འཛུམ་དྲུག་གི་བསྒྱུར་རྩོམ། ཨ་ཕའི་རྒྱབ་མཐོང་མེ་ལོང་།

རྩོམ་པ་པོ།:ཧོང་ཡུང་མེས་བརྩམས། འཛུམ་དྲུག་ག ཡོང་ཁུངས།:2020ལོའི་སྦྲང་ཆར་དེབ་གཉིས་པ།  དུས་ཚོད།:2021-12-02 15:01:05 ཀློག་གྲངས།:
ཨ་ཕའི་རྒྱབ་མཐོང་མེ་ལོང་།
ཧོང་ཡུང་མེས་བརྩམས། འཛུམ་དྲུག་གིས་བསྒྱུར། 

        ངའི་ཨ་ཕ་སྤྱི་ལོ1949ལོར་སྐྱེས་པ་ཡིན། ཁོང་གིས་ནམ་རྒྱུན་སྐད་ཆེན་པོས་མི་གཞན་ལ་ང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ན་མཉམ་ཡིན་ཞེས་བརྗོད། འོན་ཀྱང་། དུས་ཡུན་རིང་པོ་ཞིག་ལ་ཁོང་གིས་དེ་ལྟར་བརྗོད་པ་ཐོས་མ་སོང་། ལས་འཁྱུར་ངལ་གསོ་མ་བྱས་པའི་སྔོན་ལ། ཨ་ཕ་ནི་ཟོང་སྐྱེལ་ཁ་ལོ་བ་ཞིག་ཡིན་པས་དུས་རྒྱུན་ཐག་རིང་ལ་འགྲོ་དགོས། ལོ་ཟླ་དེ་དག་ལ་རླངས་འཁོར་ཁ་ལོ་བ་ནི་རྒྱུགས་ཆེ་ཤོས་ཀྱི་ལས་ཀ་ཞིག་ཡིན་ཞིང་། ཞོར་ཟས་འཚོང་མཁན་དང་འཚེམ་བཟོ་བ་གསུམ་ལ་རིན་ཆེན་གསུམ་ཞེས་གྲགས། ཨ་ཕས་གཞན་ལ་ཁོང་གི་འོད་སྟོང་འབར་བའི་ལོ་ཟླ་དག་ངོམ་པའི་ཆེད་དུ། ཁོང་ཆེས་ཐག་རིང་ལ་བསྐྱོད་པ་ནི་མཁའ་ལམ་སྟེ།“ཡ་ལ་སོ། གནས་དེ་ནི་མདོ་དབུས་མཐོ་སྒང་་་”ཞེས་བཤད་མ་ཐག་ངེས་པར་དུ་དབྱངས་རྟར་དགུག་ངེས། གནམ་རྒན་མ་ཁོ་ནས་ཨ་ཕ་དུས་ནམ་ཞིག་ལ་མཁའ་ལམ་དུ་བསྐྱོད་མྱོང་བ་ཤེས། གལ་ཏེ་མི་གཞན་གྱིས་མཁའ་ལམ་ནི་ལམ་ཇི་ལྟ་བུ་ཞིག་ཡིན་ཚུལ་དྲིས་ཚེ། ཁོས“ཡ་ལ་སོ་་་”ཞེས་ལེན་པ་མ་གཏོགས་ལན་གཏན་ནས་གདབ་རྒྱུ་མི་འདུག ཁོང་གི་དྲན་པའི་ངོས་ཀྱི་མཁའ་ལམ་ལ་མཐའ་མི་ཟིན་པར་ད་དུང་དུས་རྒྱུན་མྱུར་ཚད་ལས་བརྒལ་ཏེ། མི་རྣམས་རྒྱབ་མཐོང་མིག་ཤེལ་ལས་ཀྱང་མཐོང་མི་ཐུབ་པའི་དཀྱོག་ལམ་དུ་འཕངས་ངེས།
        གཞུང་ལམ་དུ་ཟོང་སྐྱེལ་རླངས་འཁོར་ཆེ་བ་བསྐོར་བའི་ཁ་ལོ་བ་དག་གིས་རླངས་འཁོར་གྱི་སྒེའུ་ཁུང་ཆེས་ཆེར་ཕྱེ་སྟེ། དཔུང་བ་ཕྱིར་བུད་ཅིང་། ཕྲག་གོང་ལ་སྣུམ་ཤུར་ཤུར་གྱི་ལག་ཕྱིས་བཀབ་ནས་ཁ་སྒྱུར་འཁོར་ལོ་བསྐོར་ཞོར་སྒེའུ་ཁུང་ཕྱི་རོལ་ཏུ་ཁ་ལུད་འཕེན་པ་དང་། ཡང་ན་རླུང་གི་རྒྱུ་ཕྱོགས་སུ་ཁ་གཏད་དེ་སྐད་ཆེན་པོས་བརླང་ཚིག་རེ་སྨྲ་བར་བྱེད། ཨ་ཕ་ནི་དེ་དག་དང་གཏན་ནས་མི་འདྲ་སྟེ། ཁོང་ཐག་རིང་ལ་ཇི་ལྟར་བརྒྱུགས་ཀྱང་ལྭ་བ་གྲལ་དག་ཅིང་། སྒྲོག་ཁུང་གཉིས་པ་དམ་པོར་བརྒྱབ་སྟེ་གོང་བ་དྲང་མོར་ཡར་འདེགས་པ་དང་། ཆབ་མ་མིག་ལུང་གཉིས་པའམ་གསུམ་པར་བརྟོལ་ཏེ་དུས་ཡུན་ག་ཙམ་ལ་བསྡད་ཀྱང་མི་ལྷོད། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་བའི་མགོ་ཙམ་ལ། ཚུགས་འཛིན་སྐྲ་སྤྱིན་ཐོག་མར་དར་བའི་སྐབས་དེར། ཨ་ཕའི་རླངས་འཁོར་དུ་ཤེལ་དམ་གང་གྲ་སྒྲིག་བྱས་ཡོད་ཅིང་། རླུང་གིས་ཁོང་གི་ལྟག་གར་ཤད་པའི་སྐྲ་ལོ་གཏན་ནས་སྒུལ་མི་ཐུབ། མི་རྣམས་ཀྱིས་ཁོང་ནི་གུས་ལུགས་རླངས་འཁོར་བསྐོར་མཁན་དང་། གཞུག་གི་རླངས་འཁོར་དུ་ཡོད་པའི་ཟོང་དངོས་དག་ནི་གཟབ་སྦྲེང་རུ་ཁག་དང་འདྲ་ལ། ཁོང་གིས་སྣེ་ཁྲིད་དེ་རི་གཤོང་གི་གཞུང་ལམ་དང་། རྒྱལ་རིམ་གཞུང་ལམ་དུ་ཕྱིར་བསྐྱོད་སྦྱོང་བརྡར་བྱེད་པ་དང་ཡང་མཚུངས་ཞེས་བཤད། ངའི་སེམས་ཀྱི་རྩིག་ལྡེབས་ངོས་སུ་གློག་བརྙན་བཞིན་གསར་བོར་འཆར་བ་ཞིག་ལ། ཁོང་གི་རླངས་འཁོར་ཁ་ལོ་སྒྱུར་ཁང་དུ་པར་སྒྲོམ་ཞིག་བཀལ་ཡོད། དེ་ནི་རྒྱུན་མཐོང་གི་བདེ་ཐང་སྲུང་འཁོར་ལྟ་བུ་ཞིག་མིན་ལ། མའོ་ཀྲུའུ་ཞིའི་སྐུ་པར་ཡང་མ་ཡིན་པར་ཁོང་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་འཇའ་ཚོན་པར་ལེན་ཁང་ནས་བླངས་པའི་ཚུན་བཞི་ཅན་གྱི་སྒྱུ་རྩལ་པར་རིས་ཤིག་རེད། སྒྱུ་རྩལ་པར་རིས་ནི་ཁ་དོག་དཀར་ནག་གི་རྨང་གཞིའི་སྟེང་། ཚོན་མདོག་གིས་བྱུགས་པ་སྟེ། སྨིན་མ་ནག་པོ་དང་། ཁ་ཅུང་ཟད་དམར་པོར་བྱས་པ། ཚི་ལེན་གྱི་ཁ་དོག་སྔོན་པོར་བྱུགས་པ་ཞིག་ཡིན། འདར་ཙམ་འདར་ཙམ་བྱེད་པའི་ཁ་ལོ་བའི་འདུག་སྟེགས་སྟེང་བསྡད་དེ། ཁོང་གིས་རྒྱང་རིང་གི་ལམ་ལ་བལྟ་ཞིང་། དེར་མཐུད་ནས་མིག་མདུན་གྱི་སྒྱུ་རྩལ་པར་རིས་དེར་ཡང་ཡང་བལྟ་བར་བྱེད། སེམས་ལ་ཅི་ཞིག་འཆར་འོངས་པ་མི་ཤེས་མོད། དེ་མ་ཐག་གདོང་ལ་སྒྱུ་རྩལ་པར་རིས་སྟེང་གི་འདྲ་པར་ལྟར་འཛུམ་ཞིག་ལངས་ཞོར། ཡིད་ཚིམས་པའི་སྣང་བས་ལྡིར་སྒྲ་དང་བཅས་རླངས་འཁོར་དམིགས་འབེན་གྱི་གནས་དེར་བསྐོར་བར་བྱེད། ཨ་ཕས་རླངས་འཁོར་བསྐོར་ཚེ་དེ་འདྲ་མི་མགྱོགས་ལ། ཁོང་གིས་བཤད་རྒྱུར། ཇི་འདྲ་མགྱོགས་ཀྱང་མདུན་ཕྱོགས་ཀྱི་སྤྲིན་ཚོམ་ལས་མགྱོགས་མི་སྲིད། མིག་འབྱེད་འཛུམ་གྱི་བར་ནས་ཡལ་འགྲོ་བས། དེ་འདྲ་བྲེལ་ནས་ཅི་བྱེད་ཟེར། ཨ་ཕས་རླངས་འཁོར་བསྐོར་ཚེ་དུས་ཚོད་ཀྱི་མགྱོགས་མྱུར་ཚོར་གྱིན་མེད་ཅིང་། ནམ་རྒྱུན་ཡུལ་ལ་སླེབས་དུས་ལི་ཐོ་ལ་བལྟ་ཞིང་མགོ་བོར་ཕྲུག་ཕྲུག་ལན་འགའ་གནང་ཞོར། ཟླ་འདིར་ཡང་དབུལ་བོ་ཆགས་སོང་ངམ་ཞེས་བཤད་ངེས། རྗེས་སུ་བདག་གིས་དངོས་ལུགས་སློབ་ཁྲིད་ཀྱི་སྐབས་སུ་བལྟོས་མེད་འགུལ་སྐྱོད་ངེས་སྲོལ་བསླབས། ཨ་ཕས་རླངས་འཁོར་བསྐོར་ནས་རྒྱུགས་ཤིང་། དུས་ཚོད་ཀྱང་དེ་དང་ལྷན་དུ་རྒྱུགས། ཨ་ཕ་ལམ་དུ་འགྲོ་བའི་དུས་ཚོད་ནི་འགྱུར་མེད་དུ་གནས།
        ཨ་མས་ཁྱིམ་མཚེས་དཔར་ཁང་གི་བཟོ་བ་ཨ་མྱེས་བང་ཚང་གི་བཟའ་མི་ལྔ་བོའི་འཚོ་བ་རོལ་བ་ལྟར་ཡུལ་དུ་ངེད་མིང་སྲིང་གཉིས་བསྲུངས་ནས་སྡོད་ཅིང་། དུས་ཚོད་ནི་བལྟོས་བཅས་འགུལ་བསྐྱོད་བྱེད་ཅིང་། རྒྱུགས་པ་མགྱོགས་ན་དེ་ལྟར་རིང་བའི་ཚོར་སྣང་སྟེར། ཨ་མས་དུས་རྒྱུན་དུ་སེམས་ཁུར་གྱི་ངང་ནས“ཁྱོད་ཚོའི་ཨ་ཕ་ལམ་བར་དུ་དོན་ཇི་འདྲ་ཞིག་ལ་འཕྲད་པ་ཡང་མི་ཤེས་ཨང”ཟེར། དུས་སྐབས་དེར་སྤོ་སྒུལ་ཁ་པར་མེད་ཅིང་། ཨ་ཕ་སྣུམ་ཚིགས་གང་ཞིག་ལ་ཐོན་ཚེ་མཚམས་ལན་རེར་ཞོགས་པ་དང་། སྐབས་འགར་ནམ་གུང་ལ་ཡུལ་དུ་ཁ་པར་བཏང་སྟེ་བདེ་འཇགས་ཡིན་ཚུལ་བཤད་ངེས། ཨ་མ་ཆེས་སྐྲག་པ་ནི་ཨ་ཕ་ལམ་བར་དུ་མི་ལ་འཕྲད་པ་དེ་ཡིན་པ་ངས་རྗེས་ནས་ད་གཟོད་ཤེས། ཞིབ་ཏུ་བསམས་ན། ཨ་ཕ་དུས་རྒྱུན་དུ་སྒོར་འབུད་ཚེ་རང་ཉིད་ཀྱིས་ལྭ་བ་གྲལ་དག་ཅིག་གྱོན་པ་མ་ཟད། རླངས་འཁོར་ཡང་བཀྲུ་ཕྱིས་ཀྱིས་གཙང་མར་བྱ་སྲིད་པས། དངོས་གནས་སྒོར་བུད་དེ་དུས་ཆད་བྱེད་པའི་སྟག་ཤར་ཞིག་དང་འདྲ། ཨ་མའི་སེམས་ཁུར་ལ་རྒྱུ་རྐྱེན་མེད་པ་ག་ལ་ཡིན། དོན་དངོས་སུ་ཨ་ཕ་ལོ་བཞི་བཅུར་བུད་པའི་ལོ་དེར་ཁོང་དང་ཁོང་གི་རླངས་འཁོར་ཡང་འཁོར་ལམ་ལས་བརྒལ་ཞིང་། ལུགས་སྲོལ་དང་འགལ་བར་གྱུར། དོན་དག་འདི་སྦ་གསང་བྱེད་དོན་མེད་དེ། དུས་སྐབས་དེར་ང་ཚོ་རྡོ་གཅལ་དམར་པོའི་སྲང་ལམ་འདིར་སྡོད་མཁན་ཞིག་ཡིན་ཚེ། ཐེངས་དེར་ཨ་ཕ་ལུགས་སྲོལ་དང་འགལ་བའི་དོན་དེབརྗེད་མི་སྲིད། ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་མཚན་གཞུང་དེར། གཅིག་རྗེས་གཉིས་མཐུད་དུ་གྲགས་པའི་རླངས་འཁོར་གྱི་དུང་བརྡ་རིང་བོ་དེས་ཁོ་ཚོ་གཉིས་ལས་བསླངས་ཤིང་། འབོད་སྒྲ་དེ་མི་ཞིག་སྨྱོས་པ་དང་འདྲ་ལ། ཉེན་བརྡ་གྲགས་པ་དང་ཡང་མཚུངས། མི་ཁ་ཤས་ཤིག་མལ་ཁྲི་ལས་ལྡིང་ཞིང་ཕྱིར་བུད་དེ་མཁའ་ཟོན་གབ་ཁུང་གི་ཕྱོགས་སུ་བྲོས། རྗེས་སུ་ལྗིད་ཐེག་རླངས་འཁོར་ཞིག་ཡིན་པ་ཤེས་ཤིང་། རྡོ་གཅལ་དམར་པོའི་སྲང་ལམ་གྱི་དཀྱིལ་དུ་བསྡད་དེ། ཁང་བའི་མར་གཤམ་གྱི་ས་སྟོང་དེ་རུ་རྒྱང་མཐོང་གློག་སྒྲོན་ཆེས་ཆེར་བཀར་ཞིང་། སྐད་དྲག་པོས་བཙིར་སྐད་སྒྲོགཁ་བ་ནི་གནམ་ནས་སུ་ཞིག་གིས་བོས་པ་བཞིན་སྔངས་འདར་དང་བཅས་སར་ལྷུང་། མི་རྣམས་ཀྱིས་གར་ཡོང་མི་ཤེས་ཤིང་གཏོས་ཆེ་བའི་དངོས་པོ་དེར་བལྟ་ཞོར། སྡིགས་མོ་བྱེད་མི་ཐུབ་པར་སྐེ་བསྲིངས་ནས་ཕྱིར་བལྟ་བ་ནི་རྨས་ཕོག་པའམ་ཡིད་གདུང་བའི་ངུ་འབོད་བྱེད་པའི་རི་དྭགས་ཤིག་དང་འདྲ།
        ལྗིད་ཐེག་རླངས་འཁོར་དེའི་དུང་བརྡ་དུས་ཡུན་ཅི་ཙམ་ལ་གྲགས་པ་མ་ཤེས་མོད། གློ་བུར་དུ་ལྷིང་འཇགས་སུ་གྱུར། དེ་དང་མཉམ་དུ་རྒྱང་མཐོང་གློག་སྒྲོན་ཡང་གཟིམ་པར་གྱུར། མི་རྣམས་ཀྱིས་ད་གཟོད་ཨ་ཕའི་རླངས་འཁོར་ཉེ་སར་ཡོད་པ་མཐོང་། རླངས་འཁོར་གཉིས་ཁ་གཏད་དུ་བཞག་ཅིང་རིམ་བཞིན་ཁོར་ཡུག་ཐམས་ཅད་ལྷིང་འཇགས་སུ་གྱུར། རྗེས་སུ་ཨ་ཕའི་རླངས་འཁོར་འཁོར་དུ་བཅུག་ཅིང་། རླངས་འཁོར་གྱིས་བང་སྒྲ་དང་བཅས་པའི་དངན་པ་རིང་མོ་ཞིག་འཐེན་སོང་། ཨ་ཕའི་རླངས་འཁོར་རིམ་གྱིས་ཉེ་སར་བཅར་བ་དང་། རླངས་འཁོར་གཞན་དེའང་དལ་གྱིས་ཕྱིར་ནུར་ཏེ། ང་ཚོ་རྡོ་གཅལ་དམར་པོའི་སྲང་ལམ་གྱི་མདོར་བུད་ཅིང་། ཁ་ཕྱིར་བསྐོར་ཏེ་གྲོང་ཁྱེར་གྱི་བྱང་ཁུལ་ཕྱོགས་སུ་ཆས་སོང་། ཨ་ཕའི་རླངས་འཁོར་ལྷིང་འཇགས་ཀྱིས་རླངས་འཁོར་དེའི་རྗེས་སུ་བསྙེགས་ཤིང་། རྒྱང་མཐོང་གློག་སྒྲོན་སེར་ལམ་ལམ་གྱིས་མདུན་ཕྱོགས་ཀྱི་ལམ་ཆེན་གསལ་བར་བྱས། རླངས་འཁོར་གཉིས་གཅིག་རྗེས་གཅིག་གིས་བསྙེགས་ཏེ་རྒྱལ་རིམ་གཞུང་ལམ་སྟེང་དུ་བསྐྱོད།
