ནད་པ།

རྩོམ་པ་པོ།:མགོན་ཤུལ་ཕུན་ཚོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-12-23 15:44:58 ཀློག་གྲངས།:
       ལོ་ཟླ་ནད་པ་དེས་འཚོ་བ་ནད་པར་སྐྱེས་ཉིན། མྱི་ཚེ་འདི་རིང་ཡང་ཐུང་ཡང་སྨན་བཅོས་ཀྱི་གོ་རིམ་ཞིག་རེད། དགའ་སྡང་སྐྱོ་འཇིགས་དང་འདོད་ཆགས་ཞེ་སྡང་གི་ཁ་རླངས་ཁྲོད། འཚོ་བར་སྐྱེས་པ་ཡང་དོན་སྙིང་ལྡན་པ་ཞིག་ཅི་ལ་མིན། ལོ་ཟླས། འཆི་མེད་རིལ་བུ་བཞིན་དྲན་ཤིང་གི་རྡོ་རིང་བཞག་ནས་སོང་།
       གཙང་བོ་ཇི་ལྟར་བཞུར་བ་བཞིན། ཆུང་ཆུང་གི་རྩེད་ར་སྒྲུག་པ་ནས་ས་རྡུལ་དང་རླུང་དམར་འགམ་ཞིང་། མེ་ཏོག་དང་འཇའ་ཚོན་བདས། མཁའ་ཡི་མེ་ཏོག་དང་ས་ཡི་འཇའ་ཚོན། ལོ་ཟླས་ཁྲིད་ནས་ཉིན་མཚན་གྱི་དཀར་ནག་འགྲེལ་ཞིང་། འགྲུལ་བཞུད་ཀྱི་རྐང་རྗེས་བཞག རྐང་རྗེས། ཕ་ཡུལ་གྱི་ཞོགས་པར་ཡོད། ཞོགས་པའི་ཁ་བ་དཀར་པོའི་ཁྲོད་ན་ཡོད།
       དགུན་ཟླ་ཚེས་སོང་། ཕྱི་རོལ་ཏུ་ཁ་བ་སྲབ་མོ་ཞིག་བབས། ཁ་བའི་ཐོག་ཏུ་བྱེའུ་འགས་རྒུམ་བུ་འཐུ་བཞིན་འདུག གློ་བུར་དུ། ཚ་བོ་སྔུན་དུ་ཡོང་སྟེ། ཨ་ཁུ་ཅི་བྱེད་ཀྱིན་ཡོད། མི་འཁྱག་ནི་ཨེ་རེད་ཟེར། ངས་ད་གཟོད་ཁ་བའི་ཁྲོད་དུ་ལག་རྗེན་གྱིསནདཅེས་ཡིག་འབྲུ་ཞིག་བྲིས་འདུག་པ་ཚོར། ལོ་ཟླ་འདིར་རྨ་ཁ་མེད་པའི་ན་ཟུག་ཅི་ཞིག་ཐེབས་མིན་ལའང་འདང་རྒྱག་བྱུང་།
       སྣང་བའི་ཕྱི་ནང་བརྒལ་བའི་འཚོ་བའི་བྱེའུ་དེ་དག་སྔར་ནས་འཕུར་འདུག འཆར་ཡན་གྱི་རྨི་ལམ་འཐུས་ནས་ཡུན་རིང་སོང་མཐར། བདག་གི་ནམ་མཁའ་དང་ནམ་མཁའི་མཐའ་ན་རང་སྣང་གི་ཉི་ཟླ་ཡོད། འདི་ནི་མངར་ལ་སྐྱུར་བའི་འཚོ་བ་ཡིན། འཚོ་བའི་གཙང་བོ་ཞེ་ལ་ཆགས་ཤིང་སེམས་སུ་བཞུར་ཚུལ་ཡང་ཡིན།
       སེམས་ངོ་ཟིན་ཙམ་ནས་བཟུང་། ཕ་ཡུལ་དུ་ནད་པ་ཧ་ཅང་མང་། ང་ཕ་ཡུལ་དུ་ཡོད་པས། ཕ་ཡུལ་གྱི་ནད་པ་ང་ཡིན། ངས་ཡུན་རིང་ཞིག་ལ། ནད་གཞི་ཤེས་མཁན་གྱི་སྨན་པ་ཞིག་བཙལ་མྱོང་། བཙལ་ནས་ཀྱང་ཉིན་གྱིས་ཞག་དེད་ཅིང་ཟླ་ཡིས་ལོ་ཟོས་ནས་ཡོང་། ད་ཚོད་ཅིག་ལ། བསམ་བློ་བཞི་གསུམ་བཅུ་གཉིས་དང་། བློ་རྩེ་ཉི་ཤུ་རྩ་ལྔ་བསྒྲིམས་མཐར། ཕུགས་བསམ་ཁྲོད་ཀྱི་སྨན་པ་རང་ཉིད་ཡིན་འདུག ཤི་གསོན་གྱི་མཐའ་ལ་ཐུག་ཡང་། འཚོ་བ་གླུ་རུ་ལེན་པའི་ང་ཚོ་ཚང་མ་ཡིན་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།