རྡོ་རིང་པདྨ་དབང་ཆེན་གྱི་ལྷུག་རྩོམ།
རྩོམ་པ་པོ།:རྡོ་རིང་པདྨ་དབང་ཆེན།
ཡོང་ཁུངས།:རྐང་ལམ་ཕྲ་མོ།
དུས་ཚོད།:2022-12-09 21:06:51
ཀློག་གྲངས།:
གསང་ཆེན་རྙིང་མའི་དྲོད་ཐིག
—ཏིང་ཀྱཱ་དགོན་གྱི་མཐོང་ཐོས།
—ཏིང་ཀྱཱ་དགོན་གྱི་མཐོང་ཐོས།
རྡོ་རིང་པདྨ་དབང་ཆེན།
ཆུང་དུས་སུ་སེམས་ལ་བཞག་པའི་རིག་གནས་དང་གོམས་སྲོལ་གྱི་བག་ཆགས་དེ། ལང་ཚོའི་སྤོབས་པའི་ཕྱུག་དུས་བག་ལ་ཞ་ནས་མི་མངོན་པར་གནས་ནའང་། ན་སོ་འཕར་བ་དང་བསྟུན་ནས་རིག་གནས་དང་གོམས་སྲོལ་གྱི་བག་ཆགས་དེ་སེམས་ཁོང་ནས་ཇེ་གསལ་དང་སྙིང་ཁོང་ནས་ཇེ་དྲག་ཏུ་འགྱུར་བའང་མི་ཡི་ཆོས་ཉིད་ཅིག་ཡིན། ང་རང་ལ་མཚོན་ནའང་ཁྱིམ་ཚང་གི་ཤུགས་རྐྱེན་གྱིས་ཆུང་དུས་ནས་གསང་ཆེན་རྙིང་མའི་རིང་ལུགས་ཀྱི་བག་ཆགས་དེ་སེམས་ངོར་རས་ལ་སྣུམ་བཞིན་དུ་སིམ་ཡོད་པས། ན་སོ་འཕར་བ་དང་བསྟུན་ནས་གསང་ཆེན་རྙིང་མའི་ལུགས་ལ་དད་པ་དང་དུངས་པའི་འདུན་པ་དེ་ཡང་ཇེ་ཆེ་ནས་ཇེ་དྲག་ཏུ་གྱུར། རང་དགར་བླ་སྤྲུལ་དང་སྐུ་དྲག་སུ་ལའང་མགོ་བོ་མི་དུད་པའི་དགེ་ཆོས་ཀྱིས་ཀྱང་ང་རང་བོད་དུ་སླེབས་ནས་ཕྱག་རྡོག་གཅིག་སུ་ལའང་འཚལ་མ་མྱོང་། སྨིན་གླིང་མཁན་ཆེན་ལ་ཕྱག་གསུམ་ཤོར་སོང་། དེ་ཕ་མེས་ཀྱི་ཆོས་ལ་ཞེན་ཁུལ་ཡིན་པ་འདྲ་ཞེས་པ་ཡང་བག་ཆགས་དེའི་དབང་གིས་ཡིན།
ངས་ཕ་མེས་རྣམས་ཀྱི་ངག་ལས་ཏིང་ཀྱཱ་དགོན་ཞེས་ཡང་ཡང་གླེང་བ་ཐོས་མྱོང་ཞིང་། ང་ཚོའི་སྡེ་བའི་གར་འཆམ་གྱི་ཁུངས་དེ་ཡང་ཏིང་ཀྱཱའི་གར་འཆམ་དང་འབྲེལ་བ་ཡོད་པར་བཤད་པས། ང་རང་ཏིང་ཀྱཱའི་གར་འཆམ་ལ་ལྟ་རུ་འགྲོ་འདོད་འདུན་པ་སྔོན་ཞིག་ནས་ཡོད་ནའང་། འཁོར་བའི་ལས་འཕྲོ་ལ་རྫོགས་རྒྱུ་མེད་པས་ད་བར་དུ་འགྲོ་བའི་སྐལ་བ་མ་བྱུང་། ལྕགས་བྱི་ལོའི་ལོ་གསར་རྒྱ་གྲམ་དམར་པོའི་སྨན་ཁང་དུ་གསར་དུས། ནད་ཁང་དུ་ཕ་ཡུལ་མཚོ་ལྷོ་ཡི་ཡིན་པའི་སྔགས་པ་ཞིག་ཡོད་པ་དང་། ཅུང་འདྲིས་པར་གྱུར་ནས་ཁ་བརྡ་སྣ་ཚོགས་བྱེད་དུས། སྔགས་པ་དེ་ནི་ཏིང་ཀྱཱ་དགོན་གྱི་སྔགས་པ་ཞིག་རེད། ངས་སྔགས་པ་དེར་ཏིང་ཀྱཱ་དགོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྣ་ཚོགས་འདྲི་དུས། སྔགས་ཞིས་དེར་ཡང་འཆད་པའི་ལྷག་བསམ་དང་བརྗོད་པའི་སྤྲོ་བ་བརྟས་ཏེ། ངེད་གཉིས་ཀྱིས་ཏིང་ཀྱཱ་དགོན་དང་འབྲེལ་བའི་ཁ་བརྡ་མང་པོ་ཞིག་བྱས། ཁ་བརྡ་དེ་དག་བརྒྱུད་ནས་ངས་དཔེ་ངོས་སུ་མེད་པའི་ཏིང་ཀྱཱ་དགོན་གྱི་ལོ་རྒྱུས་དང་ངག་རྒྱུན་ཡང་མང་པོ་ཞིག་ཐོས་པས། ང་རང་ཏིང་ཀྱཱ་དགོན་ལ་མཇལ་འདོད་ཀྱི་འདུན་པ་དེ་སྔར་ལས་ཇེ་ཆེར་གྱུར་ཏེ། ད་ལོར་ཏིང་ཀྱཱའི་གར་འཆམ་ལ་ལྟ་རུ་འགྲོ་བའི་ཞོར་དུ་ཏིང་ཀྱཱ་དགོན་ལ་གནས་མཇལ་ཐེངས་ཤིག་བྱེད་པའི་འཆར་གཞི་བཟོས་མོད། ཡིན་ནའང་། ནད་ཡམས་ཀྱི་དབང་གིས་ལྕགས་བྱི་ལོར་ཏིང་ཀྱཱའི་གར་འཆམ་ལ་ལྟ་རུ་འགྲོ་མ་ཐུབ།
