འཆི་བ་མི་རྟག་པའི་ཟིན་ཐོ།

རྩོམ་པ་པོ།:ཟླ་བ་གྲགས་པ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2021-12-06 17:06:27 ཀློག་གྲངས།:
འཆི་བ་མི་རྟག་པའི་ཟིན་ཐོ།
                                          བྱང་ཆུབ་ལམ་རིམ་ཆེན་མོ་ལས་དཔེ་ཀློག་ཟིན་བྲིས་སུ་བཏབ་པ།
ཅོང་ཆུའི་གྲོལ་སྡེ།
                    
        ངའི་ཕ་ཡུལ་དུ་མི་ཞིག་ཚེས་ལས་འདས་པ་ལ་ཐ་སྙད་འདོགས་སྟངས་སམ་མིང་གི་འབོད་སྟངས་ཁོ་ན་ལའང་མི་འདྲ་བ་མང་པོ་ཡོད་དེ། བླ་མ་དང་གྲྭ་བ། དཔོན་པོ་དང་ཡོན་ཏན་ཅན་གྱི་མི་སྣ་ཆེས་སྤྱིར་བཏང་གི་མི་སེར་ཕལ་བ་ཅིག་དང་བཅས་པ་ལ་ཚེ་ལས་འདས་པའམ་ཤི་བའི་སྐོར་ལ་མིང་གི་རྣམ་གྲངས་མང་པོ་ཡོད། དེ་དག་ལས་དཔེ་མཚོན་ཙམ་དྲངས་ན་བླ་མ་ཆེན་པོ་ཞིག་ཡིན་ན་སྐུ་མྱ་ངན་ལས་འདས་པ་དང་། ཞིང་གཞན་དུ་གཤེགས་པ། གཞན་དོན་དགོངས་པ། ཞི་བར་གཤེགས་པ། ད་དུང་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་དབྱིངས་སུ་བསྡུས་པ་སོགས་ཅུང་ནང་བསྟན་རིག་གཞུང་ལ་གཞོལ་ཆེ་བའི་ཐ་སྙད་དམ་མིང་འདོགས་དང་། མ་མཐའ་འང་ཆེས་སྤྱིར་བཏང་གི་མི་ཞིག་ཡིན་ན་མི་དེ་ཚེ་ལས་འདས་པ་ལ་ཚེ་འདས་པོ། དག་ཞིང་པོ། དགའ་ལྡན་པོ། དྲིན་ཆེན་པོ་སོགས་ཅུང་ཕལ་སྐད་ལ་གཞོལ་ཆེ་བའི་ཐ་སྙད་འདོགས་པའང་ཡོད། ཐ་སྙད་དེ་དག་གི་རིན་ཐང་ཆེ་ཆུང་མི་འདྲ་ཞིང་རྒྱབ་ལྗོངས་ཀྱི་ལྟ་ཚུལ་ཡང་མི་འདྲའོ། །
        འོ་ན། སྤྱིར་འཆི་བ་ངོས་འཛིན་གྱི་སྐོར་ལ་འགྲོ་བ་མི་སྤྱིའི་དབང་དུ་བྱས་ནའང་ལྟ་སྟངས་དང་དྲན་ཚུལ་མི་འདྲ་བ་མང་པོ་ཡོད་དེ། དེ་ལ་ཆོས་ལུགས་ཁས་ལེན་མཁན་དང་མི་ལེན་མཁན། སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་དང་མི་ལེན་མཁན། ལས་རྒྱུ་འབྲས་དང་དགེ་སྡུག་ཁས་ལེན་མཁན་དང་མི་ལེན་མཁན་བཅས་ཀྱི་འཆི་བ་ལ་ངོས་འཛིན་ཚུལ་ནི་ཐ་དད་ཅིང་སོ་སོ་བ་ཡིན། དེས་ན་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་འགྲོ་ཡོད་དོ་ཅོག་གི་འཆི་བའི་ལྟ་སྟངས་ལས་རང་ཉིད་ལ་ཅུང་རྒྱུས་མངའ་ཆེ་ཞིང་བག་ཆགས་ཟབ་པའི་ནང་བསྟན་ཆོས་ལུགས་ཀྱི་འཆི་བ་ངོས་འཛིན་སྐོར་ནས་ཅུང་ཟད་གླེང་ན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁོ་ན་ལའང་གཙོ་ཆེ་ས་ནས་སྔགས་ཕྱོགས་རྒྱུད་སྡེ་བཞི་དང་མདོ་ཕྱོགས་བཀའ་པོད་ལྔ་ལས་འཆི་བ་ལ་ངོས་འཛིན་ཚུལ་གྱི་སྐོར་དང་། མདོ་ཕྱོགས་ཁོ་ན་ལྟ་བུ་ཞིག་ཡིན་ནའང་གྲུབ་མཐའ་གོང་འོག་དང་ཐེག་པ་ཆེ་ཆུང་གི་འཆི་བ་ངོས་འཛིན་ཚུལ་གྱི་སྐོར་མང་དུ་མཆིས། དེས་ན་འཆི་བ་ངོས་འཛིན་གྱི་སྐོར་ལ་ནང་བསྟན་རིགས་གཞུང་གི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བསམ་བློའི་དཔག་ཚུལ་དེར་རང་ཉིད་ཡོངས་སུ་འཇུག་མི་ནུས་ནའང་། འཆི་བ་ངོས་འཛིན་གྱི་སྐོར་ལས་བྱེ་བྲག་འཆི་བ་མི་རྟག་ཅེས་པའི་ཐ་སྙད་གཅིག་པུ་ལས་མངོན་པའི་བསམ་བློའི་རྒྱབ་ལྗོངས་ཁོ་ན་ལས་ནང་བ་སངས་རྒྱས་པའི་འཆི་བ་ངོས་འཛིན་ཚུལ་གྱི་བསམ་བློའི་ཆ་གཅིག་མངོན་ཐུབ་པར་འདོད། འཆི་བ་མི་རྟག་གི་སྐོར་ལའང་ཕྲ་རགས་མང་དུ་དགར་ནས་དཔྱད་ཆོག་ཅིང་དེའང་དཔེ་དོན་གཉིས་ཀྱི་སྟངས་ནས་གོ་ཆོག་གོ །
        འཆི་བ་མི་རྟག་གི་ཚུལ་ལ་སྔོན་རྒྱལ་བའི་མདོ་རྒྱུད་དུ་མ་ནས་གསུངས་པའང་དཔེར་ན། རྒྱ་ཆེར་རོལ་བའི་མདོ་ལས་ཀྱང་། “སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །”ཞེས་བསྟན་པ་དང་དེ་ཡི་རྗེས་འཇུག་རྒྱ་གར་པན་གྲུབ་རྣམས་ཀྱི་གསུངས་ལས་ཀྱང་། དཔེར་ན། སྤྱོད་འཇུག་ལས། “ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོད་པའང་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །”ཞེས་འཆི་བ་མི་རྟག་པར་ཡང་ཡང་གསལ་བཏབ་པའམ་དྲན་སྐུལ་ཞུས་པ་ཡོད། ཁྱད་པར་རང་རེ་བསིལ་ལྡན་གངས་རིའི་ལྗོངས་ཀྱི་བསྟན་པ་སྔ་དར་དང་ཕྱི་དར་གྱི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུའི་འང་འཆི་བ་མི་རྟག་ཅེས་པའི་གོ་དོན་ཡང་དང་ཡང་དུ་གསུངས་བའང་ཡོད། བྱས་ཙང་གྲུབ་མཐའ་རྒྱ་མཚོ་ལྟ་བུ་དེ་དག་གི་ཁྲོད་ཀྱི་མཁས་གྲུབ་ནོར་བུ་འདྲ་བ་དག་གི་འཆི་བ་མི་རྟག་གི་ཚུལ་ལ་གསུང་བའི་ཞལ་གདམས་གསེར་ནག་གི་ཐིག་པ་ལྟ་བུ་ནི་ད་ལྟ་ང་ཚོའི་རྗེས་རབས་རྣམས་ཀྱི་བཀླག་རུ་བའི་ཡུལ་དུ་བརྗིད་ལེར་བཞུགས་ཡོད་པ་ནི་བསོད་ནམས་ཀྱི་བསྒོ་སྐལ་ཞིག་ཏུ་རློམ་འོས། ཡིན་ན་ཡང་ང་ལ་མཚོན་ན་དེ་དག་ལས་ཀྱང་རང་ཉིད་འགྲོགས་འདྲེས་ཆེ་ཞིང་ཆེད་དུ་བགྲང་བྱ་མང་པོར་བག་ཆགས་ཙམ་འཇོག་པའི་གོ་སྐབས་ལྡན་མྱོང་བའི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