བོད་ཀྱི་ན་གཞོན་སྙན་ངག་པ་འགའི་སྙན་ངག་ཆེད་བཀོད།
རྩོམ་པ་པོ།:ཐོ་རེངས་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-30 15:44:29
ཀློག་གྲངས།:

འབྲོག་སྡེ་ཞིག་ལ་ནད་ཡམས་མཆེད་པ།(ཞར་བཀོད་གཅིག)
ཐོ་རེངས།
ཆེས་རྙིང་ཞིང་གསལ་བའི་སྐར་ཚོགས།
ངུ་ཤུམ་བྱེད་པ་བཞིན།
ཆེས་སྲ་ཞིང་བརྟན་པའི་མཁར་རྫོང་།
མཁའ་ལ་ཡལ་བ་བཞིན།
རླུང་ནང་དུ་ཐུལ་བ་ནི་ནད་ཡམས་དང་མྱ་ངན་གྱི་འོ་དོད།
རྩྭ་གསེབ་ཏུ་ལྷུང་བ་ནི་བསེར་བུ་དང་མེ་སྟག་གི་ཤུ་སྒྲ།
སྐར་མའི་ཕྲ་རྒྱན་ཆད་པའི་འབྲོག་སྡེ།
ཡ་གླིང་གི་རི་རྩེ་མཐོ་ཤོས་དེའི་གཤོང་པ་ཡིན་པར་བདེན་ན།
ལས་ཉོན་གྱིས་ཐུབ་པར་དཀའ་བའི་སེམས་དཔའ་ཞིག་བྱོན་པ་ལྟར།
ཁུར་ཐམས་ཅད་ཀྱིས་མི་སྐྱོ་བའི་ས་ཆེན་གྱི་གཤོག་པའོ།།
འབྲོག་མི།
རང་བྱུང་ཁམས་ཀྱི་རྫི་བོ།
ཟང་ཟིང་ལ་མི་གོམས་པའི་ཁ་བ།
གནམ་སྔོན་པོའི་མེ་ལོང་འཛིན་མཁན།
སྤྲིན་དཀར་པོ་ལུག་ཁྱུའི་རྩེད་གྲོགས།
སེམས་ཀྱི་ཁ་ཞེང་ལ་ལྕགས་རི་མེད་པའི།
རུས་པའི་སྙིང་པོ་ལ་སྣུམ་ཞག་འཁྱིལ་བའི།
གནམ་ལྕགས། ས་སྒང་གི་གནམ་ལྕགས།
________
མེ་འཁོར་ཨང8571ལས་འབྲོག་མོ་ཞིག་ལ་འཕྲད་པ།
མོག་བུ་ཡེ་ཤེས་སྐྱབས།
ལམ་ལ་ཆས་པ་ནས།
མིག་ཟུང་འབབ་ས་གཅིག་སྟེ་ཕོ་བྲང་པོ་ཏ་ལ་ཡིན།
སེམས་ཀྱིས་སྙེག་ས་གཅིག་སྟེ་ལྷ་སའི་ཇོ་བོ་ཡིན།
མདུན་དུ་མེ་ལྕེ་ལམ་ལམ་གཡོས་ནའང་པོ་ཏ་ལ་གཟས་ནས་མཆོང་ཐག་ཆོད་པ་ཞིག
རྒྱབ་ནས་གཙང་པོས་རྔམ་དྲགས་ཀྱིས་དེད་ནའང་ཇོ་བོའི་མདུན་དུ་ལྷབ་སེ་ཙོག་ཐུབ་པ་ཞིག
དད་པའི་མདུད་པ་གཅིག་ལ་རྒྱག་པ་ཁྱོད།
ལོ་ཟླས་མ་ཁུར་པར་ཡོད་པ་མཚར།
ཁྱོད་ཀྱི་མིག་ཟུང་ལས་ནམ་མཁའ་སྔོན་པོ་བཞུར་ཡོང་།
སྲིད་པའི་ནམ་མཁའ་ཤོང་པའི་མིག་ཟུང་།