        གློག་སྒྲོན་གྱིས་གསལ་བའི་བྱས་པའི་ཁ་བ་རེ་རེར་དྲན་ཤེས་ཡོད་ཅིང་། ཆབ་རོམ་ཆགས་རྗེས་དེའི་ནང་ལོགས་སུ་སྦྲུམ་ཡོད། ལྗིད་ཐེག་རླངས་འཁོར་གཉིས་ཀྱི་རྗེས་ཤུལ་ནི་ལན་རེར་དཀྱུས་གཅིག་ཏུ་འཁེལ་ཞིང་། སྐབས་འགར་ཕྱོགས་སོ་སོར་ཕྱེ་ཡོད་པས་འཁོར་ལོའི་རིམ་པ་རེ་རེ་ཤིན་ཏུ་ཟབ་ཅིང་གསལ། བདག་གི་ཨ་མ་རླངས་འཁོར་གྱི་རྗེས་ཤུལ་སྟེང་སྤོས་ཏེ་ཕར་འགྲོ་ཚུལ་འོང་བྱས། ནམ་ལངས་རྗེས་ཨ་ཕ་ཕྱིར་སླེབས་བྱུང་། ནམ་རྒྱུན་ཁོང་ཐག་རིང་ལ་སོང་ནས་ཕྱིར་འོངས་པ་ཇི་བཞིན་ཆུ་ཚ་པོས་ཁ་ལག་གཙང་མར་བཀྲུས་ཤིང་། སྐྲ་ལོ་ལྟག་གར་ཤད་རྗེས། མལ་ཁྲིའི་སྟེང་ཁ་སྦུབ་ཏུ་ཉལ།
        དེ་ནས་བཟུང་མི་རྣམས་ཀྱིས་བཙིར་སྐད་དྲག་པོ་སྒྲོག་པའི་ལྗིད་ཐེག་རླངས་འཁོར་དེ་མཐོང་མ་བྱུང་། ཁོ་ཚོས་ཡིད་ཕངས་པའི་སྒོ་ནས་མཚན་མོ་དེའི་གློག་འོད་ནི་མིག་ལ་གཟན་པས་རླངས་འཁོར་ནང་གི་སི་ཁྲོན་བུ་མོ་དེ་མཐོང་མ་ཐུབ་ཟེར། སི་ཁྲོན་བུ་མོ་དེ་ཡག་མ་ཞིག་ཡོད་དམ། བདག་གི་ཨ་མས་ཀྱང་རྒྱུན་དུ་ཨ་ཕར་དེ་ལྟར་དྲིས་ཀྱང་། ཨ་ཕས་དེ་ལ་བདེན་པའི་ལན་ཞིག་བཏབ་མ་མྱོང་། ཁོང་གིས་བསམ་ན་དེ་ནི་གཞུང་ལམ་སྟེང་བསམ་གཟས་ནས་བཏང་བའི་ལམ་གེགས་ཤིག་ལྟར། ལག་པས་ཁ་སྒྱུར་འཁོར་ལོ་དམ་པོར་བཟུང་སྟེ་བསྐོར་ནས་འགྲོ་བར་བྱེད།
        “ཁྱོད་ཀྱིས་གཏམ་རྙིང་བསྐྱར་བཤད་མ་གནང་རོགས། ང་ཚོ་ནི་སྤྱི་ཚོགས་གསར་བའི་མི་ཡིན། ང་དང་ཀྲུང་གོ་གསར་བ་གཉིས་ན་མཉམ་ཡིན། ”ཨ་ཕས་བདེན་ཡོད་ཞུམ་མེད་ཀྱི་ངང་ནས་ལམ་གེགས་དེ་ལྟར་བསྐོར་བར་བྱས།
        “སྤྱི་ཚོགས་གསར་བའི་མི་ཡིན་ན་འདི་ལྟར་མདོ་མེད་ཀྱི་བྱ་བ་བསྒྲུབས་དགོས་སམ།”ཨ་མའི་མིག་མཐའ་དམར་པོར་གྱུར།
        “ཆོག་གི་ཆོག་གི ཡོད་ཚད་འདས་སོང་བ་རེད། ཡོད་ཚད་འདས་སོང་ནི་རེད།”ཨ་ཕས་དེ་ལྟར་ཨ་མར་ཁ་ཡག་བཤད།
        ང་ཚོ་ཚང་མས་སི་ཁྲོན་བུ་མོ་དེ་མཐོང་མ་མྱོང་ལ། ཁོ་མོ་ནི་ཨ་ཕའི་རྒྱང་རིང་གི་མཛའ་གྲོགས་ཡིན།
        ཨ་མར་མངལ་མ་སྦྲུམ་པའི་སྔོན་དུ་མོ་ལ་ཡང་དགའ་རོགས་ཤིག་ཡོད་དེ། ཁོ་གཏན་དུ་ཐག་རིང་ན་ཡོད། ཨ་ཕ་ཐག་རིང་ལ་སོང་བས། ཐེངས་གཅིག་ལ་ཉིན་བདུན་བརྒྱད་ནས་ཉིན་བཅུའི་ཡན་འགོར་འགྲོ། མོས་ཨ་ཕའི་མདོག་སྐྱ་བོའི་བལ་ལྭ་དེ་སྙེ་འབོལ་སྟེང་བཏིངས་རྗེས། ལག་པ་གཉིས་ཀ་བལ་ལྭའི་ཁུག་མར་བཅུག འདི་ལྟར་མོ་ཨ་ཕའི་བྲང་ཁར་མགོ་བོ་བསྙེས་ཤིང་ཨ་ཕའི་ལག་པ་དམ་པོར་འཇུ་ངེས། ཨ་ཕ་ཕྱིར་ཁྱིམ་དུ་སླེབས་དུས། ཡ་མཚར་བ་ཞིག་ལ། རྒྱང་རིང་གི་དགའ་རོགས་དེ་གར་སོང་ཆ་མེད་དུ་གྱུར། མོས་ཨ་ཕར་འཁང་ར་བྱས་ཏེ་ཡུན་རིང་གི་དྲན་གདུང་ཤུལ་མེད་དུ་གྱུར། རྒྱུན་དུ་ཟ་མ་ཟོས་ཚར་ན་ང་ཚོར་ལས་བྱ་འབྲི་རུ་བཅུག་རྗེས། ཅོག་ཙེ་སྟེང་གི་སྡེར་མ་སྟོང་བ་དང་། དཀར་ཡོལ་ཚང་མ་ཨ་ཕར་གཏོད་ངེས། དྲང་མོར་བཤད་ན། མོས་ཨ་ཕས་ཁྱིམ་ཚང་འདིར་ཁ་ཡ་མ་བྱས་པར་འཁང་ར་བྱེད་ཅིང་། རང་ཉིད་གཅིག་པུ་ཕྱི་རུ་སོང་ནས་སྐྱིད་པོ་བྱས་ཤིང་། ཁྱིམ་དུ་མོ་གཅིག་པུས་བྱིས་པ་གཉོར་དགོས། ཨ་ཕ་ཡང་གཡོལ་ཐབས་མི་བྱེད་པར་ལྷིང་འཇགས་ཀྱིས་ཨ་མའི་གམ་དུ་བསྡད་དེ། ཐ་མག་རྐང་གཅིག་ལ་མེ་བསྒོས་རྗེས། མཐེ་བོང་དང་གོང་མཛུབ་གཉིས་ཀྱིས་འབར་བཞིན་པའི་ཆ་དེ་བཙན་གྱིས་བཙིར་རྗེས། འབར་ཞུན་རྐང་གཅིག་པོ་དེ་སོ་འདྲུ་ཞིག་ཏུ་གྱུར། ཨ་ཕས་སོ་བར་ཕྱི་འདྲུ་ནང་འདྲུ་བྱས། ཨ་མའི་བསྐྱར་ཟློས་ཀྱི་སྐད་ཆ་དག་ཨ་ཕའི་རྣ་ལམ་དུ་ཕྱི་འཛུལ་ནང་འཛུལ་གྱིས་སོ་འདྲུ་བ་ནང་བཞིན་དྲུས་ནས་འོང་།
        གློ་རྡེག་ཏུ། ཨ་ཕས་ཀྱང་ལམ་གེགས་སེལ་ཐབས་མི་བྱེད་པར་ཨ་མར་དག་འབུད་བྱས་བྱུང་། “ཁྱོད་ཀྱིས་བལྟས་ན་ང་གཅིག་པུ་ཕྱི་རོལ་ཏུ་སོང་ན་སྐྱིད་པོ་རེད་བསམ་མམ། ང་ཐང་ཆད་གི ཁྱོད་ཀྱིས་བསམ་བློ་ཐོངས་དང་། ”ཨ་མས་ཅི་ཡང་མི་བཤད་པར་སེམས་ནས་བདེན་པར་བསམ་ཡང་ཁ་ནས་ལན་འདི་ལྟར་སློག “ཐང་ཇི་འདྲ་ཆད་ཀྱང་ང་ལྟ་བུ་ཞིག་ག་ལ་ཆད། ང་གཅིག་པུས་ལས་ཞུགས་བྱེད་དགོས་ལ། བྱིས་པ་གཉིས་ཀར་བདག་སྐྱོང་ཡང་བྱེད་དགོས། ཁྱོད་གཅིག་པུ་ཕྱི་རོལ་ཏུ་ཟ་མ་རྒྱགས་ཚད་ཟོས་ཤིང་། ལྭ་བ་གང་དྲོ་གྱོན་ནས” “ང་གཅིག་པུ་ག་ལ་ཡིན། ངའི་རྗེས་སུ་རྔ་མ་རིང་པོ་ཞིག་དྲུད་ཡོད་པ་མིན་ནམ། ”ཨ་མའི་སེམས་ལ་ཨ་ཕ་རླངས་འཁོར་ཏུ་སྡོད་པའི་སྐྱིད་སྣང་མངོན་པའི་ཉམས་དེ་ཁོ་ན་ལས། ཁོང་གི་རྗེས་ཀྱི་སྤྱི་བརྒྱ་སྟོང་ཕྲག་གིས་མནན་པའི་ཟོང་དངོས་དག་རྦད་དེ་བརྗེད་སོང་། ཨ་མར་ཅི་ཡང་བཤད་རྒྱུ་མི་འདུག ཨ་ཕ་ཡར་ལངས་ཏེ་ཨ་མའི་ཕྲག་གོང་ལ་ལག་པས་རྡེབ་ཞོར་སྐད་འཇམ་པོའི་ངང་ནས“ང་གཅིག་པུ་ག་ལ་ཡིན། ངའི་རྗེས་སུ་འདྲུད་འཐེན་འཁོར་ལོ་ཞིག་འཐེན་པ་མིན་ནམ།” ཨ་མས་ཁ་ཅི་ཡང་མི་གྲག་པར་ཕྲག་གོང་གི་ངར་དེ་རིམ་གྱིས་ལྷོད་པར་གྱུར།
        ཨ་ཕས་དུས་རྒྱུན་དུ་ཁོང་གི་རྗེས་སུ་འདྲུད་འཐེན་འཁོར་ལོ་ཞིག་དྲུད་ཡོད། ཨ་མ་ནི་རླངས་འཁོར་མགོ་བོ་དང་། ཕུ་བོ་ནི་གཡས་ཕྱོགས་དང་། ང་ནི་གཡོན་ཕྱོགས་ཀྱི་འཁོར་ལོ་ཡིན་ཟེར།
        ང་དང་ཕུ་བོའི་ནར་སོན་གྱི་བརྒྱུད་རིམ་ཁྲོད། ཁོང་ཁྱིམ་བདག་ཚོགས་འདུ་ཞིག་ལ་གཏན་ནས་ཞུགས་མ་མྱོང་སྟེ། ངའི་ལས་བྱ་འབྲི་དེབ་གང་རུང་གི་སྟེང་དུ་ཁོང་གི་མིང་རྟགས་དེ་མངོན་རྒྱུ་མ་བྱུང་། འོན་ཀྱང་། ཨ་ཕས་ང་ཚོའི་ཆེད་དུ་ཡོད་ཚད་བློས་བཏང་མྱོང་། ལོ་དེར། ཕུ་བོས་དམའ་འབྲིང་གསུམ་པ་དང་བདག་གིས་དམའ་འབྲིང་དང་པོར་སློབ་གཉེར་བྱེད་བཞིན་ཡོད། ང་ཚོ་ཨ་ཕས་འཁྱེར་ཡོང་བའི་ཁྱད་འཕགས་ཐོན་རྫས་ཀྱི་འགྱིག་ཁུག་དེའི་སྟེང་དུ་དཔེ་ཆའི་ནང་བྱུང་བའི་ས་མིང་དག་བཙལ་རྒྱུ་ཁོ་ནས་ཡིད་མ་ཚིམ་པར་ཨ་ཕའི་རྗེས་དེད་དེ། ས་ཆ་དེ་དག་གི་རྒྱུ་མཚན་བཤད་པའི་རེ་བ་ཞུས། འོན་ཀྱང་། ཁོང་གིས་ཐེངས་རེ་རེར་རེ་བ་གཏོང་ཟད་དུ་བཏང་། ཁྱོད་ཀྱི་ཨ་ཕ་ཉིན་རྒྱུན་ཤེལ་གྱི་སྒྲོམ་བུ་འདིར་བསྡད་དེ། རྐང་བ་ས་ལའང་མ་རེག་པས། ས་ཆ་འདི་དག་ངས་མེ་ལོང་ལས་མཐོང་བ་ཡིན། ཁྱོད་ཚོས་ཀྱང་ཤེས་ངེས། རྒྱབ་མཐོང་མེ་ལོང་ལས་མཐོང་བའི་དངོས་གཟུགས་དག་ཨ་མྱེས་བང་གི་ཤོག་བྱ་ལས་ཀྱང་མགྱོགས་པར་རིང་ཞིང་ཆུང་། ཨ་ཕས་དགོངས་དག་ཞུ་ཞོར་དེ་ལྟར་གསལ་བཤད་བྱས། ཤག་མཚེས་ཨ་མྱེས་བང་གིས་དུས་རྒྱུན་དཔར་ཁང་ནས་ཚོན་ཤོག་ཁྱེར་ཡོང་ནས་ཤོག་བྱ་སྣ་ཚོགས་བཟོ་ཞིང་། གཟའ་ཉི་མར་ཁོ་ཚང་གི་བྱིས་པ་གསུམ་པོ་འཁྲིད་དེ་མིས་བཟོས་གཙང་བོའི་འགྲམ་དུ་ཤོག་བྱ་སྤུར་དུ་འགྲོ་དུས། ཕུ་བོ་དང་ངེས་གཉིས་ཀྱང་ཁོ་ཚོ་དང་མཉམ་དུ་འགྲོ་ངེས། མིས་བཟོས་གཙང་བོའི་འགྲམ་ནི་རྒྱ་ཆེ་ལ། ཤར་ནུབ་ཀྱི་རླུང་དུས་རྒྱུན་དུ་གཡུགས་པར་བྱེད། ཤོག་བྱ་དག་རླུང་དང་འཕྲད་རྗེས་ཁ་ཕྱོགས་བོར་འགྲོ་ཞིང་། སྐུད་པ་ཅུང་ཙམ་ལྷོད་ན་ནམ་མཁའི་མཐོངས་སུ་འཕུར་ཏེ་ཅུང་མི་འགོར་བར་ནག་ཐིག་ཅིག་ཏུ་འགྱུར་སྲིད། ཨ་ཕའི་ལམ་ནས་མཐོང་བའི་ཡུལ་ལྗོངས་དག་ནི་ཏག་ཏག་ནག་ཐིག་ཅིག་ཡིན་པས། ཨ་ཕར་དེ་ལས་གཞན་པའི་བཤད་རྒྱུ་ཅི་ཡང་མེད་མོད། ང་ཚོ་སྔར་བཞིན་ཡིད་མ་ཚིམ། ང་ཚོ་ཨ་ཕའི་རླངས་འཁོར་གྱི་འཁོར་ལོ་འགྲམ་དུ་ཁ་སྦུབ་ཏུ་ཉལ་ཏེ་ཤིན་ཏུ་མཐུག་པའི་རླངས་འཁོར་གྱི་འཁོར་ལོ་ལ་ལག་པས་རེག་ཞོར། དེའི་སྟེང་གི་རྩུབ་ཤས་ཆེ་བའི་ལམ་རིས་འཁྱོག་པོ་དག་ལས་ཀྲང་ཅ་ཅེ་དང་། ཀུའེ་ལིན། ནན་ཅིན་འབྲི་ཆུའི་ཟམ་ཆེན། ཅ་ཡུས་ཀོན་འགག་སྒོ་སོགས་ཨ་ཕ་བརྒྱུད་མྱོང་བའི་ས་ཆ་དག་བཙལ། མཇུག་མཐར་ང་ཚོ་རླངས་འཁོར་ཁ་ལོ་བའི་འདུག་སྟེགས་སུ་འགོས་ཏེ་འུར་བརྒྱབ་ཅིང་། ང་ཚོ་གཞུང་ལམ་བརྒྱུད་དེ་གྲོང་ཁྱེར་ཆུང་ཆུང་འདིའི་ཕྱི་རོལ་གྱི་ས་ཆ་གང་རུང་ཞིག་ཏུ་འཁྲིད་པའི་རེ་བ་ཞུས་པར། འགྲུལ་སྐྱེལ་བཟོ་གྲྭས་སྒྲིག་ལམ་ཤིན་ཏུ་དམ་སྟབས། ཨ་ཕས་གཏན་ནས་ཁས་ལེན་བྱས་མ་མྱོང་སྟེ། ང་ཚོ་བྱིས་པ་རྣམས་ཕར་ཞོག་ཐ་ན་ཨ་མ་ཡང་ཨ་ཕའི་རླངས་འཁོར་ལ་བསྡད་དེ་གྲོང་ཁྱེར་འདི་ལས་བརྒལ་མ་མྱོང་། མོ་ཆེས་རིང་བ་ནི་ལེ་དབར་བཅུ་ཕྲག་ཁ་ཤས་ཀྱི་མཚམས་སུ་ཡོད་པའི་ཞིང་རར་ཇ་དམར་ཉོ་རུ་སོང་བ་དེ་ཡིན། དུས་རྒྱུན་དུ་ཨ་ཕ་དང་ཨ་ཕའི་རླངས་འཁོར་གྱི་རྗེས་མ་འདེད། གལ་ཏེ་ཨ་ཕའི་ལག་གི་དཀར་ཡོལ་བཅག་ཚེ། ང་ཚོ་འདྲུད་འཐེན་འཁོར་ལོ་འདི་ཡང་བེད་མེད་དུ་འགྱུར་ངེས། དུས་སྐབས་དེར་ཐོན་དུས་འཁོར་ལོ་ལྟ་བུའི་ཁྱོད་གཉིས་ཀྱང་བླངས་ཏེ་ཕྱིར་འཚོང་དགོས་པར་ཟད་ཅེས་འཇིགས་སྐུལ། དེ་ནས་བཟུང་ང་ཚོ་ཡང་ཁ་ལོ་བའི་འདུག་སྟེགས་སུ་འགོས་མ་མྱོང་ལ། འུང་ཟིང་གིས་བསླངས་ཏེ་ཨ་ཕར་དེ་འདྲའི་རེ་བའང་ཞུས་མ་མྱོང་།
        ཉིན་ཞིག་ལ། དགུང་ཟས་ཟོས་རྗེས་ཨ་ཕས་ཁང་པའི་ནང་དུ་འདྲ་པར་སྐོར་ཞིག་འཁྱེར་ཡོང་སྟེ། ལྐོག་ལྐོག་སུད་སུད་ཀྱིས་ང་ཚོ་ལ་བསྟན། དེ་ནི་ཁོང་གིས་མ་གཞི་བཟོ་ཚོགས་ཀྲུའུ་ཞིའི་པར་ལེན་འཕྲུལ་ཆས་གཡར་ནས་ལམ་བར་དུ་བླངས་པ་རྐྱང་རྐྱང་ཡིན། འདྲ་པར་ལས་མང་ཤོས་ནི་གཞུང་ལམ་གཟིགས་བྱང་ཡིན་ལ། ཧྭས་ཅུའུ།པེ་ཧྲ། ལི་ཚུང་། ལེ་ཡང་སོགས་ས་མིང་ལ་ཤས་ཤིག་ང་ཚོས་ཐོས་ཀྱང་མ་མྱོང་བ་ཤ་སྟག་ཏུ་འདུག་ཅིང་། ཀུའེ་ལིན། ཁྲང་ཧྲ། བུའུ་ཁྲང་སོགས་ས་མིང་ཐོས་མྱོང་བ་ཡང་འགའ་ཤས་ཡོད། གནམ་རྒན་མ། ད་དུང་ཧུ་ལིན་རི་བོ་ཡང་ཡོད། ཕུ་བོས་ཡིན་མདོག་གིས“སྤོབས་སེམས་ཆེན་པོས་དམག་འཁོར་ལ་བསྡད་དེ། །ཧུ་ལིན་རི་བོ་བདེ་མོ་ཐང་དུ་སྙོམས། །བཀྲེས་ཚེ་དགྲ་བོའི་ཤ་ཆེན་ཚ་བོ་གསོལ། །ལྟོགས་ན་ཁྲག་ཆུ་དྲོན་མོ་ཧུབ་ཀྱིས་འཐུང་། །མེས་པོའི་རི་ཆུ་བདག་ལ་སླར་ཐོབ་སྟེ། །རྒྱལ་ཁའི་གཏམ་སྙན་སྒྲོག་ལ་ཉན་ཞིང་སྒུག །”ཅེས་སྙན་ཚིག་འདི་བློར་གྱེར། ཨ་ཕས་ཕུ་བོར་བལྟ་ཞོར་བསྟོད་ར་བྱས་པས། མིག་མདངས་དེས་ང་ནི་ཕྲག་དོག་གི་རྦ་རླབས་འཕྱུར་ཏུ་བཅུག ཨ་མ་ཡང་ཡོང་སྟེ་འདྲ་པར་རེ་རེའི་སྟེང་གི་ས་ཆ་ངོས་འཛིན་བྱས། འདྲ་པར་གཅིག་ཕར་བསློགས་རྗེས། ཉིན་ཞ་མི་དམངས་ཀྱིས་ཁྱེད་ལ་དགའ་བསུ་ཞུ་ཞེས་པའི་ལམ་འགྲམ་གྱི་སྦྱར་བྱང་ཅན་གྱི་པར་ཞིག་མཐོང་བྱུང་། མོ་ཡུད་ཙམ་ལ་སེམས་འགུལ་ཐེབས་ཤིང་། འདི་ནི་ཉིན་ཞ་ཡིན་ནམ་ཞེས་བཤད། མ་གཞི་མོ་སློབ་གྲྭར་ཞུགས་དུས་ཀྱི་འདུག་གྲོགས་བཟང་པོ་ཞིག་ཡོད་པ་དེ། ལོ་གཅིག་བསྡད་རྗེས་ཨ་ཕ་དང་འགྲོགས་ཏེ་ཉིན་ཞ་རུ་ལོག་པས། དེ་ནས་བཟུང་མོའི་སློབ་གྲོགས་དེ་ཞི་པོ་ལི་ཡ་ལྟ་བུའི་ཐག་རིང་ཞིག་ལ་སོང་བ་དང་འདྲ་བར་གར་སོང་འདིར་འདུག་གི་གཏམ་ཅི་ཡང་མ་ཐོས། རྒྱུ་མཚན་དེའི་དབང་གིས།མོ་ལ་ཉིན་ཞ་ཟེར་བའི་ས་མིང་འདིར་བག་ཆགས་ཟབ་མོ་བཞག་ཡོད། ཨ་མས་འདུག་གྲོགས་བཟང་པོ་དེར་འཕྲད་པ་ལྟ་བུའི་སྤྲོ་སྣང་གིས་ཁེངས། རྗེས་སུ་ངས་དཔེ་ཆ་ལས་ཕུ་བོས་གྱེར་བའི་སྙན་ཚིག་དེ་རྙེད་ཅིང་། སེམས་མི་སྐྱིད་པ་ཞིག་བྱུང་། ཧུ་ལིན་རི་བོ་ནི་སྤྱིར་བཏང་གི་རི་བོ་ཞིག་མིན་ཏེ། དུས་དེར་མི་གཅིག་གིས་ཀྱང་མ་ཤེས་ཤིང་། ཐ་ན་རླངས་འཁོར་བསྐོར་ཏེ་ཧུ་ལིན་རི་བོ་དངོས་སུ་བརྒྱུད་མྱོང་བའི་ཨ་ཕས་ཀྱང་མི་ཤེས་པར་འདུག་པས། དོན་གྱིས་ཨ་ཕ་ཡང་འདྲ་པར་སྟེང་གི་ས་ཆ་འདི་དག་ལ་སོང་མྱོང་ངམ།
        རིམ་བཞིན་འདྲ་པར་སྟེང་གི་གཞུང་ལམ་འགྲམ་གྱི་སྦྱར་བྱང་དག་ལ་སྤྲོ་བ་མེད་པར་གྱུར་ཅིང་། ཨ་ཕ་ལ་ཡུལ་ལྗོངས་བླངས་པའི་འདྲ་པར་ལ་བལྟ་བར་སྐུལ་མ་བྱས་སྟབས། ཁོང་གིས་ཀྱང་འདྲ་པར་སྐོར་ཞིག་འཁྱེར་ཡོང་། ངོ་མཚར་བའི་རྡོ་ཡི་རི་བོ་དང་། བརྗིད་ཆགས་པའི་སྦྱར་སྡོང་། སྤྲོ་སྣང་ལྡན་པའི་ལྡོག་བཞུར་ཆུ་བོ། ད་དུང་མི་འགྱངས་པར་རིའི་ཕག་ཏུ་ཡལ་ལ་ཉེ་བའི་ནུབ་ཁའི་ཉི་མ་སོགས་ཨ་ཕའི་པར་ལེན་གྱི་ནུས་རྩལ་དེ་འདྲ་མི་ལེགས་ཀྱང་། བརྙན་མིག་ནང་དུ་ཤོང་དཀའ་བའི་སྐད་ཅིག་མའི་མཛེས་སྡུག་མཐའ་དག་བསྡུས་འདུག དུས་དེར་ཨ་ཕ་ལོགས་སུ་བསྡད་ནས་ང་ཚོར་གསལ་བཤད་བྱས་ཤིང་། འདྲ་པར་ལས་མཛུབ་སྟོན་བྱང་བུ་ཡོད་ཚེ། ཨ་ཕས་དེ་ལས་ལྷག་པའི་གསོན་ཉམས་ལྡན་པ་ཞིག་བཤད་ངེས།
        ཨ་ཕས་བླངས་པའི་འདྲ་པར་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། པར་བླངས་པའང་ཇེ་ཡག་ནས་ཇེ་ཡག་རེད། ཁོང་ལམ་བར་གྱི་ཡུལ་ལྗོངས་ཀྱི་ཡིད་སེམས་དབང་མེད་དུ་བཀུག འདྲ་པར་དེའི་རྐྱེན་གྱིས། ང་ཚོ་ཨ་ཕའི་རླངས་འཁོར་དུ་བསྡད་ཚེ།ད་གཟོད་ཁོང་སོང་མྱོང་བའི་ས་ཆ་ལ་ཐོན་པ་དང་། ཁོང་གིས་མཐོང་བའི་ཡུལ་ལྗོངས་མཐའ་དག་དངོས་སུ་མཐོང་བ་ལྟ་བུའི་ཚོར་སྣང་སྐྱེས་པས། ཨ་ཕ་ནི་རྒྱང་རིང་གི་ནག་ཐིག་དེ་མིན་པའི་སྣང་བ་སྐྱེས།
        ང་ཚོས་ལམ་བར་གྱི་ཨ་ཕ་སེམས་ལ་ཡང་ཡང་དྲན་ཞིང་། སྲང་ལམ་གྱི་རླངས་འཁོར་དག་མཐོང་ཚེ། ཡིད་ལ་ཐེངས་འདིར་ཡང་ཨ་ཕས་འདྲ་པར་ཇི་འདྲ་ཞིག་བླངས་ཡོང་བར་བསམ་ཞིང་། དུས་ཚོད་ནི་འགྲོས་དལ་བའི་འབུ་སྐྱོགས་དང་འདྲ། ཉིན་དེར་ཨ་ཕ་ཕྱིར་སླེབས་བྱུང་། གདོང་ལ་ཡིད་ཕམ་པའི་མདངས་ཤིག་མངོན་ཞིང་། སྐད་ཆ་ཅི་ཡང་མི་བཤད་པར་ཇ་རྔམ་འཐུང་བྱས། མཁའ་དབུགས་ཧ་ཅང་གཟབ་ནན་ཡིན་པས། ང་དང་ཕུ་བོ་གཉིས་ཀྱིས་འུར་རྒྱག་བཞིན་འདྲ་པར་ལ་བལྟ་བར་སྐུལ་མ་བྱེད་མ་ཕོད། ཨ་མ་སེམས་ཤིན་ཏུ་སྡུག་ཅིང་། “ཨ་ཅིའུ། སྡོད་མི་ཉན། རྗེས་སུ་དེ་ལྟར་གཏན་ནས་སྡོད་མི་ཉན”མོས་སྐད་ཆ་དེ་ཡང་དང་བསྐྱར་དུ་བཤད། ཨ་ཕས་ཀྱང་ཁ་རྩོད་ཅི་ཡང་མི་བྱེད་པར་མགོ་བོ་སྒུར་ཏེ། “རེད་ཡ།དངོས་གནས་སྡོད་མི་ཉན། རྗེས་ཕྱོགས་གཏན་ནས་སྡོད་མི་ཉན” ཨ་མས་བཤད་པའི་སྐད་ཆ་དེ་བསྐྱར་བཤད་བྱས། མ་གཞི་ཨ་ཕ་ཐེངས་འདིར་ཀུའེ་ཀྲིག་ལིག་ཕན་ཧྲུའེ་ཕན་ཧྲན་རི་བོའི་གཞུང་ལམ་དུ་བསྐྱོད་ཅིང་། དེར་ཆར་འབབ་མཚམས་བཞག་མ་ཐག་ཡིན་པས། རི་དང་རི་བོའི་བར་ལ་འཇའ་ཚོན་སྣ་ལྔའི་དར་གྱི་ཤམ་བུས་སྦྲེལ་བ་ལོ་གསར་རི་མོ་དང་འདྲ་བར་མཛེས་ཤིང་སྡུག ཁོང་གིས་མཚར་སྡུག་གི་འཇའ་ཚོན་འདི་པར་ལེན་ཆེད་རླངས་འཁོར་བཞག་ཅིང་། པར་ལེན་འཕྲུལ་ཆས་བསྣམས་ནས་ལམ་འགྲམ་དུ་སོང་སྟེ་པར་བླངས། བསམ་ཡུལ་ལས་འདས་པ་ཞིག་ལ། ཨ་ཕས་རླངས་འཁོར་དཀྱོགས་ལམ་ཞིག་ཏུ་བཞག་པ་ཟོང་སྐྱེལ་རླངས་འཁོར་ཞིག་ལམ་གྱི་ཁུགས་སོ་ནས་བུད་ཅིང་། ཨ་ཕའི་རླངས་འཁོར་མཐོང་ཡང་འཁོར་བཀག་གནོན་དབང་མེད་པར་ཨ་ཕའི་རླངས་འཁོར་དང་གདོང་གཏུགས་བྱུང་སྟེ། ཟོང་སྐྱེལ་རླངས་འཁོར་མགོ་རྟིང་བསློགས་པ་དང་། ཨ་ཕའི་རླངས་འཁོར་ནང་གི་ཟོང་དངོས་དག་གང་སར་གཡུགས། སྟབས་ལེགས་པ་ཞིག་ལ་མིར་སྐྱོན་མི་འདུག ཨ་ཕར་བཟོ་གྲྭའི་སྒྲིག་ལམ་ལྟར་ཆད་པ་བཅད་པ་མ་ཟད། ད་དུང་ཟོང་དངོས་ལ་གྱོང་གུད་བཟོས་པར་ཁ་གསབ་བྱེད་དུ་བཅུག
        དེ་ནས་བཟུང་ཨ་ཕས་རླངས་འཁོར་ལམ་འགྲམ་དུ་བཞག་སྟེ་འདྲ་པར་བླངས་མ་མྱོང་། ས་ཁྲ་དང་མཚུངས་པའི་འདྲ་པར་དེ་དག་དུས་ཡུན་གང་འཚམ་ཞིག་ལ་བདག་གིས་དཔེ་ཆའི་བར་ཤོག་འཛར་གྱི་ཚབ་ཏུ་བཞག་མྱོང་།
        ཨ་ཕས་འདྲུད་འཐེན་འཁོར་ལོ་འདི་ཉིད་དྲུད་དེ་དུས་རབས་གསར་བར་སླེབས་བྱུང་། སྟབས་ལེགས་པ་ཞིག་ལ།ང་ཚོས་ཀྱང་ཁོག་དཔུང་འཆོར་དུ་མ་བཅུག་པར་ཕུ་བོ་རྩིས་ཚན་གྱི་གཙོ་གནད་སློབ་ཆེན་ཞིག་ཏུ་འགྲོ་ཐུབ་པར་གྱུར་ཅིང་། སློབ་མཐར་ཕྱིན་རྗེས་སྙན་གྲགས་ཆེ་བའི་དངུལ་འཛིན་ཀུང་ཟི་ཞིག་ཏུ་ལས་ཀ་གཉེར། ཁོས་ང་རྒྱལ་གྱི་སྒོ་ནས་ཨ་ཕ་ལ། ང་ཡང་ཁྱོད་དང་འདྲ་བར་ཁ་ལོ་སྒྱུར་བྱེད་ལ་འཇུ་མཁན་ཞིག་ཡིན། ངའི་ལག་པ་ཐེངས་གཅིག་འཁོར་ན། སྒོར་དུང་ཕྱུར་ཡན་ངའི་ལག་ཏུ་ཕར་གཏོང་ཚུར་འོང་བྱེད་ཅེས་བཤད། ཕུ་བོ་ནི་མིང་གྲགས་ཆེ་བའི་དངུལ་འཛིན་ལས་ཀ་གཉེར་མཁན་ཞིག་ཏུ་གྱུར་ཅིང་སྒོར་མོ་མང་པོ་བཙལ་ཏེ། མིས་བཟོས་གཙང་པོའི་འགྲམ་དུ་ཨ་ཕ་ལ་ཁང་བ་ཞིག་ཉོ་ཐུབ་པ་བྱུང་། ངས་ནི་རིག་ཚན་བསླབས་ཏེ་ཚགས་པར་ཁང་ཞིག་ཏུ་ལས་ཀ་རེག་པས། དྲག་པ་ལས་ཞན་ཡང་། ཞན་པ་ལས་དྲག་པ་ལྟར་སྣང་། མི་ཚེ་འདིའི་རླངས་འཁོར་ཐོག་མ་ཉོས་པའི་ཉིན་དེར། ཁ་ལོ་བ་རྒན་པར་གྱུར་པའི་ཨ་ཕ་ཆེད་དུ་གདན་འདྲེན་ཞུས་ནས་ཁ་ལོ་བའི་ལོགས་སུ་འདུག་ཏུ་བཅུག དུས་དེར་ཨ་ཕས་ལས་འཁྱུར་ངལ་གསོ་བྱས་ཡོད་ཅིང་། དུས་ཚོད་ལ་བལྟས་ཏེ་ལྟོས་བཅས་འགུལ་སྐྱོད་བྱེད་ཅིང་། ཁོང་གི་བསམ་པར་དུས་ཚོད་ནི་འདས་སོང་ལས་ཤིན་ཏུ་མགྱོགས་ལ། བསྐྱར་དུ་བཅོས་སྒྲིག་བྱས་རྗེས་མྱུར་ཚད་མགྱོགས་པའི་རླངས་འཁོར་ཞིག་དང་འདྲ། ངེད་གཉིས་ཐད་ཀར་མཁར་བྱང་ཕྱོགས་སུ་བསྐྱོད་དེ་གསར་དུ་ལས་པའི་མྱུར་བགྲོད་གཞུང་ལམ་དུ་ཞུགས། ཨ་ཕ་ཐོག་མར་རླངས་འཁོར་ལ་དེ་འདྲའི་སེམས་མི་བདེ་བར་ངའི་རྐང་འོག་ཏུ་ཡང་ཡང་བལྟ་བར་བྱེད་ཅིང་། ཕལ་ཆེར་ངས་སྣུམ་སྒོ་དང་འཁོག་བཀག་གཉིས་ནོར་འགྲོ་བར་སྐྲག་པ་འདྲ། མྱུར་བགྲོད་གཞུང་ལམ་སྟེང་ཡུད་ཙམ་ལ་བསྐྱོད་རྗེས་ཨ་ཕ་ད་གཟོད་དགའ་སྣང་ཅུང་ཟད་སྐྱེས་ཤིང་། ཁོང་གིས་ཁྱོད་ཀྱིས་འདི་ལྟར་རླངས་འཁོར་བསྐོར་ཚེ། དངོས་གནས་མོ་དང་འདྲ་སོང་ཟེར། ང་ཡུད་ཙམ་ལ་ཧོན་ཐོར་ཞིང་། ད་གཟོད་ཁོང་གིས་བཤད་པའི་བུད་མེད་དེ་ནི་སི་ཁྲོན་བུ་མོ་ཡིན་པ་ཤེས། དེས་རླངས་འཁོར་ཚུལ་ལྡན་ཞིག་གཏན་ནས་མི་བསྐོར། ཏག་ཏག་ཁྱོད་ཀྱིས་བསྐོར་བ་ལྟར་འཁོར་ལམ་འདིའི་ནང་ནས་ཕ་རོལ་གྱི་ནང་དུ་བརྟོལ་ཞིང་། ང་མོས་རྗེས་སུ་བཏུད་དུས་མོའི་རླངས་འཁོར་ཕར་འཁྱོག་ཚར་འཁྱོག་བྱེད་ཅིང་འཇིགས་སུ་རུང་བ་ཞིག་རེད་ཟེར། ཨ་ཕས་བུད་མེད་དེ་དང་འཕྲད་ཚེ་རྗེས་ཆོད་དུ་བཅུག་རྗེས། མོ་ལ་རླངས་འཁོར་འདི་ལྟར་བསྐོར་ན་ཉེན་ཁ་ཤིན་ཏུ་ཆེ། ད་ཅི་རླངས་འཁོར་སྔོན་ལ་འབུད་དུས་ཅུང་ཙམ་མིན་ན་ངའི་རླངས་འཁོར་ལ་གདོང་གཏུགས་བྱུང་ཞེས་མོ་ལ་ཁ་ཏ་ཞིག་བྱེད་འདོད་མོད། བུད་མེད་དེས་ཨ་ཕ་རྗེས་ཆོད་དུ་མ་བཅུག་པ་སུས་ཤེས། “ངའི་མིག་མདུན་དུ་རྐུབ་གཡས་གཅུས་གཡོན་གཅུས་བྱས”ཨ་ཕ་གང་ཡིན་འདི་ཡིན་མེད་པར་དགོད་ཙམ་བྱས། བུད་མེད་དེའམ་དེའི་རླངས་འཁོར་གྱི་རྐུབ་དྲན་པ་སུས་ཤེས། ཨ་ཕས་བསམ་གཟས་ནས་རྗེས་མ་བཏང་བར་ལམ་རིང་བོར་འགྲོགས་ནས་ཡོང་ཞིང་། བུད་མེད་དེས་ཀྱང་ཨ་ཕས་ལམ་ཐག་རིང་བོར་བསྐྱུར་མི་ཐུབ་པ་ཤེས་ཏེ། བར་ཐག་ལན་རེར་རིང་ལ་ལན་རེར་ཐུང་དུ་བཅུག་ནས་མགྲོན་ཁང་ཞིག་ཏུ་ཐོན། ཁོ་གཉིས་ཀྱིས་མཉམ་དུ་ཟ་མ་ཟོས་རྗེས་ཕལ་ཆེར་ལམ་ཐག་རིང་བོ་བརྒྱུད་ནས་ཕན་ཚུན་ངོ་ཤེས་ལྟ་བུར་གྱུར་ཅིང་། རྗེས་སུ་མཉམ་དུ་ཆང་འཐུང་ཞིང་དགའ་སྣང་གིས་བཟི་བེར་བེར་དུ་གྱུར། ཆང་ཕོར་གང་རེ་འཐུང་བའི་ཚད་ནི་རླངས་འཁོར་གྱི་མྱུར་རིམ་དང་པོ་དང་། གཉིས་པ། གསུམ་པར་བཞག་པ་དང་འདྲ་བར་མགྱོགས་མྱུར་གྱིས་མཇུག་མཐའི་གནས་དེར་སླེབས་པར་གྱུར།
        ངས་བསམ་ན་ཨ་ཕ་བུད་མེད་དེར་དགའ་དྲགས་ཤིང་། ཁ་བ་ལྷབ་ལྷུབ་འབབ་པའི་མཚན་མོ་དེར་བུད་མེད་དེ་ཨ་ཕའི་རྗེས་འབྲངས་ཏེ་རྡོ་གཅལ་དམར་པོའི་སྲང་ལམ་དུ་འོངས་ཤིང་། ས་གཞི་འགད་ལ་ཁད་ཀྱི་རླངས་འཁོར་གྱི་དུང་སྒྲ་དྲག་པོ་བསྒྲགས། ཨ་མས་དེ་ནི་ཁ་བའི་ཁྲོད་དུ་ངར་སྐད་དྲག་པོ་སྒྲོག་ཞོར་འགྲེ་ལྡོག་རྒྱག་པའི་སྟག་མོ་ཞིག་དང་འདྲ་ཟེར།
        ཨ་ཕས་ཨ་མའི་མདུན་དུ་མོ་འཇིག་རྟེན་དཀར་ངོགས་འདི་དང་བྲལ་ན་མ་གཏོགས་བུད་མེད་དེ་དང་མི་འཕྲད་པའི་དམ་བཅའ་བཞག་མྱོང་། འོན་ཀྱང་ཨ་མ་འདས་རེག་བར་ཨ་ཕས་བུད་མེད་དེར་འབྲེལ་བ་གཏན་ནས་བྱས་མ་མྱོང་། ཁོང་གིས་ལོ་རྒྱུས་ནི་ཕྱིར་ལྡོག་ག་ལ་ཉན་ཟེར།
       
        ཨ་ཕས་མི་ཚེ་གང་བོར་རླངས་འཁོར་བསྐོར་ཞིང་། དེ་ལས་གཞན་པའི་དགའ་ཕྱོགས་ཤིག་མེད། ཨ་མ་འདས་རྗེས་ཁོང་གཅིག་པུས་ཚེ་མཇུག་གི་འཚོ་བ་རོལ་ཞིང་། ང་ཚོས་ཨ་ཕར་ལས་ཀ་གཞན་ཞིག་སློབ་པར་བསྐུལ་མོད། ཁོང་ལ་དགའ་སྣང་མེད་པས། རྗེས་སུ་ཕུ་བོས་ཨ་ཕ་དེ་སྔར་པར་ལེན་པར་དགའ་བ་རྒྱུ་མཚན་དུ་བྱས་ནས་ཁོང་ལ་སྟབས་བདེའི་ལའེ་ཁཱ་པར་ལེན་འཕྲུལ་ཆས་ཤིག་ཉོས། ཨ་ཕས་པར་ལེན་འཕྲུལ་ཆས་བཟུང་ནས་མིས་བཟོས་གཙང་པོའི་ངོགས་ཀུན་ཉུལ་ཞིང་། རྒྱང་རིང་གི་ལྗོངས་རྣམ་དག་པར་རྩལ་ལས་ཉེ་བའི་ལྗོངས་རྣམ་དུ་བསྒྱུར་ལ། ནམ་མཁའི་སྤྲིན་ཕུང་སིལ་བུར་གཏོར་བ་དང་། མེ་ཏོག་གི་འདབ་མ་སོ་སོར་འབྱེད་པ། མིས་བཟོས་གཙང་པོ་ཐིག་སྐུད་གཅིག་ཏུ་བརྒྱུས་པ་སོགས་པར་སྣ་ཚོགས་བླངས། དེ་ལྟར་ལོ་ཕྱེད་མ་འགོར་ཙམ་ལ། ཨ་ཕས་བརྙན་མིག་ལས་མཐོང་བའི་འཇིག་རྟེན་ནི་ཤའི་མིག་གིས་མཐོང་བའི་འཇིག་རྟེན་དང་ཁྱད་པར་ཅི་ཡང་མེད་པ་གསར་དུ་རྟོགས་རྗེས། ལའེ་ཁཱ་པར་ལེན་འཕྲུལ་ཆས་དེ་ཆ་སྒམ་དུ་བཅུག
        ཁོང་དགུང་ལོ་དྲུག་ཅུར་བུད་པའི་ལོ་དེར། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་སྒལ་རུས་གསར་སྐྱེས་ཀྱི་ནད་བརྟག་ངོས་འཛིན་བྱས་ཤིང་། དུས་ཡུན་རིང་བོར་ཁ་ལོ་བའི་འདུག་སྟེགས་སུ་བསྡད་པའི་ལས་རིགས་ཀྱི་ནད་ཡིན་ཏེ། ཚེ་མཇུག་ལ་ཇེ་ལྕིར་སོང་ནས་དབང་རྩ་མནན་པས་རྣ་བ་དང་། རྐང་བ་གཉིས་སྦྲིད་པ་སོགས་ཀྱི་ནད་རྟགས་བྱུང་། སྨན་པས་ཨ་ཕར་ལྡོག་བསྐྱོད་ལ་ཚོད་ལྟ་བྱེད་པར་བསྐུལ་ལ། དེ་ལྟར་བྱས་ན་སྒལ་རུས་སྦྱོང་བརྡར་དང་། ན་ཟུག་ཇེ་ཡང་དུ་གཏོང་ཐུབ། ཨ་ཕ་དེ་མུར་སྦྱོར་བརྡར་དེ་ལ་དགའ་བར་གྱུར་ཅིང་། སྦྱངས་པ་ཡང་ཤིན་ཏུ་བཟང་། ལག་པ་གཉིས་ཁུ་ཚར་བཅིངས་ཤིང་དཔུང་བ་སྔ་གཞུག་ཏུ་གཡུག་པ་ནི། ཁོང་གིས་མདུན་དུ་རླངས་འཁོར་ཁ་ལོ་སྒྱུར་བྱེད་བཞག་སྟེ་སྟེང་འོག་ཏུ་བསྐོར་ཞིང་། རླངས་འཁོར་གྱི་སྒྲ་གྲག་པ་དང་མཉམ་དུ་སྒྱིད་པ་གཉིས་རིམ་བཞིན་རྗེས་ཕྱོགས་སུ་ནུར་བ་དང་འདྲ། ཨ་ཕ་ལྡོག་བསྐྱོད་ལ་ཅུང་བྱང་བར་གྱུར་ཞིང་། གཡས་གཡོན་ནས་སྔོན་དུ་འགྲོ་མཁན་ལ་གདོང་གཏུགས་མི་རྒྱག་པར་མ་ཟད། རྗེས་ཕྱོགས་ཀྱི་སྡོང་བོ་དང་། མེ་ཏོག ལན་ཀན་སོགས་ལའང་མི་ཐོགས་པར་འགྲོ་ཐུབ་པ་ནི་ཁོང་གི་གཡས་གཡོན་གཉིས་སུ་རྒྱབ་མཐོང་མེ་ལོང་དང་། རྒྱབ་ཏུ་གཟུགས་བརྙན་རེག་བརྡ་སྤྲད་དེ་ཉེན་བརྡ་གྲགས་ཞོར་དུ། “རླངས་འཁོར་ཕྱིར་བསྣུར་བྱེད་བཞིན་ཡོད་པས། སེམས་ཆུང་བྱོས”ཞེས་ཉེན་བརྡ་གཏོང་བ་ཡང་འདྲ་བྱུང་། ཨ་ཕས་ཉིན་རེར་མགོ་འཛུགས་ས་དང་མཇུག་རྫོགས་ས་ཞིག་གཏན་འཁེལ་གནང་ཡོད་དེ། འབྲས་ཞིང་ར་བ་གཞིས་ཁུལ་ནས་མགོ་བརྩམས་ཤིང་། ཆུ་རགས་ཀྱི་འགྲམ་བརྒྱུད་དེ་ཧུང་ཁྲིན་ཟམ་རྟིང་ནས་ཕྱིར་འཁོར་བར་བྱེད། ཤར་ཕྱོགས་སུ་བཞུར་བའི་མིས་བཟོས་གཙང་པོ་ལ་ལྟོས་ཏེ། ཨ་ཕ་དྲང་ལྡོག་གཉིས་ཀྱིས་ཐེངས་རེར་སོང་སྟེ། དུས་ཚོད་ལྟར་སྨན་འཐུང་བ་བཞིན་ཉིན་རེར་ཐེངས་གཉིས་ལ་འགྲོ། འདི་ལྟར་མགོ་འཛུགས་ས་དང་མཇུག་རྫོགས་ས་ངེས་ཅན་ཞིག་ཡོད་པའི་སྦྱོང་བརྡར་འདིས་ཁོང་ལ་ལས་ཚོགས་སུ་ཞུགས་པ་ལྟ་བུའི་ཚོར་སྣང་སྦྱིན་ཞིང་། ཐེངས་གཅིག་ཆད་ཀྱང་ལུས་ཡོངས་རྫོགས་ལ་མི་བདེ་བའི་སྣང་བ་ཞིག་སྐྱེས་པར་བྱེད།
        ཨ་ཕ་དེ་ལྟར་ལྡོག་བསྐྱོད་ཀྱི་ནུས་པ་ཉིན་རེར་ཇེ་མཐོ་རུ་སོང་སྟེ། བུལ་འགྲོས་ཀྱིས་རྒྱུགས་པའི་མི་དག་དང་མཉམ་ཞིང་། ཁོང་ནི་རླངས་འཁོར་མང་པོ་ལས་ལྡོག་བསྐྱོད་བྱེད་པའི་རླངས་འཁོར་དང་འདྲ་བར་མི་རྣམས་ཀྱིས་གཟུར་བ་དང་། ཟུར་མིག་གིས་བལྟ་ལ། ཨ་ཕས་མི་དག་ཐག་རིང་ལ་བསྐྱུར་བའི་བར་དུ་བྱམས་བརྩེ་ཅན་ལ་འཛུམ་དཀར་སྟོན་ཞིང་། འཁང་ར་བྱེད་མཁན་དག་ལ་མིག་ཅེ་རེར་བལྟས། ཐེངས་ཤིག ལག་པ་གཡུག་ཚད་ཅུང་ཆེ་བས་ཕོ་གསར་ཞིག་གི་རྒྱབ་ལ་ཕོག ཕོ་གསར་དེས་འགྲོ་མཚམས་བཞག་སྟེ་ཨ་ཕར་སྡང་མིག་ཆེས་ཆེར་བགྲད་ཅིང་། ཁ་ནས་ཚིག་ལོག་འགའ་བཤད་མོད། ཨ་ཕ་ཁོས་སྔོན་ལ་བུད་རྗེས་ཕོ་གསར་ལ་ཁ་གཏད་དེ་འགྲོ་ཞོར་དུ་དགོངས་དག་ཞུས། ཕོ་གསར་དེས་ཨ་ཕ་ལྡོག་བསྐྱོད་བྱེད་པ་ཤིན་ཏུ་མྱུར་བའི་ཚུལ་ལ་བལྟས་ནས་དེ་མུར་དགའ་བའི་རྣམ་འགྱུར་སྟོན། ཁོས་ལག་པས་ལོགས་ཀྱི་འགྲོ་རོགས་བུ་མོ་དེར་བརྒྱབ་ཅིང་ཨ་ཕ་འགྲོ་བའི་རྣམ་པ་བསྟན་ནས་དགོད་ཁ་ཤོར། ཨ་ཕའི་མིག་ལམ་དུ་ན་གཞོན་ཕོ་མོ་གཉིས་རིམ་གྱིས་ཁོང་དང་ཐག་རིང་དུ་གྱེས་ཏེ་མཇུག་མཐར་ནག་ཐིག་གཉིས་སུ་གྱུར། ཨ་ཕས་མ་གཞི་རྒྱབ་མཐོང་མེ་ལོང་ནང་གི་ནག་ཐིག་ནི་འདི་ལྟར་བྱུང་བ་ད་གཟོད་ཤེས། ཇི་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་ཟེར།
        ཨ་ཕ་ལྡོག་བསྐྱོད་བྱས་ཏེ་སྤྲོ་སྣང་ལྡན་པའི་བྱ་བ་མང་པོར་འཕྲད། སྙིང་དུ་སྡུག་པའི་སྐྱེས་མ་དེས་བྱིས་པ་ཞིག་ནགས་རྫོབ་ཏུ་འཁྲིད་ཅིང་། ཅུང་མ་འགོར་བར་བྱིས་པའི་ངུ་སྐད་ལྷང་ལྷང་དུ་གྲག ཨ་ཕས་སྐྱེས་མ་དེས་བྱིས་པའི་རྣ་བ་གཅུ་བ་དང་། ལས་བྱ་འབྲི་དེབ་བྱིས་པའི་ལག་ཏུ་བཙན་གྱིས་འཇོག་པ་སོགས་བྱིས་པར་བསླབ་བྱ་གཏོང་བའི་ཚུལ་རྣམས་གསལ་བོར་མཐོང་། ཁོང་ཁྲོ་ལངས་པའི་བུ་མོ་དེའི་རྗེས་སུ་བཏུད་པའི་ན་གཞོན་དེས་བྱ་ཐབས་ཟད་ཅིང་ཁྲོ་བ་སངས་པའི་ཐབས་སུ་ལག་པ་ཐེངས་གང་མང་ལ་བཀྱགས་ནས་བུ་མོའི་ལྟག་པར་རྒྱག་ཁུལ་བྱེད་པ་དང་། རྒན་རྒོན་དེ་གཉིས་བསམ་གཟས་ནས་དལ་བུར་ཞོགས་སྦྱང་རུ་ཁག་གི་རྗེས་སུ་ལུས་པར་བྱས་ཏེ་ཁ་རོག་གེར་ལག་ཟུང་སྦྲེལ་བའི་རྣམ་པ། འགྲུལ་ཆས་སྒམ་དྲུད་པའི་ན་གཞོན་དེའི་རྗེས་སུ་ཕོ་གསར་དར་མ་ཞིག་འབྲང་ཞིང་། ཁོས་ལག་པས་གདོང་ལ་རེག་ཙམ་རེག་ཙམ་བྱས་རྗེས་ཕར་ལྟ་ཚུར་ལྟ་བྱེད་པའི་ཚུལ། ཨ་ཕས་ལྡོག་བསྐྱོད་སྦྱོང་བརྡར་བྱས་རྗེས་སེམས་ཁམས་ཇེ་སྤྲོར་ཡོང་བར་མ་ཟད། སྒལ་རུས་ཀྱང་ཇེ་བཟང་དུ་སོང་། ཁོང་གིས་ཁ་པར་ལས། སྔོན་ནས་མི་ཞིག་གིས་འཐེན་པ་དང་འདྲ་བར་ཤེད་ཅི་ཡང་བཀོལ་མི་དགོས་ཏེ། གྱེན་དུ་འགོས་ཀྱང་རླངས་འཁོར་ལྟར་གྱི་འགྲོས་རིམ་དུ་འཇོག་མི་དགོས་ཟེར། ཁོང་གི་ལུས་ཕུང་ཇེ་བདེ་རུ་སོང་བ་མཐོང་དུས་བདག་གི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྟེར་ཞིང་། ཁོང་ལ་དྲིན་ལན་གཞལ་མ་ཐུབ་པའི་འགྱོད་སེམས་ཀྱང་ཡལ་བར་གྱུར། རགས་རྩིས་བྱས་ན། ཟླ་གཉིས་ལྷག་ལ་ཕ་ཡུལ་དུ་ལོག་སྟེ་ཁོང་ལ་སྐོར་ཞིག་ཀྱང་རྒྱག་མ་ཐུབ།
