བན་ཤུལ་དངོས་གྲུབ་རྒྱལ་གྱི་ལྷུག་རྩོམ།
རྩོམ་པ་པོ།:དངོས་གྲུབ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-05 10:55:24
ཀློག་གྲངས།:
དུས་རབས་བཅུ་གསུམ་པའི་ས་སྐྱའི་མི་ཆེན་ཞིག་དྲན་པ།
དངོས་གྲུབ་རྒྱལ། བོད་ལྗོངས་སློབ་ཆེན།
འདི་ནས་ཡར་བརྩིས་པའི་ལོ་ཡི་འཁོར་མོ་༧༧༥ལྡོག་པའི་སྟོན་ཁ་ཞིག་ལ་ས་སྐྱའི་མི་ཆེན་ཞིག་ལན་གྲུ་དང་བར་ཐག་ལེ་དབར་ཉིས་བརྒྱས་ཆོད་པའི་ད་ལྟའི་ཝུའུ་ཝེ་གྲོང་ཁྱེར་ལ་ཕེབས་མྱོང་ཡོད་སྐད། དེ་ཡང་སྔོན་གྱི་རྒྱའི་ཧན་ཆེན་པོའི་རིང་ལ་ཡུལ་དེར་འགུ་ཙང་དུ་འབོད་ཅིང་། ཕྱིས་སུ་ཡུལ་དེར་ལིང་ཇུ་མཁར་དུ་འབོད། ཆེན་པོ་ཧོར་གྱི་དཔུང་ཚོགས་ཀྱིས་དུས་རབས་ཤིག་གི་ཨེ་ཤ་ཡའི་སྐམ་ས་ཆེན་པོ་རྟ་མཆོག་གི་རྨིག་པས་བརྫིས་ཏེ་ཐོག་མར་རྒྱའི་ཡུལ་དང་དེ་ནས་མི་ཉག་གི་ཡུལ་ལ་སོགས་པ་བྱང་ཕྱོགས་ཀྱི་རྒྱུད་མཐའ་དག་བདག་གིར་བཟུང་ནས། ཐ་མར་ཨེ་ཤ་ཡ་གླིང་ཕྲན་གྱི་མདོ་དབུས་མཐོ་སྒང་གི་སྒལ་གཞུང་བརྒྱུད་ནས་ཕེབས་དུས། ཁྱིམ་པ་དང་རབ་ཏུ་བྱུང་པའི་རྣམ་དབྱེ་མེད་པར་རང་གཞན་ཐམས་ཅད་རལ་གྲིའི་སོ་ཁར་བརྫིས་བྱུང་། དགུང་གྲངས་དྲུག་ཅུར་བཞེས་པའི་མི་ཆེན་དེའི་མིང་ལ་ས་སྐྱ་པཎྟི་ཏ་ཀུན་དགའ་རྒྱལ་མཚན་དུ་འབོད། ཁོང་ནི་ས་སྐྱ་འཁོན་གྱི་གདུང་རྒྱུད་དུ་འཁྲུངས་ཤིང་། ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ཡིན། སྐབས་དེའི་བོད་མིའི་བདེ་སྡུག་དང་མའོངས་བའི་འཕྲལ་ཕུགས་ཀྱི་ཆེད་དུ་རང་ཉིད་ན་སོ་རྒས་པའི་ཞེ་ཉོ་ལྷུར་བཞེས་གནང་བཞིན་སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུར་སོན་པ་དང་ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ཙམ་ལོན་པ་གཉིས་ཕྱག་ཕྱིར་ཁྲིད་དེ་ཆེན་པོ་ཧོར་ཡུལ་དུ་ཆིབས་ཁ་བསྒྱུར། སྐབས་དེར་བོད་རྒྱའི་བྱང་ཕྱོགས་ཀྱི་བདག