ཁྱོད་ཀྱི་འཛུམ་མདངས་སུ་མེ་ཏོག་དང་བུང་བ་འཁོར་ཡོང་།
བསྐལ་པའི་རི་ཆུ་འཁྲིད་འོངས་པའི་འཛུམ་རིས།
རྔུལ་ཆུ་ཀྲུག་ཀྲུག་ལེ་བདའ་མེད་པའི་ཁྱོད།
འཛུམ་མདངས་དམུལ་དམུལ་ཞེ་སྡང་བོར་བའི་ཁྱོད།
འཇིག་རྟེན་རུལ་མྱགས་ཀྱི་འདམ་རྫབ་ཀྱིས་མ་གོས་པར།
གང་དུ་སྦས་ནས་བསྡད་པ་ཡིན། ཨ་ཅེ་འབྲོག་མོ།
གློ་བུར་དུ།
མེ་འཁོར་ལས་ཁྱོད་ལ་འཕྲད་དུས།
ལོ་ངོ་སྟོང་གི་ཡར་སྔོན་གྱི་མེས་པོ་ཞིག་དང་འཕྲད་པ་འདྲ།
ཤ་རུས་ཀྱི་གཏིང་ལ་འཚུབ་ཆ་འཁོལ་ནའང་།
མིང་ནས་འབོད་མ་ཐུབ།
ཁྲག་རྩས་ལུས་ཕུང་མེ་རུ་གདུས་ནའང་།
ཚིག་མགོ་གྲོལ་མ་ཐུབ།
མེ་འཁོར་གྱི་འུར་སྒྲའང་རེ་ཞིག་དལ་འཇགས་གེར་གྱུར།
སེམས་པ་ལྷོད་ལ་བབས་ཆོག་པའི་དབུགས་དབྱུང་ཞིག་ཀྱང་བསྩལ།
ཨ་ཅེ། ཁྱོད་ལ་འཕྲད་པས་ང་ཡི་སེམས་ཚེགས་ཞུ་སོང་།
ཨ་ཅེ། ཁྱོད་དང་གྱེས་པས་ང་ལ་ཡིད་གདུང་ལྕི་སོང་།
ངོ་གདོང་དུ་ཉི་དུག་གིས་ནག་ཐིག་བྲིས།
ལག་མགོ་ན་རླུང་འཚུབ་ཀྱི་སེར་ག་ཡང་གསལ།
སྐྲ་གསེབ་དང་ལྭ་འདབས་སུ་འོ་མ་དང་ལྕི་བའི་ངད་ཀྱང་འཐུལ།
དེ་ལ་ཅི་སྐྱོན། སང་ཞོགས་ཁ་བས་འཁྲུད་ཆོག
ང་ཡི་སེམས་ངོར་ཆགས་པའི་དུད་དྲེག་འདི་འདྲ་མིན།
ཁྱོད་ལ་ཅི་ཁག དུས་ཚོད་ཡོད་ཚད་གཞན་ལ་བྱིན།
གཞན་གྱི་བདེ་སྐྱིད་རང་ལ་མི་འཐགས།
ཨ་ཅེ། མྱུར་དུ་སོང་། པོ་ཏ་ལའི་རྡོ་གཅལ་འཁྱགས་འགྲོ།
ཨ་ཅེ། དལ་མོར་ཤོག ཇོ་བོ་ཁེར་རྐྱང་དུ་མ་འཇོག
_______
ཁ་བ་དཀར་པོར་མཇལ་ན་བསམ་བྱུང་།
ཉྭ་སྲིན་པོ།
བདེ་ཆེན་ཁ་བ་དཀར་པོ་ཞེས་པའི་གཞས་དེ་དྲན་ཡོང་དུས།
རྒྱང་རིང་གི་ཁ་བ་དཀར་པོའི་དབུ་རྩེ་མཐོང་ན་བསམ་བྱུང་།
ལ་དང་ལ་མོ་མང་པོ་བརྒལ་ཏེ།
གངས་དང་ཁ་བ་སྣ་ཚོགས་བརྟོལ་ཏེ།
ང་རང་ཞོགས་པ་ཞིག་ལ་ཁ་བ་དཀར་པོའི་གམ་དུ་འབྱོར།
སྡིག་སྒྲིབ་ཀྱི་སེམས་ངོ་ཡང་ཡང་བཀྲུས་ཏེ།
