ཁྲི་སེམས་དཔའི་སྒྲུང་ཐུང་གསར་པ།
རྩོམ་པ་པོ།:ཁྲི་སེམས་དཔའ།
ཡོང་ཁུངས།:༢༠༢༣ལོའི«མི་རིགས་རྩོམ་རིག»དེབ་གཉིས་པ།
དུས་ཚོད།:2023-04-19 09:12:49
ཀློག་གྲངས།:
འཁྲབ་གཞུང་དང་ཕ་ཡུལ།
ཁྲི་སེམས་དཔའ།
ངས་ལོགས་སུ་སྡོད་པའི་བསོད་ནམས་ལ་མིག་ཟུར་གྱིས་ལྟ་ཙམ་བྱས་པ་ན། ཁོས་ཞྭ་མོ་མཆུ་རིང་དེ་མིག་ཁར་འཐེན་ཞིང་མགོ་བོ་ཕྱི་ལ་དགྱེ་ནས་སྔུར་བ་ཟ་ཟི་ཞིག་འཐེན་བཞིན་འདུག སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ནི་བར་མཚམས་མེད་པར་ལྡོག་ཕྱོགས་སུ་བཞུར། དེ་དུས་མྱུར་བགྲོད་གཞུང་ལམ་གྱི་སྣེ་རུ་གངས་རི་ཞིག་དཀར་སིང་ངེར་མངོན་འོང་། གངས་རི་མཐོང་བའི་མོད་ལ་ཡིད་ཀྱི་ཟབ་སར་ཅི་ཞིག་ལྷོག་ལྷོག་ཏུ་གདུས་བྱུང་། ངའི་ཁ་ནས་དབང་མེད་དུ“གངས་རི། གངས་རི”ཞེས་ཤོར། བསོད་ནམས་ཀྱང་གཉིད་ལས་སད་ཅིང་ཡ་མཚན་པའི་མིག་ཟུང་གིས་ང་ལ་རིག་རིག་ཏུ་ལྟ།
ང་པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་སྡེ་ཁག་ནས་མཐར་ཕྱིན་རྗེས། གློག་བརྙན་རིང་བོ་ཞིག་ཕབ་སྐྲུན་བྱ་འདོད་ཀྱི་འདུན་པས་མཚན་གྱི་གཉིད་ཀྱང་ཕྲོགས་འགྲོ། ཉིན་ཞིག་ངས་སྔོན་གྱི་འབྲི་དེབ་རྙིང་པ་དག་ཕར་སློག་ཚུར་སློག་བྱེད་དུས། ལོ་ངོ་དུ་མའི་ཡར་སྔོན་དུ་བྲིས་པའི་སྒྲུང་ཐུང་ཞིག་རྙེད་བྱུང་། ངས་འབྲི་དེབ་ལག་ཏུ་བཟུང་སྟེ་སྒྲུང་ཐུང་དེ་ཚར་གཅིག་བཀླགས་པས་ཡིད་རབ་ཏུ་འགུལ། དགའ་ཚོར་ཆེན་པོས་དེ་མ་ཉིད་དུ་སྒྲུང་ཐུང་དེ་འཁྲབ་གཞུང་དུ་བསྒྱུར་བའི་ལས་ལ་ཞུགས་པ་ཡིན། གཟའ་འཁོར་གཅིག་གི་རྗེས་སུ་ངའི་འཁྲབ་གཞུང་ཡོངས་སུ་གྲུབ་ཅིང་། ཁ་བྱང་ལ«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག»ཅེས་བཏགས།
ངའི་ཡིད་ལ་རང་ཉིད་འཚར་ལོངས་བྱུང་སའི་རི་གྲོང་དེ་རྟག་པར་འཁོར་འོང་ནའང་། ཨ་མྱེས་གཤེགས་པ་ནས་བཟའ་ཚང་གང་བོ་གྲོང་ཁྱེར་འདི་རུ་གནས་སྤར་བས། ང་རང་རི་གྲོང་དེར་ཐེངས་གཅིག་ཀྱང་ལོག་མ་མྱོང་ལ། རི་གྲོང་དེའི་ཡོད་ཚད་ལ་འབྲེལ་བའང་རྩ་ནས་ཆད་དེ་ལོ་ངོ་མང་པོ་འགོར། འདས་སོང་གི་བྱུང་བ་དག་སྒྲུང་ཐུང་དེ་འཁྲབ་གཞུང་དུ་བསྒྱུར་དུས་ཡང་བསྐྱར་མིག་ལམ་དུ་འཚང་འོང་སྟེ། སྒྲུང་ཐུང་ནང་དུ་རི་གྲོང་དེའི་རི་ལུང་ཐང་གསུམ་དང་རྩེད་ཡ་དགོད་གྲོགས་དག་གི་མིང་ཡང་མ་བརྗེས་པར་བྲིས་འདུག་པས། སྒྲུང་ཐུང་ནང་བྲིས་པ་ཇི་བཞིན་གྲོང་ཚོའི་འདབས་ཀྱི་རྐང་ལམ་དང་། རྫིང་བུ། སྡེ་དཀྱིལ་གྱི་མ་ཎི་ཁང་། ད་དུང་བསོད་ནམས་འབག་བཙོག་དང་། འཇིགས་མེད་ཁ་རྐོ། སྟོབས་ལྡན་སྣ་འབིགས། ཁྱི་རྒན་བཀྲ་ཤིས། ལུག་ཚེ་ཐར་ཧོན་ལོག……དེ་དག་ནི་གློག་བརྙན་གྱི་བརྙན་རིས་རེ་རེར་གྱུར་ཏེ་མིག་ལམ་དུ་འཕྲོ་རིམ་འཕྲོར་ཤར་བྱུང་།
