སྙན་ངག་པ་འབྲོང་གི་སྙན་ངག དབྱངས།
རྩོམ་པ་པོ།:འབྲོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-18 11:40:09
ཀློག་གྲངས།:
དབྱངས།
རྩོམ་པ་པོ། འབྲོང་།
གྱེར་འདོན། འབྲུག་ལྷ་རྒྱལ།
གྱེར་འདོན། འབྲུག་ལྷ་རྒྱལ།
དབྱངས། འདི་ལྟར་ཕྱོགས་བཞི་ནས་མཆེད་ཡོང་དུས།
ངས་ཅི་ཞིག་གི་འབོད་པ་ཐོས་བྱུང་།
རྒྱང་རིང་དུ་བཞུད་ཟིན་པ་དེ་དག་དང་།
རྒྱང་རིང་ན་འོང་གིན་པ་དེ་དག
ད་དུང་ཉེ་གམ་དུ་སླེབས་ཡོད་པ་འདི་དག་གི
སྲ་ཞིང་མཉེན་པའི། དྲོ་ཞིང་གྲང་བའི།
དགོད་ཅིང་ངུ་བའི། བརྟན་ཞིང་གཡོ་བའི།
དབུགས་རྒྱུན་དྲག་པོ་ཞིག་ཚོར་ཡོང་གི
ཉོན་དང་།
སུ་ཞིག་གིས་གངས་ཀྱི་ཁོང་གསེང་ན་བསང་འབོད་བྱེད་ཀྱིན་འདུག
སུ་ཞིག་གིས་སྤང་གི་གཞི་དཀྱིལ་ན་རྫི་གླུ་ལེན་གྱིན་འདུག
སུ་ཞིག་གིས་ཆུ་བོའི་འགྲམ་ངོགས་ན་མཛའ་གཞས་གྱེར་གྱིན་འདུག
ཡང་སུ་ཞིག་གིས་རང་སེམས་ཀྱི་ཁུད་དུ་རོལ་དབྱངས་འགུག་གིན་འདུག
འདི་དག་སུ་ཞིག་རེད། ཁྱོད་རེད་དམ་ང་རེད།
ཡང་ན་ཐང་ཆེན་གྱི་དཀྱེལ་རྒྱ་ཁོག་ལ་བཅུག་པའི་འབྲོག་པ་དེ་རེད།
ཡང་ན་འབྲུ་དྲུག་གི་བང་མཛོད་ལག་ལ་བཟུང་བའི་ཞིང་བ་དེ་རེད།
ཡང་ན་དབྱངས་གསལ་གྱི་སྦྱོར་ཀློག་ངག་ལ་སྐྱོར་བའི་སློབ་བུ་དེ་རེད།
ད་དུང་ཉོན་སྡོད་དང་། དབྱངས་དེ་མུ་མཐུད་དུ་གྲག་འོང་གིན་འདུག
སྦྲ་ནག་གི་གོང་ཁ་ལས་འཕོས་པའི་དུ་ཞགས་དེ་དང་།
དུ་ཞགས་དེས་བསྐྱེད་ཅིང་གསོས་པའི་དམར་སྨུག་གི་ངོ་གདོང་དེ་དག
ངོ་གདོང་དེ་དག་ལ་འཁྱུད་པའི་འཛུམ་མདངས་དང་མིག་ཆུ་དེ་དག
ཁྱོད་ཀྱིས་གནས་གང་རུང་ནས་ཐོས་ཡོང་གིན་མི་འདུག་གམ།
དེ་ནི་བགྲེས་སོང་ཞིག་གི་འགྲོ་དྲུག་སྒོམ་པའི་གསོལ་འདེབས་དེ་ཨེ་རེད།
དེ་ནི་ཕོ་གསར་ཞིག་གི་དཔའ་སྤོབས་བཏེགས་པའི་ཀི་རྒྱངས་ཨེ་རེད།
དེ་ནི་སྨན་ཆུང་ཞིག་གི་དུངས་སེམས་བསྣམས་པའི་བག་ངུ་དེ་ཨེ་རེད།
དེ་ནི་བྱིས་པ་ཞིག་གི་རྩེད་ར་བསྒྲིགས་པའི་དགའ་འབོད་དེ་ཨེ་རེད།
དེ་ནི་ཅིས་ཀྱང་ཡིན་དགོས་ཏེ། དབྱངས་དེ་ཐོག་མར།
