ཁྱོད་ཆབ་ཆར་སོང་ནས་ཅི་བྱ།

རྩོམ་པ་པོ།:རང་སྐྱེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-02-08 09:29:25 ཀློག་གྲངས།:12083
       ངས་ཁ་པར་ལས་དུས་ཚོད་ལ་ལྟ་དུས། ད་དུང་ནམ་སྨད་ཀྱི་དུས་ཚོད་གསུམ་དང་སྐར་མ་བཅུ་གཉིས་རེད། རྨི་ལམ་དུ་ཨ་ཕས་འཕྲུལ་རྟར་ཞོན་ཏེ་སྒོ་མེ་ལམ་ཐིའུ་དེད་ནས་ཚུར་ཡོང་གིན་ཡོད་ཅིང་། འཕྲུལ་རྟའི་འཕོངས་ལ་ད་དུང་དངོས་ཟོག་མང་པོ་ཤ་ཐག་བྱས་ཡོད།རྨི་ལམ་རེད་མོ། བརྟག་ཞད་བྱེའུ་སྐྱག་ཙམ་ཡང་མེདངའི་ཡིད་ལ་སྐད་ཆ་འདི་འདྲ་ཞིག་འཚང་ཡོང་། སྐད་ཆ་འདི་རྒྱུ་མེད་རྐྱེན་མེད་དུ་ངའི་ཀླད་སྙིང་གི་གཞོགས་ཤིག་ནས་སྐྱེས་ཡོང་། དེ་ནས་མིད་པར་འཚང་སྟེ་གློ་ལུ་ཞིག་རྒྱག་དགོས་པར་ཐུག ངས་སྐད་ཆ་བཤད་ན་འདོད། ནམ་སྟོད་རྨིས་པའི་རྨི་ལམ་དུ། ངས་སྨ་ར་སྟུག་པོ་ཅན་ཞིག་དང་ཅི་གྲོས་མོལ་གྲོས་བྱེད་ཀྱིན་འདུག དེ་ལྟ་ནའང་། ངས་དེ་རྨི་ལམ་ཡིན་པར་ཁ་ཚོན་མི་ཆོད། བློ་ཐག་ཀྱང་མི་ཆོད།
       ཁོ་ཤིང་གི་རྐུབ་སྟེགས་ཤིག་ཏུ་བསྡད་འདུགཁོས་སྣང་དོགས་ཅི་ཡང་མེད་པར་ང་དང་ངོ་བཅར་སྒོས་སྐད་ཆ་གློད་ཡོང་ཞིང་། སྐབས་སྐབས་སུ་ངའི་ཕྱོགས་སུ་ཕྱག་རྒྱ་སྣ་ཚོགས་བསྟན་ཡོང་། ཁོས་མཛུབ་མོ་བཅུ་ལས་ངའི་སྣང་ངོར་ཤོང་དཀའ་བའི་ཕྱག་རྒྱ་མང་པོ་སྐྱེས་ཡོང་། སྐྱེས་མ་ཐག་ཁ་མལ་ནས་འཇིག་སྟེ་ཤུལ་ཙམ་ཡང་རྙེད་རྒྱུ་མེད། དེ་བས་ངའི་སྣང་ངོར་ཁོའི་ཕྱག་རྒྱ་མང་པོ་ཞིག་མ་སྐྱེ་བར་འགག་ཟིན་པར་རློམ་གྱིན་ཡོད། ཁོས་ང་ལ་འདི་སྣང་ཡོད་ཚད་མ་སྐྱེ་བ་མེད་པ་ཉམས་པ་མེད་པ་དག་དག་ཏུ་ཁས་འཆེས་དགོས་པའི་བླང་བྱ་འདོན། ཁོ་ནི་དྲན་པའི་བྱིང་རིམ་དུ་བག་ལ་ཞ་བའི་གནའ་མྱི་དེ་དག་དང་འདྲ་བར། འཛུམ་ལྷུག་ལྷུག་གིས་གཞན་ལ་བླང་བྱ་འདོན་པར་གོམས་ཡོད།
       ཁོའི་བླང་བྱ་འདོན་སྟངས་དེ་ནི་ངའི་ཕ་དྲིན་ཆེན་དང་ཨ་ན་མ་ན་རེད། གཅིག་བྱས་ན་ཁོ་ཡང་ངའི་ཕ་རྒན་ཡིན་སྲིད། ཉིན་དེར་ཁོས་ཆབ་ཆའི་མི་དམངས་སྨན་ཁང་གི་ཁ་གཏད་ཀྱི་རྡོ་སྟེགས་སྟེང་ཨོང་ཤ་བཞག་སྟེ་ཕྱི་དྲོའི་ཉི་མར་འདེ་བཞིན་ཡོད། ཁོས་ཉི་མར་འདེ་བཞིན་པའི་སྣང་བརྙན་དེ་ནི་ངའི་ཡིད་ངོར་རྟག་བརྟན་ཐེར་ཟུག་ཅིག་ཏུ་ནམ་ཞིག་ལ་གྲུབ་པ་ངས་ཀྱང་མི་ཤེས། ཉིན་དེར་ཁོ་སྔར་བཞིན་ངའི་མདུན་བསུ་བར་ཐོན་འདུག ངས་འགྲུལ་འཁོར་གྱི་དྲ་མིག་ལས་ཁོའི་གྲུང་ཉམས་ཤོར་བའི་རྒྱབ་གཟུགས་མཐོང་བྱུང་། ཁོའི་ལུས་པོ་སྔར་བཞིན་སྐམ་རིད་དུ་གནས་ཡོད།
       ཁྱོད་ཁེར་མོ་ཡིན་ནམཁོའི་གདོང་ལ་སྔར་བཞིན་བྲེལ་ཉམས་ཤིག་གིས་ཁེངས་འདུག
       ཡིན། བརྟག་དཔྱད་མཇུག་འབྲས་ཨེ་ཐོན་ཐལ།
       ཕྱི་དྲོ་དུས་ཚོད་བཞིའི་སྟེང་ལེན་ཐུབ་ཟེརཁོའི་སྐད་གདངས་ཁྲོད་དུ་སོས་ཀའི་ཙག་རླུང་གིས་དཔུང་འཇུག་བྱས་པ་དང་འདྲ་བར་གདངས་ཁོང་དུ་ཤོར་འདུག མི་རྒྱུས་མེད་ཅིག་གིས་ཁོའི་སྐད་ཆར་ཉན་མི་ཤེས། ངས་ཚེ་གང་བོར་ཁོས་ཚོགས་གཏམ་བཤད་ཀྱིན་པ་ཐོས་མ་མྱོང་། ཁོས་མི་ཞིག་དང་ཁ་ངོ་གླན་ནས་ཁ་བརྡ་བྱེད་ཀྱིན་པ་ཡང་མཐོང་མ་མྱོང་། ང་ན་ཆུང་དུས་སུ་བདུད་ཐང་དུ་འཚོ་བ་སྐྱེལ་སྐབས། ཁོ་དང་འདྲ་བའི་མི་སྐོར་ཞིག་མཐོང་མྱོང་། ཕྱིས་སུ་ངའི་མཐོང་ཡུལ་ནས་གར་སོང་ཆ་མེད་དུ་གྱུར་པའི་ངོ་གདོང་དེ་དག་ཕ་རྒན་གཅིག་པུའི་ངོ་གདོང་དུ་འཚང་ཡོད་སྣང་ཞིག་ངང་གིས་སྐྱེས།
