སྨར་ཁམས་རིན་བཀྲའི་ལྷུག་རྩོམ།

རྩོམ་པ་པོ།:སྨར་ཁམས་རིན་ཆེན་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-12-27 18:20:03 ཀློག་གྲངས།:
རྭ་སྒྲེང་ཕྱོགས་སུ་བཞུད་དུས།
སྨར་ཁམས་རིན་ཆེན་བཀྲ་ཤིས།(གཞིས་ཀ་རྩེ)
 
       སྐྱ་རེངས་མ་བཀྱགས་གོང་གི་སྨོན་པ་ནི། འགྲུལ་བཞུད་ཅིག་གི་དད་གདུང་ཡིན་ཤས་ཆེ། ལམ་ལ་ཆས་ཁར། དགའ་སྐྱོ་གང་རུང་གི་ཆར་བ་ཟམ་ཟིམ་རེ་འབབ་ཀྱིན་འདུག རླངས་འཁོར་ལས་ཨ་མདོའི་རྡུང་ལེན་ལ་ཉན་ཞོར་ཡོང་དུས། མལ་གྲོ་གུང་དཀར་ནས་ནམ་ལངས་སོང་། ངོ་མ། གཞུང་ལམ་གྱི་སྟེང་ནས་ཕ་རོལ་ལ་བལྟས་ན། དར་དཀར་གྱིས་སྐེ་རགས་བཅངས་པ་ལྟ་བུའི་རི་བོའི་སྐེད་དུ་ཡིད་དུ་འོང་བའི་སྨུག་པ་རེ་ཉལ་འདུག རི་གཤམ་གྱི་རྡོ་ཁང་རྙིང་པ་འགའ་ཞིག་ལས་དུ་བ་དགུང་ལ་འཕྱུར་བའི་ཚུལ་དེས། གང་ཞིག་ལ་འབོད་པའི་གཡབ་མོ་བྱེད་པ་དང་འདྲ་བར། དྭངས་གཙང་གི་འཛུམ་མདངས་འབའ་ཞིག་བཅུས་ནས་ཐོན་བྱུང་ལ། ལམ་འགྲམ་དུ་གསེར་མདོག་གིས་འཚེར་བའི་ལོག་དཀར་མེ་ཏོག་གི་ཞིང་ཚུགས་བར་ནས། སེམས་པ་གང་ཞིག་ད་དུང་ལུས་སོང་བའི་སྣང་བ་སྟེར། དེ་ནི་སློབ་གྲོགས་དག་གི་དྭངས་གཙང་གི་དགོད་སྒྲ་བཞིན། དྲན་པ་གང་ཞིག་གི་སྒོ་གླེགས་རྡུང་བས་ཡིན་ནམ།
        མལ་གྲོ་གུང་དཀར་བརྒྱུད་ནས་རིམ་བཞིན་ཡོང་ན། གཙང་བོ་ཆེན་པོ་ཞིག་གི་ཁ་རུ་སླེབས་འོང་ལ། དེའི་མཐའ་བསྐོར་ནས་སོང་ན་གཞི་ནས་རྭ་སྒྲེང་དུ་སླེབས་ཐུབ། གཙང་བོ་དེའི་ཆུ་རྒྱུན་རྭ་སྒྲེང་གི་ལུང་བའི་ནང་བཞུར་བཞིན་ཡོད་ཅིང་། རིམ་བཞིན་སྐྱིད་ཆུ་དང་འདྲེས་པར་བཤད། ཡིད་སེམས་ཀྱི་ཀོ་གྲུ་གཙང་བོའི་གཞུང་དུ་གཏོང་བཞིན་ཡོང་དུས། རྭ་སྒྲེང་དགོན་པའི་རྒྱབ་རི་མཐོང་བྱུང་ལ། སྨུག་པར་འདྲེས་པའི་ནགས་ཀློང་སྟུག་པོ་ཞིག་གི་མཛེས་པས་ཡིད་དབང་འཕྲོག་པར་བྱས། ངོ་མ། ལུང་བའི་ཕུ་ཤར་ལ་བསྟན་ཞིང་། མདའ་ནུབ་ལ་བསྟན་པ། ཤར་ཡངས་ཤིང་། ནུབ་དོག་པ། ལྷོ་གཞོལ་བ། བྱང་སྐྱིབས་པར་བཤད་པའི་གནས་འདིའི་ལྗོངས་ཀྱི་བཀོད་པས་སྐད་ཅིག་དེ་ཉིད་དུ་ཧང་སངས་པར་བྱེད། ངག་རྒྱུན་དུ་སྲོང་བཙན་སྒམ་པོ་བྱང་དུ་མི་རྒོད་འདུལ་བར་ཕེབས་སྐབས། གླང་ཆེན་འགྱིངས་འདྲའི་རི་སྟེང་ནས་དབུ་སྐྲ་གནས་འདིའི་ཕྱོགས་དང་ཕྱོགས་སུ་གཏོར་བས། ཤུག་སྡོང་ཉིས་ཁྲི་ཆིག་སྟོང་སྐྱེས་པར་བཤད། ཐོག་མར་དགོན་པའི་འདུ་ཁང་ལས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་གཙོས་པའི་སྐུ་བརྙན་དག་ལ་མཇལ་ཞིང་། ཆེས་ཐོག་མར་བཞེངས་པའི་ལྷ་ཁང་དང་། འབྲོམ་སྟོན་པའི་གདུང་རྟེན་དུ་བསྙད་པ་ལ་ཡང་མཇལ་བའི་སྐལ་བ་ཐོབ། རྭ་སྒྲེང་ཤུག་པ་དང་། དགའ་ལྡན་མཁན་པ་ཟེར་བ་ལྟར། ཤུག་པའི་དྲི་བསུང་ཕྱོགས་བཞིར་འཐུལ་བའི་ནགས་གསེང་བརྒྱུད་རྒྱབ་རིའི་ཕྱོགས་སུ་སོང་ན་བགྲང་གིས་མི་ལངས་བའི་མཆོད་རྟེན་མང་པོ་ཞིག་མཐོང་ཞིང་། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་མོ་གསུངས་སའི་གནས་དང་། རེད་མདའ་བའི་སྒྲུབ་ཕུག་སོགས་ལ་ཞིབ་ཏུ་མཇལ་ཐུབ་པར་འདུག གནས་འདི་ནས་སྐྱེས་ཆེན་གང་མང་ཞིག་གི་ཞབས་རྗེས་ལ་ཕྱིར་མིག་སྐྱོམ་བཞིན་རྒྱང་གཟིགས་མཛད་ཚེ། དགའ་སྐྱོ་འདྲེས་མའི་ཁ་དབུགས་སྟུག་པོ་ཞིག་གིས་ངང་གིས་བརྟས་འོང་ཞིང་། མེས་པོ་དག་གིས་བྱིན་གྱིས་རླབས་པའི་གནས་མཆོག་འདི་ཉིད་ལ་ཡེ་ནས་འབྲལ་འདོད་མ་བྱུང་། གནས་འདིའི་མི་རྣམས་ལ་ཞི་དུལ་གྱི་སྤྱོད་པ་མངའ་ཞིང་། བྱ་བྱེའུ་སྣ་ཚོགས་ཀྱིས་སྙན་པའི་གྲེ་འགྱུར་སྒྲོག་པའི་ཚུལ་དེས་ཡིད་སེམས་རྭ་སྒྲེང་ལུང་ཁོག་ལ་གཏན་དུ་ཤོར་བར་བྱས།
       སྟག་ལུང་དགོན་ལ་འགྲོ་ཁར་གསེར་གླིང་རྒོད་ཚང་བརྒྱུད་དགོས་ཤིང་། སྟག་ལུང་དགོན་ནས་ཕྱིར་ལོག་ཁར་ཡང་བསྐྱར་གསེར་གླིང་རྒོད་ཚང་དང་འཕྲད་ཡོང་། རྩེ་མོ་དགུང་ལ་ཟུག་པའི་བྲག་རིའི་ཕུ་ན་ཡོད་པ་ནི་རྒོད་ཚང་རི་ཁྲོད་ཡིན་ལ། རི་གཤམ་ནས་ཡར་བལྟས་པ་ཙམ་གྱིས་རྒོད་ཚང་ཞེས་པ་ནི་གནས་འདི་འདྲ་ཞིག་ལོས་ཡིན་འདོད་ཅིང་། རྒོད་ཚང་རས་པ་མགོན་པོ་རྡོ་རྗེ་ཡིས་ཞབས་ཀྱིས་བཅགས་པའི་གནས་འདིར་ད་དུང་ཡང་ཆོས་མགུར་ལྷང་ལྷིང་དུ་ཐོས་པ་འདྲ། རི་ཆུའི་མཛེས་པས་བཀླུབས་པའི་དབེན་འབྲོག་གི་ཡུལ་འདི་བརྒྱུད་ནས་སྟག་ལུང་དགོན་ལ་སླེབས་སོང་། དགོན་པ་དེ་ཉིད་ཐང་པ་བཀྲ་ཤིས་དཔལ་གྱིས་བཏབ་པར་གྲགས་ཤིང་། སྔོན་ཆད་གྲྭ་བ་ལྔ་སྟོང་ཙམ་དུ་འཕེལ་བར་བཤད། ལྷ་སྐུ་མང་པོ་ཞིག་ལ་ག་ལེར་ཐོད་པ་གཏུགས་ན་ཡང་། ད་དུང་གང་ཞིག་གིས་མགུ་མི་གང་བར་འདུག