ངས་སྒྲུང་ཐུང་དེ་འཁྲབ་གཞུང་དུ་བསྒྱུར་དུས་ཀྱང་ཁོར་ཡུག་དང་མི་སྣ་རྣམས་ཇི་བཞིན་སོར་བཞག་བྱས་པ་ཡིན། དེ་དག་ནི་ཅི་འདྲའི་སྙིང་ཉེ་བ་ཞིག་རེད་ཨང་། ངའི་སེམས་ལ་གློག་བརྙན་འདི་ལེགས་འགྲུབ་བྱུང་ཚེ།རང་ཉིད་འཚར་ལོངས་བྱུང་སའི་ཕ་ཡུལ་དང་བྱིས་དུས་ཀྱི་ལོ་ཟླར་ལེགས་སྐྱེས་ཤིག་འབུལ་ཐུབ་སོང་སྙམ་པ་ན། སེམས་པ་སྔ་མོ་ནས་དགའ་བས་མྱོས། ཡིན་ནའང་། དོན་དག་གང་ཡང་སེམས་ལ་དྲན་པ་བཞིན་ལས་སླ་མོར་འགྲུབ་པ་ཞིག་ག་ལ་ཡིན། འཁྲབ་གཞུང་ཞིབ་བཤེར་དང་མ་དངུལ་འཚོལ་སྡུད་སོགས་ཀྱིས་རྐྱེན་པས། ངའི་མགྱོགས་པོར་ཕབ་སྐྲུན་བྱ་འདོད་ཀྱི་གློག་བརྙན་དེ་ལོ་གཅིག་ལྷག་ལ་ཕྱི་འགྱངས་བྱ་དགོས་བྱུང་།ལོ་གཅིག་དང་ཟླ་བ་གསུམ་གྱི་རྗེས་ནས་འཁྲབ་གཞུང་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ་མ་ཟད་ཕབ་སྐྲུན་པའང་རྙེད་བྱུང་བས། ད་ནི་མིག་མདུན་དུ་ལྷགས་པ་ནི་འཁྲབ་གཞུང་དེ་མགྱོགས་པོར་བརྙན་རིས་སུ་བསྒྱུར་རྒྱུ་དེ་ཡིན།
ཐེངས་འདིར་ངས་ཆེད་དུ་བརྙན་ལེན་པ་བསོད་ནམས་བོས་ནས། ངེད་གཉིས་གློག་བརྙན་ཕབ་སའི་ཡུལ་དངོས་ལ་ལྟ་རུ་འགྲོ་བཞིན་ཡོད།
“ཧིན། ‘གངས་རི། གངས་རི’ཟེར་སྲོལ་ལ་བལྟས་ན་ཁོ་ནི་ནང་ལོགས་ཤིག་ནས་འཚར་ལོངས་བྱུང་བ་ཨེ་ཡིན་སྙམ་འོང་།” བསོད་ནམས་ཀྱིས་རླངས་འཁོར་གྱི་སྒེའུ་ཤེལ་མར་ཕབ་བཞིན་དེ་ལྟར་ཟེར།
ང་ནི་གྲོང་ཁྱེར་དུ་བསྡད་དྲགས་པས་གངས་རི་མ་མཐོང་བར་ཡུན་རིང་འགོར། ཡིན་ནའང། བསོད་ནམས་ཀྱིས་དེ་ལྟར་བཤད་པས་ང་ཡང་ཅུང་ཟད་དོགས་མི་བདེ་བ་ཞིག་ཏུ་བཏང་སོང་།
“གངས་རི་ཅི་འདྲའི་མཛེས་པ་ལ།”ངས་མུ་མཐུད་དུ་མདུན་ཕྱོགས་ཀྱི་གངས་རིར་བལྟས་ནས་དེ་ལྟར་བཤད།
བསོད་ནམས་ཀྱིས་ཐ་མག་རྐང་གཅིག་ང་ལ་བྱིན་རྗེས་རང་གི་ཁ་ལའང་རྐང་གཅིག་བཙུགས་ཏེ་མེ་བསྒྲོན་བྱུང་། དེ་ནས་སྒྲ་སྒམ་གྱི་སྒོ་ཕྱེ་བ་ན་ཝང་ཧྥུང་གི«པེ་ཅིང་། པེ་ཅིང་།»ཞེས་པའི་གཞས་དེ་རོལ་མོ་དྲག་པོ་ཞིག་དང་བསྡེབས་ནས་གྲག་འོངས། གཞུང་ལམ་གཡས་གཡོན་གྱི་མུ་མཐའ་བྲལ་བའི་རྩྭ་ཐང་དུ་ད་དུང་ལྗང་མྱུག་ཕྲན་བུ་ཙམ་ཡང་འབུས་མེད་ལ། རྩྭ་གསེང་སོགས་སུ་ཆགས་པའི་ཁ་བ་ད་དུང་ཞུས་ཡག་མིན་པས། ཕྱི་རོལ་གྱི་ཡུལ་ལྗོངས་དགུན་ཁ་དང་ཁྱད་པར་ཆེན་པོ་མི་འདུག
“ཁྱི་རྒན་དེ་འདྲ་ཞིག་གང་དུ་འཚོལ་རྒྱུ། ཁྱི་ཡི་འཁྲབ་ཚན་དེ་དག་ཕབ་པར་དཀའ་ཁག་ཅུང་ཆེ་བ་འདྲ།” ཕྱི་རོལ་གྱི་རླུང་ཤིན་ཏུ་ཆེ་བས་རླངས་འཁོར་ནང་དེ་མ་ཉིད་དུ་འཁྱག་སིབ་སིབ་ཏུ་བཏང་། བསོད་ནམས་ཀྱིས་སྒེའུ་ཤེལ་ཡར་འདེད་བཞིན་འཁྲབ་གཞུང་ནང་གི་ཁྱི་རྒན་བཀྲ་ཤིས་ཀྱི་སྐོར་གླེང་བྱུང་།
“དེ་དུས་ང་ཚོའི་གྲོང་ཚོའི་ནང་ཁྱི་རྒན་དེ་འདྲ་ཞིག་ཡོད་མོད། ད་ནི་ཡོད་མེད་སུས་ཤེས། ངས་ཀྱང་དེའི་སྐོར་ལ་འདང་རྒྱག་བཞིན་ཡོད།”ངས་སྒྲ་སྒོ་ཇེ་དམའ་རུ་བཏང་།