་པོར་གྱུར་ཅིང་ལིང་ཇུའི་ཆོས་སྲིད་མངའ་ཐང་གི་ཁྱོན་ལ་དབང་བསྒྱུར་བའི་བྱང་ངོས་ཀྱི་མི་དབང་ཆེན་པོ་ཧོར་རྒྱལ་པོ་གོ་དན་ལ་མཚོན་ན། མཐའ་བཞིའི་མི་རིགས་ཁག་གི་སྟོགས་ཤུགས་གྲོགས་སུ་སྦྲན་རྒྱུ་ནི་རྒྱལ་སྲིད་ཡུན་རིང་གནས་པ་དང་མངའ་ཁོངས་རྒྱ་བསྐྱེད་པའི་ཐབས་མཆོག་ཅིག་ཅི་ལ་མིན། ལུགས་གཉིས་རྗེན་མར་མཁྱེན་པའི་ས་པཎ་ལ་མཚོན་ནའང་ཧོར་ཡུལ་དུ་ཕེབས་ནས་གོ་དན་དང་མཇལ་རྒྱུ་ནི་ཆོས་ཀྱི་འདུལ་བྱས་འགྲོ་དོན་བདེ་ལ་བཀོད་རྒྱུའི་ཐུགས་འདུན་གཅིག་པུ་ཡིན་མིན་མི་ཤེས་ཀྱང་། དེ་ནས་བཟུང་བོད་ཤིང་སྒོ་ཅན་དུ་གྲགས་པའི་མི་དཔོན་གྲགས་ཞན་ཀུན་གྱིས་ཆེན་པོ་ཧོར་གྱི་བཀའ་ལུང་དང་དུ་ལེན་པའི་མགོ་བརྩམས་བྱུང་། ལོ་རྒན་དྲུག་ཅུར་བཞེས་པའི་མི་ཆེན་ཁོང་གིས་འདི་ལྟར་ས་མཐའ་ཞིག་ནས་མངོན་ཆུང་གིས་གཞན་གྱི་ངོ་གདོང་འཚོས་ཏེ། མི་རིགས་ཤིག་གི་འཕྲལ་ཕུགས་ཀྱི་ལས་དབང་ལ་ཐུགས་ཁུར་བཞེས། ལོ་ན་བཅུར་སོན་པའི་འགྲོ་མགོན་འཕགས་པས་ཀྱང་བྱིས་པ་ཞིག་གི་བརྟུལ་ཞུགས་ལས་ཡོངས་སུ་འགོངས་ཏེ་མི་ཆེན་ཞིག་གི་བརྟུལ་ཞུགས་འཛིན་པ་འདིའང་ངོ་ལོ་སྟོང་ཕྲག་ལྷག་ལ་ཧི་མ་ལ་ཡའི་ཕར་ཚུར་དང་མདོ་དབུས་མཐོ་སྒང་གི་སྒལ་གཞུང་ལས་བརྟོལ་ཏེ་ཤར་རྒྱུད་ཀྱི་ཁོད་ཡངས་པའི་རྩྭ་ཐང་ལ་སྐྱ་དམག་གི་རྨིག་པས་ལན་མང་བརྫིས་པའི་ལས་འབྲས་འཁོར་བ་ཨེ་ཡིན་ནམ། དུས་ཀྱི་རྩིབས་སྟོང་འཁོར་ལོ་སྲབ་ཀྱིས་གཅུན་པར་དཀའ་བའི་རྟ་མཆོག་བཞིན་བང་གིས་རྒྱུགས་ཏེ་སྤྱི་ལོ་༡༢༥༡ལོར་སླེབས་དུས་དགུང་གྲངས་བདུན་ཅུར་སླེབས་པའི་ས་པཎ་གྱིས་ལུགས་གཉིས་གསེར་གྱི་འཁོར་ལོས་ཆེན་པོ་ཧོར་གྱི་ཡུལ་ལ་དབང་བསྐུར་ཞིང་། ཆོས་ཀྱི་འགྲོ་དོན་མང་པོས་བོད་སོག་བདེ་ལ་བཀོད་རྗེས་སྐུའི་བཀོད་པ་ལིང་ཇུ་མཁར་དུ་བསྡུས་ཤིང་། ཕྱིས་ཀྱི་འགྲོ་དོན་ཐ་དག་འགྲོ་མགྲོན་འཕགས་པར་གཏད། ཕྱིས་སུ་ཧོར་ཆེན་པོའི་གོང་མ་སེ་ཆེན་གྱིས་བྱང་ཤར་གྱི་ཁོད་ཡངས་པའི་རྩྭ་ཐང་ནས་ནུབ་གྱི་མདོ་དབུས་མཐོ་སྒང་བར་གྱི་མངའ་ཁོངས་རྒྱ་བསྐྱེད་དེ། རྒྱལ་ས་པེ་ཅིན་དུ་སྤར་ཞིང་འགྲོ་མགོན་འཕགས་པ་བྱང་གི་རྒྱལ་སར་གདན་དྲངས། འདི་ལྟར་ཨེ་ཤ་ཡའི་སྐམ་ས་ཆེན་པོར་སོག་པོ་ཧོར་གྱིས་རྨིག་འོག་ཏུ་བརྫིས་ནས་རིང་ཙམ་ཕྱིན།
སྤྱི་ལོ༡༢༤༧ལོར་ས་པཎ་དབོན་སྲས་བོད་དབུས་གཙང་ནས་མདོ་སྨད་བེ་རི་བརྒྱུད་དེ་ཧོར་གོ་དན་གྱི་རྒྱལ་ས་མདོ་སྨད་ལིང་ཇུ་མཁར་དུ་ཕྱག་འབྱོར། སྤྱི་ལོ་༢༠༢༡ལོའི་དཔྱིད་ཟླ་འབྲིང་པར་ང་རང་བྱང་ངོས་ཀྱི་མི་དབང་ཆེན་པོ་ཧོར་གོ་དན་གྱི་རྒྱལ་ས་ལིང་ཇུ་མཁར་ནས་མདོ་སྨད་ཙོང་ཁ་བརྒྱུད་དེ་བོད་དབུས་གཙང་གི་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་རྡོག་ཐོན་བྱུང་། ལོ་ངོ་བརྒྱད་བརྒྱའི་སྔ་ཕྱིའི་འགྲུལ་བཞུད་ནི་རིག་གནས་ཀྱི་འགྲུལ་བཞུད་ཅིག་ཏུ་མ་ཟད། ཆབ་སྲིད་ཀྱི་འགྲུལ་བཞུད་ཅིག་ཀྱང་ཡིན་ལ། ལོ་ངོ་གཉིས་དང་ཉིན་མཚན་གཉིས་ཀྱི་འགྲུལ་བཞུད་ཀྱི་ཁྱད་པར་ནི་ཚན་རྩལ་གྱིས་བཟོས་པའི་བདེ་སྐྱིད་ཅིག་ཅི་ལ་མིན། སྐབས་དེའི་ས་པཎ་ལ་མཚོན་ལ་ཉིན་མཚན་གཉིས་ཀྱི་འགྲུལ་བཞུད་ནི་བློ་ཡུལ་ལ་མི་ཤོང་བའི་འཁྲུལ་སྣང་ལྟ་བུ་ཞིག་ཡིན་སྲིད། མེ་འཁོར་ནི་སྲབ་ཀྱིས་གཅུན་པར་དཀའ་བའི་རྟ་རྒོད་བཞིན་བང་གིས་རྒྱུགས་བྱུང་། མེ་འཁོར་གྱིས་རྒྱབ་ཏུ་བསྐྱུར་བའི་རི་ཆུ་དག་གིས་ཀྱང་ལོ་ངོ་བརྒྱད་བརྒྱའི་ཡར་སྔོན་གྱི་ས་སྐྱའི་མི་ཆེན་ཁོང་གི་ཕེབས་འབྱོར་ལ་བསུ་མ་དང་གཞན་གྱི་ཁ་ངོ་བསྲུང་བར་ཕེབས་པའི་ལོ་ཟླའི་འགྲུལ་བཞུད་ལ་སེམས་གསོ་གནང་ཡོད་ཤས་ཆེ། སྲོད་ཀྱི་གྲིབ་གཟུགས་རྒྱང་རིང་ལ་འཐེན་པའི་ཕྱི་དྲོ་ཞིག་ལ་ནས་ཆང་གི་ཕ་གཞིས་ཏེ་གཙང་གི་གྲོང་ཁྱེར་གཞིས་རྩེ་ལ་འབྱོར་བྱུང་། དེ་རུ་ཞག་གཅིག་གི་ངལ་དུབ་སེལ་རྗེས་སླར་ཡང་ལེ་དབར་བརྒྱ་དང་ལྔ་བཅུས་ཆོད་པའི་དཔལ་ལྡན་ས་སྐྱར་བསྐྱོད་མགོ་བརྩམས། ཉི་ཟེར་ཀྱི་དྲོད་ཁོལ་འཇམ་པོ་ས་སྐྱའི་གཞུང་དུ་འཕྲོས་མགོ་རྩོམ་པའི་ཞོགས་པ་ཞིག་ལ། ད་གཟོད་སེམས་ནས་ཡུན་རིང་སྒུག་པའི་ས་སྐྱ་པཎྟི་ཏ་ཆེན་མོའི་གདན་ས་སྟེ་དཔལ་ལྡན་ས་སྐྱ་དགོན་དུ་འབྱོར་བྱུང་། དཔལ་ལྡན་ས་སྐྱ་དགོན་ནི་ས་སྐྱ་རྫོང་གི་འཁྲིས་སུ་ཆགས་ཡོད་ལ། ཕྱོགས་བཞིར་གནས་པའི་རི་བོ་དག་ནི་མཐོ་རྒྱུ་མེད་པར་ལྷོ་བྱང་གི་རིའི་བར་ཐག་ཅུང་དོག་ལ་ཤར་ནས་ནུབ་དུ་བརྐྱངས་པའི་ལུང་གཞུང་གི་མགོ་རྔ་ཅུང་རིང་། ཆར་ཆུ་ཉུང་ཞིང་དགུན་གྱི་གྲང་ལྷགས་རྒོད་པས་སའི་ཁ་དོག་སྐྱ་བོར་འདུག་ལ། ས་སྐྱ་ཞེས་པ་སའི་ཁ་དོག་གི་ཆ་ནས་བཏགས་པར་བདེན་ཤས་ཆེ་སྙམ། ས་རྒྱུས་རིག་པ་ལྟར་ན། རྒྱ་མཚོ་དང་བར་ཐག་རིང་ཞིང་ཕྱོགས་བཞིར་རི་བོས་བསྐོར་ནས་རྒྱ་མཚོའི་རླངས་པ་དང་བརླན་བཤེར་བཀག་པས་ཐན་སྐམ་རང་བཞིན་གྱི་ནམ་ཟླ་གྲུབ་པ་འདི་མདོ་དབུས་མཐོ་སྒང་གི་གཙང་གི་ཡུལ་ཕྱོགས་མང་པོའི་ནམ་ཟླའི་སྣང་ཚུལ་ཞིག་ཡིན་ལ། སྔོན་གྱི་དུས་སུ་མི་རིགས་གཞན་གྱིས་བོད་ཀྱི་ས་ཆར་བཙན་འཛུལ་དཀའ་བའང་ནམ་ཟླ་འདིའི་ཁོར་ཡུག་ལ་རག་ལས་སྙམ། རླངས་འཁོར་ལས་བབས་མ་ཐག་མིག་ལམ་དུ་མངོན་འོང་པ་ནི་མཆོད་རྟེན་དཀར་པོ་མཐོ་ཚད་ལ་སྨི་ལྔ་ཙམ་ཞིག་ཡོད་པ་དེ་ཡིན། དེ་ནི་འགྲོ་མགོན་འཕགས་པས་བཞེངས་པར་གྲགས། མཆོད་རྟེན་གྱི་གཡས་ཕྱོགས་སུ་སྨི་ལྔ་བཅུ་ཙམ་སོང་ན་ས་སྐྱའི་ལྷོ་དགོན་ཆགས་ཡོད། སྤྱིར་ས་སྐྱ་དགོན་དེར་བྱང་དགོན་དང་ལྷོ་དགོན་ཁག་གཉིས་སུ་དབྱེ་ནས་ཡོད་ལ། ལྷོ་དགོན་ནི་འགྲོ་འགོན་འཕགས་པས་ཡོན་གོང་མའི་རྒྱབ་སྐྱོར་འོག་བོད་ཆོལ་ཁ་གསུམ་དབང་འོག་ཏུ་བསྡུས་ཏེ་ས་སྐྱ་དགོན་གྱི་གཞི་རྒྱ་ཆེ་རུ་ཕྱིན་ནས་འཛུགས་བསྐྲུན་རྒྱ་ཆེར་གནང་པར་གྲགས། ང་རང་ཐོག་མར་གནས་མཇལ་གཏོང་ས་ནི་ལྷོ་དགོན་དེ་ཡིན་ལ། ཕྱིས་ཀྱི་རིག་གསར་གྱིས་གཏོར་བཤིག་ཐེབས་ཡང་ད་ལྟ་གཞི་རྒྱ་ཆེ་ལ་གྲྭ་པ་མང་པོ་འདུག