དཀར་ཞིང་བརྗིད་པའི་གངས་རིའི་རྩེ་ལ་ཅེར་ནས་ཡུན་རིང་ལུས།
སྨུག་སྤྲིན་གྱི་དཀྱིལ་འཁོར་དབུས་སུ།
ཁ་བ་དཀར་པོར་མཇལ་བྱུང་།
གོམ་ཁ་ཇེ་དལ་དུ་བཏང་སྟེ།
སེམས་པ་མིག་ནང་དུ་བླངས་ནས་ཡང་ཡང་ལྟ་དགོས་བྱུང་།
གངས་རི་ལ་དགའ་བའི་རྣམ་ཤེས་འདིས།
ཅི་ཞིག་བརྗོད་འདོད་པའི་མགྲིན་པ་བརྣངས་ཙམ་བྱུང་།
པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་གངས་ལ་གཟིགས་དུས།
སྤྱི་ལོ་གཅིག་དགུ་གྱ་དྲུག་ལོའི་ཟླ་བ་བཅུ་བའི་ཚེས་བཅུ་གསུམ་རེད།
གངས་རིས་སྤྲིན་གྱི་དབུ་ཞྭ་སྐད་ཅིག་ཕུད་བྱུང་ཚུལ་དེས།
ང་རང་ཡར་དགྱེ་དགྱེ་ཞིག་བྱེད་འདོད་པར་གྱུར།
ཇོ་བོ་ནམ་མཁའ་བཀྲ་ཤིས་ཀྱི་མདུན་ནས།
སླར་ཡང་གངས་ལ་ཕྱིར་མིག་ཤོར་དུས།
ང་ཡི་སེམས་པ་ལྟ་བུའི་སྨུག་པ་དེས།
བདག་གི་སེམས་པ་ལྟ་བུའི་གངས་རི་ཡོངས་སུ་གཡོག་བྱུང་།
2022.12.26མཚན་མོར།
_______
ལོ་ན་བགྲེས་པའི་ཕུན་ཚོགས་དབང་རྒྱལ།
མཚོ་བུ་དགའ་བདེ།
རང་ཡུལ་ནས་རྙེད་པའི་མེ་ལོང་ཆག་རོ་དེའི་ངོས་སུ།
ཁྱེད་ཀྱིས་འཛུམ་ཙམ་བྱས་ནས་ཡུན་རིང་དུ་བལྟས་ནའང་།
གཉེར་མས་ཁེངས་པའི་ང་རྒྱལ་གྱི་མགོ་བོ་དེ།
ཆུ་ཐིགས་བཞིན་ས་སྟེང་དུ་ཟགས་ནས།
རིམ་བཞིན་མི་སྣང་བའི་ཚོར་བ་ཞིག་སྐྱེས་བྱུང་།
ཨོ། ལོ་ན་བགྲེས་པའི་ཕུན་ཚོགས་དབང་རྒྱལ།
ལོ་ངོ་འདི་དག་ལ། ཁྱེད་ཀྱིས་རང་གི་ཁང་པའི་ཕྱི་རོལ་དུ།
འབུ་སྲིན་བཞིན་འགུལ་བའི་རྣམ་ཤེས་ཀྱི་ཚོགས་ལ་ཅེར་ནས།
“མི་རྟག་པ། མི་རྟག་པ”ཟེར་བར་དོན་སྙིང་ཅི་ལ་མེད།
མངར་ཇ་ཧུབ་རེ་དང་མཉམ་དུ་ང་ཚོས་བརྗོད་བྱ་མང་པོ་ཞིག་ལ་ལབ་ནས།
བོད་ཅེས་པའི་རིགས་རྒྱུད་འདིའི་རྒྱུ་མཚན།
སྨྲ་རུ་མེད་པ་དེ་དག་ཡིད་ལ་དྲན་ཐེངས་རེར།
ཁྱེད་ཀྱི་ཤ་ཁྲག་གི་རི་རབ་དེ་ལ་ས་འགུལ་ཆེན་པོ་ཞིག་བརྒྱུགས།
(རི་བོང་གི་རྣ་ཅོག་དང་འདྲ་བའི་སྲང་ལམ་གྱི་གློག་ཞུ་དེ་དག་བཀར་རྗེས།
བོད་སྤོས་ཀྱི་དྲི་མས་ཁེབས་པའི་ཁང་མིག་དེའང་།
ཁྱེད་ཀྱི་སྐྲ་ལོ་ནང་བཞིན་ཡོངས་སུ་དཀར་པོར་གྱུར་སོང་།)
ང་འགྲོ་རན་པའི་དུས་ཚོད་དེ་ལ།
དབུལ་ཕོངས་ཀྱིས་ཡོངས་སུ་མནར་བའི་སྡེ་བ་ཞིག་ལྟར།
པེ་ཅིང་གི་མཚན་མོ་འདི།
སྐོམ་པས་གཟིར་བའི་སེང་གེ་ཞིག་དང་ཡེ་ནས་མི་འདྲ་བར།
མིག་ཆུའི་རྡོག་པ་བར་མེད་དུ་གཏོར་གྱིན་པའི་ཡུགས་ས་མ་ཞིག་གི
རྒྱབ་ལྗོངས་ལས་ཡིད་ལ་གཞན་ཞིག་དྲན་གྱིན་མི་འདུག
བོད་ལ་དབང་པའི་ཕུན་ཚོགས་དབང་རྒྱལ།
ད་དུང་མང་པོ་ཞིག་བརྗོད་འདོད་སྐྱེས་རུང་།
མགྲིན་པ་འགག་ནས་སྐད་ངག་མེད་ཀི
མངོན་སུམ་མམ་རྨི་ལམ་གང་ཡིན་མི་ཤེས་པའི་དགུན་དུས་འདིའི།
ཁེར་རྐྱང་དུ་འགྲོ་བའི་ལམ་ཁར།
ཕྱི་རོལ་གྱི་ཁ་བ་ཞུས་ནས་ཆུ་ཕྲན་གྱ་གྱུ་ཞིག་ཏུ་གྱུར་འདུག
ངས་ཉིན་མོ་འདི་བརྗེད་མི་ཐུབ་པ་ཤེས་བྱུང་།
_______
དགེ་འདུན་ཆོས་འཕེལ་དང་ལྕགས་སྒམ།
མོག་ཟླ།
དགེ་འདུན་ཆོས་འཕེལ་གྱིས་ལྕགས་སྒམ་ཁུར་ནས་འཛམ་གླིང་ལ་སྐོར་བ་བརྒྱབ།
ཨ་མདོ་ནས་ཉི་མ་ལྷ་ས་བར་དང་། དེ་ནས་བལ་བོ་དང་འབྲུག་ཡུལ།
བྷངྒ་ལ་ནས་རྒྱ་གར་སོགས་སུ་ལྕགས་སྒམ་ཁྱེར་ནས་ཕེབས་མྱོང་།
མཐའ་མཇུག་ཕྱིར་ཁྱེར་ནས་བོད་དུ་སླེབས་ཡོང་སྐད།
ལྕགས་སྒམ་དེའི་ནང་དུ་ཁོའི་སྐྱོ་ཡུས་དང་མཆི་མ་ཡོད་ལ།
འདོད་འདུན་དང་ཕུགས་རེ་ཡང་ཡོད་ངེས།
དགེ་འདུན་ཆོས་འཕེལ་ནི་འཛམ་གླིང་ཞིག་ཡིན་ལ།
ཁོའི་ལྕགས་སྒམ་ཡང་འཛམ་གླིང་ཞིག་ཡིན་ངེས།
དགེ་འདུན་ཆོས་འཕེལ་ནི་འཛམ་གླིང་གི་ས་ཁྲ་ཞིག་ཡིན་ལ།
ལྕགས་སྒམ་དེ་ཡང་ས་ཁྲ་ཞིག་ཡིན་ངེས།
དགེ་འདུན་ཆོས་འཕེལ་སླེབས་ས་རུ་ཁོའི་ལྕགས་སྒམ་ཡང་སླེབས་ཡོད་ཚོད་འདུག