“ཁྱོད་ཀྱིས་གནའ་སྔ་མོའི་གཏམ་རྒྱུད་ཅིག་འཆད་བཞིན་འདུག ད་ནི་ཁྱི་རྒན་དེ་སྔར་ནས་ཤི་ཟིན་ཡང་སྲིད།”
“ཁྱི་རྒན་དེ་ཤི་ཟིན་ཚེ། གཞན་ཞིག་བཙལ་ཆོག”
“ཁྱི་རྒན་ཞིག་ལག་ཏུ་འོང་སྲིད་མོད། ཁྱི་རྒན་ཞིག་ལ་དད་པ་བྱེད་དུ་འཇུག་རྒྱུ་ནི་ལས་སླ་མོ་ཞིག་མ་རེད།”
“དད་པ་བྱེད་རྒྱུ་དེར་འགྱུར་བ་ཅུང་ཟད་གཏོང་དགོས་ཀྱང་སྐྱོན་ཆེན་པོ་མི་འདུག”
བསོད་ནམས་ཀྱིས་རླངས་འཁོར་གྱི་མདུན་སྟེགས་སྟེང་གི་འཁྲབ་གཞུང་དཔར་མ་དེ་ལག་ཏུ་བཟུང་ནས་ཕར་སློག་ཚུར་སློག་ལན་འགའ་བྱས་རྗེས“མི་སྣ་བཀྲ་ཤིས་ཀྱིས་དགེ་རྒན་རིག་འཛིན་གྱི་གཞུང་ལས་ཁང་དུ་སྐྱག་པ་གཏོང་བའི་འཁྲབ་ཚན་འདི་ཧ་ཅང་ཡག སྐྱག་པ་བཏང་བའི་མི་ཚད་ད་དུང་སྟེང་ལ་སྨྱུ་གུ་ཞིག་འཛེར་བ་འདི་ངོ་མ་བློས་བསླངས་ཡག་པོ་རེད”ཟེར་བཞིན་ང་ལ་འཛུམ་གྱིས་བལྟས་བྱུང་། ཁོས་ཡུད་ཙམ་གྱིས་མུ་མཐུད་དུ“འདི་ནི་གཏམ་རྒྱུད་ངོ་མ་ཞིག་ཡིན་ནམ། ཡང་ན་ཁྱོད་ཀྱིས་རྟོག་བཟོ་བྱས་པ་ཞིག་ཡིན”ཞེས་དྲིས་བྱུང་།
“དེ་ནི་གཏམ་རྒྱུད་ངོ་མ་ཞིག་རེད། ང་ལ་སློབ་གྲོགས་བཀྲ་ཤིས་ཟེར་བ་ཞིག་ཡོད། ཁོས་ཐེངས་ཤིག་དགེ་རྒན་གྱི་གཞུང་ལས་ཁང་དུ་སྐྱག་རྒན་ཞིག་བཏང་བ་རེད། ཡིན་ནའང་སྨྱུ་གུ་འཛེར་བ་དེ་ངས་ཁ་སྣོན་བྱས་པ་ཡིན།”
“དེས་ན་ད་ཐེངས་ཁྱོད་ཀྱི་སློབ་གྲོགས་བཀྲ་ཤིས་ལ་མཇལ་ཐུབ་རྒྱུ་རེད་ལ།” བསོད་ནམས་ཀྱིས་དགོད་བཞིན་དེ་ལྟར་ཟེར།
“བཀྲ་ཤིས་ནི་གཏམ་རྒྱུད་མང་པོ་ཅན་ཞིག་ཡིན། དེའི་ཁར་ལད་མོ་བྱས་ན་ཅི་ཡང་འཁྱོངས་པ་ཞིག་ཡིན་པས། ད་ཐེངས་ངས་ཁོར་མི་སྣ་ཞིག་འཁྲབ་ཏུ་འཇུག་རྩིས་ཡོད།”
“དེས་ན་ཁོར་དགེ་རྒན་འཁྲབ་ཏུ་ཆུགས་ཡ།” བསོད་ནམས་ཡང་བསྐྱར་བགད་བྱུང་།
བསོད་ནམས་ཀྱིས་དེ་ལྟར་བཤད་དུས། ངའི་བསམ་གཞིག་གི་མདའ་མོ་ངང་ངམ་ཤུགས་ཀྱིས་བྱིས་དུས་ཀྱི་ལོ་ཟླ་དེར་ཤོར་སོང་། ཆུང་ངུའི་དུས་སུ་བཀྲ་ཤིས་ནི་བྱིས་པ་ཀུན་གྱིས་ཡིད་སྨོན་བྱེད་ས་ཞིག་ཡིན། ཁོ་སློབ་སྦྱོང་ལ་བཟང་བ་མ་ཟད་སྤྱང་གྲུང་འཛོམས་པས། ང་ཚོ་གློ་བུར་བའི་དོན་དག་གང་ལའང་འཕྲད་ཀྱང་ཁོས་བློ་ཡུལ་འདས་པའི་ཐབས་བཀོད་ཅིག་འཐེན་ཡོང་། ཉིན་ཞིག་འཛིན་གྲྭ་མཐོན་པོའི་སློབ་གྲོགས་དོན་འགྲུབ་ཀྱིས་ངའི་ལག་ནས་ཞ་སྨྱུག་ཅིག་ཕྲོགས་སོང་། ང་དོན་འགྲུབ་ཀྱི་སྟེང་དུ་རླུང་ལངས་ནའང་ངོ་ཡ་བྱེད་མི་ཕོད། བཀྲ་ཤིས་ཀྱིས་གནས་ཚུལ་དེ་ཤེས་རྗེས་ང་ལ“མི་དེའི་རིགས་ལ་བསམ་ཞིག་ཤེས་ཀི་འཇུག་དགོས”ཟེར། རྡུང་རེས་བྱས་ན་དོ་ཡ་མི་ཡོང་། བརྐུས་བྱེད་པའི་སྤོབས་པ་ང་ལ་མེད། ངས་ཇི་ལྟར་བསམ་ཞིག་ཤེས་སུ་འཇུག་དགོས་པར་བསམ་བློ་གཏོང་བཞིན་སྡོད་དུས། བཀྲ་ཤིས་ཀྱིས་ང་ལ“ཁོ་ལ་སྐྱིན་པ་རྗེས་ནས་འཇལ་ཡོང”ཟེར། ཕྱི་དྲོ་ཞིག་ལ་བཀྲ་ཤིས་ཀྱིས་ང་ལ“དེ་རིང་དོན་འགྲུབ་ཀྱིས་ལྷམ་སོ་མ་ཞིག་གོན་འདུག་པ་ཨེ་རིག”ཅེས་དྲིས་བྱུང་། ངས་མགོ་ལྕོག་ལྡེམ་ལྡེམ་བྱས་པ་ན། ཁོས“ད་ནི་གོ་སྐབས་སླེབས་བྱུང”ཟེར། ཁོའི་ཁ་བཀོད་ལྟར་ངེད་གཉིས་ཀྱིས་དོན་འགྲུབ་ཚང་གི་ཚོད་རའི་སྒོ་ཁར་ས་དོང་ཞིག་བརྐོས་ཤིང་ནང་དུ་ཆུ་གང་བླུགས། དེ་ནས་ས་དོང་གི་ཁར་ལོ་མས་གཡོགས་པའི་ལྗོན་པའི་ཡལ་ག་འགའ་བཀབ་སྟེ་བཞག ཉིན་རྒྱུན་ཕྱི་དྲོའི་མཚམས་སུ་དོན་འགྲུབ་ཚོད་རའི་ནང་ནུབ་འཚལ་གཡོ་བྱེད་ཀྱི་ལ་ཕུག་དང་ཙོང་སོགས་འབལ་དུ་འགྲོ་བཞིན་ཡོད་པས། ལས་ཀ་དེ་དག་བསྒྲུབས་ཚར་རྗེས་གྱང་རའི་ཕག་ནས་དོན་འགྲུབ་ལ་བསྒུགས་ནས་བསྡད། རིང་བོ་མ་འགོར་བར་དོན་འགྲུབ་སྒོར་བུད་ཅིང་རྐང་མགོའི་ལྷམ་ལ་གཡས་ལྟ་གཡོན་ལྟ་བྱེད་ཀྱིན་ཚོད་རའི་ཕྱོགས་སུ་འགྲོ་བཞིན་འདུག ངེད་གཉིས་ཀྱིས་ཁོར་མིག་ཧྲིག་གེར་བལྟས་ནས་སྡོད་དུས། བཀྲ་ཤིས་ཀྱིས་སྔོན་དཔག་བྱས་པ་བཞིན་དོན་འགྲུབ་ཀྱི་རྐང་པ་ཡ་གཅིག་ཆུ་རྙོག་གང་བླུགས་ཡོད་པའི་ས་དོང་ནང་དུ་སྦག་སེར་ལྷུང་སོང་། གློ་བུར་བའི“ཆག་སྒོ”དེས་ཁོ་མགོ་རྨོངས་པར་བྱས་སོང་། ཁོས་མྱུར་དུ་རྐང་མགོའི་ལྷམ་ཕུད་ནས་རྐང་སྣམ་ཐོག་འབྱིད་བཞིན་ཁ་ནས“ཨ་བ་ཨ་མ། ཁྱི་སྐྱག”ཅེས་མཚམས་མེད་པར་སྡིགས་མོ་བྱེད་ཀྱིན་འདུག
ངས་ཕྱིར་དྲན་བྱས་ནས་མཚམས་དེར་སླེབས་དུས་ཁ་ནས“ཧི་ཧི”ཞེས་ཤོར་སོང་།
“ཅི་རེད།” བསོད་ནམས་ཀྱིས་ངའི་གདོང་ལ་རིག་རིག་ཏུ་ལྟ།
ངས་བསོད་ནམས་ལ་བཀྲ་ཤིས་ངེད་གཉིས་ཀྱི་གཏམ་རྒྱུད་དེ་བཤད་པ་ན། ཁོ་ཡང་དགོད་ཞོར་དུ“ད་ཐེངས་ཅིས་ཀྱང་ཁྱོད་ཀྱིས་སློབ་གྲོགས་བཀྲ་ཤིས་ཟེར་བ་དེ་ལ་ཐེངས་གཅིག་མཇལ་དགོས”ཟེར།
དེ་དུས་མདུན་ཕྱོགས་སུ་ཉག་ཁིས་ཆེན་པོ་ཞིག་མངོན་ཡོང་། ཉག་ཁིས་དེའི་གཡས་ཕྱོགས་ཀྱི་སྒང་རྒྱུད་དུ་ལབ་ཙེ་ཆེན་པོ་ཞིག་བཞེངས་ཡོད་ཅིང་། མཐའ་སྐོར་དུ་དར་ལྕོག་འཐེན་ནས་ཁྲ་ལམ་ལམ་བྱེད། དེའི་འགབ་ཏུ་སྤོ་སྒུལ་སྦྲ་གུར་ཞིག་ཕུབས་ནས་བསང་རྩི་དང་རླུང་རྟ་སོགས་འཚོང་བཞིན་འདུག རླངས་འཁོར་འགའ་ཉག་ཁིས་དེར་སྔ་གཞུག་བྱས་ནས་བཞག་ཡོད་ཅིང་། མི་ཁ་ཤས་ཀྱིས་ལབ་ཙེའི་འདབས་སུ་བསང་ཕུད་ཅིང་། འགའ་ཞིག་གིས་བསང་རྩི་དང་རླུང་རྟ་ཉོ་བཞིན་པའི་སྒང་རེད། བསོད་ནམས་དང་ངེད་གཉིས་ཀྱང་སར་བབས་ནས་བསང་རྩི་དང་རླུང་རྟ་ཉོས།
ངེད་གཉིས་ཀྱིས་བསང་དུད་དགུང་ལ་འཕྱུར་བ་ཞིག་བཏང་ཞིང་། རླུང་རྟ་རྣམས་སྤུར་ཚར་རྗེས་ཡང་བསྐྱར་ལམ་ལ་ཆས།
“བཀྲ་ཤིས་ཀྱིས་ཁྱི་རྒན་བཀྲ་ཤིས་ཀྱི་མིག་ལ་རྡོས་བརྒྱབ་པ་དེ་ཡང་ངོ་མ་ཡིན་ནམ།” བསོད་ནམས་ཀྱིས་ང་ལ་ཡང་བསྐྱར་འདྲི་འགོ་བརྩམས།