ལོ་རེའི་ཧོར་ཟླ་དགུ་པའི་ཚེས་དགུ་ནི་ཏིང་ཀྱཱའི་བཀའ་བརྒྱད་བཟློག་ཆེན་དང་ཚེས་བཅུ་ནི་གར་འཆམ་གྱི་ཉིན་མོ་ཡིན་པས། ལྕགས་གླང་ལོའི་ཧོར་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་ཞོགས་པར་ང་རང་ཏིང་ཀྱཱ་དགོན་ལ་ཆས། ཏིང་ཀྱཱ་དགོན་ནི་སྒོ་མེ་གོང་མར་ཡོད་ཅིང་། འདི་ནི་སྒོ་མེ་གོང་འོག་བར་གསུམ་གཙོ་བྱས་པའི་ཡུལ་འདིའི་གསང་ཆེན་རྙིང་མའི་ཆོས་རྒྱུན་གྱི་ཁུངས་གཏུགས་ས་ཞིག་དང་། མཚོ་སྔོན་ཕྱོགས་ཀྱི་སྔ་འགྱུར་རྙིང་མའི་མ་དགོན་གཙོ་བོ་ཞིག་ཀྱང་རེད།
ཆོས་ལུགས་དང་རིག་གནས་གང་ཞིག་ལ་མཚོན་ནའང་། དེ་ལ་རིག་གནས་ཀྱི་མུ་ཁྱུད་ཅིག་ཡོད་ལ། རྨ་ཆུའི་ལྷོ་བྱང་གི་རྒྱུད་དུ་དར་བའི་གསང་ཆེན་རྙིང་མར་མཚོན་ན། གཅན་ཚ་ཉིན་སྲིབ་དང་ཁྲི་ཀ་གོང་འོག་གཉིས་ཀྱི་ལྟེ་བ་ཨ་ཆུང་གནམ་རྫོང་ཡིན་ལ། རེབ་གོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གདན་ས་ནི་ཁྱུང་མགོན་དང་། སྒོ་མེ་གོང་འོག་བར་གསུམ་གྱི་ལྟེ་བ་ནི་ཏིང་ཀྱཱ་དགོན་ཡིན། གནམ་རྫོང་དང་ཁྱུང་མགོན། ཏིང་ཀྱཱ་སོགས་ཀྱི་ཆོས་རྒྱུན་དེ་ཡང་ཁམས་ཀྱི་རྫོགས་ཆེན་དང་ཞེ་ཆེན་ནས་དབུས་ཀྱི་སྨིན་གླིང་དང་རྡོར་བྲག་ལ་ཐུག་ཡོད་པ་དང་། དེ་ཡང་མདོར་དེད་ན་སློབ་དཔོན་གཅིག་གི་སློབ་མ་དང་དམ་ཚིག་གཅིག་གི་མཆེད་གྲོགས་ཡིན། ཏིང་ཀྱཱ་སྐུ་ཕྲེང་རིམ་བྱོན་ཁྲོད་ནས་ཆོས་ཀྱི་གདུལ་བྱ་རྒྱས་ཤིང་སློབ་མའི་འཁོར་ཚོགས་འདུས་པ་ནི་ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ་དང་ཏིང་ཀྱཱ་ཀུན་བཟང་བདུད་འདུལ་རྡོ་རྗེ་གཉིས་ཡིན་པ་དང་། ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ་དང་ཏིང་ཀྱཱ་ཀུན་བཟང་བདུད་འདུལ་རྡོ་རྗེ་གཉིས་ལ་མཚོ་སྔོན་པོ་གཡས་རུ་གཡོན་རུ་དང་། སྒོ་མེ་གོང་འོག་བར་གསུམ། ཁྲི་ཀ་གོང་འོག་སོགས་ན་སློབ་མ་ཤིན་ཏུ་མང་བ་དང་། ང་ཚོའི་སྡེ་བའི་གར་འཆམ་གྱི་ཁུངས་དེ་ཏིང་ཀྱཱ་ཡིན་ཚེ། ང་ཚོ་སྡེ་བའི་གར་འཆམ་དེ་ནི་ཏིང་ཀྱཱ་ཀུན་བཟང་བདུད་འདུལ་རྡོ་རྗེ་དང་ཡང་ན་དེ་ཡི་ཕྱིས་སུ་དར་བ་ཡིན་དགོས་ཏེ། ཏིང་ཀྱཱ་དགོན་གྱི་བཀའ་བརྒྱད་ཆོས་ཐོག་དང་གར་འཆམ་ནི་ཏིང་ཀྱཱ་ཀུན་བཟང་བདུད་འདུལ་རྡོ་རྗེའི་སྐུ་རིང་ལ་བཙུགས་པར་བཤད།
ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ་ནི་གསང་ཆེན་རྙིང་མའི་བསྟན་པའི་འཕེལ་རྒྱས་ལ་ཐུགས་བསམ་ཚད་མེད་བཞེས་མཁན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ཏེ། ད་ལྟ་སྡེ་དགེ་པར་ཁང་དུ་ཡོད་པའི་རྙིང་མའི་རྒྱུད་འབུམ་གྱི་མ་ཡིག་སྐོར་ཞིག་ཀྱང་ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོས་སྡེ་དགེ་རྒྱལ་པོར་ཕུལ་ཏེ་པར་དུ་བརྐོ་རུ་བཅུག་པར་གྲགས་ལ། ཁོང་གིས་སྔ་འགྱུར་རྙིང་མར་རིགས་སྔགས་འཆང་བའི་ཆས་རོལ་གྱི་རྣམ་བཤད་ཤིན་ཏུ་དཀོན་ཞིང་། དགེ་ལེགས་དཔལ་བཟང་དང་གྲགས་པ་རྒྱལ་མཚན་གྱི་རྣལ་འབྱོར་རོལ་བའི་དགའ་སྟོན་དང་ཧེ་རུ་ཀའི་ཆས་དྲུག་སོགས་ཡོད་ནའང་། ཕྱོགས་རེས་པ་དང་མཐའ་ཆོད་པ་ཞིག་མ་བྱུང་བས། བཀྲ་ཤིས་རྒྱ་མཚོ་མཆོག་ལ་རྙིང་མའི་རིང་ལུགས་དང་རྒྱ་གཞུང་ཁུངས་དྲངས་པའི་སྔགས་ཆས་ཡོངས་རྫོགས་ཀྱི་བཤད་པ་ཞིབ་རྒྱས་ཤིག་རྩོམ་དགོས་པའི་བཀས་བསྐུལ་བ་ལ་བརྟེན་ནས། བཀྲ་ཤིས་རྒྱ་མཚོ་མཆོག་གིས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆོས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་བཀའ་རྩོམ་མཛད་པ་དང་། དེབ་དེའི་མཇུག་བྱང་དུའང་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་ཐུགས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་སྒོ་མེ་ཆོས་རྗེ་ཀུན་བཟང་སྙན་གྲགས་རྒྱ་མཚོའི་བཀའ་སྤྱི་བོར་བབས་པ་ལས་བརྩམས་པ་ཡིན་ཚུལ་བཀོད་ཡོད།
ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོའི་རྣམ་ཐར་ལས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ཁོང་ཉིད་དགོན་ལུང་དུ་གདན་དྲངས་པ་ལྟར་ཕེབས་ཏེ། ཐུའུ་བཀྭན་ཚང་ལ་རྟ་མགྲིན་གྱི་དབང་ལུང་ཆ་ཚང་ཕུལ་ཞིང་། ཐུའུ་བཀྭན་གྱིས་ཀྱང་ཁོང་ཉིད་ལ་དབེན་ས་སྙན་བརྒྱུད་ཀྱི་གདམས་པ་ཕུལ། ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ་དགུང་ལོ་བརྒྱད་ཅུའི་སྟེང་ཐུའུ་བཀྭན་བརྒྱུད་དེ་གོང་མ་ཆན་ལུང་ནས་དམ་པ་འདི་ལ་ཨེར་ཏི་ནིའི་ཆོ་ལོ་དང་ཐམ་ཀ་བསྩལ་བ་དང་། ཆོས་རྗེ་ཞེས་པའི་མཚན་ཡང་བསྩལ་བར་གྲགས་མོད། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཐུའུ་བཀྭན་གྱི་རྣམ་ཐར་ལས་དེའི་སྐོར་འཁོད་མི་འདུག་ལ། རྣམ་ཐར་དེ་ལས་ཐུའུ་བཀྭན་ཚང་གིས་ཚེས་བཅུའི་མཆོད་