       ལམ་བར་དུ། ང་ལ་རྒྱབ་ཁུག་ཅིག་ལས་རྡོག་ཁྲེས་གང་ཡང་མེད་པས་ཁོས་དང་ཐོག་ངའི་ལག་ནས་ཅ་ག་གང་ཞིག་འཁྱེར་རོགས་བྱ་རྩིས་ཡོད་ནའང་། ལག་སྟོང་མཆན་ལ་བཙིར་ནས་མི་འགྲོ་ག་མེད་བྱུང་། ཁོ་སྔ་མོ་ནས་ལོ་རྒན་དྲུག་ཅུ་བརྒལ་ཟིན་ནའང་། ལག་རྟེན་ལ་འབྱར་མི་དགོས་པར་ག་ས་གང་དུ་ཡུག་ཡུག་འགྲོ་ཐུབ།
       སང་ལོ་ང་ཚོར་ལྷ་སར་འགྲོ་དུས། ཚང་མ་ད་རུང་ཨ་ཕའི་རྗེས་མི་ཆོད་ཁ་རེད་ནུ་བོའམ་སྲིང་མོ་གང་རུང་ཞིག་གིས་བཤད་པ་ཡིན་པའི་སྐད་ཆ་ཞིག་ངའི་ཡིད་ལ་ལྷང་ངེར་འཁོར་ཡོང་།
       ང་ད་བར་དུ་རྐང་ཐང་ལ་སོང་ན་ཁོའི་རྗེས་ཆོད་པའི་མི་ཞིག་དང་འཕྲད་མ་མྱོང་། དེ་ནི་ཕལ་ཆེར་ཁོ་མི་ཚེ་ཕྱེད་ཀ་ཞིག་ལ་ལུག་རྫིར་ཉུག་པས་ཡིན་སྲིད། བདུད་ཐང་དུ་དུས་ཚིགས་ཕལ་ཆེ་བར་སྒོ་ཕྱུགས་ལ་རྩྭ་འཛོམས་པོ་བཟའ་རྒྱུ་མེད་པས་ར་མ་ཆར་ཤས་དེད་འདྲ་ཡིན། དེ་བས་བདུད་ཐང་གི་ལུག་རྫི་ཕལ་ཆེ་བ་འགྲོ་མ་ཡིན། ཨ་ཡེ་རྒན་མོ་ལོ་ལྔ་བཅུ་ཅན་ཞིག་གིས་ཀྱང་ཉིན་ལམ་ཞིག་རྐང་ཐང་དུ་གཅོད་པར་ཚེགས་ཆེན་པོ་མེད། དེ་དག་ལས་མིང་གྲགས་ཆེ་བ་ནི་ངའི་ཕ་རྒན་དང་ཨ་ཡེ་རྒན་ཚང་འབྲུག་མོ་གཉིས་ཡིན། ཁོ་གཉིས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ནམ་ཡང་བྲེལ་ཤ་ཞིག་གིས་ཁེངས་ཡོད་པ་དེ་རེད།
       ཁོ་ནམ་ཡང་བྲེལ་ཤ་ལངས་བཞིན་པར་བལྟས་ན་ས་ཐག་རིང་ཞིག་ལ་འགྲོ་རྒྱུ་ལོས་ཡིན་འདོད་མོད། ཁོ་ཚེ་གང་བོར་ཆབ་ཆའི་སྲང་ལམ་དག་ཏུ་ཉུག་པ་ལས་ས་ཆ་གཞན་གང་དུའང་མ་སོང་། མཚམས་ལན་རེར་ངས་ཁོ་ཡང་མི་ཉུང་ཤས་ཤིག་ལས་འཛེག་མ་མྱོང་བའི་རི་རྩེ་དང་མི་ཉུང་ཤས་ཤིག་གིས་མ་གཏོགས་མཐོང་མ་མྱོང་བའི་རྒྱ་མཚོར་ལྟ་རུ་འཁྲིད་ན་བསམ་མོད། སྤྱི་ཚོགས་ཀྱི་འདམ་རྫབ་ཁྲོད་དུ་གོམ་པ་སྤོས་ཉིན་ནས་ཉིན་མོའི་ཉི་མར་ལྟ་བ་དང་མཚན་མོའི་སྐར་མ་འཛིན་པའི་དུས་ཚོད་ཡོད་ཚད་གང་ཞིག་ལ་བསྟིམས་སོང་བ་རང་གིས་ཀྱང་བློས་མི་དཔོག དང་ཐོག་ན་གཞོན་དུས། ངའི་བསམ་པར་ངས་སྐར་མ་བརྩི་བའི་དུས་ཚོད་འདི་དག་བེད་སྤྱད་དེ་ཁོ་རང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁ་དང་རྒྱ་ནག་རི་བོ་རྩེ་ལྔར་ཐེངས་གཅིག་ཁྲིད་ན་བསམ།
       ཕྱི་དྲོ་དེར། ངེད་གཉིས་ཀྱིས་དཔུང་བ་གཤིབ་ནས་རྐང་ཐང་དུ་ཁྱིམ་ལ་ལོག མཚམས་རེར་རླུང་སར་སུར་རེ་གཡུགས་ཏེ་ལུས་ལ་གྲང་ཤ་སྟེར། ཁོའི་མགོར་གྱོན་པའི་རྒྱ་གར་ཞྭ་མོ་ཡང་ཐེངས་འགར་འཕུར་ལ་ཁད་བྱས། ཁོའི་མགོ་ཡི་ཞྭ་མོར་སྐྱོར་བའི་ཚུགས་ཀ་དེ་ནི་རྩེད་ཆས་གཞན་གྱིས་འཕྲོག་ལ་ཉེ་བའི་བྱིས་པ་ཞིག་དང་འདྲ། ཁོའི་ཚུགས་ཀ་དེར་བལྟས་ནས་ངས་དབང་མེད་དུ་ཁོང་འཛུམ་ཞིག་ཀྱང་ཤོར།
       ཁྱོད་སྨན་ཁང་དུ་བསྡད་དེ་ངའི་སྔུན་བསུ་བར་མ་ཡོང་ནའང་ཆོག་ནི་རེདངས་ཁོ་ལ་ཨ་ཕ་ཞེས་འབོད་མ་མྱོང་། ཁོས་ཀྱང་ང་ལ་བྱིས་པ་གཞན་དག་དང་འདྲ་བར་གཅེས་མིང་གིས་འབོད་མ་མྱོང་། ང་ལ་ཆུང་དུས་ནས་གཅེས་མིང་ཞིག་ཐོགས་མེད། སྐབས་དེ་དག་ཏུ་ངའི་སྣང་བར་ངེད་གཉིས་ནི་སྤུན་གྲོགས་ཤིག་ཡིན་སྣང་འཆར།
       སྨན་པས་རྐང་ཐང་དུ་མང་ཙམ་སོང་ན་བཟང་ཟེརཁོའི་རང་གི་བྱ་སྤྱོད་ལ་སྨན་པའི་སྐད་ཆ་ཞིག་གི་རྒྱབ་རྟེན་རྙེད་པས་ཡིན་ནམ། མིག་ར་ནག་པོའི་འགྲམ་གྱི་ཤ་སྐྱི་དེ་གཉེར་ཙམ་བྱས།
       ངས་ཀྱང་ཁོ་ལ་མུ་མཐུད་དུ་སྐད་ཆ་གཏིང་འདྲི་མ་བྱས་པར་གོམ་པ་མདུན་དུ་ཁྱེར། རླངས་འཁོར་ས་ཚིགས་ནས་སྨན་ཁང་བར་དུ་ལམ་ཐག་རིང་པོ་ཞིག་ཡོད་ཀྱང་། ཕྱི་དྲོ་དེར་ངས་ཁོའི་རྐང་རྗེས་དེད་ནས་སྨན་ཁང་དུ་ཡོང་དུས། ལམ་ཐག་དེ་ནི་ཐུང་དྲགས་ཏེ་ཁ་བརྡ་ཞིག་གི་མགོ་ཡང་འཛིན་ཁོམ་མ་བྱུང་།