་གསུམ་ལྡན་ངུར་སྨུག་འཛིན་པའི་རྣམ་རོལ་ཡབ་རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་གསུང་རྩོམ་རྨད་དུ་བྱུང་བ་དག་ལས་ཁོང་གི་གསུང་གི་ཚབ་ལྟ་བུའི་ལམ་རིམ་ཆེན་མོ་ལས་འཆི་བ་མི་རྟག་གི་ཚུལ་གསུང་བའི་གསུངས་ཚིག་སྐོར་ཅིག་འདིར་ཚན་བཤུས་བྱས་ན། དེ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་མམ་ཆེ་འབྲིང་གསུམ་ལས་སྐྱེས་བུ་ཆེ་འབྲིང་གཉིས་ནི་གཞན་དོན་ཁོ་ནའི་ཕྱིར་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་བདེན་བཞིའི་གནས་ལུགས་ཀྱི་སྟེང་ནས་འཁོར་བ་འཇུག་ལྡོག་གི་རིམ་པ་བསམ་པ་གཉིས་ཡིན་ཞིང་། དེ་ནི་ས་སྟེང་གི་སྐྱེ་བོ་ཕལ་མོ་ཆེས་ཧ་ཅང་དཀའ་བ་ཡིན་ལ། འཇིག་རྟེན་འདིའི་ཆེས་རིན་ཐང་ཆེ་ཞིང་དོན་སྙིང་ལྡན་པའང་འདི་ཁོ་ན་ཡིན། སྐྱེ་བོ་ཆུང་ངུའམ་ཐ་མའང་འཆི་བ་མི་རྟག་པ་ལ་ངེས་པར་བློ་སྦྱོང་བ་ཞིག་ཡིན་དགོས་ཚུལ་གསུང་བའི་དེ་ལ་བློ་སྦྱོང་ཚུལ་ལའང་ས་བཅད་དམ་སྤྱི་བཤད་ཀྱི་ཚུལ་དུ་བྱས་ན་“སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་ཆུང་ངུའི་བསམ་པ་སྦྱོང་བ་དངོས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ།འཇིག་རྟེན་འདིར་རིང་དུ་མི་གནས་པ་འཆི་བ་རྗེས་སུ་དྲན་པ་བསམ་པ། འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས། འཆི་བ་དྲན་པ་བསྒོམ་པའི་ཕན་ཡོན། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། འཆི་བ་དྲན་པ་ཇི་ལྟར་བསྒོམ་ཚུལ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པ”སོགས་མང་དུ་གསུངས་ཀྱང་། དེ་དག་ལས་སྐྱེ་བུ་ཆུང་ངུའི་བསམ་པ་སྦྱོང་བ་དངོས་ལའང་“བསམ་པ་སྦྱོང་བ་དངོས་དང་། བསམ་པ་དེ་སྐྱེས་པའི་ཚད། ད་དུང་དེ་ལ་ལོག་པར་རྟོག་པ་བསལ་བ་དང་གསུམ་གསུང་།”
        དེའང་དང་པོ་ལ་ཡང་“འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ།།”དེ་གཉིས་ལས་ཀྱང་དང་པོ་ལ་འཇིག་རྟེན་འདིར་རིང་དུ་མི་གནས་པ་འཆི་བ་རྗེས་སུ་དྲན་པ་བསམ་པ་དང་། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ།།”དེ་ལ་དང་པོར་ཡང་གོང་དུ་དྲངས་མ་ཐག་པའི་ས་བཅད་དམ་བམ་བཤད་ཆེན་མོ་ལས་འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས། འཆི་བ་དྲན་པ་བསྒོམ་པའི་ཕན་ཡོན། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། འཆི་བ་དྲན་པ་ཇི་ལྟར་བསྒོམ་ཚུལ་བཞི་ལས། དང་པོ་འཆི་བ་དྲན་པ་མ་བསྒོམ་ཉེས་དམིགས་ཀྱང་དང་པོར་འདི་ལྟར་གསུང་སྟེ་“མི་རྟག་པ་ལ་རྟག་པར་འཛིན་པའི་ཕྱིན་ཅི་ལོག་ཉིད་དང་པོར་གནོད་པའི་སྒོར་འགྱུར་ཞེས་བསྟན་པ།ལྟ་བུའོ།།”
        གཉིས་པ་འཆི་བ་དྲན་པ་བསྒོམ་པའི་ཕན་ཡོན་འང་དཔེ་དོན་གཉིས་ཀྱི་སྒོ་ནས་ར་འཕྲོད་པར་བྱས་ཏེ། དཔེ་ནི། མྱ་ངན་ལས་འདས་པ་ཆེན་པོ་ལས། “ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ། རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ། འདུ་ཤེས་ཐམས་ཅད་ཀྱི་ནང་ན་ཡང་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ནོ། །”ཞེས་གསུངས་ཤིང་དོན་གྱི་སྟེང་ནས་ཀྱང་“བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོ་དང་། དེའི་གཉེན་པོ་འཆི་བ་དྲན་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྒོའོ། །”ཞེས་ཡང་ནས་ཡང་དུ་བསྔགས་སོ། །
        གསུམ་པ་འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ་དེ་ལའང་བཞི་བརྒྱ་བ་ལས། “བདག་ནི་འཆི་འོ་སྙམ་སེམས་པ། །གང་ལ་ངེས་པར་ཡོད་གྱུར་བ། །དེས་ནི་འཇིགས་པ་ཡོངས་བཏང་ཕྱིར། །འཆི་བདག་ལའང་ག་ལ་འཇིགས། །”ཞེས་གསུངས་པའི་ཕྱིར་རོ། །
        བཞི་བ་འཆི་བ་ཇི་ལྟར་བསྒོམ་ཚུལ་ནི། “རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་རྣམ་པ་གསུམ་གྱི་སྒོ་ནས་བསྒོམ་པར་བྱའོ།།”ཞེས་ཅུང་འཛིན་བདེ་ཞིང་དྲན་སླ་བའི་གྲངས་འདྲེན་གྱི་རྣམ་པའི་སྒོ་ནས་གསུངས་སོ། །
        ད་དུང་ས་བཅད་ཆེན་མོ་དེ་བཞི་དང་མཉམ་དུ་འཕྲོས་པའི་ས་བཅད་ལའང་“ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པ་”བཅས་ས་བཅད་དེ་གསུམ་ནི་མ་གླེང་ཐབས་མེད་ལྟ་བུ་ཞིག་ཡིན།དང་པོ་ངེས་པར་འཆི་བ་བསམ་པ་ཡང་། ཀ་མ་བའི་ཞལ་ནས། “ད་ལྟ་འཆི་བས་འཇིགས་པ་ཞིག་དགོས། འཆི་ཁར་མི་འཛེམ་པ་ཞིག་དགོས་པ་ལ། འོ་སྐོལ་དེ་ལས་ལྡོག་ནས་ད་ལྟ་མི་འཇིགས། འཆི་ཁར་བྲང་ལ་སེན་མོ་འདེབས་ཞེས་ཅུང་ཡི་མ་རངས་བའི་རྣམ་པའི་གསུང་བའང་ཡོད། དེ་ལ་གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ་ཡང་ཉི་མ་རེ་རེ་ནས་འཆི་སྙམ་པའི་བློ་བསྐྱེད་དགོས་པ་ལ་དཔེ་དོན་མང་པོ་གསུངས་ཀྱང་ཅུང་དཔེ་སླ་མོ་ཞིག་གི་སྒང་ནས་ར་སྤྲད་ན། རིན་ཆེན་ཕྲེང་བ་ལས་ཀྱང་།“འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །”ཞེས་སོ།།