“ངོ་མ་ཡིན། ཚང་མས་ཁོར་ཁྱི་རྒན་བཀྲ་ཤིས་ཞེས་མིང་བཏགས་པ་ནས་ཁོས་ཁྱི་རྒན་བཀྲ་ཤིས་ཐེངས་དུ་མར་གསོད་རྩིས་བྱས་པ་རེད།” ངས་དེ་ལྟར་བརྗོད་དུས་བཀྲ་ཤིས་ཀྱི་སྣང་བརྙན་གསལ་ལེར་མིག་ལ་ཤར་འོང་། ངས་ཁོར་མུ་མཐུད་དུ“ཉིན་ཞིག་ང་ཚོས་མ་ཎི་ཁང་གི་སྒོ་ཁར་ཕག་གི་ལྒང་བུ་ས་ལ་ཕུར་ནས་རྩེད་མོ་རྩེ་དུས། འཇིགས་མེད་ཁ་རྐོས‘བཀྲ་ཤིས་སླེབས་བྱུང་། བཀྲ་ཤིས་སླེབས་བྱུང’ཟེར། དེ་དུས་ཁྱི་རྒན་བཀྲ་ཤིས་ཀྱིས་སྐེ་ཡི་གཡེར་དྲིལ་སིང་སིང་གཡུག་བཞིན་ཚུར་འོང་གིན་འདུག བཀྲ་ཤིས་ཀྱིས་རྡོ་ཞིག་བཏུས་ནས་བརྒྱབ་པས་ཁྱི་རྒན་བཀྲ་ཤིས་ཀྱིས་ཨག་སྐད་འབྱིན་བཞིན་བྲོས་སོང་། བཀྲ་ཤིས་ཀྱིས་ང་ཚོར‘དགེ་བ་ཞིག་རེད། ཁྱི་རྒན་འདིས་ང་ལ་བརྙས་བཅོས་མ་བྱས་པའི་བསམ་པ་ཞིག་མེད’ཟེར། དེ་ནས་བཟུང་ཁྱི་རྒན་བཀྲ་ཤིས་ཀྱི་མིག་ཞར་བ་རེད། དོན་དག་དེ་ངས་བརྗེད་རྒྱུ་ཞིག་མི་འདུག”ཅེས་བཤད།
“དེས་ན་སྔགས་རྒན་རིག་འཛིན་དང་རྨོ་མོ་སྒྲོལ་མ་གཉིས་ཀྱང་མི་ངོ་མ་གཉིས་ཡིན་ནམ།”
“ང་ཚོའི་གྲོང་ཚོར་དེ་ལྟ་བུའི་རྒན་རྒོན་གཉིས་ཡོད། ཡིན་ནའང་ཁོ་གཉིས་ཀྱི་མིང་ལ་དེ་མི་ཟེར། མིང་ནི་ངས་བརྗེས་པ་ཡིན། རྒན་རྒོན་གཉིས་ཀ་བྱང་སེམས་ཅན་གཉིས་ཡིན། ཁོ་ཚང་གི་སྒོ་ཁར་ཁྱི་གུ་ལྡོམ་པོ་དང་བྱི་ལ་ལྡོམ་པོ་ཐ་ར་ར་བྱེད་བཞིན་ཡོད། ཁོ་གཉིས་ཀར་བུ་ཕྲུག་མེད་པས། ཚེ་མཇུག་ཏུ་གྲོང་ཚོའི་ནང་གི་རྒན་པ་ཚོའི་ཁ་བཀོད་ལྟར་གྲོང་མི་ཚོས་ཉིན་བདུན་རེའི་ནང་རེས་བསྐོར་ནས་སྙོར་སྐྱོང་བྱས་པ་རེད།”
“ཁྱི་རྒན་བཀྲ་ཤིས་དང་ཁོ་ཚོའི་འབྲེལ་བ་ནི་དངོས་འབྲེལ་དེ་འདྲ་ཞིག་ཡིན་ནམ།”
“དེ་ནི་རྟོག་བཟོ་འབའ་ཞིག་ཡིན།”
“ངས་ངོ་མ་དེ་འདྲ་ཞིག་ཡིན་ནམ་བསམས་མྱོང་།”
བསོད་ནམས་ཀྱིས་དེ་ལྟར་ཟེར་བཞིན་གདོང་ལ་ཕངས་པའི་ཉམས་ཤིག་བཏོད་བྱུང་།
“……”
ངེད་གཉིས་ཀྱིས་དེ་ལྟར་འཁྲབ་གཞུང་ནང་གི་གཏམ་རྒྱུད་ཀྱི་སྐོར་ཁ་བརྡ་བྱེད་པའི་སྐབས་སུ་བསོད་ནམས་གློ་བུར་ཁ་རོག་གེར་གྱུར། བསོད་ནམས་ཀྱི་གཉིད་ནི་དངོས་གནས་གར་ཡོང་ཆ་མེད་རེད། ངས་ཕར་བལྟས་པ་ན་ཁོའི་ཁ་གདངས་ནས་སྔུར་བ་ཡང་མོ་ཞིག་འཐེན་བཞིན་འདུག
ས་བབ་ཇེ་དམའ་ནས་ཇེ་དམའ་རུ་སོང་བ་དང་བསྟུན་ནས། ལམ་འགྲམ་གྱི་ལྗོན་པ་དག་ལས་མྱུ་གུ་འབུས་ཏེ་སྔོ་ཡུག་ཡུག་བྱེད། མཚམས་མཚམས་སུ་གྲོང་ཚོ་རེ་གཉིས་ཀྱང་མངོན་ཡོང་། གལ་ཏེ་སྔོན་ཆད་ཀྱི་ལམ་རྙིང་ཡིན་ཚེ་ང་ལ་ཆ་རྒྱུས་ཡོད་སྲིད་མོད། ལམ་གསར་པ་འདིར་ཐེངས་དང་པོ་བསྐྱོད་པ་ཡིན་པས། ངས་གྲོང་ཚོ་དེ་དག་ལས་གཅིག་གི་མིང་ཡང་མི་ཐོགས།
ལམ་རིང་མོ་གཏམ་གྱིས་གཅོད་དགོས་ཟེར་མོད། བསོད་ནམས་ཀྱི་གཉིད་ལ་རྫོགས་རྒྱུ་ཟེར་བ་ཞིག་མེད་པ་འདྲ། ཁོས་ལམ་གྱི་ཕྱེད་ཀ་གཉིད་ཀྱིས་བཏང་བྱུང་། ད་དུང་ཡང་སྔུར་བ་འཐེན་བཞིན་འདུག་པས། ཁོའི་གཉིད་ཀྱིས་ང་ལ་ཡང་བར་ཆད་ཐེབས་པས་རང་དབང་མེད་པར་གླལ་མོ་ཡང་ཡང་བྱ་དགོས། ངས་ཁོ་ཧྥེ་དམ་བེ་གང་ཧུབ་འཐུང་ཞིག་གིས་རྫོགས་པར་བྱས།