       ངེད་ཚང་གི་ཨ་ཕ་ཆབ་ཆར་བུད་སོངནུ་བོས་སྐད་ཆ་འདི་བཤད་སྐབས་གདོང་ལ་དྲེགས་ཉམས་ཀྱིས་ཁེངས་ཡོད། ནམ་རྒྱུན་སྐད་ཆ་འདི་འདྲ་ཞིག་བཤད་སྐབས། ངེད་མིང་སྲིང་གསུམ་པོས་རྩེད་རོགས་ཚོ་ཏབ་ཅིག་ལ་ཉམས་དམའ་བར་བྱེད་ནུས། དེ་དུས། རྩེད་རོགས་ལྕགས་སྐྱིད་དང་སྲི་ཐར་གཉིས་ཀྱིས་ཕུ་ཐུང་གིས་སྣབས་ལུད་འབྱིད་བཞིན་མུ་མཐུད་དུ་སྐད་ཆ་འཕྲོ་མར་ཉན་པའི་སྟ་གོན་བྱེད།
       ཨ་ཕ་ཐོན་ཐལསྦག་སྦག་འཁོར་ལོ་ཞིག་གི་སྒྲ་ཐོས་དུས། ང་གྱང་ཁར་འགོས་ཏེ་གཞུང་ལམ་ཕྱོགས་སུ་ལྟ་སྐབས། ཁོ་ཚོ་ཚང་མས་འཕྱི་བ་ཁུང་ནས་ཐོན་པ་དང་འདྲ་བར་གྲོག་མོ་ཁ་ནས་ས་སྐྱས་གཡོགས་པའི་མགོ་བོ་བསྲིངས་ཏེ་ངའི་རྣམ་འགྱུར་ལ་ལྟ།
       མ་རེད། ལམ་འགྲོ་ཞིག་རེད།
       མ་རེད། ཡང་ལམ་འགྲོ་ཞིག་རེདདེ་ལྟར་ང་ཚོ་རེས་མོས་ཀྱིས་གྱང་ཁར་འགོས་ཏེ་གཞུང་ལམ་གྱི་ཕྱོགས་སུ་བལྟས་ནས་རེ་ཐག་ཡང་ཡང་ཆད་དེ་ཕྱིར་གྲོག་མོའི་ནང་དུ་ལོག ངའི་བག་ཆགས་ཀྱི་གཏིང་རིམ་དུ་ནངས་མོར་ཨ་ཕས་ཤ་བཟན་རེ་འཕྲུལ་རྟའི་འཕོངས་ལ་ཤ་ཐག་བྱས་ཏེ་ཆབ་ཆར་བུད་འགྲོ་ཞིང་། ཕྱི་དྲོ་ཉི་མ་ནུབ་ལ་ཉེ་དུས་ཁོས་ཚོང་ཟོག་མང་པོ་ཤ་ཐག་བྱས་ཏེ་ཕྱིར་ཡུལ་ལ་ལོག་ཡོང་། ང་བྱིས་པ་ནས་དར་མར་གྱུར་བའི་ལོ་ཟླའི་ནང་དུ་ཨ་ཕ་ནམ་ཡང་བྲེལ་ཟིང་གི་ཁྲོད་ན་འཚོ་བཞིན་ཡོད།
       བྱིས་པ་ཡང་ལོ་བཅོ་ལྔར་འབུད་ལ་ཉེ། ཁྱོད་ཀྱིས་ཁོས་བསམ་ཤེས་ཡོད་པར་ལྟོས་དང་། ཚེ་གང་བོར་འདི་ལྟར་ཟོག་འཚོས་ནས་ཁ་ཇི་ལྟར་གསོའམ
       འོ་ནགནད་འགག་གི་སྐབས་སུ་ཁོ་ནམ་ཡང་ལྐུགས་འགྲོ།
       ཨ་མས་ཁོ་ལ་བདུད་ཐང་དུ་སྡོད་མི་འདོད་པར། ཆབ་ཆར་གནས་སྤོར་བའི་གྲོས་མགོ་འདོན་དུས། ང་ནམ་གུང་གློ་བུར་དུ་གཉིད་ལས་སད་དེ་ཁོ་གཉིས་ཀྱི་ཁ་བརྡ་ཐོས་བྱུང་། དེ་ནས་ངས་སྐད་ཆ་དེ་རྩེད་རོགས་ཚོར་བཤད་པས་ཁོ་ཚོ་ཚང་མ་ཀྲོག་ཀྲོག་ཀྲོག་བྱེད། དེ་ནས་བཟུང་། ང་ཚོ་རྩེད་རའི་ནང་དུ་སུན་སྣང་སྐྱེས་བཞིན་ཉིན་མོ་དེ་བསླེབ་པར་སྒུག
       ང་ཚོས་ཉིན་མོ་དེ་ལ་ཅི་ཙམ་སྒུག་པ་མི་དྲན་མོད། ལོ་དེར་ང་ཚོ་དབྱར་གནང་བྱིན་ནས་ཡུལ་ལ་ཐོན་དུས། ངེད་ཚང་གི་སྒོ་མདུན་དུ་ལུག་ཚེ་ཐར་གཉིས་དང་། བ་མོ་ག་ལང་དང་སྟག་རྒན་མ་གཉིས་ལས་ལྷག་མི་འདུག ངས་འཚེར་སྣང་གིསའོ་ན་བ་མོ་ག་ལང་དང་སྟག་རྒན་མ་གཉིས་ཀ་རྒྱ་ལག་ལ་མ་སྤྲད་དམཞེས་འདྲི་དུས། ཨ་མའི་གདོང་ལ་སྐྱོ་ཉམས་ཤིག་གིས་ཁེངས་བཞིནཚེ་གང་བོར་འོ་མ་འཐུང་འཐུང་ནས་ད་ནི་གཞན་ལ་བཙོང་རོགས་ཆོད་དམཞེས་བཤད།
       ང་ཚོས་ཉིན་ནས་ཟླ་ལ་སྒུག་པའི་ཉིན་མོ་དེ་གཞི་ནས་ཐོན་བྱུང་། དེ་ནི་ལོ་ཟླས་བསམ་བཞིན་དུ་ལམ་ཁ་ནས་ང་ཚོར་སྒུག་ཡོད་པ་དང་འདྲ། ཁོ་ནི་དངོས་གནས་གཟུགས་མེད་ཀྱི་གཤེད་མ་ཞིག་ཡིན་པ་ངས་ཨ་ཕར་སྐྱེལ་མ་བྱེད་པའི་ཉིན་མོ་དེར་མ་གཏོགས་མ་ཤེས།
       ཕྱི་དྲོ་དེར། ངེད་གཉིས་མཉམ་དུ་སྨན་ཁང་གི་སྒོ་ཁར་ཐོན་རྗེས། ངས་ཁོ་ཉིན་ཁ་དེར་སྡོད་དུ་བཅུག་སྟེ། གཅིག་པུར་བརྟག་དཔྱད་མཇུག་འབྲས་ལེན་དུ་སོང་། སྨན་པས་ཨ་ཕའི་མིང་ནས་ཐེངས་ག་ཙམ་ལ་བོས་པ་མི་ཤེས་མོད། བརྟག་དཔྱད་མཇུག་འབྲས་ལེན་སྐབས། སྨན་པ་དེས་སྐད་གདངས་ལས་ཁོང་ཁྲོ་རིགས་ཤིག་ངའི་ཕྱོགས་སུ་མཆེད་ཡོང་བ་ཚོར་ཐུབ།
       ངས་ཁྱོད་ལ་དྲང་མོར་བཤད།ནད་པ་འདིའི་མཁལ་མ་གཡས་པ་མི་འདུག ད་ནི་ཅི་བཤད་རུང་འཕྱིས་སོང་བ་རེད། ཁོར་ལས་ཀ་ལྕི་མོ་ལས་སུ་འཇུག་མི་རུངཁོས་སྐད་ཆ་འདི་བཤད་སྐབས། དབུགས་བླངས་ཏེ་ངལ་གསོ་ཕྲན་ཙམ་ཡང་མི་བྱེད་པར་བལྟས་ན། ཁོའི་མཐོང་ལམ་དུ་ཕལ་ཆེར་སྣང་ཚུལ་འདི་རིགས་ཤིན་ཏུ་རྙིང་བར་གྱུར་ཡོད་པའམ་རྒྱུན་འབྱམས་སུ་གྱུར་ཡོད་ངེས། སྤྱིར་ན་ངས་ཁོས་ང་ལ་སེམས་གསོ་ཕྲན་ཙམ་བྱེད་པའི་རེ་བ་བཅངས་མོད། ཁོས་མིག་ཤེལ་ཡར་འདེད་ཙམ་བྱས་ཏེ། མུ་མཐུད་དུ་ནད་པ་རྗེས་མའི་མིང་ནས་བོས།
       ཉིན་ཁའི་རྡོ་སྟེགས་དེར་ཉི་མར་འདེད་བཞིན་པར་བལྟས་ན། ང་ནི་ཁོ་ལ་མཁལ་མ་ཡ་གཅིག་མི་འདུག་ཟེར་ན་ཡིད་ཆེས་ཐུབ་མེད། ངའི་བསམ་པར་མཁལ་མ་གཅིག་ལས་མེད་པའི་མིའང་ཡོད་དམ་སྙམ་ནའང་། དེ་སྔོན་དྲ་རྩོམ་ཞིག་ལས་རླིག་འབྲས་ཡ་གཅིག་ལས་མེད་པའི་སྐྱེས་པའང་ཡོད་ཟེར་བས་མཁལ་མ་གཅིག་མེད་ན་འཚོ་ཐུབ་པར་ཡང་ཧ་ལས་རྒྱུ་མེད་སྙམ།
       ཁོ་ལ་ད་བར་དུ་ན་ཚ་ལྕི་མོ་བྱུང་མ་མྱོང་། གལ་སྲིད་ནད་ལྕི་མོ་ཞིག་བྱུང་ཡོད་ན་ང་ཚོ་ཆབ་ཆར་ཡོང་བའི་ལོ་གསུམ་པའམ་བཞི་བར་རྒྱུ་ལྷག་བཤའ་བཅོས་བྱས་པ་དེ་ཡིན། རེབ་དེར་མ་གཏོགས་ཁོས་ཆམ་པ་ཕོག་ནའང་ཤིག་པ་གདུས་ཏེ་འཐུང་བ་ལས་སྨན་ཞིག་ཁར་རེག་མ་མྱོང་། ཁོས་སོ་ན་སྐབས་ཀྱང་ཤིག་པ་གདུས་ནས་འཐུང་། ཁྱིམ་ལ་དག་གཙང་བྱེད་ནའང་ཤིག་པ་གདུག་ནས་གྲིབ་སེལ་བྱེད། དེ་བས་ཁོས་ང་ལམ་ལ་འཇུག་ཐེངས་རེ་རེར་ཆུ་ཤོག་ཅིག་གི་ཁུག་ལ་ཤིག་པ་སྤར་བ་གང་ཙམ་རེ་བསྡུས་ཏེ་སྟེར། དྲང་མོར་བཤད་ན། ངས་རང་གིས་ཤིག་པ་གདུག་མྱོང་བ་དྲན་གྱིན་མི་འདུག ཤིག་པ་དེ་དག་གང་ཞིག་ཏུ་གསོག་ཡོད་པའང་མི་དྲན།
       ཉིན་དེར། ཨ་ཕས་ཁྱིམ་གྱི་ཅ་ལག་བལྟས་ཞད་ཡོད་པ་ཆ་ཚང་འདྲུད་འཐེན་འཁོར་ལོའི་གཞུག་སྒམ་དུ་བརྩིགས་ཏེ་སྟེང་དུ་ང་ཚོ་དྲུད་ནས་ཆབ་ཆར་སོང་། མྱུར་ལམ་དུ་བགྲོད་སྐབས་འདྲུད་འཐེན་འཁོར་ལོའི་མྱུར་ཚད་ཀྱང་ཅུང་མགྱོགས། གང་ལྟར་མི་ཞིག་རྐང་ཐང་དུ་རྒྱུག་ན་རྗེས་མི་ཆོད་ཁོ་ཐག་ཡིན། ཡིན་ནའང་ངེད་ཚང་གི་ཁྱི་རྒྱ་སྟག་འདྲུད་འཐེན་འཁོར་ལོའི་རྗེས་སུ་ལྕགས་ཐག་གིས་བཏགས་ཏེ་རྒྱུག་དགོས་བྱུང་། རྒྱ་སྟག་གིས་ལྕེ་བསྣར་བཞིན་རྒྱུག་ཡོང་བའི་སྣང་བརྙན་ད་དུང་ངའི་མིག་ལམ་དུ་ཤར་ཡོང་། སུ་ཞིག་གི་ཐབས་བཀོད་ཡིན་པ་མི་ཤེས་མོད། ཆབ་ཆར་ཡོང་བའི་ལོ་དེར། ངེད་ཚང་གི་ལུག་ཁྱུའི་རིན་པས་ཉོས་པའི་གཞིས་ཁང་དེ་ཆུང་དྲགས་ཏེ་རྒྱ་སྟག་འདོགས་ས་མ་རྙེད། ཕལ་ཆེར་ཐབས་ཟད་དེ་རྒྱ་སྟག་ཁྱིམ་མཚེས་ཤ་མོ་འདེབས་མཁན་ཞིག་ཡོད་པ་དེ་ཚང་ལ་བྱིན་པ་ཡིན།
       རུ་སྐོར་ཚང་མས་ངེད་ཚོས་ཅ་ལག་བསྡུ་གསོག་བྱེད་ཀྱིན་པ་མཐོང་ནས་གམ་དུ་བཅར་ཏེཁྱོད་ཚོ་ཆབ་ཆར་སོང་ནས་ཅི་བྱ་ཟེར། སྐབས་དེར། ངས་རྩེད་རོགས་ཚོར་ཆབ་ཆ་ན་བཟའ་བཅའ་འཛོམས་པོ་ཡོད་ཚུལ་དང་། གྱོན་པ་ཡག་པོ་གྱོན་ཐུབ་ཚུལ་བཤད་ནས་རང་ཉིད་ལ་བདེན་ཁ་བྱིན། ཡིན་ཡང་། སྐབས་དེར་ཕ་མ་གཉིས་གས་རུ་སྐོར་ཚོར་ཅི་ལྟར་ལན་བཏབ་པ་ངས་དྲན་རྒྱུ་མི་འདུག ཆབ་ཆར་ཐོན་ནས་ལོ་མང་འགོར་སོང་ནའང་། ངས་རང་ཉིད་དོན་དམ་ཆབ་ཆར་ཅི་བྱེད་དུ་ཡོང་བ་མི་ཤེས། ཆབ་ཆ་རུཁྱོད་ཆབ་ཆར་ཅི་བྱེད་དུ་ཡོང་བ་ཡིནཞེས་འདྲི་མཁན་མེད། ཆབ་ཆ་རུ་མི་རྣམས་ངེད་ཚང་ལྟ་བུའི་ཕལ་བའི་ཁྱིམ་ཚང་ཞིག་བདུད་ཐང་ནས་ཆབ་ཆར་གནས་སྤར་བར་མཚར་སྣང་སྐྱེ་མཁན་མེད། སྐབས་དེར་མཚོན་ན། འདྲུད་འཐེན་འཁོར་ལོའི་ནང་དུ་ཅ་ལག་དྲུད་དེ་ཆབ་ཆར་ཡོང་མཁན་མང་པོ་མེད་ནའང་། ཕྱིས་སུ་དུད་ཁྱིམ་མང་པོ་ཞིག་གིསཆབ་ཆར་ཅི་བྱེད་དུ་ཡོང་བའང་མི་ཤེས་པར་འདྲུད་འཐེན་འཁོར་ལོའི་ནང་དུ་ཅ་ལག་དང་བུས་ཕྲུག་དྲུད་ནས་ཆབ་ཆར་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་གིན་ཡོད། དེ་དག་གི་ཁྲོད་དུ་ངེད་ཚང་གི་རུ་སྐོར་དེ་དག་ཀྱང་ཡོད་དེ། ཁོ་ཚོས་ང་ཚོ་ཆབ་ཆར་སོང་རྗེས། ཆབ་ཆར་ཅི་བྱེད་དུ་འགྲོ་བའི་སྐོར་ལ་བསམ་བློ་འཁོར་སོང་མིན་མི་ཤེས་མོད། ཁོ་ཚོ་ཆབ་ཆར་ཡོང་དུས་རྗེས་ནཁྱོད་ཆབ་ཆར་སོང་ནས་ཅི་བྱ།ཞེས་འདྲི་མཁན་གཅིག་ཀྱང་མེད་པར། ཁང་སྐྱ་ལེབ་མང་པོ་ཐར་ཐོར་དུ་ཁ་གནམ་ལ་འཁོར་ནས་ལུས་ཡོད།
ཕྱི་དྲོ་དེར། ངས་རྡོ་སྟེགས་སྟེང་ཉི་མར་འདེ་བཞིན་པའི་ཨ་ཕ་མཐོང་དུས། ཁོ་ནི་ཕལ་ཆེར་ཁོའི་གམ་གྱི་རྒད་པོ་དེ་དག་དང་འདྲ་བར། ཆབ་ཆར་ཉི་མར་འདེ་རུ་ཡོང་བར་འདོད། ཁོས་ང་སྨན་ཁང་གི་སྒོ་ཁར་འགྲེང་ཡོད་པ་མཐོང་འཕྲལ། དེའི་མུར་ཡར་ལངས་ཏེ་གཞུང་ལམ་ཐད་ཀྱིས་བཅད་ནས་ངའི་ཕྱོགས་སུ་ཐོན་ཡོང་།
       མཇུག་འབྲས་ལོན་བྱུང་ངམ། སྨན་པས་ཅི་ཟེརཁོ་གཞུང་ལམ་གྱི་ཕར་ངོགས་ནས་འདི་གར་ཤབ་རྒྱུག་བྱས་ཡོང་ཚུལ་ལ་བལྟས་ན། ང་ཁོ་ལ་མཁལ་མ་ཡ་གཅིག་མི་འདུག་ཟེར་བའི་གཏམ་ངན་དེར་ཡིད་མི་ཆེས།
       སྐྱོན་ཆེན་པོ་མེད་ཟེར། གཙོ་བོ་ཚེགས་མི་རུང་བ་དེ་རེདངས་སྐད་ཆའི་འཕྲོ་བཅད་དེ་ཁོར་ཁྱིམ་ལ་ལོག་པའི་བརྡ་བསྟན། དྲང་མོར་བཤད་ན། ངས་ཁོ་ལ་སྐད་ཆ་དྲང་མོར་བཤད་མ་འདོད་པས་ཡིན། ངས་བསམ་ན་ཁོ་ཆབ་ཆའི་སྲང་མདོ་མང་པོར་ཉི་མ་འདེ་ནས་མཁལ་མ་ཡ་གཅིག་བོར་སོང་བ་འདྲ། འོ་ན་ཨ་ཕའི་མཁལ་མ་ཡ་གཅིག་འཁྱེར་མཁན་དེ་སུ་ཡིན་ནམ། ལམ་བར་དུ་ངས་ཁོའི་མཁལ་མ་ཅི་ལྟར་བོར་ཚུལ་སྐོར་ལ་བསམ་བློ་བཏང་སྟེ། ཁོ་དང་ཁ་བརྡ་ཚིག་གཅིག་ཀྱང་མ་བྱས། དེ་ནི་ཕལ་ཆེར་ང་ཁོ་དང་མཉམ་དུ་སྲང་ལམ་ཉུལ་བའི་ལམ་ཐག་རིང་ཤོས་དེ་ཡིན་སྲིད། ན་ཆུང་དུས་སུ། ང་ཁོ་དང་མཉམ་དུ་ལུག་རྫིར་འགྲོ་སྐབས། ང་ཁོའི་གོམ་ཞེང་ཆེན་པོ་དེའི་རྗེས་མ་ཆོད་པར་ངུས་པ་ཁོས་བཟའ་གོ་ར་གང་བོ་འཛོམས་དུས་སུ་དགོད་ཁ་སློང་བྱེད་དུ་བཤད་ནས་ཀུན་གྱི་རྣ་སྡུག་ལའང་འགྲོ་ཉེན་ཡོད།
       གང་ལྟར་ཁོས་མི་ལ་དགོད་ཁ་སློང་བ་ཉུང་ཉུང་ཡིན་པས་ང་ཚོས་རྣ་བ་བླགས་ནས་ཁོའི་བསྐྱར་སྐོར་དུ་བཤད་མྱོང་བའི་དགོད་གཏམ་དེ་ལ་ཉན་ཁུལ་བྱས། ང་ཚོ་ཨ་མའི་གམ་དུ་སྦྲང་མ་ཚང་ལ་བཏབ་འདྲ་བྱས་ཏེ་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས། ཁོ་གཅིག་པུས་བརྙན་འཕྲིན་ལ་ལྟ་བཞིན་ཡོད། ཁོས་སྐར་མ་གསུམ་བཞི་རེའི་མཚམས་ནས་བརྙན་འཕྲིན་གྱི་འཁོར་ལམ་གཅིག་རེ་བརྗེས་པ་དང་། མཚམས་རེར་སྐར་མ་གཅིག་གི་ནང་དུ་འཁོར་ལམ་ལྔ་དྲུག་རེའང་བརྗེས་པས། ཟླ་ཕྱེད་རེའི་ནང་ནས་ངེད་མིང་སྲིང་གསུམ་ལས་གང་རུང་ཞིག་རྒྱང་བསྒྱུར་འཕྲུལ་ཆས་ཀྱི་གློག་རྡེའུ་ཉོ་བར་མངག་སྲིད། ཁོ་ནི་ཆུང་དུས་ནས་བརྙན་མིག་ནང་གི་འཇིག་རྟེན་དེ་ལ་ཧ་ཅང་དགའ་བོ་ཡོད་པ་འདྲ། ང་ན་ཆུང་དུས་སུ་སྡེ་བའི་ནང་དུ་གློག་བརྙན་སྟོན་རྒྱུ་ཡིན་པའི་བརྡ་ཐོས་རྗེས། ཁོས་ང་གཉའ་བར་ཁུར་ཏེ་སྤྱི་ལེ་ལྔ་དྲུག་ཙམ་ལ་རྐང་ཐང་དུ་སོང་ནས་གློག་བརྙན་ལྟ། མཚམས་ལན་རེར། ཁེར་མོས་ལྕགས་རྟ་ཞོན་ཏེ་གློག་བརྙན་སྟོན་སར་རྒྱུག་འགྲོ།