ཕ་མེས་གང་ཞིག་གི་རལ་བའི་ཚིལ་དྲེག་ལས་མཆེད་དེ།
ནམ་མཁའི་ངོས་ལ་ཤེས་རིག་གི་འཇའ་རིས་ཤིག་ཕབས་ཤིང་།
ས་གཞིའི་སྟེང་ལ་བློ་གྲོས་ཀྱི་ཕ་མཁར་ཞིག་བརྩིགས་དུས།
འུ་ཅག་གི་རྒྱུད་ལ་སེར་པོ་གསེར་ལས་དཀོན་ཞིང།
དཀར་པོ་དུང་ལས་དཀར་པའི་ཕ་ནོམ་ཞིག་བཞག་ཡོད་པ་རེད་ཨང་།
ང་ཚོ་ལ་དབྱངས་ཀྱི་ནང་བཅུད་དེ་ཡོད་སོང་བས།
གྲང་ངར་གྱི་མདུན་དུ་དཔུང་རྗེན་ལ་སྡོད་པའི་བཟོད་བསྲན་དེར་གོམས་ཡོད།
ང་ཚོ་ལ་དབྱངས་ཀྱི་ནང་བཅུད་དེ་ཡོད་སོང་བས།
དཀའ་སྡུག་གི་མདུན་དུ་མིག་ཆུ་མེད་པའི་གཤིས་ཀ་དེ་འབྱོར་ཡོད།
ང་ཚོ་ལ་དབྱངས་ཀྱི་ནང་བཅུད་དེ་ཡོད་སོང་བས།
འགྲོ་དྲུག་མ་རུ་སྒོམ་པའི་བྱམས་སེམས་དེ་འཁྲུངས་ཡོད།
ཨ།
འདི་ནི་ནམ་མཁའི་རྒྱ་ཁྱོན་གྱིས་གཞལ་མི་ཐུབ་པའི་དབྱངས་དེ་ཡིན།
འདི་ནི་ས་གཞིའི་འདེགས་ཤུགས་ཀྱིས་ཐེག་མི་ཐུབ་པའི་དབྱངས་དེ་ཡིན།
འདི་ནི་འུ་ཅག་གི་ཤ་དང་རུས་པའི་གསེང་ན། རྩ་དང་ཁྲག་གི་ལམ་ན།
སྙིང་དང་གློ་བའི་ངོས་ན་ནུར་ནུར་དུ་མཆེད་པའི་དབྱངས་དེ་ཡིན།
དབྱངས་འདི་མ་ཆད་ཚེ།
ང་ཚོས་ད་དུང་མགོ་བོ་དགྱེ་ནས་མཁའ་དབྱངས་ལ་བལྟས་ཆོག
དབྱངས་འདི་མ་འགག་ཚེ། ང་ཚོས་ད་དུང་རྒྱང་རིང་གི་ལམ་སྣེ་བཙལ་ཆོག
དབྱངས་འདི་མ་བོར་ཚེ། ང་ཚོས་ད་དུང་སང་ཉིན་གྱི་སྒོ་མོ་ཕྱེ་ཆོག
དབྱངས་འདི་མ་ཡལ་ཚེ། ང་ཚོས་ད་དུང་རང་ཉིད་ཀྱི་རྩ་བ་རྙེད་ཆོག
ཡིན་ན་ཡང་། དབྱངས་འདི་ལ་བདག་པོ་རྒྱག་མཁན་ག་ཚོད་ཡོད།
ནམ་མཁའ་མཐོངས་ཆེ་ཡང་བྱ་རྒོད་ཤུགས་ཀྱིས་འཕུར་བའི་གཤོག་སྒྲ་དེ་མེད་པ་ཅི་རེད།
ས་གཞི་ཁོད་སྙོམས་ཀྱང་རྟ་མཆོག་བང་གིས་རྒྱུགས་པའི་རྨིག་སྒྲ་དེ་མེད་པ་ཅི་རེད།
མི་སེམས་གཏིང་ཟབ་ཀྱང་གཉུག་མའི་སེམས་གཤིས་ཁྱེར་བའི་དབྱངས་རྟ་དེ་མེད་པ་ཅི་རེད།
འོན་ཀྱང་། དེ་རིང་ངས་ད་དུང་ཕྱོགས་བཞི་ན་གྲགས་ཀྱིན་པའི།
དབྱངས་འདིའི་ཁུད་དུ་མིག་ཆུ་རྡོག་གཅིག
འདི་ལྟར་འཕང་ཨེ་ཆོག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།