རླངས་འཁོར་གྱི་སྒྲ་སྒམ་ལས་ཅེ་ཁོ་ཅུན་དབྱི་ཡི«ང་རང་རི་རྩེར་ཁྲིད་རོགས»ཟེར་བའི་གླུ་དབྱངས་དེ་གྲག་ཡོང་། ངའི་རིག་པ་ཡང་ཇེ་དྭངས་སུ་རབ་ཅིག་ཕྱིན་པས། རླངས་འཁོར་གྱི་སྣུམ་སྒོ་མནན་ནས་གྲོང་ཚོ་དང་རྣང་ཞིང་མང་པོ་རྒྱབ་ཏུ་བསྐྱུར་གང་ཐུབ་བྱས།
ཕྱི་དྲོའི་མཚམས་སུ་ཕ་ཡུལ་གྱི་གྲོང་རྡལ་དུ་སླེབས་བྱུང་། གྲོང་རྡལ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག་སྟེ། གྲོང་རྡལ་མི་དམངས་སྲིད་གཞུང་གི་སྒོ་བྱང་སྟེང་གི“སྒོ་མེ་གྲོང་རྡལ”ཞེས་པའི་ཡི་གེ་དེ་དག་མ་མཐོང་ཚེ་རྣར་མི་འགྲོ་བ་ཞིག་རེད། སྔོན་གྱི་ཁང་ཤར་སྐྱ་ལོག་དེ་དག་གི་ཚབ་ཏུ་ཐོག་ཁང་མང་པོས་འཚང་ཁ་ཤིག་ཤིག་བྱེད། ང་ཚོའི་གྲོང་རྡལ་འདིའི་འཐེན་ཐུག་ནི་གླིང་ལ་གྲགས་ཡོད་པས།གྲོང་རྡལ་སྲང་ལམ་གྱི་ངོགས་གཉིས་སུ་འཐེན་ཐུག་ཟ་ཁང་མང་པོ་ཕྲེང་དུ་བསྟར་ཞིང་། ཟ་ཁང་དེ་དག་གི་སྒོ་ཁར་ལམ་འགྲོ་རླངས་འཁོར་དག་རུབ་འདུག གྲོང་རྡལ་ནས་ཕ་ཡུལ་གྲོང་ཚོར་དཀྱོགས་སའི་བར་དུ་ལམ་ཐག་རིང་བོ་མེད་པས། ད་ནི་རིང་བོ་འགྲོ་མི་དགོས། ངེད་གཉིས་ཀྱིས་ཟས་འགྲང་ཐག་ཆོད་པ་ཞིག་ཟོས་རྗེས་མུ་མཐུད་དུ་ལམ་ལ་ཆས།
རྒྱལ་ལམ་ལས་གྲོང་གསེབ་གཞུང་ལམ་དུ་བབས་རྗེས། རྒོད་རྩེ་རི་བོའི་རྩེ་མོ་མཐོན་པོ་རལ་གྲི་ལྟ་བུ་དེ་གསལ་ལེར་མཐོང་བྱུང་། ད་ནི་ཕ་ཡུལ་གྱི་པང་དུ་གོམ་པ་སྤོས་པ་དང་ཅི་ཁྱད། ང་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་བྱུང་། འདི་ནས་མིག་གིས་མཐོང་བའི་ས་སྒང་དམར་པོ་འདི་བརྒྱུད་ཚེ་ང་ཡི་ལྟེ་ཕྲག་འཕོ་སའི་རི་འདབས་ཀྱི་གྲོང་ཚོ་དེར་བསླེབ་ཐུབ།
“ད་ནི་སླེབས་བྱུང་། རི་མཐོན་པོ་འདིའི་འདབས་སུ་ཡོད།”ངས་བསོད་ནམས་ལ་བཤད།
“ངོ་མ་ལམ་ཐག་རིང་བོ་འདུག” བསོད་ནམས་ཀྱིས་མདུན་ཕྱོགས་ཀྱི་རྒོད་རྩེ་རི་བོར་ལྟ་བཞིན་དེ་ལྟར་ཟེར།
“ད་ལྟ་མྱུར་བགྲོད་གཞུང་ལམ་ཡོད་པས་ལམ་ཐག་ཤིན་ཏུ་ཇེ་ཉེར་བཏང་འདུག སྔོན་ཆད་ཡིན་ཚེ་ཉིན་གཅིག་ལ་བསླེབ་མི་ཐུབ།”
“རི་མཐོན་པོ་འདི་རྒོད་རྩེ་རི་བོ་ཡིན་ནམ།” བསོད་ནམས་ཀྱིས་ཡང་བསྐྱར་འཁྲབ་གཞུང་ནང་བཀོད་པ་ལྟར་དྲིས་བྱུང་།
“རེད། འདི་ནི་ང་ཚོའི་རྒྱབ་རི་རྒོད་རྩེ་རྫ་རྒན་རེད།”
“ཁྱོད་ཀྱིས་འཁྲབ་གཞུང་ནང་བྲིས་པ་ལྟ་བུའི་བརྗིད་ཉམས་ཤིག་མི་འདུག”
“ཁྱོད་རི་འདབས་སུ་སླེབས་ན་ཁོའི་བརྗིད་ཉམས་མཐོང་ཐུབ།”ང་དགོད་ཀྱིན་དེ་ལྟར་བཤད།
“དེས་ན་བཀྲ་ཤིས་ཀྱིས་ཧོ་ལང་ཙི①ཡི་ཁ་སྦྲེང་ཕྲོགས་རྗེས་དོན་དམ་དུ་ཕྱིར་བྱིན་ནམ་མ་བྱིན།”
“ཁོས་བཤད་ན་བྱིན་ཟིན་ཟེར། ཡང་འགའ་ཞིག་གིས་ཁ་སྦྲེང་མ་བྱིན་པར་བཅག་པ་རེད་ཟེར།”