       ཁོ་ནི་ངེད་སྡེ་བའི་ནང་དུ་བརྙན་འཕྲིན་འཕྲུལ་ཆས་ཉོ་མཁན་ཐོག་མའི་གྲས་ཡིན་སྲིད། གང་ལྟར་ཁོས་ཆབ་ཆ་ནས་བརྙན་འཕྲིན་འཕྲུལ་ཆས་འཕྲུལ་རྟའི་འཕོངས་ལ་ཤ་ཐག་བྱས་ཡོང་དུས། རུ་སྐོར་ཚང་མར་བརྙན་འཕྲིན་འཕྲུལ་ཆས་ཟེར་བ་ཞིག་མེད། དེ་དུས། དགོང་དྲོར་སླེབས་མ་ཐག་རུ་སྐོར་གྱི་མི་མང་པོ་ངེད་ཚང་ལ་འདུས་ཡོང་། སྡེ་བ་དེར་ལྕགས་རྟ་དང་འཕྲུལ་རྟ། འདྲུད་འཐེན་འཁོར་ལོ་ཐོག་མར་ཉོ་མཁན་ཚང་མ་གཞན་ཡིན་ནའང་། བརྙན་འཕྲིན་འཕྲུལ་ཆས་ཐོག་མར་ཉོ་མཁན་ནི་ཨ་ཕ་ཡིན། ཁོ་ཆབ་ཆར་སོང་ནས་ཡོང་དུས། འཕྲུལ་རྟའི་འཕོངས་ལ་ཤ་ཐག་བྱས་ཡོང་བའི་དངོས་རྫས་མང་ཤོས་ནི། ངས་བསམ་ན་འོད་སྡེར་ཡིན་པ་འདྲ། ཁོས་འོད་སྡེར་ཚང་མ་སྒམ་ཆུང་ཞིག་གི་ནང་དུ་བསྡུས་ཏེ་ཟྭ་བརྒྱབ་ཡོད། འོད་སྡེར་དེ་དག་མ་མཐའ་ཡང་ལུག་ཤ་བཟན་ལྔ་དྲུག་ཅིག་གི་རིན་པ་ཡིན། རུ་སྐོར་ཚང་མས་སྐབས་དེར་ཁོའི་ཤ་བཟན་ལྔ་དྲུག་ཅིག་སྒམ་ཆུང་དུ་བསྡུས་ཏེ་ཟྭ་བརྒྱབ་ཡོད་ཅེས་གད་མོ་སློང་གིན་ཡོད།
       ཆབ་ཆར་ཡོང་བའི་ཉིན་མོ་ནས་ང་སློབ་ཆེན་འགྲིམས་པའི་བར་གྱི་ལོ་ངོ་བཅུའི་ནང་དུ། ངས་ཁོ་ནམ་ཞིག་ཡར་ལངས་ནས་སྒོར་སོང་བ་མི་ཤེས། རེབ་ཅིག་ལ། དེ་ནི་ཕལ་ཆེར་ཉིན་གུང་ཞིག་ཡིན། ངས་རང་ཁྱིམ་དུ་ཟ་མ་ཟོས་རྗེས་གཉིད་དུ་ཡུར་ཏེ་ཅུང་མིན་ན་སློབ་ཁྲིད་ཀྱི་རྗེས་མ་ཆོད། ང་རྒྱུག་ཐེངས་གཅིག་གིས་ངེད་ཚོའི་སྡེ་ཁུལ་གྱི་སྒོ་ཁར་སོང་སྟེ། འཕྲུལ་རྟ་རྒྱུག་མཁན་ཨེ་ཡོད་བལྟས། སྐབས་དེར་འཕྲུལ་རྟའི་འཕོངས་ལ་ཞོན་ན་སྒོར་གཉིས་ཡིན། སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན་སྒོར་མོ་ལྔ་བྱིན་ཏེ་གླ་གཏོང་རླངས་འཁོར་དུ་སྡོད་པ་ལས་འཕྲུལ་རྟར་ཞོན་ན་དགའ། ང་སྒོར་ཐོན་མ་ཐག་ལམ་འགྲམ་དུ་འཕྲུལ་རྟ་ཞིག་བགྱེས་ཡོད་པ་དེའི་འཕོངས་ལ་ཞོན།
       རྫོང་མི་རིགས་སློབ་འབྲིང
       ་་་་་་ཆབ་ཆར་འཕྲུལ་རྟའི་ཁ་ལོ་བ་མང་པོ་ཞིག་གིས་ཁ་མི་གྲགས། ཁྱོད་ཀྱིས་ས་ཚོད་བཤད་མ་ཐག་ཤ་སེར་བུད་འགྲོ།
       ལྭ་རིང་ལྗང་གུ་གྱོན་པའི་ཁ་ལོ་བ་འདིའི་རྒྱབ་གཟུགས་འདི་ནི་ངས་གང་ཞིག་ངས་མཐོང་མྱོང་བ་འདྲ། དབྱར་དྲུག་པའི་ནང་དུའང་ལྭ་རིང་གྱོན་མཁན་གྱི་རྒྱབ་གཟུགས་འདི། འདི་ནི་དང་ཐོག་ང་ལྕགས་རྟའི་འཕོངས་ལ་བཟུང་སྟེ་སློབ་གྲྭར་སྐྱེལ་མཁན་གྱི་རྒྱབ་གཟུགས་དེ་དང་ཅི་འདྲའི་མཚུངས་ཨང་། ཁོའི་ལུས་པོ་སྐམ་རིད་དུ་གྱུར་ཡོད་ནའང་། ཕྲག་ཞེང་ཆེན་པོ་ཞིག་ཡོད་པས་ཅི་ལྟར་རྒྱུག་ནའང་ངའི་མདུན་གྱི་ཙག་རླུང་འགོག་ཐུབ། ཁོས་འཕྲུལ་རྟར་ཞོན་ནས་བྱང་ཆ་ཆེན་པོ་ལྡན། ལམ་ཐག་ཧྲིལ་བོར་གློག་དམར་གཅིག་ལའང་མ་སྒུག་པར། སློབ་གྲྭའི་སྒོ་འགྲམ་དུ་སླེབས་ལ་ཉེ་དུས་ཅུང་མིན་ན་གཡས་ཕྱོགས་ཀྱི་སྲང་ལམ་ནས་ཕྱིར་བུད་ཡོང་བའི་རླངས་འཁོར་ཞིག་ལ་བརྒྱབ་སོངཨ་ཁུ། ཁྱོད་འདི་ལྟར་རྒྱུག་དགོས་དོན་ཡོད་ནི་མ་རེད། སེམས་ཆུང་བྱོསངས་ངག་ནས་དབང་མེད་དུ་སྐད་ཆ་དེ་འདྲ་ཞིག་ཐལ།
       ང་འཕྲུལ་རྟ་ལས་བབས་ཏེ་ཁོར་གླ་སྟེར་བསམ་དུས། ཏབ་ཅིག་ལ་བློང་བློང་བོར་གྱུར། ཁོ་ནི་ངའི་ཨ་ཕ་མ་ཡིན་ནམ། ང་བློང་བློང་བོར་གྱུར་པའི་མོད། བཤད་མི་ཤེས་པའི་ཚོར་བ་ཞིག་གིས་ལུས་ཡོངས་བཅུམས་ཡོང་། དེ་ནི་ནོར་འཁྲུལ་བཟོས་རྗེས་འཛིན་བདག་དགེ་རྒན་གྱིས་གཞུང་ལས་ཁང་དུ་བོས་པའི་ཚོར་བ་དང་འདྲ་ལ་མི་འདྲ། ཐོག་དང་བོར་འཛིན་གྲྭ་མི་གཅིག་པའི་བུ་མོ་དེར་ངོ་ཐུག་དུས་ཀྱི་སེམས་ཁམས་དང་ཡང་འདྲ་ལ་མི་འདྲ། དགེ་རྒན་ངོ་སྡུག་དེས་གྲངས་རིག་གི་སྐར་འབྲས་བཀྲམ་དུས་ཀྱི་སེམས་ཁམས་དང་ཡང་ཅུང་འདྲ་ལ་མི་འདྲ། གང་ལྟར་ཚོར་བ་དེ་ནི་སྐད་ཆ་མགྲིན་པར་ཁེགས་ཏེ་ཤོད་ཐབས་མེད་པ་ཞིག་རེད།