པ་དང་སློབ་དཔོན་པད་འབྱུང་སྒྲུབ་པའི་སྐོར་འབྱུང་ཞིང་། ཏིང་ཀྱཱ་དཔོན་སློབ་དང་ཐུའུ་བཀྭན་ཚང་ཐེངས་ཤིག་འཕྲད་པའི་ཚུལ་གླེང་ཙམ་ཞིག་བྱས་ཡོད་མོད། ཕན་ཚུན་ལ་དབང་ལུང་ཕུལ་བའི་སྐོར་མེད་ལ། དེ་ནི་རྣམ་ཐར་གྱི་ས་བོན་འཚོལ་ཕྱོགས་ཀྱིས་ལུས་སོང་བ་མིན་ནམ་སྙམ་པའི་ཚོར་བ་ཞིག་ཀྱང་ཡིད་ལ་དབང་མེད་དུ་སྐྱེས་བྱུང་།
ད་ལོའི་དབྱར་དུས་ནས་བཟུང་ངས་ཏིང་ཀྱཱའི་བཀའ་བརྒྱད་བཟློག་ཆེན་དང་གར་འཆམ་ལ་མཇལ་དུ་འགྲོ་བའི་འཆར་གཞི་བཟོས། ཏིང་ཀྱཱའི་བཀའ་བརྒྱད་ཆོས་ཐོག་འཚོགས་པ་ནས་བཟུང་གནམ་ངོ་རྒྱུན་དུ་རུབ་ནས་འདུག་པས། ཉིན་འདི་དག་ལ་ངས་ཆེད་དུ་ཏིང་ཀྱཱ་དགོན་གྱི་ལམ་བར་དང་ཏིང་ཀྱཱ་དགོན་གནས་སའི་ཚལ་རྔ་འགག་གི་གནམ་གཤིས་ལ་དོ་སྣང་བྱས། གནམ་གཤིས་སྔོན་བརྡ་ལས་ཞིང་ཆེན་ཡོངས་ལ་གཟའ་འཁོར་གཅིག་གི་རིང་གནམ་རུབ་ནས་ཁ་བ་འབབ་པ་དང་། གནམ་གཤིས་ཀྱང་རིམ་བཞིན་ཇེ་འཁྱག་ཏུ་འགྲོ་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་པས། ངས་ཏིང་ཀྱཱ་དགོན་ལ་འགྲོ་བའི་ཉིན་དེར་ཁ་བ་བབས་ནས་ལམ་ཁ་བཀག་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་ཡང་བྱས། ལམ་ལ་ཆས་པའི་ཉིན་དེའི་ཞོགས་པར་ཟི་ལིང་དུ་གནམ་ངོ་འཐིབས་ནས་ཡོད་ནའང་ཁ་བ་བབས་མི་འདུག ངས་རླངས་འཁོར་གྱི་སྒྲ་སྡུད་འཕྲུལ་ཆས་ལས་ལམ་གྱི་གནས་ཚུལ་ལ་ཉན་དུས། ཉི་ཟླ་ཉག་གར་སྨུག་པ་འཐིབས་ཡོད་པས་ཁ་ལོ་པ་ཚོས་སེམས་ཆུང་བྱེད་དགོས་པའི་གསལ་འདེབས་བྱེད་བཞིན་ཡོད་ནའང་། ཁ་བ་འབབ་བཞིན་ཡོད་མེད་ཀྱི་སྐོར་ལབ་མ་བྱུང་། ཉི་ཟླ་ཉག་གར་སླེབས་དུས་སྨུག་ཆེན་འཐིབས་འདུག་ལ། ཁ་བ་ཡང་འབབ་བཞིན་ཡོད་པར་མ་ཟད། མཚམས་ཤིག་ན་རླངས་འཁོར་གསུམ་ཐོ་གཏུག་བརྒྱབ་ནས་རླངས་འཁོར་གཅིག་ལམ་འགྲམ་དུ་འཕངས་ཡོད་པས། དེ་རིང་གི་ལམ་ཁ་འདི་ཅུང་རྩུབ་ངེས་སྙམ་སྟེ་ཡིད་སེམས་དངངས་ཤིང་ཞུམ་པར་གྱུར་མོད། རང་གིས་རང་ལ་ཆོས་ཟབ་ན་བདུད་ཀྱང་ཟབ་པ་ཡིན་ཞེས་སེམས་གསོ་ཡང་བྱས། རྒྱུན་ལྡན་ལྟར་ན་ཟི་ལིང་ནས་ཏིང་ཀྱཱ་དགོན་བར་དུས་ཚོད་གཉིས་དང་ཕྱེད་ཀའི་ལམ་ཐག་ཡིན་ནའང་། ང་རང་ཉིན་དེར་དུས་ཚོད་གསུམ་དང་ཕྱེད་ཀ་ལྷག་ལ་སོང་།