ལྕགས་སྒམ་དེ་ནི་གནམ་གྲུའི་ནང་གི་སྒམ་ཆུང་ནག་པོ་དང་འདྲ་བར།
ཁོང་དང་འབྲལ་མེད་དུ་གནས།
ད་ལྟའི་བར་དགེ་འདུན་ཆོས་འཕེལ་གྱི་གསང་བ་བརྟོལ་ཐུབ་མེད་པ་བཞིན།
ལྕགས་སྒམ་དེའི་ནང་གི་གསང་བ་ཡང་སུས་ཀྱང་ཤེས་ཐུབ་མེད།
དེ་ནི་རིན་ཆེན་གླིང་ལ་སོང་ནས་ཁྱེར་ཡོང་བའི་ནོར་བུ་སྒམ་གང་ཡིན་སྲིད་ལ།
དགེ་འདུན་ཆོས་འཕེལ་གྱི་ཚེ་བསོགས་སྤར་མོ་གང་བོ་ཡང་ཡིན་སྲིད་པས།
ཁོང་ལྕགས་སྒམ་དེ་ལ་ཐུགས་འདང་ཧ་ཅང་ཆེ་རབས་བཤད།
གནམ་གྲུའི་ནང་གི་སྒམ་ཆུང་ནག་པོ་དང་འདྲ་བར།
གནམ་གྲུར་ཆག་སྐྱོན་བྱུང་ནའང་སྒམ་ཆུང་ནག་པོ་མི་རྣམས་ཀྱི་འཚོལ་བྱའི་ཡུལ་དུ་གྱུར།
དགེ་འདུན་ཆོས་འཕེལ་མི་ཡུལ་དང་བྲལ་རྗེས།
ལྷ་སའི་སྐུ་དྲག་ཚོས་བྲེལ་འཚུབ་ཀྱིས་ཁོའི་ལྕགས་སྒམ་ཧྲིག་ཧྲིག་མིག་གིས་བཙལ།
སྒེར་པ་ཧོར་ཁང་སྐུ་སྲས་ཀྱིས་གཞི་ནས་ལྕགས་སྒམ་དེ་རྙེད་ཅིང་།
ཁོས་སྲོག་བསྡོས་ཀྱིས་ནང་ནོམ་གྱི་ནོར་བུར་མཐོང་ནས་བདག་དམ་བྱས།
ཡུན་གྱིས་ལྕགས་སྒམ་དེའི་ནང་ནས་འབྲུག་གྲགས། གློག་ཞགས་འཁྱུག
ལྷ་སའི་གཙང་པོ་རབ་ཏུ་བྲུག་སྟེ་སྐུ་དྲག་ཚོ་གཉིད་ཞིམ་པོ་ལས་ཧར་གྱིས་དཀྲོགས།
སྒེར་པ་ཧོར་ཁང་སྐུ་སྲས་ཀྱིས་ལྕགས་སྒམ་དེའི་ཁ་ཕྱེ་བ་ན།
ཏབ་ཅིག་ལ་ཧད་པར་བྱས་ཤིང་འོད་ཟེར་གྱི་ཕུང་པོས་ཁོང་ཚང་གི་གཞིས་ཀ་ཁྱབ་ཅིང་།
ལྷ་སའི་སྐུ་དྲག་གི་མུན་ནག་དང་ཀླ་ཀློའི་བརླང་སྤྱོད་སྲེག་པར་བྱས།
རིམ་གྱིས་འཛམ་གླིང་གི་སྤྱི་གཙུག་ཏུ་མཆེད་དེ་འོད་ཟེར་བཀྱེད།
རྗེས་སུ་ལྕགས་སྒམ་དེ་ཨ་མདོའི་ཕྱག་ཡུལ་དུ་བསྐུར་པས།
མི་རྣམས་ཀྱིས་དེའི་ནང་ན་ཅི་ཞིག་ལྷག་ཡོད་མེད་ལ་རྩོད་པ་རྒྱག་བཞིན་འདུག
ཡིན་ཡང། ལྕགས་སྒམ་དེའི་ནང་དུ།
དགེ་འདུན་ཆོས་འཕེལ་འཛམ་གླིང་གོ་ལ་འོབས་ཀྱིས་བསྐོར་པའི་ས་ཁྲ་དེ་ལྷག་འདུག་པས།
ང་ཚོར་ལྕགས་སྒམ་དེ་ཁོ་ནས་ཆོག་འདུག
རྒྱུ་མཚན་ནི།
ལྕགས་སྒམ་དེའི་སྟེང་ནས་ང་ཚོས་འཛམ་གླིང་རྙེད་ཐུབ་པས་ཡིན།
_______
རྨི་ལམ་རིང་ལུགས།(ཞར་བཀོད་གཉིས།)
ཁེར་བུ།
ས་སྲོས་ཀྱི་ཐང་སྟོང་དུ་ངུ་བཞིན་པའི་ཀེ་ཐཱར།མི་རྟག་པའི་རླུང་བུའི་ཁྲོད།
རྨི་ལམ་གྱི་རྔོག་མ་གཟེངས་མཐོར་ཤད་པའི་ལོར་ཁཱ།
ཞིང་གྲོང་བརྒྱུད་ནས་འཐོན་པའི།
ང་ཡི་མཚན་མཐུན་སྙན་ངག་པ།
གར་སྟེགས་སྟེང་གི་འཁྲབ་ཡོལ་རེ་ཞིག་བརྒྱབ་ཟིན་ནའང་།
གླུ་ཟབ་མོ་དག་ནི་འཆི་བ་བཞིན་ཁྱོད་ཀྱི་རྣ་ལམ་དུ་ཡང་ཡང་གྲག་པར་བྱེད།
འཁོར་བའི་སྲང་ལམ་དུ་རྟ་ཕོ་འཁྲིད་དེ་ཕ་ཡུལ་ལ་ཆས་པའི་ནིས་ཆ།
རྫ་ར་ཁྲོ་ཟི་ཁྲི་ར་ཡིས་ང་ལ་ཆང་དམ་ཞིག་སྤྲད་རྗེས།
རྟ་ལྕག་ཐོགས་པའི་རྒྱང་རིང་ཡོ་རོབ་ཀྱི་འབྲོག་པ་དེས།
ལྕག་ཚན་ནི་ཆེད་དོན་བུད་མེད་ལ་གྲ་སྒྲིག་བྱས་ཟེར།
མུན་ནག་ཁྲོད།
རྣམ་ཤེས་བཞིན་ཟངས་ཐལ་རྒྱུ་བའི་ཁཱབ་ཁཱ།
གྱང་ལྡེབས་སུ་བཀལ་བའི་རྟེན་པར་དང་འདྲ་ཡི་མི་འདུག
མཚན་མོ་ནི་ཁྱོད་ཀྱི་ཕྱི་གོས་གཅིག་པུ་ཡིན།
སྙིང་ལགས། ངས་ཁོ་འུན་གྱི་སྐྱོ་གདུང་གི་གཞས་ཤིག་ལ་ཉན་ཞོར།
གཅིག་པུར་ཁེར་རྐྱང་གི་རྫོང་མཁར་འདི་བརྒལ་ཚར།
བྲིས་མ་ཚར་བའི་སྙན་ངག
དཔེ་ཆའི་ནང་རོལ་ལས་ཕྱིར་བུད་དེ།
རང་བྱུང་ཁམས་དང་སྨ་ར་ཁོ་ན་མ་ཡིན་པར།
མུན་ནག་དང་ཉེན་ཁ་དག་ཀྱང་པང་དུ་ལེན་པར་བྱ།
དྭངས་གཙང་ངམ་མཐར་ཐུག་ཟེར་བ་ཞིག
འཇིག་རྟེན་འདིར་གཏན་ནས་མེད་ཚོད།
བློར་བཟུང་མྱོང་བའི་མངོན་བརྗོད་དང་བརྡ་རྙིང་དག
རིམ་གྱིས་བརྗེད་ཀྱིན་འདུག
དུངས་བརྗོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད།
གཟུགས་རྒྱན་དང་མཚོན་དོན་ཟེར་ཡ་དེ་ལའང་།
བློ་ཐག་རྦད་ཆོད་ཀྱིས་རྒྱབ་ཀྱིས་ཕྱོགས་པར་བྱ།