       ད་རེམ་མར་རྒྱུགས། སློབ་ཁྲིད་འཚོག་ལ་ཉེཁོས་དེ་ལྟར་བཤད་མ་ཐག་འཕྲུལ་རྟའི་ཁ་ཕྱིར་བསྐོར་ནས་གཞུག་སེར་བུད་སོང་། ངས་ཁོའི་རྒྱབ་གཟུགས་ལ་བལྟས་ཏེ་འདས་དོན་མང་པོ་ཞིག་ཡིད་ངོར་འཚང་ཡོང་ནའང་། སློབ་ཁྲིད་ཀྱི་ཚོགས་བརྡ་གྲགས་བྱུང་བས་ཁ་མལ་དུ་ཧད་ནས་འདུག་ཁོམ་ཞིག་གང་ན་ཡོད། ང་འཕྲུལ་རྟའི་འཕོངས་ལ་ཞོན་མ་ཐག་ནས་ཁོས་ང་ཡིན་པ་ཤེས་ཡོད་སྲིད། དེ་བས་ཁོས་ང་སློབ་ཁྲིད་ཀྱི་རྗེས་ཆོད་ཆེད་སྲོག་བསྡོས་ཀྱིས་གློག་དམར་ལའང་མ་སྒུག་པར་རྒྱུག་པ་འདྲ།
       ངས་རེབ་དེར་མ་གཏོགས་ཁོ་ཕྱི་རོལ་དུ་སོང་ནས་ལས་ཀ་ཅི་ཞིག་ལས་ཀྱིན་པ་མ་ཤེས། སྐབས་ཐོག་དེར། ངས་སློབ་གྲོགས་ཚོར་རང་གི་ཨ་ཕས་འཕྲུལ་རྟར་ཞོན་ཏེ་མི་འདྲུད་ཀྱིན་ཡོད་ཅེས་བཤད་མ་ཕོད་པར་གསང་གང་ཐུབ་བྱས། དེ་ནས་བཟུང་། ངས་འཕྲུལ་རྟར་ཞོན་སྐབས་སྔོན་ལ་ཁ་ལོ་བའི་གདོང་དང་ཆ་བྱད་ལ་ལྟ་ཡག་ཅིག་བྱས་པ་ཡིན། ང་འཕོངས་ལ་ཞོན་མྱོང་བའི་འཕྲུལ་རྟའི་ཁ་ལོ་བ་མང་པོ་ཞིག་གི་གཟུགས་རིས་ནི་ངའི་ཨ་ཕ་དང་འདྲ་བོ་ཡོད། ཁོ་ཚོ་ཕལ་ཆེ་བས་ཁ་མི་གྲགས་ཤིང་། དབྱར་དྲུག་པའི་གཞུང་ལའང་དགུན་ལྭ་བར་ཚངས་ཅན་གྱོན་ཡོད་པ་དང་གདོང་བར་སྐེ་དཀྲིས་ཀྱིས་གཡོགས་ཡོད།
       ཉིན་དེར་ངས་ད་གཟོད་ཁོས་སྒོར་མོ་གཉིས་རེ་གཉིས་རེ་བྱས་ནས་གསོག་ཏེ། ངེད་བཟའ་མི་གང་བོའི་ལུས་ལ་ཟུངས་ཁྲག་ལྡུད་ཀྱིན་པ་ཤེས་བྱུང་། ཁོ་དང་འདྲ་བའི་སྐྱེས་པ་མང་པོ་ཞིག་གིས་ཀྱང་སྒོར་མོ་གཉིས་རེ་གཉིས་རེ་གསོག་སྟེ་རང་རང་གི་བཟའ་མིའི་ཚེ་སྲོག་གི་རྒྱུན་བསྲིངས་ཐབས་བྱེད་ཡོད་པ་ཚོར་བྱུང་།
       ཆབ་ཆར་ཡོང་བ་ནས་འུ་ཚང་གིས་སྡིག་ལས་བྱེད་ཚད་ཇེ་ཉུང་ལ་བུད་སོངཨ་ཕས་བརྙན་འཕྲིན་ལ་ལྟ་བཞིན་ཁོག་སྟོད་ཅུང་དགྱེ་སྟེ་བཤད།
       ལུག་ཁྱུ་ཞིག་བཤས་རར་བརྫངས་པའི་སྡིག་པ་དེར་བཤག་རྒྱུ་ཞིག་ཡོད་དམཨ་མས་ཁ་མུར་མུར་བྱེད་བཞིན་ཕྲེང་བ་འདྲེན་ཚད་ཇེ་མགྱོགས་སུ་བཏང་། མོའི་སྐད་ཆ་འདིའི་ཁོ་གཉིས་ཀ་འདང་རྒྱག་ཅིག་གི་ཀློང་ལ་ཁྲིད། དེ་ནས་སྐད་ཆ་ཅི་ཡང་མི་སྨྲ་བར་ཕྲེང་བ་བར་མེད་དུ་འདྲེན།
       དེ་དུས་ངའི་བསམ་པ་ཞིག་ལ། ང་ཚོ་ཆབ་ཆར་སྡིག་པ་བཤག་ཏུ་ཡོང་བ་ལོས་ཡིན་འདོད། མཚམས་ལན་རེར། ཆབ་ཆ་རུ་ལས་ཀ་ལས་པར་ཡོང་བ་ལོས་ཡིན་འདོད། ཡང་མཚམས་ལན་རེར་སྔོ་ཚལ་ཟ་རུ་ཡོང་བར་འདོད། ཡང་མཚམས་ལན་རེར་རང་ཉིད་ལ་ར་བརྒྱབ་སྟེ་འཚོ་བ་རོལ་ཤེས་བྱེད་དུ་ཡོང་བ་ལོས་ཡིན་སྙམ། དེ་ནས་བཟུང་། ངས་ཡར་འགྲོ་མར་འགྲོ་སུ་ལ་ཐུག་ནའངཁྱོད་ཆབ་ཆར་སོང་ནས་ཅི་བྱཞེས་འདྲི་བར་གོམས། ཁོ་ཚོའི་ཁྲོད་ན་ངའི་དྲི་བར་ལན་ཐེབས་མཁན་ཞིག་མེད་པ་འདྲ་ཡང་། ཕྱིས་སུ་བསམ་ན་ངའི་དྲི་བར་འདིར་ལན་ཞིག་ཀྱང་མེད་པ་འདྲ།
       ང་ལམ་ལ་ཆས་ཁར། ཁོ་ད་དུང་གཉིད་དུ་ཡུར་ཡོད། ཁོ་ཞག་མ་གཅིག་ལ་སྤྱོད་ཁང་དུ་ལན་གསུམ་བཞི་ཙམ་འགྲོ་དགོས། ང་གཉིད་ཡང་བོ་ཡོད་པས་ཁོས་སྤྱོད་ཁང་གི་སྒོ་རྒྱག་པའི་སྒྲ་ཐོས་ཏེ་གཉིད་ལས་སད་དུས།ནམ་གུང་གི་ཆུ་ཚོད་གསུམ་པ་རེད། ང་འཁོར་ཞག་ཏུ་ཡོང་ཐེངས་མང་པོ་ཞིག་ལ་ཁོ་དང་བདེ་མོ་མ་བཞག་པར་ཕྱིར་ལོག་པ་ཡིན། དེ་ནི་ང་ཁོ་ལ་བསྐོར་རྒྱག་ཏུ་སོང་བ་ཐ་མ་ཡིན། ངས་ཁོས་ང་ལ་ཤིག་པ་སྤར་བ་གང་ཙམ་པོ་དེ་སྟེར་བར་སྐྲག་པས་ཡིན་ནམ། ཡང་ན་ཁོ་དང་ཁ་གྱེས་ཁར་ཁ་བརྡ་ལྷག་མ་མེད་པར་ཕན་ཚུན་གྱི་ཁ་ངོ་འཁྱག་སྟེ་རྒྱབ་སྟོན་བཞིན་འགྲོ་དགོས་པར་སྐྲག་པས་ཡིན་པ་མི་ཤེས་མོད། ཁོ་དང་ཁ་གྱེས་ཁར་ང་ལ་དངངས་འཚབ་ཤིག་སྐྱེས་ཡོང་། ངའི་སྣང་བ་ཞིག་ལ། ཁོས་ངའི་རྒྱབ་གཟུགས་ལ་ཅེར་ཡོད་པ་འདྲ། ངས་ཁོ་ལ་རྒྱབ་སྟོན་པར་མི་དགའ། དྲང་མོར་བཤད་ན། ནངས་མོ་དེར་ང་ལམ་ལ་ཆས་ཁར། ཁོ་ཁང་བའི་ཉི་ཁྱམས་སུ་བསྡད་དེ་ཁ་བཏོན་འདོན་བཞིན་ཡོད།
       ཨ་རོག ཆུ་ཤོག་ཁུག་གི་དངོས་པོ་འདི་ཅི་རེདཆུང་མས་ངའི་རྒྱབ་ཁུག་སྔོག་བཞིན་ངའི་ཕྱོགས་སུ་ཆུ་ཤོག་བསྡམས་ཐོ་ཞིག་གཡུགས་བྱུང་།
       འདི་ཤིག་པ་རེད། ཨ་ཕས་བཤད་ན་དག་གཙང་བྱེད་པར་མཆོག་ཏུ་གྱུར་པའི་རྫས་ཤིག་ཡིན་ཟེར།
       ནངས་མོ་དེར། ང་ལམ་ལ་ཆས་ཁར། ཁྱིས་ལྡག་པ་ལྟ་བུའི་ཆབ་ཆའི་གནམ་ངོར་ཨི་ཁུང་ཐར་ཐོར་མང་པོ་བརྡོལ་འདུག ཁྱིས་ལྡག་པ་ལྟ་བུའི་གནམ་ངོ་དེ་ནི་ཨ་ཕའི་སོག་རྒྱབ་ནང་ལྟར་ལྟ་སྲོལ་ཞིག་མི་འདུག ང་ལམ་འགྲམ་གྱི་གློག་སྡོང་ལ་ཁེན་ནས་རླངས་འཁོར་སྒུག་སྐབས། ང་དང་ན་མཉམ་པའི་ཕོ་གསར་ཞིག་ངའི་གམ་དུ་ཐོན་ཡོང་།
       བདེ་སྐྱིད་སྡེ་བར་ཅི་ལྟར་འགྲོ་དགོས་ནི་རེདཁོས་རྣ་བ་གཡོན་པའི་ནང་གི་ཉན་ཆས་མར་ལེན་བཞིན་དུ་ངའི་ཕྱོགས་སུ་རྣ་བ་གཏད་ནས་སྐད་ཆ་དྲིས་བྱུང་།
       འདི་ནས་དྲང་མོར་གོམ་པ་ཉིས་བརྒྱ་ཙམ་ལ་སོང་རྗེས་གཡས་ཕྱོགས་སུ་དཀྱོགས་དགོས་པ་རེད། ཁྱོད་ཐག་རིང་ཞིག་ནས་ཡོང་བ་ཡིན་ནམངས་ཕྱིར་ཁོ་ལ་དྲི་བ་ལྷག་མ་ཞིག་དྲིས།
       ཡིན། ང་རྒྱལ་ནང་ནས་ཡོང་བ་ཡིན།
       ཁྱོད་ཆབ་ཆར་ཡོང་ནས་ཅི་བྱ
       ་་་་་་ངས་དྲི་བ་འདི་འདྲི་དུས། ཁོ་སྔ་མོ་ནས་གོམ་ལྔ་དྲུག་ཙམ་གྱི་མཚམས་ན་འགྲོ་བཞིན་འདུག ཁོ་ཡང་ངའི་ཨ་ཕ་ནང་བཞིན་བྲེལ་ཤ་ཆེ་བ་ཞིག་རེད།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
       རང་སྐྱེས། དངོས་མིང་ལ་སྒོ་མེ་སྙིང་བྱམས་ཚེ་རིང་དུ་འབོད། 1994ལོར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཁོངས་ཀྱི་བདུད་ཐང་ཞེས་པའི་ཐང་ཆེན་པོ་ཞིག་ཏུ་སྐྱེས། 2018ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། 2021ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་བོད་ཀྱི་དེང་རབས་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་དམ་བཅའ་བཞག ད་ལྟ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་རྩོམ་སྒྲིག་གི་ལས་ཀ་གཉེར་མུས་སུ་ཡོད། 2015ལོ་ནས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་། «ཟླ་ཟེར»དང«གངས་དཀར་རི་བོ» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཤྭ་སྐྱ» «མང་ཆུ» «ཁྲི་ཤོར་རྒྱལ་མོ» «གངས་རྒྱན་མེ་ཏོག» «རྩེར་སྙེག» «བོད་ལྗོངས་སློབ་གསོ» «མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་དུས་དེབ་དང་ཚགས་ཤོག་ཏུ་སྒྲུང་གཏམ་དང་། སྙག་ངག དཔྱད་རྩོམ་བཅུ་གྲངས་ལྷག་སྤེལ་མྱོང་།

ཡོང་ཁུངས། ༢༠༢༢ལོའི་ཁྲི་ཤོར་རྒྱལ་མོ་དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།