ཁ་སྦྲེང་གི་དོན་དག་དེ་གླེང་ཡོང་དུས་ངས་འཁྲབ་གཞུང་ནང་གསལ་པོ་ཞིག་བྲིས་མེད། དོན་དག་ངོ་མ་ནི་འདི་ལྟར་ཡིན་ཏེ། ཉིན་དེར་ང་ཚོ་སྡེ་འདབས་ཀྱི་རྫིང་བུའི་ནང་ཆུར་རྐྱལ་དུས། ཧོ་ལང་ཙིས་ཀི་འདེབ་ཀྱིན་འདུག ང་ཚོས་མྱུར་དུ་ལྭ་བ་གྱོན་ནས་ཧོ་ལང་ཙིའི་ཕྱོགས་སུ་བརྒྱུགས་པ་ཡིན། དྲང་མོར་བཤད་ན། དང་ཐོག་བཀྲ་ཤིས་ལ་ཁ་སྦྲེང་དེ་འཕྲོག་པའི་བསམ་པ་མེད་པ་འདྲ། ཧོ་ལང་ཙི་ཡིས་ཁ་སྦྲེང་དེ་ལག་ཏུ་བཟུང་ནས་ཡ་མཚན་ཞིག་ཡིན་པ་དང་། དེ་འདྲའི་ཁ་སྦྲེང་ཞིག་ཡོད་ཚེ་ཕྱུགས་རྫིར་སོང་ནས་བུས་ན་ཕྱུགས་རྣམས་ཀྱང་རང་དགར་རྫི་བོའི་གམ་དུ་འཁོར་ཡོང་སོགས་ལུང་པ་གང་བཤད་པ་རེད། དབྱར་གནང་གི་སྐབས་སུ་བཀྲ་ཤིས་ཕྱུགས་རྫིར་འགྲོ་དགོས་པས། ཁོས་དེ་འདྲའི་མཚར་བོ་ཞིག་ཡིན་ན་ཡིན་གཅིག་མིན་གཉིས་ཉོ་ཐབས་བྱ་དགོས་ཟེར། ཡིན་ནའང་དེ་ནི་ང་ཚོས་ཁུགས་པ་ཞིག་མ་རེད། བཀྲ་ཤིས་ཀྱིས་འདང་ཞིག་བརྒྱབ་རྗེས་ང་ལ་བཀོད་པ་ཞིག་ཡོད་ཅེས་བཤད་མ་ཐག་ཁ་སྦྲེང་བཟུང་ནས་བྲོས་སོང་།
ངས་བསོད་ནམས་ལ་དེ་ལྟར་གསལ་བཤད་བྱེད་དུས། བསོད་ནམས་ཀྱིས“ཧོ་ལང་ཙི་དེ་ལ་སྡུག་གྱོང་རེད། ཁོས་དེ་ལྟར་ལབ་མི་རྒྱག་རྒྱུ་ན་ཁ་སྦྲེང་འཕྲོག་རྒྱུ་མ་རེད”ཟེར།
“འོ་ལེ། དཔེ་མི་སྲིད། ”ངས་གདེང་ཚོད་ཡོད་པའི་སྒོ་ནས་བཤད།
“འཁྲབ་གཞུང་འདི་གློག་བརྙན་དུ་བསྒྱུར་རྗེས་ཀུན་གྱི་དགའ་བསུ་ཐོབ་སྲིད་པ་ཁོ་ཐག་ཡིན་རྒྱུ་རེད།”
“དེ་འདྲ་ཡིན་པའི་སྨོན་ལམ་འདེབས། ངས་རེ་བ་ཆེན་པོ་བཅངས་ཡོད།”
“ངས་དང་ཐོག་འཁྲབ་གཞུང་འདི་ལ་བལྟས་ཚར་དུས་ཨ་བྷ་སིའི་གློག་བརྙན་དྲན་བྱུང་། ཨ་བྷ་སིའི་གློག་བརྙན་བཞིན་བབ་ཆགས་པ་ཞིག་རེད།”
“ཨ་བྷ་སི་ནི་ང་ཆེས་དགའ་བའི་འཁྲབ་ཁྲིད་པ་ཞིག་ཡིན། ངས་ཨ་བྷ་སིའི«གྲོགས་པོའི་ཁྱིམ་ནི་གང་ཡིན»སོགས་ལ་ལྟ་ཐེངས་རེར་བྱིས་དུས་ཀྱི་ལོ་ཟླ་དྲན་ཡོང་།”
“ཁྱོད་ལ་བོད་ཀྱི་ཨ་བྷ་སི་ཞེས་འབོད་ངེས།”བསོད་ནམས་ཀྱིས་ང་ལ་བལྟས་ནས་བགད་བྱུང་།
“དེས་ན་ཁྱོད་ནི་ཨ་བྷ་སིའི་བརྙན་ལེན་པ་རེད་ཡ།”
“ཁན་ནེ་གློག་བརྙན་དུས་ཆེན་དང་། བྷེར་ལིན་གློག་བརྙན་དུས་ཆེན། པུ་སན་གློག་བརྙན་དུས་ཆེན། རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཆེ་གྲས་ཚང་མའི་སྟེང་ནས་དགའ་རྟགས་ཟེར་བ་རྟ་སྦངས་འཐུ་འཐུ་ཞིག་བྱེད།”
“ཆེས་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ་དང་། ཆེས་ཕུལ་དུ་བྱུང་བའི་བརྙན་ལེན་པ་འུ་གཉིས་མིན་ནམ་སུ་ཡིན།”
ངེད་གཉིས“ཧ་ཧ། ཧ་ཧ”ཞེས་བགད།
སྔོན་ཆད་ཀྱི་རྡོ་ཟགས་དང་ས་རྡུལ་འདྲེས་མའི་ལམ་དེ་ད་ལྟ་ཁོད་ཇེ་ཡངས་སུ་བཏང་ཞིང་ཨར་འདམ་དུ་བསྒྱུར་འདུག་པ་དང་། ལམ་འགྲམ་ཀུན་ཏུ་སིལ་སྡོང་བཙུགས་ཏེ་མེ་ཏོག་ཁྲ་ལམ་ལམ་བྱེད། དེ་སྔ་ང་ཚོ་ལམ་འདི་བརྒྱུད་ནས་འགྲོ་དུས་ས་དམར་གྱི་ཐང་རྒོད་ཅིག་ཡིན་ལ། གལ་ཏེ་ཆར་བ་འབབ་པའི་ཉིན་མོར་འཕྲད་ཚེ་ལྷམ་མཐིལ་འདམ་ལ་ཟུག་སྟེ་འབལ་དཀའ།