        སྟོན་ཀའི་མཚན་མོ་ཞིག་ལ། ཨ་ཕ་ལྡོག་བསྐྱོད་ཀྱིས་ཏིག་ཧྲན་ཟམ་པའི་དཀྱོགས་ལམ་གྱི་ལ་ངོས་སུ་འགྲོ་སྐབས་རླངས་འཁོར་གྱི་དོན་རྐྱེན་བྱུང་སོང་། ཁོང་གི་སྒལ་བར་དངོས་པོ་ལྕི་མོ་ཞིག་བརྡབས་པ་དང་མཉམ་དུ་རྐང་བ་ཤུད་ཅིང་། འཁོར་བཀག་གིས་བཟུང་བ་མིན་ན་ཁོང་ཐང་ལ་འགྱེལ་སྲིད་པ་སྨོས་མ་དགོས། ཁོང་གི་རྣ་ལམ་དུ་ཨ་ཡོ་ཟེར་བའི་སྐད་ངན་ཞིག་དང་། དེ་མུར་དགོད་སྒྲ་ཞིག་ཀྱང་གསལ་ལྷང་ངེར་གྲག་ཡོང་། ཁོང་ཁ་ཕྱིར་འཁོར་ཏེ་དོན་རྐྱེན་བྱུང་སར་བལྟ་དུས་བུད་མེད་ཅིག་མ་གཏོགས་མེད་པ་མཐོང་། སྐབས་དེར་བུད་མེད་དེ་ཅི་ཡིན་འདི་ཡིན་མེད་པར་བགད་སོང་། མ་གཞི་བུད་མེད་དེ་ཡང་ཁོང་དང་འདྲ་བར་ལྡོག་བསྐྱོད་ཀྱིས་ཁོ་གཉིས་གདོང་ཐུག་བྱུང་བ་རེད།
        ཨ་ཕ་འགྲོ་མཚམས་བཞག་པ་དང་། མོས་ཀྱང་འགྲོ་མཚམས་བཞག་སྟེ་དོན་རྐྱེན་འབྱུང་རྐྱེན་ལ་སུས་ཀྱང་རྩད་མི་གཅོད་པར་ཕན་ཚུན་ལ་དགོངས་དག་ཞུས། བུད་མེད་དེ་དང་མཉམ་དུ་མིས་བཟོས་གཙང་བོའི་འགྲམ་གྱི་རྐུབ་སྟེགས་རིང་བོའི་སྟེང་བསྡད་དེ། “ལྡོག་བསྐྱོད་ཀྱི་ཉམས་མྱོང་སོགས་ལབ་གླེང་བྱས། དེ་ནས་བཟུང་ཁོ་གཉིས་རྒྱུན་དུ་ཏིག་ཧྲན་ཟམ་པའི་འོག་གི་རྐུབ་སྟེགས་རིང་བོ་ཡོད་ས་དེ་རུ་ལྷན་དུ་འཛོམས་ཤིང་། ལན་རེར་ཁོ་གཉིས་མཉམ་དུ་ལྡོག་བསྐྱོད་ཀྱིས་ཝུའུ་ལིན་མིན་ནམ་ཧུང་ཀྲིན་ཟམ་པའི་བར་དུ་བསྐྱོད་དེ། རུས་ཀྲའོ་ཅན་གྱི་བུད་མེད་དེས་ཀུ་རེའི་ཚུལ་དུ་ཁོང་ལ་“བོང་བུ་དང་འདྲ་བའི་ལམ་གྲོགས”ཞེས་འབོད་ཅིང་། ཨ་ཕས་ཐོག་དང་པོར་བདག་ལ་དེ་ལྟར་བཤད་དུས། བུད་མེད་ཀྲའོ་ནི་དར་མ་ཞིག་ཡིན་པར་འདོད། དོན་ངོ་མས་བཤད་ན་ཨ་ཕ་དེ་ལྟར་ཁེར་རྐྱང་དུ་སྡོད་པས། ཁོང་གིས་འདུག་རོགས་ལབ་རོགས་ཤིག་བཙལ་ཡང་བདག་གིས་ནི་དང་ལེན་བྱེད་ཁོ་ཐག་ཡིན།
        ཨ་ཕས་རུས་ཀྲའོ་ཅན་གྱི་བུད་མེད་དེ་ངོ་ཤེས་རྗེས། ཁོང་གི་འཚོ་བར་སྔར་ལས་མཚར་སྡུག་གིས་ཁེངས་ཤིང་། ལྷག་པར་དུ་མཚན་མོར་ཁོང་གི་ལག་པས་བརྙན་འཕྲིན་གྱི་རྒྱང་བསྒྱུར་བསྐྱུར་ཏེ་རུས་ཀྲའོ་ཅན་གྱི་བུད་མེད་དེའི་ལག་པར་འཁྱུད། མིས་བཟོས་གཙང་བོའི་སྟེང་འཕྲེད་དུ་བཅད་པའི་ཁྲའོ་ཝང་ཟམ་པའི་འོག་གི་ཆུ་རགས་ཀྱི་སྣེ་དེར་མིང་ལ་ཆུ་ཤེལ་ཕོ་བྲང་ཟེར་བའི་གླུ་གར་ཁང་ཞིག་ཕྱེ་ཡོད་ཅིང་། མིས་བཟོས་གཙང་བོའི་རྒྱུད་དུ“བགྲེས་ཉམས་དོད་པའི”གླུ་གར་ཁང་ཞིག་ཡིན། ཉིན་མོར་གཙང་འགྲམ་དུ་སྦྱོང་བརྡར་བྱེད་པའི་རྒན་རྒོན་རྣམས་མཚན་མོ་སླེབས་དུས། ཞབས་བྲོ་འཁྲབ་རོགས་འཁྲིད་དེ་གླུ་གར་ཁང་འདིར་ཡོང་ནས་དགའ་སྐྱིད་ལ་རོལ་བར་བྱེད། བུད་མེད་ཀྲའོ་ཡིས་ཨ་ཕ་འཁྲིད་དེ“ཆུ་ཤེལ་ཕོ་བྲང”དུ་ཞབས་བྲོ་འཁྲབ་ཏུ་འགྲོ་བར་སྤྲོ། ཐོག་མར། ཨ་ཕ་དེར་འགྲོ་མི་འདོད་ཅིང་། ཁོང་གིས་ཚེ་འདིར་ཞབས་བྲོ་ཞིག་འཁྲབ་མ་མྱོང་བས། ཞབས་བྲོ་འཁྲབ་པ་ནི་ཁོང་ལ་མཚོན་ན་དོན་དག་གསར་བ་ཞིག་ཡིན། ཁོང་གིས་རྐང་བ“སྔོན་ལ་བཞག་ཅིང་གཞུག་ལ་བསྣུར། ཕུན་ཚ་ཚ། ཕུན་ཚ་ཚ”ཞེས་འཁྲབ་མི་ཤེས་ཤིང་། ལག་པས་བུད་མེད་ཀྱི་ལག་པ་དང་རྐེད་པར་རེག་སྟེ། “གཡས་ལ་བསྐྱོད། གཡོན་དུ་འགྲོ། ཕུན་ཚ་ཚ། ཕུན་ཚ་ཚ”ཞེས་གཏན་ནས་མི་འཁྲབ། བུད་མེད་ཀྲའོ་ཡིས་གླུ་དབྱངས་ལེན་པ་ལྟར་ཚིག་འདི་དག་ཟློས་ནས་ཨ་ཕ་ལ་སྦྱོང་བརྡར་བྱེད་དུ་བཅུག མོས“ཞབས་བྲོ་ནི་ལས་སླ་མོ་ཞིག་རེད། ཕུན་ཚ་ཚ། ཕུན་ཚ་ཚ་འདི་རེད་མོ”ཞེས་ཟེར་ཞིང་། མོས་དེ་ལྟར་བཤད་ཞོར་དུ་ཨ་ཕ་ཁྲིད་དེ། སྔོན་ལ་བསྐྱོད་པ་དང་གཞུག་ལ་བསྣུར་བཞིན་ཞབས་བྲོ་འཁྲབ་བྱུང་། བུད་མེད་ཀྲའོ་ཞབས་བྲོ་འཁྲབ་ཚེ་ཡིད་དབང་འགུགས་པ་ཞིག་ཡིན་པར་ཨ་ཕས་ང་ལ་དྲང་མོར་བཤད་མྱོང་།
        བུད་མེད་ཀྲའོ་ཡིས་རང་ཉིད་ངོ་སྤྲད་པ་ལྟར་ན། མོ་ད་ལོ་ལོ་ང་དྲུག་ཡིན་ཞིང་། བུ་བུ་མོ་གཉིས་ཡོད་པ་ཕྱི་ན་འཚོ་བ་རོལ་བཞིན་ཡོད་སྟབས། མོ་ནི་མིག་སྔར་མི་ཁེར་འདུག་དང་རྟ་ཁེར་རྒྱུག་ཡིན། མོ་དང་མོའི་ཚེ་གྲོགས་ཏེ། ཚེ་གྲོགས་གླེང་འོངས་དུས་ཨ་ཕའི་སེམས་སྐྱ་མོ་སྐྱོ་བས་མནར་འགྲོ། ཐོག་མར་ཨ་ཕ་མོའི་ཚེ་གྲོགས་ལ་ཆ་རྒྱུས་དེ་འདྲ་མེད་ཅིང་། ཁོང་དང་བུད་མེད་ཀྲའོ་གཉིས་ལམ་དུ་འཕྲད་པ་ཁོ་ན་ཡིན་ཏེ། སྐབས་འདིར་ལག་པའི་ནང་ལག་པ་བཞག་ཅིང་། ལག་པ་ཡིས་རྐེད་པ་ཡི་སྐྱོར་ནས་ཞབས་བྲོ་འཁྲབ་ཀྱང་། དྭངས་གཙང་གི་ལམ་འཕྲད་ཀྱིས་མཛའ་བརྩེ་ལ་ཚོད་འཛིན་བྱས་ཡོད་མོད། ཏག་ཏག་བུད་མེད་ཀྲའོ་ནི་མོའི་ཚེ་གྲོགས་གླེང་བར་སྤྲོ་ལ། ཚེ་གྲོགས་ནི་མོའི་ཡུན་རིང་གི་གཅོང་ནད་དུ་གྱུར་ཡོད་པ་དང་འདྲ། ཁོང་ཁྲོ་ལངས་དུས་རི་བོ་བསྙིལ་བ་དང་འདྲ་ཞིང་། ཚེ་གྲོགས་གླེང་དུས་ལུས་ཀྱི་རྩ་འཐེན་པ་དང་ཡང་འདྲ། དུས་ཡུན་རིང་བོ་འགོར་རྗེས། ཨ་ཕས་རིམ་གྱིས་བུད་མེད་ཀྲའོ་མོའི་ཚེ་གྲོགས་ལ་འགྲོགས་འདོད་མེད་པ་རྟོགས་བྱུང་། མོ་ལ་གཉེན་འཐོར་གྱི་འབྱུང་གཞི་ཞིག་མ་རྙེད་པར་ཐབས་ཟད་པ་ཙམ་རེད། ཨ་ཕའི་སེམས་ནི་རྡོ་བ་དང་འདྲ་བར་མགོ་རྟིང་བསློགས། བུད་མེད་ཀྲའོ་ངོ་ཤེས་ཤིང་འབྲེལ་འདྲིས་བྱུང་བའི་ལམ་དུ། ཨ་ཕའི་ལམ་ལ་བདེ་སྡུག་མི་སྙོམས་ཤིང་། ལམ་ཧྲིལ་བོར་རྟིག་སྒྲ་དང་བཅས་མགོ་རྟིང་སློག་ཅིང་། ཨ་ཕའི་སེམས་སུ་ཚོར་བ་གཞན་ཞིག་གིས་བཅིལ་ཏེ། ཐོག་མར་བུད་མེད་ཀྲའོ་ལ་གདུང་སེམས་མཉམ་བསྐྱེད་བྱས་ཤིང་། རྗེས་སུ་བུད་མེད་ཀྲའོ་ལ་སེམས་ནས་དགའ་བར་གྱུར།
        མཚན་མོ་ཞིག་ལ། ཨ་ཕས་བུད་མེད་ཀྲའོ་ལ་དུས་ཆད་བྱས་ཏེ་ཡང་བསྐྱར་ཆུ་ཤེལ་ཕོ་བྲང་དུ་སོང་། ཇ་ཡི་རིན་གོང་ཡང་འདུས་པའི་སྒོར་བཅུའི་འཛིན་བྱང་ཉོས། ཁོང་གིས་བུད་མེད་ཀྲའོ་ཡི་ལག་པར་འཇུས་ནས་ཞབས་བྲོ་འཁྲབ། མཚན་མོ་འདིར། ཞབས་བྲོ་འཁྲབ་པ་ལེགས་ལ་ཁོང་གི་ཚོར་བ་དེ་བས་ཀྱང་ལྷག ཨ་ཕའི་ཚུགས་ཀ་ནི་ཆུ་ཤེལ་ཕོ་བྲང་ལས་རྩེ་གྲས་ཡིན་ཞིང་། ཁོང་གི་དབུ་སྐྲ་ཤུད་དེ་ཐར་ཐོར་དུ་གནས་ཀྱང་དུས་ཡུན་རིང་བོར་ལྟག་གར་ཤད་པའི་རྣམ་པ་དེ་སྔར་བཞིན་ཧ་ཅང་མཛེས་ལ། ཚུགས་འཛིན་སྐྲ་སྤྱིན་གྱིས་སྐྲ་ལོ་འོད་དུ་འཚེར་བར་བྱས། ཁོང་གིས་ཀོ་སྐགས་རིམ་པ་གཉིས་པར་བརྟོལ་ཞིང་། ཞབས་བྲོ་འཁྲབ་པའི་སྐབས་སུ་སྐེ་བསྲིངས་ཤིང་སྔོ་ལིང་ལིང་གི་གློག་སྒྲོན་འོག་མཛེས་སྡུག་ལྡན་པའི་ཉ་ཞིག་དང་ཨ་ན་མ་ན་རེད། བུད་མེད་ཀྲའོ་ནི་ཨ་ཕས་བསམ་པར་ཉམས་འགྱུར་སྟོང་ཕྲག་ལྡན་པའི་ཉ་ཞིག་དང་འདྲ་བྱུང་། 
        དབྱངས་རྟ་འགའ་འཁྲབ་རྗེས། ཁོ་གཉིས་འགྲམ་གྱི་ཅོག་ཙེ་སྒོར་སྒོར་དེའི་མཐར་བསྡད་ཅིང་ཇ་འཐུང་ཞོར་ངལ་གསོས། ཁོ་གཉིས་སྡོད་སའི་ཆུ་ཤེལ་ཕོ་བྲང་གི་སྟེང་ནི་ཟམ་པ་ཡིན་ཞིང་། རོལ་དབྱངས་གྲག་མཚམས་བཞག་པའི་སྐབས་སུ་ཟམ་ཀླད་དུ་རླངས་འཁོར་འགྲོ་བའི་སྒྲ་ཐོས་པས། རླངས་འཁོར་གྱི་འཁོར་ལོས་ཟམ་པ་སྒུལ་བ་ཚོར་ཐུབ། ཧ་ཅང་འདྲིས་ཆ་ཡོད་པའི་ཟམ་པ་སྒུལ་སྟངས་ཁྲོད། ཨ་ཕས་ངག་གི་སྒོ་མོ་ཆེར་ཕྱེ་ནས་བུད་མེད་ཀྲའོ་ལ་ཁ་གཏད་དེ། “ཁྱོད་གཉེན་འཐོར་དང་། འུ་གཉིས་ཀྱིས་ལྷན་ཅིག་ཏུ་འཚོ་བ་རོལ”ཞེས་བཤད། ཨ་ཕས་ཀླད་ཀྱི་ཟམ་པའི་སྟེང་དངོས་ཟོང་ལྕི་མོ་སྐྱེལ་བའི་རླངས་འཁོར་ཞིག་བགྲོད་པའི་ལྕིད་ཀྱིས་རང་ཉིད་ཀྱང་མར་མནན་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས། བུད་མེད་ཀྲའོ་ལགས་ཀྱིས་ཁོང་ལ་ལན་ཅི་ཡང་མི་འདེབས་པར་ཡར་ལངས་ཏེ་ཉམས་འགྱུར་ལྡན་པའི་ལག་པ་གཡོན་པ་ཚུར་བསྲིངས་ནས་ཁོང་བྲོ་འཁྲབ་པར་གདན་ཞུ་ཞུས། ཨ་ཕས་བཀག་པ་ན་བུད་མེད་ཀྲའོ་གློ་བུར་དུ་ཁ་སྐྱེངས་ཤིང་། མོས་དེ་དང་བསྟུན་ནས་ཨ་ཕས་གོམ་སྒྲ་དང་འགྲོགས་ནས་སྔོན་ལ་གོམ་པ་གཅིག གཞུག་ལ་གོམ་པ་གཉིས། ཁོ་གཉིས་ནི་མཛེས་ཤིང་སྡུག་པའི་ཉ་ཞིག་དང་འདྲ། དགའ་སྤྲོ། བྱམས་བརྩེ། རེས་གསལ་རེས་མོག་གི་ཆུ་ཤེལ་ཕོ་བྲང་དུ་ཕར་རྐྱལ་ཚུར་རྐྱལ་བྱས།