ལྷོ་དགོན་གྱི་སྒོ་ཆེན་ནས་དྲང་ཐད་དུ་ཡར་སོང་ན་ཚོགས་ཆེན་འདུ་ཁང་ཡོད་པ་དེར་ཐོག་བརྩེགས་གསུམ་ཙམ་འདུག དེའི་ནང་དུ་ས་སྐྱ་གོང་མ་རྣམ་ལྔ་གཙོར་བྱས་པའི་ལྷ་རྟེན་མང་དུ་འདུག་པར་མ་ཟད། ལྷ་རྟེན་རྣམས་ཀྱི་རྒྱབ་ལོགས་སུ་འཛམ་གླིང་ལ་གྲགས་པ་འབར་པའི་ས་སྐྱའི་ཆོས་བརྩེགས་བྲག་རི་མ་ཡོད། སྔོན་ནས་རྣ་ཐོས་ཙམ་ལས་དངོས་སུ་མཇལ་མྱོང་མེད་ལ། ཆོས་བརྩེགས་བྲག་རི་མ་འདིའི་མཐོ་ཚད་ལ་ཕལ་ཆེར་ཁང་བརྩེགས་གསུམ་གྱི་མཐོ་ཚད་དང་རིང་ཚད་ལ་སྨི་ཉི་ཤུ་ལྷག་ཙམ་འདུག དེ་ནི་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམས་ཀྱི་རིང་ནས་ཆོས་དང་འཇིག་རྟེན་བསྒྲུབ་པར་དགའ་བའི་མི་རིགས་འདིས། གཞན་གྱི་རིག་གནས་ནང་འདྲེན་དང་རང་གི་རིག་གནས་འཛུགས་བསྐྲུན་བྱེད་པར་མཁས་བའི་མཚོན་རྟགས་ཤིག་ཡིན། ལྷོ་དགོན་གྱི་ཕྱིའི་ལྕགས་རི་ནི་མཐོ་ཞིང་ཞེང་ཆེ་ལ་མི་གསུམ་ཙམ་མཉམ་དུ་གཤིབ་ནས་སོང་ཆོག་པར་མ་ཟད། ལྕགས་རིའི་གྲུ་བཞིར་མཐོ་ཞིང་བརྟན་པའི་ཁང་མིག་ཆུང་ཆུང་རེ་འདུག དེའི་ནང་དུ་ཕྱོགས་བཞིའི་ཡུལ་རྣམས་ལག་མཐིལ་ཏུ་བླངས་པ་ལྟར་གསལ་བོར་མཐོང་ཐུབ་ལ། དེ་ནི་སྔོན་གྱི་ཚེ་ཕྱིའི་དགྲ་བོར་དོགས་ཟོན་དུ་བསྐྲུན་པ་ལེ་ཡིན་སྙམ། དེ་ལྟ་བུ་དབུས་གཙང་གི་ཡུལ་མང་པོར་མཐོང་རྒྱུ་ཡོད་པར་མ་ཟད། མི་རིགས་གཞན་གྱི་ལོ་རྒྱུས་སུའང་དེ་ལྟར་བྲིས་པ་མཐོང་རྒྱུ་འདུག །
ས་སྐྱའི་བྱང་དགོན་དང་ལྷོ་དགོན་ནི་ས་སྐྱའི་གཞུང་དུ་འབབ་པའི་གྲུམ་ཆུ་གཙང་པའི་ཕར་ཚུར་དུ་དབྱེ་ནས་ཆགས་ཡོད། ལོ་རྒྱུས་ཡིག་ཚང་ཁག་ཏུ་འཁོན་དཀོན་མཆོག་རྒྱལ་པོས་ཐོག་མར་ཕྱག་བཏབ་པའི་མ་དགོན་ནི་ས་སྐྱའི་བྱང་དགོན་ཡིན་པར་བཤད། བོད་རབ་བྱུང་དང་པོའི་ཆུ་གླང(༡༠༧༣)ལོར་འཁོན་དཀོན་མཆོག་རྒྱལ་པོས་གནས་དེར་གཟིགས་སྐབས་དབོན་པོ་རི་གླང་ཆེན་ཉལ་བ་དང་འདྲ་བའི་མཁལ་ཁུང་གཡས་པའི་ཐད་ནས་ས་དཀར་ཞིང་སྣུམ་ལ་ཆུ་གཡས་སུ་འབབ་པ་སོགས་ཀྱི་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པ་མཁྱེན་ནས་ས་དེར་དགོན་པ་བཏབ་པས་དགོན་མིང་ཡུལ་དེའི་སའི་ཁ་དོག་ལ་གཞིགས་ནས་ས་སྐྱ་དགོན་ཞེས་བཏགས་པར་གསུངས། གྲུམ་ཆུའི་ཟམ་པར་བརྒལ་ནས་བྱང་དགོན་དུ་ཕྱིན་པ་ན་ཕྱིས་སུ་གསར་དུ་བཞེངས་པའི་ཚོགས་ཆེན་འདུ་ཁང་ཞིག་ཡོད་པ་དེར་གྲྭ་པ་མང་པོ་འདུག བྱང་དགོན་གྱི་རིའི་ངོས་སུ་ལྕགས་རིས་བསྐོར་ཡོད་ལ། དེ་ནི་འཁོན་དཀོན་མཆོག་རྒྱལ་པོས་དང་ཐོག་དགོན་པ་ཕྱག་འདེབས་དུས་སུ་བསྐྲུན་པའི་ཕྱིའི་ལྕགས་རི་དེ་ཡིན་འདུག ལོ་རྒྱུས་ཀྱི་གོད་ཆག་མང་པོས་ད་ལྟ་ཞིག་རལ་དུ་སོང་ནས་ལྷག་རོ་ཙམ་ལས་མེད་མོད། ཡུལ་དེའི་དད་ལྡན་རྣམས་ཀྱི་རྒྱབ་སྐྱོར་འོག་ཕྱིའི་ལྕགས་རིའི་གནས་དེར་མ་ནི་འཁོར་ཁང་མང་པོ་བཞེངས་ཡོད།
དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཞིག་ལ་ས་པཎ་ཁུ་དབོན་གནས་འདི་ནས་ལམ་ལ་ཆས་ཏེ་ཆེན་པོ་ཧོར་གྱི་ཡུལ་དུ་ཆིབས་ཁ་བསྒྱུར། སྐབས་དེར་དཔལ་ས་སྐྱའི་མི་དྲག་ཀུན་གྱིས་མི་ཆེན་ཁོང་གི་ཕེབས་བཞུད་ལ་སྐྱེལ་མ་མཛད་དུས། ཁོང་རྟ་པ་བརྒྱ་ཕྲག་མང་པོའི་འཁོར་དང་བཅས་པར་གྲུམ་ཆུ་གཙང་བོའི་འབབ་རྒྱུད་དེད་དེ་སྐྱོ་ཉམས་དང་བཅས་ཆེས་མཐའ་མཇུག་གི་ཕྱིར་མིག་འཕེན་ཞོར་རང་གི་ཚེ་ཡི་འདུ་བྱེད་ཕྲ་མོ་བོད་ཡུལ་ཆོས་ལྡན་གྱི་ཞིང་དུ་མེད་པ་རྟོགས་ཡོད་ངེས།
ང་རང་གྲུམ་ཆུ་གཙང་བོའི་ཟམ་ཁར་འགྲེང་སྟེ། འདི་ནས་ཡར་བརྩིས་པའི་མི་ལོ་བརྒྱད་བརྒྱའི་ཡར་སྔོན་གྱི་མི་ཆེན་ཁོང་གི་དཔའ་བོའི་བཞུད་ལམ་ལ་རྒྱང་བལྟ་ཐེངས་གཅིག་བྱ་འདོད།
༢༠༢༡ལོའི་ཟླ༤པའི་ཚེས༣ཉིན་མེ་འཁོར་ནང་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།