རྡོ་མཁར་རྙིང་པ་དག་ལས་ལོ་རྒྱུས་རྙིང་པ་སྐོར་ཞིག་རྙེད་ཡོང་ནའང་། རྡོ་མཁར་བཤིག་རོ་དག་ལས་སྐྱོ་གདུང་ལྷག་མ་རེ་བྱིན་ཡོང་། དེ་ལྟར་མི་རབས་ཤིག་གི་སེམས་སུ་འཐིབས་པའི་སྐྱོ་གདུང་དག་འཁུར་ནས་ཡང་བསྐྱར་ལམ་ལ་ཆས་དུས། དྲན་གདུང་དག་གནས་འདིར་འཐིབས་པའི་སྨུག་པའི་ཁུད་ལ་འདྲེས་པ་འདྲ།
       ལམ་གྱི་བར་ཆད་ཀྱིས་ཞྭ་ལྷ་ཁང་ལ་འགྲོ་བའི་དུས་ཚོད་རིང་དུ་ཕྱིན། ཉི་ནུབ་ཀྱི་སྐབས་སུ་མཐོང་བའི་ཞྭ་ལྷ་ཁང་གི་རྡོ་རིང་ནི་དེ་ཙམ་གསལ་བོ་ཞིག་མིན་ཞིང་། གྲྭ་བ་རྒན་པ་དེས་བརྗོད་པ་ལྟར་ན། རྡོ་རིང་ཅིག་ཤོས་ནི་གསར་དུ་བཟོས་ཤིང་། རྡོ་རིང་ཅིག་ཤོས་ནི་སྔོན་ཆད་ཀྱི་རྡོ་རིང་རྙིང་བ་ཡིན་ཟེར། ཉང་ཏིང་འཛིན་བཟང་པོས་བཞེངས་པར་བཤད་པའི་ལྷ་ཁང་འདིའི་ནང་གི་ལྷ་སྐུ་དག་ལས། རྡོ་རིང་ཆག་རོ་དག་ལ་དུངས་ཀ་ལྷག་མ་ཞིག་སྐྱེ་འོང་། རང་དབང་མེད་པར་རྡོ་རིང་ཆག་རོ་དག་ལ་པར་རེ་བླངས། དེ་ལྟར་ཞྭ་ཁང་ལ་གྱེས་ཕྱག་ཕུལ་བཞིན་ཀ་ཚལ་དགོན་ལ་སླེབས་དུས། མུན་རུབ་པར་ཁད་ཉེ་ཞིང་གཡེར་དྲིལ་གྱི་སྒྲ་སྙན་མོ་ཞིག་ཀྱང་ཐོས། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དུ་གྲགས་ཤིང་། སྲིན་མོ་གན་རྒྱལ་གྱི་དཔུང་བ་གཡོན་པའི་སྟེང་དུ་གནས་པར་གྲགས་པའི་འདུ་ཁང་ལ་བསྐོར་བ་བརྒྱབ། མ་ཎི་འཁོར་ལོ་ཡང་རེ་ཤས་ཙམ་བསྐོར་རྗེས་སྐྱིད་ཤོད་ལྷ་སའི་ཕྱོགས་སུ་ངང་གིས་བཞུད་པ་ཡིན། དགའ་སྐྱོ་གང་རུང་གིས་ཟིན་པའི་གཏམ་རྒྱུད་དག་འཁྱེར་ནས་ལོག་དུས། ད་དུང་གང་ཞིག་བསྐྱུར་བའི་འཁྲེང་སེམས་ངང་གིས་ལྕི་ཞིང་། ནམ་ཞིག་གནས་འདིར་ཡང་བསྐྱར་ཆས་འདོད་ཀྱི་ཞེན་ཆགས་ཀྱིས་གཏན་དུ་མ་བཏང་ཞིང་། སྙིང་ཉེ་བའི་ཡུལ་གྱི་བཀོད་པ་དེ་དག་མེ་ལོང་བཞིན་དུ་གསུབ་ཐབས་ཡེ་ནས་བྲལ་སོང་།
༢༠༡༨//༡༥ཉིན་སྐྱིད་ཤོད་དུ་གྲུབ་ཅིང་ཁ་བྱང་རྗེས་སུ་བཅོས་པ་དགེའོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།