        དེའང་མཐའ་མའི་ས་བཅད་འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པའང་“དེས་ན་ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་བདག་འདོར་ལ། བདག་གིས་ཀྱང་འདི་དག་དོར་ནས་འཇིག་རྟེན་གཞན་དུ་འགྲོ་བ་ཞིག་ངེས་པར་འོང་། དེ་ཡང་དེ་རིང་འོང་སྙམ་དུ་བསམས་ལ། དེའི་དུས་སུ་ནི་ཆོས་འབའ་ཞིག་གི་སྐྱབས་དང་མགོན་དང་དཔུང་གཉེན་དུ་འགྱུར་ཚུལ་བསམ་པར་བྱ་སྟེ་”ཞེས་ལུང་དང་རིགས་པའི་ཡང་དང་ཡང་དུ་གསུངས་སོ། །
        འཆི་བ་མི་རྟག་གི་སྐོར་ལ་དེ་ལྟར་མང་དུ་གསུངས་བ་གཞིར་བཅས་“བློས་ལྕོག་ན་སྔར་བཤད་པ་བཞིན་བསྒོམ་ཞིང་། མ་ལྕོགས་ན་རྩ་བ་གསུམ་ལ་རྒྱུ་མཚན་དགུ་ཇི་ལྟར་འཚམ་པ་རེ་བཟུང་ལ། གསོད་སར་འཁྲིད་པ་ལ་རྒྱན་བཏགས་པ་ལྟར་ཚེ་འདིའི་བྱ་བ་རྣམས་ལས་ཡིད་མ་ལོག་གི་བར་དུ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །”ཞེས་མཐའ་འཇུག་གི་བསྡོམས་ལྟ་བུ་རེ་གསུངས་བཞིན་ནང་བའི་གཞུང་གི་འཆི་བ་མི་རྟག་གི་ཚུལ་གསུངས་སོ། །
        དེ་ལྟར་ནང་བསྟན་རིགས་གཞུང་ལས་འཆི་བ་མི་རྟག་གི་ཚུལ་ལ་ལྟ་སྟངས་དེ་ལྟ་བུ་ཞིག་གསུངས་ཤིང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ལས་ཆེས་ཐ་མའི་སྐྱེས་བུ་ཆུང་ངུ་ཞིག་ཡིན་ནའང་ནམ་རྒྱུན་འཆི་བ་མི་རྟག་གི་ཚུལ་ལ་བསམ་བློ་ཅེས་ཀྱང་གཏོང་དགོས་ཚུལ་ནན་ཏན་དུ་གསུངས་ཤིང་། ང་ཚོས་ནི་དེ་ལས་ལྡོག་སྟེ་ནམ་རྒྱུན་འཆི་བ་ལ་མི་འཆི་སྙམ་པའི་རྣམ་པར་རྟོག་རྒྱ་རུ་བསྐྱེད་ནས་རང་གི་ཚེ་འདིའི་འདི་སྣང་ཙམ་པོ་བ་རེ་བསྒྲུབས་ནས་བསྡོད་དོ། །
        འཆི་བ་ཞེས་པའི་ཐ་སྙད་དེར་གཞུང་གི་རྒྱབ་ལྗོངས་བྱས་པའི་འགྲེལ་ཚུལ་དེར་ལྟར་མངའ་ཞིང་ཡུལ་སྲོལ་དང་གོམ་འགྲོས་ཀྱི་དབང་གིས་འཆི་བ་ལ་ཐ་སྙད་སྦྱོར་སྟངས་ངས་གོང་དུ་བཤད་པ་ལྟར་མང་དུ་སྣང་ངོ།།
༢༠༢༡ལོའི་༡༠ཟླ༢༠ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།