        ཉིན་ཁ་ཤས་འགོར་རྗེས། བུད་མེད་ཀྲའོ་ཨ་ཕ་དང་མཉམ་དུ་བསྡད། ཨ་ཕ་ཡང་ཐོག་མར་ཅུང་དོགས་མི་བདེ་ན་འང་དང་ལེན་མི་བྱེད་ག་མེད་དུ་གྱུར། བུད་མེད་ཀྲའོ་ཡི་གསོན་ཉམས་ལྡན་པའི་འཚོ་བ་རོལ་སྟངས་ནི་ཨ་ཕའི་སྐད་ཆ་ལྟར་བཤད་ན་བྲོ་བ་ལྡན་པ་ཞིག་རེད། བུད་མེད་ཀྲའོ་ཁྱིམ་འདིར་སླེབས་རྗེས། ཨ་ཕའི་འཚོ་བ་ལ་བྲོ་བ་ལྡན་པར་གྱུར། བྲོ་བ་འདི་བཟང་མོད་ཞིབ་ཏུ་བསམ་ན་རྒྱུན་ལྡན་དང་མི་འདྲ་བ་ཞིག་རེད། ཨ་ཕས་རྒྱུན་དུ་ཚུལ་མཐུན་མིན་པའི་ཁྱོ་ཤུག་གི་འཚོ་བ་འདི་དངོས་གནས་ལུགས་དང་མི་མཐུན་ཞིང་། མཚམས་ལན་རེར་གར་འོང་མི་ཤེས་པའི་སྐྲག་སྣང་ཞིག་ཀྱང་སྐྱེས་འོངས། ཁོང་གིས་མོའི་ཁྱོ་ག་ཧུའུ་ལགས་ཀྱིས་སྒོ་དྲུང་དུ་བཙལ་འོངས་དུས་ང་ཚོ་གསོད་ངེས་ཟེར། ཨ་ཕས་ཁྱོ་ག་ཧུའུ་ལགས་དངོས་སུ་མཐོང་མ་མྱོང་ཞིང་། ཁོ་གཞིས་ཁུལ་གང་གི་ཐོག་སོ་དུ་བར་བསྡད་ཡོད་པའང་མི་ཤེས་མོད། འོན་ཀྱང་བུད་མེད་ཀྲའོ་ཡིས་དུས་རྟག་ཏུ་ཁོང་ལ་མོའི་ཁྱོ་གའི་ཐད་ཀྱི་སྐད་ཆ་གང་མང་བཤད་པས། ཨ་ཕས་མོའི་ཁྱོ་ག་ནི་མགོ་བཀྱགས་ན་ཐུག་ཅིང་སྒུར་ན་འཕྲད་པའི་ཤག་མཚེས་སུ་བསམ་ཡོད། བུད་མེད་ཀྲའོ་ལགས་ཀྱིས་ཨ་ཕས་སེམས་ཁུར་བྱེད་བཞིན་པའི་དོན་དག་ལ་དོ་སྣང་དེ་འདྲ་མི་བྱེད་པར། མོའི་ཁྱོ་ག་ཧུའུ་ལགས་ནད་ཀྱིས་མནར་ཏེ་ཁུ་ཚུར་ཡང་སྡོམ་མི་ཐུབ་པས་དེ་འདྲ་སྐྲག་ནས་ཅི་བྱེད། ཡང་གཅིག་བཤད་ན། ངེད་གཉིས་རང་སར་བསྡད་ཅིང་དཔྱིད་གསར་དུས་ཆེན་ལ་བྱིས་པ་རྣམས་ཡུལ་དུ་ལོག་རྗེས་གནས་ཚུལ་གསལ་བོར་བཤད་དེ་གཉེན་འཐོར་བྱ་རྒྱུ་ཡིན་ཟེར། སྔར་བཞིན་ཐེ་ཚོམ་གྱིས་ཟིན་པའི་ཨ་ཕར་བལྟ་ཞོར། “ཁྱོད་ཀྱི་བསམ་བློ་ཇི་འདྲའི་རྙིང་བ་ཞིག་རེད་ཨང་། ང་ཚོ་དུས་རབས་གསར་བའི་མི་རེད”ཟེར། ཨ་ཕས་ད་གཟོད་རང་ཉིད1949ལོར་སྐྱེས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ན་མཉམ་ཡིན་པ་དྲན།
        འདི་ལྟར་བལྟས་ན། བུད་མེད་ཀྲའོ་ནི་བསམ་བློ་དང་སྤྱོད་པ་གང་གི་ཐད་ནས་ཀྱང་གསར་བའི་ཕྱོགས་སུ་གཏོགས་པས། ཁྱིམ་གྱི་དོན་ཕྲན་ཚེགས་འདི་ལ་མོས་སྲོལ་རྒྱུན་རྒྱུད་འཛིན་བྱེད་པ་མ་གཏོགས། དོན་དག་གང་ཡིན་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བསྐྱོད་མཁན་ཞིག་ཡིན། ཨ་ཕས་ཐེངས་དང་པོར་བུད་མེད་ཀྲའོ་ལ་ང་དང་ཕུ་བོ་གཉིས་ངོ་སྤྲོད་བསམས་དུས། མོས་མཐའ་གཅིག་ཏུ་རང་ཉིད་ཀྱི་རྩ་དོན་བཟུང་ཞིང་། ཁྱིམ་མིར་འཕྲད་ཚེ་ཚང་མ་ཁྱིམ་ཚང་གཅིག་ཏུ་གྱུར་པ་ཡིན་པས། ད་དུང་དེའི་ཕྱོགས་ལ་དུས་ཚོད་ཐོན་མེད་ཅེས་རྒྱུ་མཚན་དང་བཅས་བཤད། མིག་སྔར། ང་ཚོ་ད་དུང་ཁྱིམ་ཚང་གཅིག་ཏུ་འགྱུར་མི་རུང་ཞེས་ཨ་ཕས་བུད་མེད་ཀྲའོ་ལགས་ཀྱི་སྐད་ཆར་སྣོན་མ་བགྱིས་པར་ང་ཚོར་བཤད་པས། ང་དང་ཕུ་བོའི་ཡིད་ལ་བུད་མེད་ཀྲའོ་ལགས་ནི་བརྩེ་སེམས་ཆེ་ཞིང་ཤེས་རྟོགས་ཆུ་ཚད་ཀྱང་ལེགས་པས། ཁྱིམ་སྲིད་ལ་རོགས་འདེགས་བྱེད་པའི་ལག་རོགས་བཟང་པོ་ཞིག་རེད་བསམས་སོང་། སྐབས་ལན་རེར་བསམ་བློ་བཏང་ན། བུད་མེད་ཀྲའོ་ལགས་ནི་ཨ་ཕས་ཚེ་མཇུག་གི་རེ་བ་བཅོལ་ས་ཉག་ཅིག་ཡིན་པས། ལམ་གྲོགས་འདི་ལྟ་བུ་ཞིག་གིས་ཨ་ཕ་དང་མཉམ་དུ་མི་ཚེའི་ཆེས་མཇུག་མཐའི་རིམ་པ་བརྒྱུད་ན། ང་ཚོ་ཡང་འགྱོད་པ་གཏན་ནས་སྐྱེས་མི་སྲིད་སྙམ།
        ལོ་དེའི་དཔྱིད་གསར་དུས་ཆེན་ནི་རྒྱུན་ལྡན་དང་མི་འདྲ་བ་ཞིག་ཡིན། རྒྱུན་དུ་དམག་གུར་ཇུས་འགོད་བྱེད་པའི་ཕུ་བོས་ང་ལ་ཁ་པར་བཏང་ནས“ནུ་མོ། དཔྱིད་གསར་དུས་ཆེན་སྐབས་སུ་ང་ཚོ་ཡུལ་ལ་ལོག་གམ། ཁྱིམ་དུ་ཨ་མ་གསར་བ་ཞིག་གིས་ཇེ་མང་དུ་སོང་འདུག”ཅེས་བཤད། ཕུ་བོའི་སེམས་ཁམས་ཀྱང་ང་དང་འདྲ་བར་རྙོག་འཛིང་དུ་གྱུར་འདུག ངས་དེ་ལས་ཀྱང་རང་གི་ཨ་མ་དྲན་སོང་། ཨ་ཕའི་བལ་ལྭ་སྔས་སུ་བྱས་ཏེ་ཁེར་རྐྱང་དུ་ཉལ་བའི་བུད་མེད་འདི་དྲན་སོང་། ཤག་མཚེས་བང་ཚང་ལ་དཔེ་བལྟས་ནས་འཚོ་བ་སྡུག་ཅིང་ཡུན་རིང་བའི་བུད་མེད་འདི་དྲན་སོང་། ཨ་མས་བདེ་སྐྱིད་ཀྱི་ཉི་འོད་འཆར་བའི་དུས་རབས་གསར་བ་མཐོང་མ་ཐུབ་སྟེ། མོ་ནི་དུས་ལས་ཡོལ་བའི་འདྲུད་འཐེན་འཁོར་ལོ་ཞིག་དང་འདྲ་བར་དུས་གཏན་དུ་དཀའ་སྤྱད་ཀྱིས་རྨོ་འདེབས་ལ་བརྩོན་པའི་ལོ་ཟླའི་ནང་ལུས་སོང་། ཨ་མས་དངོས་གནས་བདེ་སྐྱིད་ཀྱི་འཚོ་བ་རོལ་མ་ཐུབ། ལོ་ཟླ་རྙིང་བ་ཕར་ལ་བསྐྱལ་ཞིང་གསར་བ་གདོང་གིས་བསུ་བའི་དུས་འདིར། འདས་དོན་དག་གསལ་ལྷང་ངེར་མིག་ལམ་དུ་ཤར་ཏེ་བདག་གི་ངོ་གདོང་མཆི་མས་ཡོངས་སུ་བརླན་སོང་། འོན་ཀྱང་། ངས་རང་གིས་རང་ལ་སེམས་གསོ་མི་བྱེད་ཀ་མེད་བྱུང་། ཨ་ཕ་བུད་མེད་ཀྲའོ་དང་གཉེན་བསྒྲིགས་རྗེས། ང་ད་གཟོད་དེ་རྒྱུ་མཚན་དུ་བྱས་ནས་དུས་ཡུན་རིང་བོ་ཞིག་ལ་ཡུལ་དུ་མ་ལོག་ཅིང་། ང་དང་ཨ་ཕའི་བར་ཐག་ཀྱང་བློ་བདེ་བག་ཕེབས་ཀྱིས་རྒྱང་རིང་གི་བར་ཐག་ཅིག་ཏུ་གྱུར། འོན་ཀྱང་། རྒྱང་རིང་ནི་སྔར་བཞིན་དྲན་གདུང་དང་། བརྩེ་སེམས། བདེ་སྐྱིད་ཀྱིས་ཁེངས་ཡོད། ངའི་ཨ་ཕ་ཡང་ཨ་མ་དང་མཚུངས་པར་འདྲ་པར་རྙིང་བ་ཞིག་སྟེ། ངའི་འདས་སོང་གི་རྒྱང་རིང་ཞིག་ན་ཉར་ཚགས་བགྱིས་ཡོད། 
        ལོ་གསར་གནམ་གང་ལ་ད་དུང་ཉིན་བཅོ་ལྔ་ཡོད་ཅིང་། བུད་མེད་ཀྲའོ་ཡིས་ཕྱགས་མ་གསར་བ་ཞིག་དང་། ཤེལ་སྒོ་བཀྲུ་བྱེད་ཀྱི་ཆུ་འགྱིག་དམ་འགའ། ཀ་པེད་ཀྱི་སྣུམ་སོགས་གཙང་འཁྲུད་ཡོ་ཆས་བསྣམས་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཨ་ཕའི་ཁྱིམ་དུ་སོང་། མྱུར་བར་ཨ་ཕའི་ཁྱིམ་དུ་དུད་པ་མ་ཕྱགས་ན། ཉིན་འགའི་རྗེས་སུ་མོའི་བུ་བུ་མོ་རྣམས་ཡུལ་ལ་ཐོན་ཚེ། ཨ་ཕར་རོགས་བྱེད་ཁོམ་མི་འདུག་ཟེར། དོན་དུ་མོས་ཁྱོ་ག་ཧུའུ་དང་གཉེན་འཐོར་གྱི་དོན་དག་ཐག་གཅོད་བྱེད་དགོས། ཨ་ཕའི་སེམས་སུ་རེ་ཞིག་དྲོད་ཁོལ་རྒྱས་ལ། མགོ་རས་དཀྲིས་ཤིང་ཕྱགས་མས་སྡོམ་རྒྱ་ལེན་བཞིན་པའི་བུད་མེད་འདི་རང་ཉིད་ཀྱི་ཆུང་མར་གཏན་འཁེལ་བྱས་ཤིང་། མོ་དང་མཉམ་དུ་ཚེ་མཇུག་གི་འཚོ་བ་རོལ་བར་ཆོད་སེམས་ཀྱིས་བརྟས།
        བུད་མེད་ཀྲའོ་ཡིས་དུད་པ་ཕྱགས་ན་ས་རྡུལ་གྱིས་ཨ་ཕའི་གློ་བར་གནོད་པར་དོགས་ནས་ཁོང་མིས་བཟོས་གཙང་བོའི་འགྲམ་དུ་འགུལ་སྐྱོད་བྱེད་དུ་འགྲོ་རུ་བཅུག སྒོ་ཕྱིར་འབུད་དུས། ཨ་ཕས་ཐེ་ཀོན་ཡུན་རྟགས་ཅན་གྱི་ཇ་གར་པོ་ཕོར་བ་གང་འཐུང་ཞིང་། ཁོང་གིས་སྒོ་གཏན་པའི་བར་གླགས་སུ་བུད་མེད་ཀྲའོ་ཡིས་སྤྲོ་སྣང་གི་སྣ་གླུ་ལེན་པ་ཐོས། ཁོང་གི་གདོང་ལ་སྨྲ་མི་ཤེས་པའི་འཛུམ་ཞིག་རྒྱས་ཞོར་སྐས་ལས་བབས་ཤིང་། མིས་བཟོས་གཙང་བོའི་འགྲམ་བརྒྱུད་དེ་ཆུ་རགས་ཡོད་སའི་བར་འཆམ་འཆམ་དུ་བསྐྱོད། “གྲ་སྒྲིག་བྱོས། མགོ་རྩོམས”ཨ་ཕ་ཡང་ཤ་དོད་པོའི་ངང་ནས་ལྡོག་བསྐྱོད་ཀྱི་གོམ་པ་དང་པོ་སྤོས། བྱང་རླུང་གིས་སྡོང་ལོ་དག་ཤག་སྒྲ་དང་བཅས་ཕྱོགས་གཅིག་ཏུ་འདེད་པ་ནི་མིས་བཟོས་གཙང་བོ་ལ་འགྲན་རྩོད་ཀྱི་ཀི་རྒྱངས་སྒྲོག་པའི་རུ་དཔུང་ཞིག་དང་འདྲ་ཞིང་། གཙང་འགྲམ་གྱི་ལྟད་མོ་བའི་རོགས་འདེགས་ལ་བརྟེན་ནས་མིས་བཟོས་གཙང་བོ་རྒྱུན་ལྡན་ལས་ཤིན་ཏུ་མགྱོགས་ལ། རྒྱལ་ཁ་ངེས་པར་ལོན་པའི་གཟེངས་ཐོན་འགྲན་ཞུགས་པ་ཞིག་དང་མཚུངས། ཨ་ཕ་ལྡོག་ཕྱོགས་སུ་བསྐྱོད་པའི་རླུང་གི་ཁྲོད་དུ་ཇེ་བརྟན་དུ་བཏང་ཞིང་། ཁུ་ཚར་གཉིས་དམ་པོར་འཆིང་ལ། བྲང་ཁོག་སྟེང་འོག་ཏུ་ལྡེམ་ཙམ་ལྡེམ་ཙམ་བྱེད་པ་དང་། གོམ་པ་དེ་བཞིན་དུ་བརྟན་ཞིང་བརླིང་། ཁོང་མདུན་དུ་བསྐྱོད་པ་དང་འདྲ་བར་རླུང་གདོང་གིས་བསུས། དེ་ལས་ལྡོག་སྟེ་མིས་བཟོས་གཙང་བོ་ནི་ཁོང་གི་མིག་མདངས་ལས་དལ་བུར་ཕྱིར་བསྣུར་བྱེད་ཀྱིན་འདུག ཁོང་གིས་གྲོགས་མེད་ཁེར་རྐྱང་གི་ཚེ་མཇུག་གི་འཚོ་བ་མི་འགྱངས་བར་མིས་བཟོས་གཙང་བོ་བཞིན་མྱུར་སྟབས་ཀྱིས་རང་གི་མིག་མདངས་ཁྲོད་ཡལ་བར་འགྱུར་ངེས་བསམས། ཨ་ཕའི་ཚོར་སྣང་གི་ལམ་བུ་རྐྱ་འཐབ་སྟེ། ཁོང་གི་བསམ་གཞིགས་ཀྱི་གཤོག་པ་གཅིག་རྗེས་གཉིས་མཐུད་དུ་ཡོད་པའི་དཀྱོག་ལམ་རེ་རེ་བརྒལ།
        ཨ་ཕ་མིས་བཟོས་གཙང་འགྲམ་དུ་ལྡོག་བསྐྱོད་ཀྱིས་ཕར་ཚུར་ཐེངས་གཉིས་ལ་སོང་རྗེས་ཕྱིར་ཁྱིམ་དུ་ལོག ཁང་བའི་ནང་ཕྱི་གསལ་ནང་གསལ་དུ་འདུག དགུན་གྱི་ཉི་འོད་ལྷིང་འཇགས་སེ་ཅོག་ཙེ་སྟེང་གི་ཐེ་ཀོན་ཡུན་རྟགས་ཅན་གྱི་ཇ་ཕོར་ནང་དུ་ལྷུང་ཞིང་། དེས་ཁོང་ལ་ཇ་དྲོན་མོ་ཞིག་བསྲོས་འདུག བུད་མེད་ཀྲའོ་ནི་ཁང་བའི་ནང་གི་ས་རྡུལ་དང་། ཡང་ན་སྤྲུལ་བསྒྱུར་གྱི་ལྷ་མོ་ཞིག་དང་མཚུངས་པར་ཕྱགས་མའི་རྟ་ཕོར་བཅིབས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག མོས་ད་དུང་ཨ་ཕའི་གོས་སྒྲོམ་ནང་གི་ཞཱ་ཁྱིམ་རྒྱུད་ཀྱི་མེས་པོའི་གཅེས་ནོར་དང་། ཨ་མའི་གཡང་ཊིའི་ལག་གདུབ། སི་ཝེས་ཙེར་རྒྱལ་ཁབ་ཀྱི་ཆུ་ཚོད་འཁོར་ལོ། ད་དུང་ཡུལ་ལྗོངས་ཀྱི་པར་རིས་བཅུག་པའི་ལའེ་ཁཱ་པར་ལེན་འཕྲུལ་ཆས་བཅས་རིན་ཐང་ཆེ་བའི་དངོས་པོ་ཡོད་ཚད་སྤྲུལ་བསྒྱུར་གྱིས་འགྱུར་དུ་བཅུག་སོང་། ཨ་ཕས་གོས་སྒྲོམ་དང་། ཆ་སྒམ། མལ་ཁྲིའི་འོག་སོགས་ཐ་ན་འཐེན་སྒམ་རེ་རེ་བསློགས་ཀྱང་བུད་མེད་ཀྲའོ་ཡི་རྗེས་ཤུལ་ཙམ་ཡང་མ་རྙེད།
        ཨ་ཕས་བུད་མེད་ཀྲའོ་ནི་མགོ་སྐོར་གཏོང་མཁན་ཞིག་ཡིན་པར་གཏན་ནས་ཁས་མི་ལེན། ཁོང་གིས་བསམ་གཞིགས་སྣ་ཚོགས་བཏང་སྟེ་གདེང་ཚོད་ཡོད་པའི་སྒོ་ནས་བུད་མེད་ཀྲའོ་ནི་མོའི་ཁྱོ་ག་ཧུའུ་ལགས་ཀྱིས་བཟུང་ནས་སོང་བ་རེད། མོའི་ལག་གི་ཁ་པར་བླངས་ཏེ་བཟང་བཙོན་ལྟ་བུར་བཅུག་པ་རེད་བསམས། འོ་ན་མོའི་ཁྱོ་ག་ཧུའུ་ལགས་གང་དུ་ཡོད་དམ། སྐབས་འདིར་ཨ་ཕས་ཤག་མཚེས་སུ་བསམ་ཡང་དངོས་སུ་འཕྲད་མ་མྱོང་བའི་མི་དང་། བུད་མེད་ཀྲའོ་གར་སོང་ཆ་མེད་དུ་གྱུར་པ་དང་བསྟུན་ནས་རྒྱང་རིང་ནི་དབྱིབས་གཟུགས་བྲལ་བའི་ནག་ཐིག་ཅིག་ཏུ་གྱུར་པ་དང་། ཐ་ན་ནག་ཐིག་ཅིག་ཀྱང་མིན་ཏེ། དེ་ནི་དཀར་ཞིང་ཡང་བའི་ཝུ་བའི་ཚོགས་ཤིག་ཏུ་གྱུར་ཏེ། མཇུག་མཐར་རིམ་བཞིན་ཡལ་བར་གྱུར། སྟབས་ལེགས་པ་ཞིག་ལ། ཨ་ཕར་གྱོང་གུད་ཆེར་བྱུང་མི་འདུག་སྟེ། དངོས་པོའི་རིན་གོང་བསྡོམས་ན་ཁྲི་འགའ་ལས་ཕྱིར་མ་ཤོར། བུད་མེད་ཀྲའོ་ཡིས་ཨ་ཕའི་དངུལ་བཅོལ་འཛིན་བྱང་མ་འཁྱེར་ལ། འཁྱེར་ཡང་གསང་གྲངས་མི་ཤེས་པས་སྒོར་མོ་ལེན་མི་ཐུབ་ལ། དེ་ལས་ལྡོག་སྟེ་རྐུ་འཕྲོག་གི་བྱས་ཉེས་རང་ཐོག་ཏུ་འོང་ཉེན་ཆེ་བ་མོས་ཀྱང་ཤེས།
        ཨ་ཕས་གོང་རིམ་ལ་ཉེན་བརྡ་མ་སྐྱེལ་ཞིང་། ཁོང་གིས་ཆུ་ཤེལ་ཕོ་བྲང་གི་སྒོ་ཁར་ཞག་ཁ་ཤས་ལ་སྲུང་ནས་བསྡད་ཅིང་། མིས་བཟོས་གཙང་བོའི་འགྲམ་དུ་ཕར་འགྲོ་ཚུར་འོང་བྱས་ཤིང་། ཁོང་གི་ལམ་གྲོགས་དེར་ཡང་བསྐྱར་འཕྲད་པར་རེ་ཞིང་སྒུག འདི་ལྟར་མཛེས་སྡུག་གི་བསམ་ཚུལ་རེ་རེ་སྟབས་ལེགས་པའི་མི་ཚོགས་ཁྲོད་འཇའ་ལྟར་ཡལ་བར་གྱུར། དགུན་ཟླ་རིང་མོ་ཕར་ལ་བསྐྱལ་ཞིང་དཔྱིད་ཀ་སླེབས་བྱུང་། སྐྱེ་དངོས་ཁྲི་ཕྲག་ལ་གསོན་ཤུགས་རྒྱས་དུས་ཨ་ཕས་མཛེས་སྡུག་གི་རེ་བ་དེ་དག་གི་རྩ་བ་གཅད་ཅིང་། ཇ་ལོར་བཟོས་ཤིང་སྦངས་ནས་འཐུང་། མི་འགྱངས་པར་དབྱར་ཁ་སླེབས་པའི་དུས་དེར། ཨ་ཕས་ཐེངས་འདིའི་ཕམ་ཉེས་ལ་དངོས་སུ་གདོང་གཏད་ཅིང་། ཁོང་གིས་ང་ཚོ་ལ་བུད་མེད་དེར་འགྲོགས་པའི་དུས་སུ། གོང་སྤར་ཐུབ་མིན་མ་ཤེས་མོད། མོར་སྒོར་ཁྲི་བཞི་བྱིན་ཏེ་རྐང་འཛིན་ཉོ་འཚོང་གི་གཏའ་མར་བྱས་ཟེར། ང་དང་ཕུ་བོ་གཉིས་ཀྱིས་གྱོད་དོན་ཞིག་མྱུལ་ཞིབ་བྱས་ནས་གྲུབ་པ་བཞིན་དངན་པ་སྐྱུར་མོ་ཞིག་འཐེན། ཨ་ཕས་རེ་རེ་བཞིན་རྩིས་སྤྲོད་བྱས་རྗེས་དོན་གྱི་ཁུངས་སྣེ་མང་དུ་བུད། ཕུ་བོས་ང་ཚོ་རྐུ་འཕྲོག་གི་དོན་ཆེན་ཞིག་དང་འཕྲད་ཡོད། འདི་ནི་ཕལ་ཆེར་རྩ་འཛུགས་ཡོད་ཅིང་། ངན་ཇུས་སྔོན་ལ་བཀོད་དེ་མགོ་སྐོར་གཏོང་བའི་ཚོགས་པ་ཞིག་རེད། ཕྱིར་འདང་བརྒྱབ་ན། ཨ་ཕ་ཏིག་ཧྲིན་ཟམ་ཁར་ལྡོག་བསྐྱོད་བྱེད་དུས་དོན་རྐྱེན་བྱུང་བ་དེ། བུད་མེད་དེས་བསམ་གཟས་ནས་ཀླན་ཀ་བཙལ་བ་རེད་ཟེར། གཞུང་ལམ་སྟེང་ཀླན་ཀ་བཙལ་བའི་བྱེད་ཐབས་འདི་ནི་དུས་ཡུན་རིང་བོར་རླངས་འཁོར་བསྐོར་མཁན་ཞིག་ལ་མཚོན་ན་བལྟས་ཚོད་ཀྱིས་ཤེས་མོད། ཨ་ཕ་ཇི་ལྟར་ལས་སླ་མོའི་སྒོ་ནས་གཡོ་འོག་ཏུ་ཚུད་པ་ཡིན་ནམ། ཨ་ཕས་གསལ་བཤད་ཅི་ཡང་མི་བྱེད་པར་མགོ་བོ་སྒུར་ཏེ། དལ་གྱིས་ལྟག་གར་ཤད་པའི་སྐྲ་ལོ་བྱིལ་བྱིལ་བྱེད་ཞོར། “གནས་དེ་རུ་སྡོད་མི་འོས། དངོས་གནས་སྡོད་མི་འོས། ང་ནི་གླེན་པ་བོང་བུ་དང་འདྲ་ཨང”ཞེས་ཡང་དང་བསྐྱར་དུ་ཟློས། ཕུ་བོས་སྐད་དམའ་མོས་ཨ་ཕ་དངོས་གནས་རྒས་འདུག ཁོང་གིས་དུས་རབས་ཀྱི་འགྲོས་ཆོད་ཀྱིན་མི་འདུག་ཟེར། ངའི་སེམས་སུ་བཟོད་གླགས་མེད་པའི་ན་
ཟུག་ཅིག་སྐྱེས་བྱུང་།

        དེ་ནས་བཟུང་ཨ་ཕ་ལམ་དུ་འགྲོ་དུས་ལྡོག་བསྐྱོད་བྱེད་པར་མི་དགའ་བར་གྱུར་ཅིང་། ཁོང་ཡང་རྒན་རྒོན་གཞན་དག་དང་འདྲ་བར་མིས་བཟོས་གཙང་བོའི་འགྲམ་དུ་འཆམ་འཆམ་དུ་འགྲོ་བ་དང་། ལམ་འགྲམ་གྱི་རྐུབ་སྟེགས་རིང་བོའི་སྟེང་བསྡད་དེ་ཉི་མར་ལྡེ་བར་བྱེད། འོན་ཀྱང་ཁོང་རྒན་རྒོན་ཕལ་ཆེར་དང་མི་འདྲ་སྟེ། མི་མང་པོ་ལྷན་དུ་ཚོགས་ནས་ཁ་བརྡ་བྱེད་པར་མི་དགའ་བར་རང་ཉིད་གཅིག་པུ་ལྷིང་འཇགས་ཀྱི་ཟམ་སྣེའི་རྐུབ་སྟེགས་སྟེང་བསྡད་དེ། རང་ཉིད་དང་བར་ཐག་རྨིད་བཅུ་ལྷག་མ་གཏོགས་མེད་པའི་མིས་བཟོས་གཙང་བོའི་བཞུར་རྒྱུན་དང་། ཐར་ཐོར་དུ་བསྐྱོད་པའི་ཚོང་གྲུ་འགར་ཅེར་ཞིང་། གཙང་བོའི་སྨད་རྒྱུད་ཀྱི་ཁུགས་སོ་རུ་ཡལ་རེག་བར་མིག་སྐྱེལ་བྱེད། ཨ་ཕའི་ཡིད་ལ་འདས་དོན་གང་མང་ཤར་བྱུང་། ཁོང་གི་ཡིད་ན་ངོས་མི་གཅིག་པའི་མེ་ལོང་བགྲང་གིས་མི་ལང་བ་ཞིག་ཡོད་པ་དང་འདྲ་བར། ཨ་མ་དང་ངེད་མིང་སྲིང་གཉིས་དང་འབྲེལ་བའི་འདས་དོན་དག་ཁོང་གི་མེ་ལོང་ལས་གསལ་གྱི་ལེར་ཤར། ཁོང་ལ་ཚོར་བ་ཤིན་ཏུ་ཟབ་པས། རྒྱུན་དུ་ལས་ཞུགས་དང་། ངལ་གསོའི་སྐབས་གང་ཡིན་ལ་མི་བལྟ་བར་ང་དང་ཕུ་བོ་གཉིས་ལ་ཁ་པར་བཏང་སྟེ། “ཞའོ་ཧྥུན། ཁྱོད་ཚོ་ཆུང་དུས་རླངས་འཁོར་བཟོ་གྲྭའི་ཕག་ལ་རྡོ་ཡིས་བརྒྱབ་རྗེས། གཞན་པ་ཚང་མ་བྲོས་ཚར་ཡང་ཁྱོད་གཅིག་པུ་གླན་ན་གླེན་ནེའི་ངང་ད་དུང་བལྟས་ནས་སྡོད་པས། ང་བཟོ་གྲྭའི་ནང་དུ་ཞག་གཅིག་ལ་ཁྱིམ་བདག་སློབ་སྦྱོང་འཛིན་གྲྭར་ཞུགས་་་་”ཞེས་དང་། ཡང་“ཞའོ་མེ། ཁྱོད་ཀྱིས་རྒྱུན་དུ་ཨ་མར་མངོན་འཕྲིན་བྱང་བུ་བསླངས་ཀྱང་མོས་མ་བྱིན་པས། ཁྱོད་ཀྱིས་ངས་སྒོའི་རྒྱབ་ངོས་སུ་བཀལ་བའི་ལྭ་བའི་ཁུག་མ་སློག ཐེངས་རེར་ཁུག་མའི་ནང་དུ་ཟུར་ལྔ་རེ་ཡོད་དམ། དེ་ནི་བསམ་གཟས་ནས་ཁྱོད་ལ་བསྐྱུར་བ་ཡིན” ད་དུམ་“ཨེ། ཁྱོད་ཚོའི་ཨ་མ་ངའི་རླངས་འཁོར་དུ་བསྡད་མ་མྱོང་། མོས་རྒྱུན་དུ་ངའི་རླངས་འཁོར་དུ་བསྡད་དེ་ཉིན་ཞཱ་རུ་འགྲོ་འདོད་ཟེར་མོད། མོ་ཆེས་ཐག་རིང་ཞིག་ལ་སོང་མ་མྱོང་། ཡིད་ཕངས་པ་ཞིག་ལ་ཁྱོད་ཚོའི་ཨ་མས་སྐྱིད་རེག་མ་ཐུབ། ”འདས་དོན་ཕྲན་ཚེགས་འདི་གླེང་བཞིན་ཨ་ཕ་ཡིད་སེམས་སྐྱོ་ཞིང་རང་ལ་ཡིད་ཐང་ཆད་པར་གྱུར། དེར་ངས་སྐུལ་མའི་ཚུལ་དུ་“ཨ་ཕ། ཁྱོད་ཀྱིས་ནམ་རྒྱུན་འདས་དོན་ལ་འདང་མ་རྒྱག མ་འོངས་པར་བསམ་བློ་ཐོངས། ཟ་མ་རྒྱགས་ཚད་དང་། ལྭ་བ་དྲོ་ཚད་གྱོན་ལ་ཉིན་རེར་སྐྱིད་ལ་རོལ། ད་ལྟ་འཚོ་བ་ཇེ་བཟང་དུ་གྱུར་པས། གང་འདོད་ན་དེ་ཉོ། ངས་ཁྱོད་ལ་ཉོ། ”ངས་ཁོང་ལ་སེམས་གསོ་མི་བྱེད་ཀ་མེད་བྱུང་། ཨ་ཕ་གཅོང་ནད་ལས་ད་སོ་མར་ཐར་པའི་ནད་པ་བཞིན་དོན་དག་གང་ཞིག་ཡིན་ཡང་དེ་ལྟར་དུ་ངག་ལ་མཉན། ངས་ཁ་ཆུ་བསྲད་རེག་བར་བཤད་དེ་སེམས་ནི་སྐྱོ་ཤས་ཀྱིས་མནན་པར་གྱུར། ངས་ད་དུང་ཨ་ཕར་ཅི་ཞིག་བསྒྲུབ་ན་ལེགས་སམ། ཁ་པར་མཇུག་བསྡུ་དུས་ཨ་ཕས་ཆེས་མང་བའི་སྐད་ཆ་ཚིག་གཅིག་ནི“ཁག་མི་འདུགཁ་སང་བྱུང་བའི་དོན་དག་ཅིག་དང་འདྲ་བྱུང”ཞེས་པ་འདི་ཡིན།
        ཉིན་ཞིག་གི་ཕྱི་དྲོར། ཨ་ཕས་ང་ལ་ཁ་པར་ཡོང་སྟེ་དགའ་སྤྲོའི་ངང་ཁོང་གིས་ཆུ་རྐྱལ་སྦྱོང་བརྡར་གྱི་མགོ་བརྩམས་ཟིན་ལ། མིས་བཟོས་གཙང་བོའི་ནང་དུ་ཆུ་རྐྱལ་བྱེད་པར་ཚོད་ལྟ་བྱ་རྒྱུ་ཡིན་ཚུལ་ལབ། ང་སྐྲག་སྟེ་ང་ཚོའི་ཆུ་བུར་མིག་གིས་མཐོང་ཚོད་ལ་གཙང་བོ་གཏིང་མི་ཟབ་མོད། དོན་དངོས་སུ་ཉེན་ཁ་ཤིན་ཏུ་ཆེ་བ་རེད་ཅེས་གསལ་འདེབས་ཀྱི་ཚིག་འགའ་དེ་མ་ཐག་ཏུ་ངག་ལས་ཤོར། ངའི་སེམས་ཀྱི་བག་ཆགས་ལ་ཨ་ཕ་ཆུར་གཏན་ནས་རྐྱལ་མི་ཤེས། འོན་ཀྱང་ངས་བཤད་པའི་སྐད་ཆ་དག་ཁོང་གི་རྣ་རྒྱབ་ཀྱི་ལྷགས་པར་སོང་ཞིང་། དེ་ལས་ལྡོག་སྟེ་དགའ་སྤྲོ་ཆེན་པོས་ང་ལ་ཕ་ཡུལ་གྱི་ཆུ་བོ་དེའི་སྐོར་གླེང་བྱུང་། ཁོང་ཆུང་དུས་སུ་ཆུ་བོ་འདིའི་ནང་དུ་སྦངས་ནས་འཚར་ལོངས་བྱུང་། ཡིན་ཡང་ཁོང་སྦལ་བ་ཆུ་ལ་རྐྱལ་བ་ལྟར་མ་གཏོགས་རྐྱལ་མི་ཤེས་ཤིང་། ཆུང་དུས་པྲ་ཚལ་གྱི་དོན་ཕྲན་ཚེགས་རེ་བསྒྲུབས་ཚེ་རྨོ་མོས་ཁོང་བདའ་ཞོར་ཏུ་གཅར་རྡུང་བྱེད་པས། ཁོང་ཆུ་ནང་དུ་མཆོངས་པ་ན་རྨོ་མོ་ཆུ་འགྲམ་དུ་ཁོང་ཁྲོ་དང་འཚུབ་ཆ་མཉམ་དུ་ལངས་ངེས། ད་དུང་ཁོང་གིས་ཆུ་རྐྱལ་གྱི་ནུས་རྩལ་ཕྱིར་མངོན་དུ་བཅུག་སྟེ། ད་ལོའི་དབྱར་ཁར་མིས་བཟོས་གཙང་བོའི་ནང་དུ་རྐྱལ་དགོས་ཟེར། ཁ་པར་ལས་ངས་གསལ་ཞིང་སྙན་པའི་གཡོར་གྲུའི་དུང་སྒྲ་ཐོས་ཡོང་། དེར་དཔགས་ན་ཁོང་གཙང་འགྲམ་དུ་ཡོད་ཅིང་། དངོས་ཟོང་སྐྱེལ་བའི་གྲུ་འདི་ལ་ཡིད་སྨོན་སྐྱེས་ཞོར་མིས་བཟོས་གཙང་བོ་ནི་ཁོང་མི་འགྱངས་པར་ལམ་དུ་ཆས་དགོས་པའི་གཞུང་ལམ་གཞན་ཞིག་དང་འདྲ།
        ཨ་ཕས་མིས་བཟོས་གཙང་བོའི་ནང་དུ་རྐྱལ་བར་གྲ་སྒྲིག་གང་ལེགས་བགྱིས་ཏེ། ཁོང་གཞིས་ཁུལ་གྱི་ཆུ་རྐྱལ་ཁང་དུ་སོང་ཞིང་། སྒོར་བརྒྱད་བརྒྱའི་འགྲོ་གྲོན་གྱིས་ཆུ་རྐྱལ་རྩལ་འཁྲིད་པ་ཞིག་གདན་འདྲེན་ཞུས། སློབ་མ་གཅིག་དང་དགེ་རྒན་གཅིག་གི་བྱེད་ཐབས་ཀྱིས་འཁྲིད་པ་མ་ཟད། དེའང་གན་རྐྱལ་དུ་རྐྱལ་བའི་ནུས་རྩལ་ཁོ་ན་འཁྲིད། ཨ་ཕས་བསམ་པར་གན་རྐྱལ་དུ་རྐྱལ་བའི་ཉམས་འགྱུར་འདི་ནི་དངོས་གནས་མཛེས་ཤིང་བརྗིད་ཆགས་པ་ཞིག་རེད་སྙམ། རང་ཉིད་མལ་དུ་ཉལ་བ་ལྟར་ཆུའི་ནང་དུ་གལ་རྐྱལ་དུ་བསྡད་དེ། མགོ་བོ་ཆུ་ངོས་སུ་བཞག་ཅིང་། དཔུང་བ་གཉིས་གཡས་གཡོན་དུ་རེས་མོས་ཀྱིས་ཤུད་ལ། རྐང་བ་གཉིས་ཀྱིས་ཆུ་རྗེས་ཕྱོགས་སུ་དེད་པ་ཙམ་གྱིས་རང་ཉིད་སྔོན་དུ་རྨིད་འགའ་ལ་བསྐྱོད་ངེས་ཤིང་། འདི་ནི་ཆུ་རགས་ཀྱི་སྟེང་དུ་ལྡོག་བསྐྱོད་བྱེད་པ་ལས་ལྡབ་འགྱུར་གྱིས་བརྗིད་པ་ཞིག་རེད།
        ཨ་ཕས་འབད་བརྩོན་གྱིས་སྦྱངས་ཤིང་། ཉིན་རེར་ཆུ་རྐྱལ་ཁང་དུ་སོང་ནས་རྩལ་འཁྲིད་པས་ཉིན་གུང་གི་དུས་ཚོད་བེད་སྤྱད་དེ་ཁོང་ལ་འཁྲིད་པ་ལས་གཞན། ད་དུང་དེ་ལས་ལྷག་པའི་དུས་ཚོད་མང་པོ་སྤྱད་ནས་ཁྱིམ་དུ་རང་ཉིད་ཀྱིས་སྦྱོང་བརྡར་བྱས། ཁོང་གིས་ཤིན་ཏུ་མཐུག་པའི་བྱ་སྤུས་གྱོན་ཆས་དེ་དང་། བར་ཚངས་དོར་མ་གྱོན་ནས་འགྲུལ་ཁང་གི་མཐིལ་ཤིང་སྟེང་གན་རྐྱལ་དུ་ཉལ་ནས་ལག་པ་གཉིས་ལུས་ཀྱི་ལོགས་གཉིས་སུ་ཤུད་ཅིང་། དེ་དང་མཉམ་དུ་རྐང་པ་གཉིས་ཀྱིས་རོགས་འདེགས་ཀྱིས་རྗེས་སུ་ཤུགས་ཀྱིས་དེད། ཁོང་གིས་ཐོག་མར་གནས་གཅིག་ནས་བསྡད་དེ་སྦྱོང་བརྡར་ཐེངས་མང་པོ་བྱས་རྗེས། རིམ་གྱིས་ཚོད་ལྟའི་ཚུལ་དུ་མཐིལ་ཤིང་གི་སྟེང་དུ་ཤུད། འགྲུལ་ཁང་ནས་མལ་ཁང་བར་གྱི་ཁྱམས་རིང་དུ་ཕར་ཚུར་ཤུད་ཅིང་། རྗེས་སུ་དཔྱི་མགོའི་བར་ནས་ཁ་ཕྱོགས་བསྒྱུར་སྟངས་ལ་བྱང་ཆ་ཐོན་ཏེ། འགྲུལ་ཁང་གི་ཁྱམས་རིང་ལས་མལ་ཁང་དུ་རྐྱལ་བ་དང་། མལ་ཁང་ནས་དཔེ་ཁང་དུ་རྐྱལ། ཨ་ཕས་ཁ་ཕྱོགས་བསྒྱུར་བ་ཤིན་ཏུ་བརྟན་ཞིང་། ཁོང་ནི་དེད་དཔོན་ཞིག་དང་འདྲ་བར་ནོར་བ་མེད་པར་མདུན་ཕྱོགས་ཀྱི་ཆུ་ཚོད་བཅུ་བའི་གནས་ནི་ཕྱི་སྒོ་དང་། གཡས་ཕྱོགས་ཀྱི་ཆུ་ཚོད་དགུ་པའི་གནས་ནི་སྒྲོག་ཙེ། གཡོན་ཕྱོགས་ཀྱི་ཆུ་ཚོད་བཞི་པའི་གནས་ནི་འགྲུལ་ལྷམ་སོགས་ཁོང་ནི་དེད་དཔོན་བཞིན་ལས་སླ་མོའི་སྒོ་ནས་བཀག་ཆར་གཡོལ་ནས་འགྲོ་ཐུབ།
        དབྱར་ཁ་ད་དུང་མ་སླེབས་ཀྱང་ཨ་ཕ་ཆུ་ངོས་སུ་གན་རྐྱལ་དུ་ཉལ་ནས་སྡོད་ཐུབ་ཅིང་། ཆུ་རྐྱལ་ཁང་དུ་སྐོར་སྐྱོད་ཀྱིས་རྐྱལ་ཐུབ། ཆུ་བརྒལ་ཁང་དུ་མི་ཇི་ལྟར་མང་ཡང་ཨ་ཕས་དེ་དག་ལ་གཏན་ནས་གདོང་གཏུགས་མི་བྱེད་ཅིང་། ཕ་རོལ་པོ་རྐྱལ་ནས་མགོ་འཁོར་ཏེ་ཁ་ཕྱོགས་ཁོང་ལ་གཏད་ཚེ། ཨ་ཕས་དེ་མུར་རྐང་མཐིལ་གྱིས་ཆུ་ཤུགས་ཀྱིས་མནན་ཏེ་ཟུར་གྱིས་རྐྱལ་ཞིང་། གྲག་འགུལ་ཅི་ཡང་མེད་པའི་ཉ་ཞིག་དང་འདྲ་བར་རྔམ་བརྗིད་ཀྱིས་གཞན་གྱི་ལོགས་སུ་མྱུར་སྟབས་ཀྱིས་བུད་འགྲོ། རྩལ་འཁྲིད་པས་ལག་པ་གཉིས་གྲུ་ཁུགས་སུ་བསྣོལ་བཞིན་ཆུ་བརྒལ་ཁང་གི་འགྲམ་དུ་འདུག་ཅིང་། རང་རློམ་གྱི་ངང་ནས་ལོ་རེ་བཞི་ཅན་གྱི་སློབ་མར་བལྟ་ཞོར་ཁོའི་ལས་གྲོགས་ལ“དེའི་རྐྱེན་གྱིས། ལོ་ཚོད་ནི་རྩ་བའི་གནད་དོན་མ་ཡིན་པར་གཙོ་བོ་ཇི་ལྟར་འཁྲིད་ཅིང་། སུ་ཡིས་འཁྲིད་པ་དེ་རེད”ཅེས་བཤད།
        ཕྱི་དྲོ་དེར། ཨ་ཕ་གཉིད་ལས་སད་རྗེས་འགུལ་སྐྱོད་ཀྱི་མགོ་བརྩམས། ལས་རིགས་ཀྱི་ལྭ་བ་སྟེ་ཆུ་རྐྱལ་དོར་མའི་སྟེང་དུ་ཁོད་ཆེ་བའི་དོར་ཐུང་ཞིག་གྱོན་པ་དང་། རྐང་བར་འདྲུད་ལྷམ་དྲུད། འགྱིག་ཁུག་ཅིག་གི་ནང་དུ་ཁྲུས་རས་བཅུག་རྗེས་གཙང་འགྲམ་གྱི་ཕྱོགས་སུ་ཆས། རིག་གནས་ཐང་ཆེན་གྱི་གཟར་ངོས་དེར་ཁོང་གིས་མིས་བཟོས་གཙང་བོར་ཞུགས་སའི་ཐེམ་སྐས་རྙེད། ཁོང་མཇུག་ནས་ཡར་བརྩིས་ན་སྐས་རིམ་བཞི་པར་ལངས་ནས་སྟོད་གོས་དང་འདྲུད་ལྷམ་ཕུད་དེ་འགྱིག་ཁུག་ཏུ་བཅུག་རྗེས་ཐང་ལ་བཞག་པ་དང་། ཡང་ཐེ་ཚོམ་དང་བཅས་ཕྱིར་གཟར་ངོས་སུ་འགོས་ཏེ་རྩྭ་རྫོབ་ཁྲོད་རྡོ་བ་ཆུང་ཆུང་ཞིག་འཁྱེར་ཡོང་ནས་འགྱིག་ཁུག་མནན། ལས་ཀ་དེ་ཚང་མ་ཚར་རྗེས་ཨ་ཕ་ད་གཟོད་བློ་བདེ་བག་ཕེབས་ངང་ཆེས་མཇུག་མཐའི་སྐས་རིམ་གྱི་ཕྱོགས་སུ་བསྐྱོད།
        ཨ་ཕས་གོམ་གང་མདུན་དུ་སྤོས་ཏེ། ལུས་པོའི་རྗིད་ཚད་དེ་ཡང་བསྐྱར་ཁོང་ལ་ལོ་ངོ་བཅུ་ཕྲག་ཁ་ཤས་སུ་སེམས་ཀྱི་སྐྱོ་རོགས་མཛད་པའི་མིས་བཟོས་གཙང་བོར་ཕུལ།
        ཨ་ཕས་བསམ་འདུན་དང་གཅིག་ཏུ་སྣང་སྟེ། ཁོང་གཙང་ངོས་སུ་བདེ་བར་ཉལ་ཞིང་གཙང་ཆུའི་བཞུར་ཕྱོགས་དང་བསྟུན་དལ་མགྱོགས་རན་པའི་སྒོ་ནས་ལག་པ་གཉིས་ཆུ་ངོས་སུ་ཤུད་ཅིང་། རྐང་བ་གཉིས་ཀྱིས་ཤུགས་ཀྱིས་འདེད། མགོ་བོས་ཆུ་ཤུགས་ཀྱི་མདུན་བསུས་ཏེ་ལྟག་གར་ཤད་པའི་སྐྲ་ལོ་བརླན་པར་བྱས་སོང་། རྐྱལ་གྱིན་རྐྱལ་གྱིན་ཨ་ཕས་ཤུགས་དེ་འདྲ་བཀོལ་མི་དགོས་ཤིང་། མཐིལ་ཤིང་གི་སྟེང་དང་ཆུ་རྐྱལ་རྫིང་བུ་རུ་རྐྱལ་བ་ལས་ལས་སླ་བོ་ཡིན་པ་རྟོགས། ཁོང་གིས་ལུས་པོ་ཅུང་ལྷོད་ཅིང་དགའ་སྤྲོའི་ངང་སྔོན་དུ་རྐྱལ་བཞིན་འགྲམ་གཉིས་ཀྱི་ལམ་སྒྲོན་དང་། རྐུབ་སྟེགས་རིང་བོ། མེ་ཏོག་གི་སྟེགས་བུ། ཟུར་དྲུག་ལྡིང་ཁང་། ལྕང་སྡོང་། ལི་ཁྲིའི་མདོག་དང་ལྡན་པའི་ལུས་སྦྱོང་ཡོ་ཆས་སོགས་ཡུལ་ལྗོངས་ལ་བལྟས། ཁོང་གིས་རང་ཉིད་ཆུ་རགས་གྲངས་མེད་བརྒྱུད་པ་རྟོགས་ཤིང་། ཁོང་གཙང་འགྲམ་དུ་འཁོར་ཏེ་ལག་པ་གཡུག་གཡུག་བྱེད་པ་ནི་དམག་གཟིགས་གནང་བཞིན་པའི་འགོ་ཁྲིད་པ་ཞིག་དང་འདྲ། གློ་རྡེག་ཏུ།ཨ་ཕ་རྐྱལ་མཚམས་བཞག་ཅིང་། ལུས་ཕུང་ཆུ་ངོས་སུ་འགུལ་མེད་དུ་ལུས། ཁ་གནམ་ལ་འཁོར་ཏེ་ཐེངས་གཅིག་གཡལ། རྒྱང་རིང་ནས་བལྟས་ན། ཚུགས་ཀ་དེ་དངོས་གནས་གཉིད་ལོག་པ་དང་འདྲ་བྱུང་།
        ཨ་ཕ་རྔམ་བརྗིད་ཀྱིས་ཆུར་རྐྱལ་བའི་རྣམ་པས་རིམ་བཞིན་གཙང་འགྲམ་དུ་སྡོད་པའི་མི་ཚོགས་ཀྱི་མིག་དབང་འཕྲོག་ཅིང་། ཁོ་ཚོས་སྡོང་བོའི་གྲིབ་བསིལ་འོག་ཏུ་ལན་ཀན་ལ་འཁེན་ནས་བལྟ་ཞིང་། དེའི་ཁྲོད་ཀྱི་མི་འགའ་རེས་གོམ་ཆུང་ག་ལེར་སྤོས་ཏེ་ལམ་རིང་བོར་ཨ་ཕ་དང་མཉམ་དུ་བསྐྱོད། ཁོ་ཚོས་རྡོ་སོལ་ལྟེམས་པའི་ཟོང་སྐྱེལ་གྲུ་གཟིངས་ཤིག་རྒྱང་རིང་ནས་ཚུར་འོངས་པ་མཐོང་། ཟོང་སྐྱེལ་གྲུ་གཟིངས་རྡོ་སོལ་གྱི་ལྗིད་ཀྱིས་མར་མནན་ཞིང་། གཏིང་ཟབ་པའི་ཆུ་གཉེར་རེ་རེ་དེད་ནས་མདུན་དུ་བསྐྱོད་ལ། ཅུང་ཙམ་གཟུར་བར་ཡང་དཀའ་ངལ་ཡོད་པ་འདྲ། ཨ་ཕ་དང་བར་ཐག་རྨིད་བརྒྱ་ལྷག་ཡོད་པའི་སྐབས་སུ། ཆུ་ལམ་དུ་འགལ་རྐྱེན་ཡོད་པ་མཐོང་འཕྲལ་དུང་བརྡ་རིང་བོ་ཞིག་བརྒྱབ་ཏེ་གཙང་འགྲམ་གྱི་མི་རྣམས་ཀྱང་སྐྲག་པར་གྱུར།
        ཨ་ཕས་འཛེར་སྒྲ་དེར་ཁ་ཡ་སྤུ་ཙམ་ཡང་མི་བྱེད་པར་དལ་ལྷོད་ལྷོད་ཀྱིས་མདུན་དུ་རྐྱལ་ཞིང་། ཁོང་གི་རྐང་མཐིལ་དུ་རྒྱབ་མཐོང་མེ་ལོང་གཉིས་སྤྲད་པ་དང་འདྲ་བར་ཟོང་སྐྱེལ་གྲུ་གཟིངས་ཀྱིས་དུང་བརྡ་ཡང་བསྐྱར་མ་གྲགས་པའི་སྔོན་ལ་ཁོང་གིས་དེ་ཉིད་མཐོང་བར་མ་ཟད། ཁོང་དང་ཟོང་སྐྱེལ་གྲུ་གཟིངས་ཀྱི་བར་ཐག་ཚོད་འཛིན་བྱས།
        ཟོང་སྐྱེལ་གྲུ་གཟིངས་ཇེ་ཉེ་ནས་ཇེ་ཉེར་གྱུར་པས། ཨ་ཕ་ལ་གཡོལ་མི་ཐུབ་པ་ཐག་གིས་ཆོད། ཧུའུ་ཀྲིག007རྟགས་ཅན་གྱི་ཟོང་སྐྱེལ་གྲུ་གཟིངས་ཁ་ལོ་བསྒྱུར་མཁན་ནི་དར་མ་བཟའ་ཟླ་གཉིས་ཡིན་ཞིང་། ཁོ་གཉིས་བྲེལ་འཚུབ་ཀྱིས་གྲུ་ཁང་ནས་ཕྱིར་བུད་དེ། ལག་པ་གཉིས་དཀུ་ལ་བརྟེན་ནས་ཨ་ཕའི་ཕྱོགས་སུ་ཁ་གཏད་ནས་སྐད་ཅོར་རྒྱག དེར་མཐུད་ནས་ཁོ་ཚོས་གསོས་པའི་སྤྱང་ཁྱི་དེ་ཡང་གྲུ་མགོ་རུ་ཐོན་ཞིང་། དེས་ཨ་ཕར་བལྟས་ནས་ཐེངས་འགའ་ཟུག གཙང་འགྲམ་གྱི་མི་རྣམས་ཨ་ཕ་ཟོང་སྐྱེལ་གྲུ་གཟིངས་ཀྱི་འོག་ཏུ་འཆོར་ཉེན་ཡོད་པ་མཐོང་ནས་བྲེལ་ཤ་ལངས་ཏེ་སེམས་བློང་བློང་བོར་གྱུར། མི་ཁ་ཤས་ཀྱིས་ཨ་ཕ་འོན་པ་ཞིག་ཏུ་འདོད་ནས་སྐད་ངན་འདོན་ཞིང་། ལག་ཟུང་གཡུག་པར་བྱེད།
        ཟོང་སྐྱེལ་གྲུ་གཟིངས་དང་དང་ཨ་ཕའི་བར་རྨིད་བརྒྱ་ཡང་མེད་པའི་སྐབས་སུ། ཨ་ཕས་རྐང་བ་གཉིས་འཁུམས་ཤིང་། ལུས་པོ་ཟུར་གྱིས་འཁོར་བ་དང་ཆུའི་ནང་དུ་བྱིངས་ཤིང་། སྐར་ཆ་འགའི་རྗེས་སུ་ཡང་བསྐྱར་ཆུ་ཁར་གཡེང་ནས་ཐོན། ཨ་ཕ་ཁ་སྦུབ་ཏུ་ལོག་ཅིང་རྐང་ལག་བཞི་བོ་གང་སར་བརྐྱངས་ཤིང་། ལུས་ཟོར་ཡང་བའི་སྦལ་བ་ཞིག་དང་མཚུངས་པར་མྱུར་སྟབས་ཀྱིས་གཙང་འགྲམ་དུ་རྐྱལ་ནས་ཟོང་སྐྱེལ་གྲུ་གཟིངས་ལ་ལམ་ཡངས་པོར་ཕྱེ།
        ཟོང་སྐྱེལ་གྲུ་གཟིངས་ཨ་ཕའི་འགྲམ་དུ་བསྐྱོད་དུས། བཟའ་ཟླ་དེ་གཉིས་ཀྱིས་ད་དུང་སྐྲག་སྣང་མ་ཡལ་བར་ཨ་ཕ་ལ་བལྟས་ནས་སྐད་ཆེན་པོས་སྡིགས་མོ་བྱེད་མོད། སྤྱང་ཁྱི་ནི་དེ་ལས་ལྡོག་སྟེ་ཁ་རོག་གེར་དོགས་ཟོན་གྱི་ངང་ནས་ཨ་ཕར་བལྟ་ཞིང་། འཚུབ་སྣང་གིས་གཡོ་བའི་རྣ་བ་གཉིས་ཀྲོང་ངེར་ལངས་པར་བལྟས་ན། ཆུའི་ནང་དུ་ཟིལ་ཤུགས་ཚད་མེད་ཀྱི་ཉེན་ཡོད་དངོས་པོ་ཞིག་སྦས་ཡོད་པ་དང་འདྲ།
        ལྗིད་ཆེ་བའི་ཟོང་སྐྱེལ་གྲུ་གཟིངས་ཐང་ཆད་པའི་ངང་མདུན་ཕྱོགས་ནས་རྒྱང་རིང་དུ་བཞུད་དེ་རླུང་ཞི་རླབས་འཇགས་སུ་གྱུར། ཨ་ཕ་ཡང་བསྐྱར་གཙང་བོའི་འཇིངས་སུ་རྐྱལ་ཏེ། སེམས་བདེ་མོའི་ངང་ཆུ་ཁར་གཡེང་ཞིང་མིག་ཟུང་བཙུམས། ཨ་ཕ་རྒྱང་རིང་དུ་བཞུད་སོང་། རྐང་བས་ཤུགས་བཏོན་པ་དང་། གཙང་བོ་རྗེས་སུ་བསྐྱུར་ཅིང་། མུ་མཐུད་དུ་ཤུགས་བཏོན་པས། གྲོང་ཁྱེར་ཡོད་ཚད་རྗེས་སུ་བསྐྱུར་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།