སྙན་ངག་པ་རུས་པ་ལགས་ཀྱི་སྙན་ངག་འོས་སྦྱོར།

རྩོམ་པ་པོ།:རུས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-12-23 17:28:52 ཀློག་གྲངས།:
འཕྱོངས་རྒྱས་ཟླ་བ་སྒྲོལ་མ།
རུས་པ།

གཞས་ཚིག་ཅིག་ལས་ཁྱེད་རང་ཐོག་མར་རྙེད་པ་ནས།
བདག་གིས་སྣང་བའི་ཞིང་བཀོད་ནས་ཁྱེད་ལ་རྡོ་རིང་ཞིག་བསླངས།
དུས་གསུམ་གྱི་ནམ་མཁར་རྟག་ཏུ་མཆོད་མྱོང་པའང་།
འཕྱོངས་རྒྱས་ཞེས་པའི་བརྩེ་དུང་གི་ཐ་སྙད་ཡིན་པ།
ལྷ་སའི་རྡོ་བ་དང་ལྷ་ཚོགས་དཔང་ལ་བཞག་མཆོག
ཟླ་བ་སྒྲོལ་མ། དོ་ནུབ་བདག་ལྷོ་ཁ་ན་ཡོད།
ཁྱེད་ཀྱི་ཡུལ་མི་ཚོ་དང་ལྷན་དུ་མངར་ཇ་འཐུང་བཞིན་ཡོད།
དབྱར་གཞུང་གི་ལྷོ་ཁ་ན་ཡོད།

སྣུམ་ཤིག་ཤིག་གི་ཡར་རླུང་།
ཁུ་སིམ་སིམ་གྱི་ཡར་རླུང་།
ཆེས་ཐོག་མའི་མིག་ཟུང་གི་ཡལ་གར་ཐོགས་པ།
ཚོར་བའི་གཙགས་དྲུབ་ཇི་བཞིན་དེ་ཉིད་ཀྱིས་ལྷང་འོངས་པ་ན།
བདག་གིས་རྣང་ཞིང་གི་དྲི་མར་སྣོམ་བཞིན།
ཁྱེད་ཀྱི་འཇའ་མཚོན་ལྟ་བུའི་ལང་ཚོར་རོལ་ཞིང་།
གནམ་སའི་ཁྱོན་ལ་བདེ་སྡུག་གི་ལས་འབྲས་གཏོར་ནས།
མར་མེ་རྐང་གཅིག་འཕྱོངས་རྒྱས་ལ་བསྒྲོན།

རྡོ་ཁང་གྲུ་བཞི་རེ་རེའི་ཡང་སྟེང་ན།
དར་ལྕོག་ཁྲ་ཁྲས་སུ་ཞིག་ལ་གཡབ་མོ་གཏོང་ལ།
བསང་དུད་དཀར་པོས་ཡང་སྙིང་སུ་ཞིག་གི་འདས་ལོག་ལ་རེ་སྒུག་སློང་བ་འདྲ་ཡང་།
བདག་ནི་སྨྲ་བརྗོད་ཀྱིས་ཀུན་ནས་དབུལ་བའི།
ཨ་མདོ་ལུང་པའི་ཁེར་རྐྱང་གི་མགྲོན་པོ་ཞིག་ཡིན་ཨང་།

ཚོང་པ་ཚེ་རིང་བུ་ཁྲིད་ཀྱི་གདོང་ལ་ཡུན་རིང་ཅེར་ནས།
རྒྱུ་མཚན་མེད་པར་རྡོ་ཤེལ་ཞིག་ཉོས།
ཞིང་པ་སྤེན་པ་ལྷ་མོའི་རྒྱབ་གཟུགས་ལ་འཁྲེང་བཞིན།
རང་དབང་མེད་པར་རི་བོའི་ཕར་རྒྱབ་ལ་དངན་པ་ཞིག་འཐེན།

ཡུམ་བུའི་མཁར་སྟེང་ནས་སྨོན་ལམ་གྱི་སྙིམ་པ་སྦྱོར་དུས།
ཁྱེད་ཀྱི་ཞལ་བཞིན་ཡར་ཀླུང་གཙང་པོའི་འབབ་རྒྱུན་ལས་མངོན་ཞིང་།
ཁྱེད་ཀྱི་གཞས་ཆུང་སི་ལུ་རི་སྐེད་ཀྱི་ན་བུན་ལས་གསལ་འོང་།
ཉི་མའི་དཀྱིལ་འཁོར་ལ་བཤམས་པའི་འཕྱོངས་རྒྱས་གྲོང་ཚོ།
ཟླ་བའི་བསིལ་ཟེར་ལ་ཐིམ་པའི་ཟླ་བ་སྒྲོལ་མ།

གདོད་ནས་རང་བཞིན་གྱིས་དག་པའི་ཞིང་ཁམས་དེ་རུ།
ཨ་ཅག་ཚོའི་གདོང་ལ་ཁྱེད་ཀྱི་མཛེས་སྡུག་སྨིན་ཞིང་།
གསར་ཕོ་ཚོས་ཁྱེད་ཀྱི་ལས་འཕྲོ་ལ་གསེར་ཞལ་གཏོང་།
ཁྱེད་ཀྱི་ལོག་ཕེབས་ནི་འཕྲུལ་སྣང་འབའ་ཞིག་ཏུ་ཟད་ཀྱང་།
ལྷོ་ཁའི་མཚན་མོ་འདིར།
ངས་ཨ་ཅག་ཅིག་ལ་གནས་ཚང་གཡར་འདོད།
ངས་ཨ་ཅག་ཅིག་ལ་ལ་གཞས་གཏོང་འདོད།

ཟླ་བ་སྒྲོལ་མ།
དད་པ་རྩེ་གཅིག་ལ་རོལ་བའི་བུ་མོ་ཞིག་ཡིན་ནམ།
ཟླ་བ་སྒྲོལ་མ།
སྐྱབས་འགྲོ་མུར་མུར་ཟློ་བའི་བགྲེས་མོ་ཞིག་ཡིན།
ཟླ་བ་སྒྲོལ་མ།
མོ་ཏྲ་ཤར་སེ་གཏོང་བའི་མཛེས་མ་ཞིག་ཡིན་ཏེ།
ཟླ་བ་སྒྲོལ་མ།
ནང་མ་སྟོད་གཞས་གཏོང་བའི་ལྷ་མོ་དེ་ཡིན་ལགས།

ཕྱི་དྲོ་འདིར། ཡར་ཀླུང་གི་ཟམ་ཁ་ནས།
སྐུ་དྲག་རྒྱགས་པ་ཁ་ཤས་གློ་བུར་དུ་དྲན་འོང་དུས།
ཤང་ཤང་ཆུ་མོའི་རོལ་དབྱངས་ཀྱི་གདངས་ལ།
འཕྱོངས་རྒྱས་ལྷོ་ཡི་བུ་མོ་ཞིག་རྐྱང་དྲན་ཡོང་།
མ་གཞི་ནས་གླུ་སྐད་ལ་སིམ་པའི་ཁོ་མོ།
ནམ་ཡང་གླུ་སྐད་ཀྱི་ཁྲོད་ནས་གཏན་དུ་གསོན་པར་གྱིས་དང་།
བདག་གི་སྙིང་ཉེ་བའི་བརྩེ་བ་ལགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།