ངས་ཁ་ཕྱོགས་རྙེད་ཀྱི་མེད་ནའང་།
ཞིང་གྲོང་དང་ཉམ་ཉེས་པ་དེ་དག
འཇིག་ཉེན་དང་ཕམ་ཁ།
མ་འོངས་པར།
རྨི་ལམ་དང་ཉོ་འཚོང་མི་བྱ།
སྒྱུ་འཕྲུལ་ལ་གྲོགས་དན་མི་འཚོལ།
དུས་ཚོད་ཁོ་ན་རྟག་པར་ཡལ་འགྲོ་ནའང་།
ཁྱོད་རང་ད་དུང་ཐག་རིང་ཐག་རིང་ཞིག་ལ་འགྲོ་དགོས་རེད།
ང་ནི་ནམ་ཡང་རང་ཉིད་ཀྱི་དཀྱིལ་སྙིང་དུ་ཙོག་པུར་སྡོད་འོས་ཏེ།
རྣང་ཞིང་ཁྲོད་ཀྱི་རྒྱ་སྟག་ནང་བཞིན།
ཕ་ཡུལ་བོར་བའི་བྱིས་པ་ནང་བཞིན།
ཞེ་འཁྱག་པའི་སྐད་ཆ་འདི་དག
—ན་གཞོན་སྙན་ངག་པ་རྩེ་སྲས་ཨ་རྡོ་མི་འདོད་རྐྱེན་ལམ་དུ་ཤོར་བར་བྲིས།
འདྲིས་མ་ཐག་ནས་རྒྱང་རིང་ཕྱིན་པ་དེ་ཁྱོད་ཡིན་ནམ།
ཞག་གསུམ་ཆར་ཆུས་ཡང་ཡང་བྲན་རུང་མུ་གེ་བ་དེ་ཁྱོད་ཡིན་ནམ།
རྩྭ་ཐང་དུ་ལུས་པའི་འཁྱག་རེངས་ཀྱི་སྐད་ཆ་དེ་དག་ཁྱོད་ཡིན་ནམ།
བྱེ་ཐང་དཀྱིལ་གྱི་ཆང་ཁང་དུ་བཟི་འཐོམ་མེ་བ་དེ་ཁྱོད་ཡིན་ནམ།
ཡི་གེའི་གཟུགས་སུ་བཏབ་པའི་ཨེ་ཤ་ཡའི་སྐར་མ་དེ་ཁྱོད་ཡིན་ནམ།
ཁ་བའི་གསེབ་ཏུ་འབར་བའི་མེ་ལྕེ་ནག་པོ་དེ་ཁྱོད་ཡིན་ནམ།
ཁེར་རྐྱང་གི་གཙང་བོ་བྲུག་སྟེ་རང་ཉིད་བསྣུབས་མཁན་དེ་ཁྱོད་ཡིན་ནམ།
ངལ་དུབ་དང་འདྲེས་པའི་མདངས་ཉམས་པའི་གླུ་དེ་ཁྱོད་ཡིན་ནམ།
ལག་མཐིལ་གྱི་གངས་རིར་ལྕེབས་པའི་འབུ་མེ་ལྕེབས་དེ་ཁྱོད་ཡིན་ནམ།
གཞིས་རྙིང་དུ་ལུས་པའི་བཤད་ཡམས་དང་སེམས་ཁམས་ནད་པ་དེ་ཁྱོད་ཡིན་ནམ།
ཡི་གེའི་སྟག་མོ་ཤེབ་རབ་ཀྱི་ནགས་སུ་མཆོངས་པའི་ངར་ཞགས་དེ་ཁྱོད་ཡིན་ནམ།
ཕྱི་རོལ་གྱི་འུར་ཟིང་དང་དུས་ཚོད་རེ་ཞིག་འཇགས་ནའང།
བསྐལ་བའི་དཔའ་གདེང་རུམ་པའི་ནགས་ཚལ་དེ་ཁྱོད་ཡིན།
ནང་རོལ་གྱི་ཆོས་ཉིད་དང་ཁྲག་རྒྱུན་རྩད་ནས་འགགས་ནའང།
རྨི་ལམ་དུ་སེང་གེ་རྨི་མཁན་དེ་ཡང་ཁྱོད་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།