བཀའ་བརྒྱད་བཟློག་ཆེན་གྱི་ཉིན་མོ་འདིར་དགོན་པའི་ནང་དུ་སྒོ་མེ་གོང་འོག་བར་གསུམ་གྱི་དད་ལྡན་པ་མང་པོ་ཞིག་འདུས་འདུག ཏིང་ཀྱཱ་དགོན་ལ་ཁ་བ་བབས་མེད་མོད། ཡིན་ནའང་ཉིན་དེའི་ཙག་ནི་དགུན་བོད་ལོ་ནང་གི་ཙག་དང་འདྲ་བས། རྣམ་རྟོག་ཆེ་བའི་ངའི་སེམས་ལ་ཙག་ཆེ་བར་བལྟས་ན་དྲག་པོའི་སྒྲུབ་ཆེན་འདིའི་རང་གི་སྒྲུབ་རྟགས་མངོན་འདུག་སྙམ་བྱུང་། དགུ་བཟློག་གི་ཉིན་མོར་རླུང་འཚུབ་ལྡང་བ་དང་གྲང་ངར་ཆེ་ན་ལོ་དེའི་བགེགས་བར་ཆད་སེལ་ཐུབ་པར་གྲགས་པས། ང་ཚོའི་ཕ་ཡུལ་ནས་རྒན་པ་ཚོས་བཟློག་ཆེན་ཉིན་གྱི་གནམ་གཤིས་ལ་བརྟག་པའི་སྲོལ་ཡང་ཡོད། ངས་འདུ་ཁང་གི་སྒོ་ཆེན་ཁ་ནས་ཕྱག་གསུམ་འཚལ་རྗེས། དུས་ཡུན་རིང་བོ་ཞིག་ལ་འདུ་ཁང་གི་སྒོ་ཆེན་ཁར་ཙོག་པུར་བསྡད་དེ་སྔགས་མང་གི་འདོན་རྟ་དབྱངས་གསུམ་ལ་ཉན་པ་ཡིན། ཏིང་ཀྱཱ་དགོན་གྱི་བཀའ་བརྒྱད་ནི་གྲགས་ཆེ་ཞིང་། མདོ་སྨད་དུ་འདི་ལྟ་བུའི་བཀའ་བརྒྱད་རྒྱས་པ་ཞིག་མེད་པར་བཤད་ལ། སྔོན་ཆད་ལྷ་སར་ཡང་སྡེ་བ་གཞུང་ལྟ་བུ་མ་གཏོགས་འདི་ལྟ་བུའི་བཀའ་བརྒྱད་ཀྱི་ཆོས་ཐོག་རྒྱས་པ་ཞིག་འཛུགས་ཐུབ་མཁན་དཀོན་ཟེར། བཟློག་ཆེན་འཕེན་པའི་རྣམ་པ་དེ་ངས་གྲྭ་ས་ཆེ་ཆུང་དང་སྔགས་སྡེ་ཆེ་ཆུང་མང་པོར་མཐོང་མྱོང་ནའང་། ཏིང་ཀྱཱ་དགོན་གྱི་བཟློག་ཆེན་འདི་ལྟ་བུ་ཞིག་ད་བར་དུ་མཐོང་མ་མྱོང་།
བོད་ཀྱི་དགོན་སྡེ་མང་པོ་ཞིག་གི་ཆགས་ཡུལ་ནི་ས་ཆུ་སྣུམ་གྱིས་སིམ་ཞིང་ཡུལ་ལུང་བཅུད་ཀྱིས་གཏམས་པས། ང་རང་ཏིང་ཀྱཱ་དགོན་ལ་མ་ཡོང་བའི་སྔོན་ལ། ངའི་སེམས་སུ་ཏིང་ཀྱཱ་དགོན་ཡང་ས་ཆུ་སྣུམ་གྱིས་སིམ་ཞིང་ཡུལ་ལུང་བཅུད་ཀྱིས་གཏམས་པ་ཞིག་ཡིན་ངེས་སྙམ། ངས་སྒོ་མེ་གོང་མའི་ས་སྣེ་ཟིན་པ་ན་སྒོ་མེ་གོང་མའི་རི་ལུང་ཐང་གསུམ་སྤང་གིས་བཏུམས་མེད་པར། རྩྭ་ས་ཧྲིལ་པོར་རྩི་ལོག་གིས་ཁྱབ་ཡོད་ཅིང་། ལམ་འགྲམ་གཡས་གཡོན་གྱི་རྩི་ཏོ་སྐྱ་རིང་དེ་དག་རླུང་གི་རྒྱུ་བ་དང་བསྟུན་ནས་གཡོ་བཞིན་ཡོད་པ་དང་། རླངས་འཁོར་གྱི་སྒེའུ་ཁུང་ལས་གཡོ་བཞིན་པའི་རྩི་ཏོ་སྐྱ་རིང་དེ་དག་གིས་མི་སེམས་ལ་འཇིགས་སྣང་སྐུལ་བའི་ཤུ་སྒྲ་ཞིག་སྒྲོག་བཞིན་ཡོད་པའང་སེམས་ཀྱིས་ཚོར་ཐུབ།
ཏིང་ཀྱཱ་དགོན་ནི་བར་ཝོན་དུང་རི་དཀར་པོའི་མདུན་དུ་ཆགས་ཡོད་པ་དང་། བར་ཝོན་དུང་རི་དཀར་པོ་ནི་ཚང་ཚིང་སྟུག་པོའི་ནགས་ཚལ་དང་བྲག་རི་དམར་པོའི་བཙན་རྫོང་གིས་བསྐོར་བ་ཞིག་མིན་ལ། སྤང་ལྗོངས་སྔོན་མོའི་ནེམ་ཤ་དང་བྲག་རི་ཁྲོ་བའི་ཟིལ་རྔམ་གྱིས་བརྒྱན་པ་ཞིག་ཀྱང་མིན་པས། བར་ཝོན་དུང་རི་དཀར་པོར་ཡུལ་སྐོར་པའི་མཚར་སྣང་འགུགས་པའི་ནུས་པ་དང་། གནས་སྐོར་པའི་སྤྲོ་སྣང་འདྲེན་པའི་ལྕགས་ཀྱུ་དེ་མེད་མོད། ཡིན་ནའང་ཏིང་ཀྱཱ་སྒར་གྱི་རྒྱབ་རི་བར་ཝོན་དུང་རི་དཀར་པོ་དང་དེའི་ལོགས་གཉིས་ནས་མདུན་དུ་བསྟར་ཕྲེང་བསྒྲིགས་པའི་དེའུ་འབུར་