང་། སྐད་རིགས་དུ་མ་ཞིག་མཁྱེན། ཁོས་རོལ་རིགས་ལས་རི་མོ་ཞིག་བྲིས། ཁོས་ཐའེ་ཀོར་ལས་སྙན་ངག་ཅིག་བསླབ། ཁོས་གན་གྷི་ལས་ཞི་བདེ་ཞིག་རྙེད། ཁོ་ད་དུང་ས་ཁུལ་མང་པོ་ཞིག་ལ་འགྲོ་འདོད་སྐྱེས། ཡིན་ཡང་གཏན་དུ་འགྲོ་མ་ཐུབ། ཧི་མ་ལའི་ཚུར་རོལ་གྱི་འཕྲིན་ཡིག་ཅིག་འབྱོར། མི་རིང་མི་ཐུང་བའི་མི་ལོ་བཅུ་གཉིས་འདི་ལྟར་གློ་བུར་དུ་མཇུག་སྒྲིལ་སོང་། གློ་བུར་དུ་ཕྱིར་ཕ་ཡུལ་དུ་ཆས་སོང་། གློ་བུར་དུ་ཉི་མ་ལྷ་སར་ཆས་སོང་ངོ་། །
མཇུག་མཐར་ཡིད་སྐྱོ་བའི་དངན་པ་རིང་མོ་ཞིག་འཐེན་བཞིན་གངས་ལྗོངས་སུ་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་མང་པོ་ཞིག་བསྩལ། རྫོགས་ཚིག་མ་བྲིས་པའི་ཡར་སྔོན་དེར་མཚར་སྡུག་བཀྲ་བའི་ཁ་སང་ཞིག་ལ་ཕྱིར་དྲན་བྱས། མི་འགྱངས་བར་སླེབས་ངེས་པའི་བྱ་བཞག་ཅིག་ལ་དྲི་རྟགས་བཏབ། ཁོས་དག་པའི་ཞིང་ཟེར་བ་ཞིག་ཡོད་ན་ང་དེ་རུ་འགྲོ་ཤག་ཤག་རེད་ཟེར་བ་ནང་བཞིན་ཕལ་ཆེར་ཁོ་དག་ཞིང་དུ་བུད་སོང་བ་འདྲ། ཁོང་ཉིད་གཏན་དུ་ཕྱིར་མ་ཕེབས། ཁོང་གིས་བོད་གངས་ཅན་ལ་དེབ་ཐེར་དཀར་པོ་ཟེར་བ་ཞིག་སྐྱེས་སུ་གནང་། རྒྱལ་ཁམས་པར་གཏམ་རྒྱུད་གསེར་ཐང་གནང་། ཆོས་ལུགས་པར་ཀླུ་སྒྲུབ་དགོངས་རྒྱན་གནང་། ཁྱིམ་པ་ཚོར་འདོད་པའི་བསྟན་བཅོས་གནང་། ཧོར་ཁང་དང་རག་ར་ཟེར་བའི་སློབ་བུ་ཡག་ཤོས་དག་ལ་གདམས་པ་མང་པོ་ཞིག་གནང་། དགའ་སྐྱིད་གཡང་འཛོམས་ཟེར་བའི་སྲས་མོ་ཞིག་ཀྱང་མི་ཡུལ་དུ་བཞག ཁོང་ཉིད་དངོས་གནས་རྒྱང་ཐག་རིང་བོ་ཞིག་ཏུ་ཕེབས་སོང་།
ལོ་དེའི་སྟོན་ཁ་ཡིན་པ་འདྲ། ལོ་དེ་ནི༡༩༥༡ལོ་རེད། སྙིང་ཉེ་བའི་དགེ་འདུན་ཆོས་འཕེལ། ཁྱེད་རང་ག་ཚོད་ཅིག་ལ་ཕྱིར་ཕ་ཡུལ་དུ་ཕེབས་སམ། ཕ་ཡུལ་གྱིས་ཁྱེད་ལ་རེ་སྒུག་བྱས་ཡོད་པ་འདྲའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།