གྱི་མུ་ཁྱུད། མདུན་གྱི་ཡོན་ཆབ་བཤམས་འདྲའི་རྨ་ཆུ་ལི་མ་དེ་མཐོང་དུས། ཡུལ་འདིའི་ས་བཀྲ་ནི་ཕུན་སུམ་ཚོགས་པ་ཞིག་རེད་སྙམ་པའི་ཚོར་བ་ཞིག་ཡིད་ལ་དབང་མེད་དུ་སྟེར། ང་རང་གུ་རུ་སྟོང་སྐུའི་ལྷ་ཁང་ངམ་ཟངས་མདོག་དཔལ་རིའི་ལྷ་ཁང་ལ་མཇལ་དུས། དེའི་དཀོར་གཉེར་གྱིས་གནས་འདི་ནི་སྔོན་ཆད་ཨ་རིག་དགེ་བཤེས་ཆེན་མོའི་སྐུ་གདུང་གི་ཤུལ་ཡིན་པ་དང་། ཨ་རིག་དགེ་བཤེས་ཆེན་མོའི་སྐུ་གདུང་དེ་སྤྱི་ལོ༢༠༡༠ལོར་རྭ་རྒྱ་དགོན་པར་གདན་དྲངས་པས། དེའི་ཤུལ་དུ་ཟངས་མདོག་དཔལ་རིའི་ལྷ་ཁང་འདི་བཞེངས་པ་ཡིན་ཟེར། དཀོར་གཉེར་དེས་གནས་བཤད་དང་བཅས་ཏིང་ཀྱཱ་ལྟ་བུའི་གནས་ཕུན་སུམ་ཚོགས་པ་མདོ་སྨད་དུ་དཀོན་ཟེར་ལ། དོན་གྱིས་ཀྱང་དེ་ལྟ་བུ་ཞིག་ཡིན་པའི་སྣང་བ་སྟེར།
ཏིང་ཀྱཱའི་རི་ཁྲོད་ནི་བར་ཝོན་དུང་རི་དཀར་པོ་ཡི་སྐེད་ན་ཡོད་པ་དང་། རི་ཁྲོད་དེ་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཆེན་ཞིག་ཡིན་པར་གྲགས། ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ་རི་ཁྲོད་དེར་བཞུགས་སྐབས། སྒོ་མེ་གོང་འོག་བར་གསུམ་གྱིས་ཁོང་ལ་འདུས་སྡེ་ཞིག་འདེབས་དགོས་པའི་གསོལ་བ་ཡང་ཡང་བཏབ་པས། ཁོང་གིས༡༧༡༨ལོར་བར་ཝོན་དུང་རི་དཀར་པོའི་འདབས་རོལ་ཏུ་དགོན་པ་གསར་འདེབས་མཛད་དེ་མཚན་ལ་གསང་སྔགས་ཆོས་འཁོར་གླིང་ཞེས་བཏགས། ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ་ཁོང་ཉིད་བར་ཝོན་ཏིང་སྐོར་དུ་སྐུ་འཁྲུངས་པས། བླ་མའི་མཚན་དང་དགོན་པའི་མཚན་གྱི་མགོར་བླ་བཏགས་སུ་ཏིང་ཀྱཱ་ཞེས་སྦྱར་བ་དང་། ཕྱིས་སུ་མིང་སྟབས་བདེའི་སྒོ་ནས་དགོན་པའི་མིང་ལ་ཏིང་ཀྱཱ་དགོན་པ་དང་ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་ལ་ཨ་ལགས་ཏིང་ཀྱཱ་ཞེས་འབོད། ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོས་དགོན་པའི་ས་འདུལ་དང་བཀྲ་ཤིས་གསོ་སྦྱོང་གནང་སྐབས། གུ་རུ་མཚན་བརྒྱད་ཀྱི་ཉམས་སྣང་བྱུང་བས། ཁོང་གིས་གནས་འདིར་གསང་ཆེན་རྙིང་མའི་བསྟན་པ་དར་ཞིང་རྒྱས་པར་འགྱུར་ཞེས་ལུང་བསྟན། རྒྱབ་རི་འདབས་ཀྱི་དཀྱིལ་དབུས་སུ་ཏིང་ཀྱཱའི་བླ་བྲང་བཞེངས་ཡོད་པ་དང་། ཏིང་ཀྱཱ་དགོན་དུ་ཏིང་ཀྱཱའི་བླ་བྲང་ལས་གཞན་ད་དུང་ཁམས་སྐུ་ཆེན་དང་རྡོ་བ་སྤྲུལ་སྐུའི་བླ་བྲང་སོགས་ཡོད། ཏིང་ཀྱཱའི་འདུ་ཁང་ཆེན་མོ་ནི། ཕྱི་ལྟར་རི་རབ་གླིང་ཕྲན་བཀོད་པས་བརྒྱན། །ནང་ལྟར་གཙུག་ཁང་གི་རྣམ་པ་ཅན། །གསང་བ་སྐུ་གསུམ་རྒྱལ་བའི་གཞས་ཡས་ཁང་། །ཞེས་པ་ལྟར་བཞེངས་ཡོད་ལ། ཡང་། ཕོ་བྲང་གྲུ་བཞི་ལོགས་བརྒྱད་པ། །མི་འགྱུར་བདེ་བ་ཆེན་པོའི་གནས། །གསང་སྔགས་བསྟན་པ་དར་ཞིང་རྒྱས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གླིང་། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་པ་ལྟར་གནས་འདི་ནི་གསང་ཆེན་རྙིང་མའི་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་གནས་མཆོག་ཅིག་ལགས། ད་ལྟའི་འདུ་ཁང་འདི་ནི་རིག་གསར་ཡར་སྔོན་གྱི་འདུ་ཁང་གི་དབྱིབས་ལྟར༡༩༨༥ལོར་གསར་དུ་བཞེངས་པ་དང་། ནང་གི་རྟེན་བཞེངས་ཀྱི་ཐད་ནས་སྦུག་ཁང་གི་དབུས་སུ་སློབ་དཔོན་རིན་པོ་ཆེ་དང་། གཡས་སུ་ཇོ་བོ། གཡོན་དུ་ཐུགས་རྗེ་ཆེན་མོའི་སྐུ་བརྙན་བཞེངས་ཡོད་པ་དང་། གདོང་གྲལ་དུ་ཏིང་ཀྱཱ་དང་ཁམས་སྐུ་ཆེན་གྱི་བཞུགས་ཁྲི་དང་། ཁྲིའི་གཡས་གཡོན་དུ་བཀའ་བསྟན་དང་། རིན་ཆེན་གཏེར་མཛོད། ཀློང་ཆེན་མཛོད་བདུན། འཇིགས་གླིང་པོད་དགུ། རྙིང་མའི་རྒྱུད་འབུམ་སོགས་ཀྱི་གླེགས་བམ་བྲག་རི་བཞིན་དུ་བརྩིགས་ཡོད། ཟུར་བཞི་ལོགས་བརྒྱད་ཀྱི་འདུ་ཁང་དེའི་གཡོན་ཕྱོགས་སུ་ཆོས་སྐྱོང་ཁང་དང་། དེའི་གོང་སྟོད་དུ་རིམ་བཞིན་འཇམ་དབྱངས་ལྷ་ཁང་དང་ཇོ་ཁང་། ཟངས་མདོག་དཔལ་རིའི་ཞིང་བཀོད་སོགས་བཞེངས་ཡོད།
སྒྲུབ་པའི་གར་འཆམ་གྱི་མགོ་མཇུག་ཆ་ཚང་ལ་བལྟས་ན་སྒྲུབ་ཆེན་དེའི་བྱིན་རླབས་འཇུག་པར་བཤད་ལ། ལྷག་པར་དུ་ང་ཚོའི་སྡེ་བའི་གར་འཆམ་དེ་ཏིང་ཀྱཱ་དགོན་གྱི་གར་འཆམ་ལས་མཆེད་པར་བཤད་པས། ངས་ང་ཚོའི་སྡེ་བའི་གར་འཆམ་གྱི་གོ་རིམ་དང་། ཞལ་འབག གར་སྟབས་སོགས་ཏིང་ཀྱཱ་དགོན་གྱི་གར་འཆམ་དང་མཚུངས་མིན་ལ་བརྟག་ཕྱིར། ཉིན་དེར་གྲང་རླུང་རུས་པར་ཟུག་ཅིང་འཁྱག་རླུང་རྐང་ལ་སིམ་ནའང་། ཏིང་ཀྱཱ་དགོན་གྱི་གར་འཆམ་དེའི་མགོ་མཇུག་ཧྲིལ་པོར་ཁ་ཚང་ཞིག་བལྟས་པ་ཡིན། ང་ཚོའི་སྡེ་བའི་གར་འཆམ་དང་ཏིང་ཀྱཱ་དགོན་གྱི་གར་འཆམ་གྱི་གཞུང་རྐང་འདྲ་ནའང་། སོ་སོའི་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སོགས་ཀྱི་གར་འཆམ་དང་མི་མཚུངས་ཤིང་། ཏིང་ཀྱཱའི་སྔགས་འཆམ་དང་བསྡུར་ན་ང་ཚོའི་སྡེ་བའི་སྔགས་འཆམ་ནི་ཉུང་ཞིང་བསྡུས་པ་ཞིག་ཡིན་མོད། ཁྲོ་བོ་ཁྲོ་མོ་གཉིས་དང་། གསེར་སྐྱེམས། བྱ་གཉིས། སྒྲོལ་གིང་། ཤ རཱ་ཧུ་ལ་བཅས་ཀྱི་རྡུང་ཡིག་གཅིག་ཡིན་ལ། ཁྱབ་འཇུག་རཱ་ཧུ་ལ་དང་ཤ སྒྲོལ་གིང་གི་གར་གྱི་སྟངས་སྟབས་ཀྱང་གཅིག་མཚུངས་རེད། ཁྲོ་བོ་ཁྲོ་མོ་གཉིས་དང་གསེར་སྐྱེམས་སོགས་ཀྱི་རྡུང་ཡིག་གཅིག་ཡིན་ནའང་གར་གྱི་སྟངས་སྟབས་ཀྱི་ཐད་ནས་ཅུང་མི་འདྲ་བར་འདུག ཆེས་མི་འདྲ་ས་ནི་ཏིང་ཀྱཱ་སྒར་གྱི་གར་འཆམ་ནི་བཀའ་བརྒྱད་ཀྱི་མཇུག་ཏུ་འཆམ་པ་དང་། ང་ཚོའི་སྡེ་བའི་གར་འཆམ་ནི་འཁོར་བ་དབྱིངས་སྒྲོལ་གྱི་མཇུག་ཏུ་འཆམ་པ་ཡིན། ང་ཚོའི་སྡེ་བའི་འཁོར་བ་དབྱིངས་སྒྲོལ་གྱི་ཆོས་རྒྱུན་དེ་ནི་ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་སྤེལ་བའི་ཆོས་རྒྱུན་ཡིན་པར་བཤད་ལ། ཆོས་ཁུངས་དེའི་མ་བུ་ངོ་སྤྲོད་ཕྱིར། ང་རང་ཆུ་སྟག་ལོར་ཆེད་དུ་རེབ་གོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གདན་ས་ཁྱུང་མགོན་གྱི་གར་འཆམ་ལ་ལྟ་རུ་ཕྱིན། ང་ཚོའི་སྡེ་བའི་འཁོར་བ་དབྱིངས་སྒྲོལ་གྱི་ཆོས་ཐོག་གི་འདོན་རྟ་དབྱངས་གསུམ་དང་གོ་རིམ་སོགས་ཁྱུང་མགོན་གྱི་འཁོར་བ་དབྱིངས་སྒྲོལ་གྱི་ཆོས་ཐོག་དང་ཆུ་ལ་ཆུ་བཞག་ཏུ་འཕྲོད་པས། ང་ཚོའི་སྡེ་བའི་འཁོར་བ་དབྱིངས་སྒྲོལ་གྱི་ཆོས་ཐོག་དེ་ཁྱུང་མགོན་གྱི་ཆོས་རྒྱུན་ཡིན་པ། འདོན་རྟ་དབྱངས་གསུམ་དང་འདོན་ཆོག་གི་གོ་རིམ་ལ་བལྟས་ནའང་མ་བུ་ངོ་འཕྲོད་ཐུབ་མོད། ཡིན་ནའང་། ཁྱུང་མགོན་གྱི་གར་འཆམ་དང་ང་ཚོས་སྡེ་བའི་གར་འཆམ་གཉིས་ལ་ཆ་མཚོན་ན། གར་འཆམ་གྱི་དབུ་འཛིན་པའི་ནོར་བུ་དགའ་འཁྱིལ་ལས་གཞན་མཐུན་པའི་ཆ་མེད་ཅིང་། ང་ཚོའི་སྡེ་བའི་གར་འཆམ་གྱི་གོ་རིམ་དེ་ཏིང་ཀྱཱའི་གར་འཆམ་དང་ཧ་ལམ་གཅིག་མཚུངས་སུ་སྣང་།
སྔགས་སྡེ་ཆེ་ཆུང་གང་ཞིག་ཡིན་ནའང་། རང་གི་ཆོས་རྒྱུན་དེའི་ཁུངས་རྟོགས་རྒྱུ་གལ་ཆེ་ཞིང་། དེ་ལ་བརྟེན་ནས་ཆོས་ལུགས་འཕེལ་བའི་ལོ་རྒྱུས་དེ་རྟོགས་ཐུབ་ལ། དབང་ལུང་མན་ངག་རྒྱུད་པ་དེ་ཡང་ཤེས་ཐུབ་པས། དེ་དག་ལ་དོ་སྣང་བྱེད་པ་ནི་ཆོས་ལུགས་ལ་དོ་སྣང་བྱས་པ་ཡིན་ལ། ལོ་རྒྱུས་ལ་དོ་སྣང་དང་། རང་ཉིད་ལ་དོ་སྣང་བྱས་པ་ཡང་ཡིན། ང་ཚོའི་སྡེ་བའི་གར་འཆམ་དང་ཁྱུང་མགོན་གྱི་གར་འཆམ་གྱི་མི་འདྲ་བའི་ཆ་དེས་ང་ལ་བསམ་གཞིག་གི་ཁུར་བོ་ཞིག་བསྩལ་བྱུང་ལ། ང་ཚོའི་སྡེ་བའི་གར་འཆམ་དང་ཏིང་ཀྱཱའི་གར་འཆམ་གྱི་འདྲ་བའི་ཆ་དེས་ང་ལ་མནོ་བསམ་གྱི་རྡོག་ཁྲེས་ཤིག་ཀྱང་བཀལ་བྱུང་། བསམ་གཞིག་གི་ཁྲོད་ནས། མནོ་བསམ་གྱི་ཀློང་ནས། ངས་མི་ཚེ་གླེགས་བམ་ལ་བཅོལ་དུས། གསང་ཆེན་རྙིང་མའི་དྲོད་ཐིག་ཅིག་གིས་ང་ལ་ཟང་ཐལ་གྱི་གནས་ལུགས་ཤིག་བསྟན་བྱུང་།
༢༠༢༢ལོའི་ཟླ༣པོའི་ཚེས༡༧ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།