མིག་མདུན་གྱི་འགྱུར་ལྡོག་འདིས། ངའི་ཆུང་དུས་ཀྱི་བག་ཆགས་དང་མངོན་སུམ་གཉིས་ཀྱི་མཐུད་མཚམས་སུ་འགལ་བ་ཞིག་མཚམས་མེད་པར་བཟོ་བཞིན་འདུག
ལམ་འགྲམ་གྱི་སིལ་སྡོང་མེ་ཏོག་དག་ནི་དེ་འདྲའི་མིག་ལ་སྡུགངེད་གཉིས་ཀྱིས་རླངས་འཁོར་ལམ་འགྲམ་དུ་བཞག་སྟེ་ཐངས་ལ་བབས། བསོད་ནམས་ཀྱིས་ལག་ཏུ་ཁ་པར་བཟུང་ནས་མེ་ཏོག་གི་གསེང་དུ་ཡར་རྒྱུག་མར་རྒྱུག་བྱེད། ཕར་ཕྱོགས་སུ་མི་འགའ་ཡིས་འདབས་ཀྱི་གཞུང་ཆུ་དྲངས་ཏེ་སིལ་སྡོང་ལ་ཆུ་གཏོང་བཞིན་འདུག་པས། གློག་འདོན་འཕྲུལ་ཆས་ཀྱི་འུར་སྒྲས་ཁོར་ཡུག་གི་ལྷིང་འཇགས་ཟམ་མ་ཆད་པར་དཀྲོགས་ཡོང་།
ངེད་གཉིས་ཡང་བསྐྱར་ལམ་དུ་ཆས། རིང་བོ་མ་འགོར་བར་དངོས་སུ་ང་རང་འཚར་ལོངས་བྱུང་སའི་གྲོང་ཚོའི་འདབས་རོལ་ཏུ་སླེབས་བྱུང་། གྲོང་ཚོ་ནི་རི་ཚོགས་ཀྱི་ཁོང་གསེང་དུ་ཁུ་སིམ་མེར་འདུག་ཅིང་། རླངས་འཁོར་གྱི་འཁོར་ལོ་ཨར་འདམ་གྱི་ལམ་ངོས་སུ་འཕྲད་པའི་སྒྲ་ནི་རྣ་ལམ་དུ་གསལ་ལྷང་ལྷང་ངང་འཁོར་ཡོང་། མདུན་རི་ཨ་མ་མཚོ་འཁྱིལ་གྱི་རྩེ་མོར་ཉི་མས་ཕྱི་མིག་ཡང་ཡང་འཕེན། དེ་དུས་ངས་གྲོང་ཚོའི་འདབས་ཀྱི་སློབ་ཆུང་ཡོད་སའི་ཁོད་ཡངས་པའི་ས་སྟེགས་དེ་མཐོང་བྱུང་། ས་སྟེགས་དེ་མཐོང་བའི་མོད་ལ། སྣང་བ་ཞིག་ལ་དགེ་རྒན་རིན་འཛིན་གྱིས“ཀ——ཁ——ག——ང——”ཞེས་སྐད་གདངས་ཇེ་རིང་དུ་བཏང་ནས་ཀློག་བཞིན་པའི་སྒྲ་རྣ་ལམ་དུ་ད་དུང་ཡང་གྲག་བཞིན་འདུག ཡིན་ནའང་ས་སྟེགས་དེ་དང་བར་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་ངའི་སེམས་པ་རྨང་ནས་དཀྲུགས་བྱུང་།
“ངའི་སློབ་ཆུང་། ངའི་སློབ་ཆུང……”ངས་བསོད་ནམས་ལ་ཕ་གིའི་ས་སྟེགས་དེ་བསྟན།
“སློབ་གྲྭ་ཞིག་གང་དུ་ཡོད་དམ།”བསོད་ནམས་ཀྱིས་ཐེ་ཚོམ་ངང་ཕ་གིའི་ས་སྟེགས་ཕྱོགས་སུ་ཅེར་འདུག
ངས་ཁོར་ཅི་ཡང་མ་བཤད་པར་རླངས་འཁོར་གྱི་ཁ་ལོ་སྔོན་གྱི་སློབ་ཆུང་གི་ཤུལ་དེའི་ཕྱོགས་སུ་བསྒྱུར། སྔོན་གྱི་ཁ་མལ་དུ་སློབ་གྲྭའི་ཤུལ་ཙམ་ཡང་མི་འདུག ང་རླངས་འཁོར་ལས་བབས་ཏེ་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན། མིག་མདུན་དུ་རྩལ་སྦྱོང་ཡོ་བྱད་མང་པོས་བཀང་ཞིང་། རྡོ་རྒན་ཞིག་གི་སྟེང་དུ“བདེ་སྐྱིད་ཐང་ཆེན”ཞེས་ཡིག་འབྲུ་དམར་པོ་བཞི་བྲིས་འདུག རྣམ་པ་དེས་ངའི་འཁྲབ་གཞུང་ཁྲོད་ཀྱི་སློབ་ཆུང་ལ་བཟོད་གླགས་བྲལ་བའི་གཏོར་བརླག་བཏང་བྱུང་།
“གོ་ཐོས་སུ་སློབ་གྲྭ་རྣམས་ཁུ་སྡུད་བྱས་ཟིན་པས། སློབ་གྲྭ་འདི་སྟོང་བར་བསྐྱུར་འདུག་ཟེར་མོད། སློབ་གྲྭ་ཤུལ་མེད་དུ་བཏང་ཟིན་པ་བློ་ངོར་ཡང་མ་ཤར།”ངས་དེ་ལྟར་བཤད་དུས་བསོད་ནམས་ཀྱིས“སྡོད་སྡོད། མ་འཕག”ཟེར་བཞིན་ཁ་པར་གྱི་བརྙན་མིག་ངའི་གདོང་ལ་གཏད་བྱུང་།
“དགེ་རྒན་རིག་འཛིན་གྱི་གཞུང་ལས་ཁང་གི་ཤུལ་ཕལ་ཆེར་འདི་ཡིན་པ་འདྲ།” ངས་བློ་ཕམ་དང་བཅས་ལོགས་ཀྱི་ལྗིད་འདེགས་ཡོ་ཆས་ཤིག་མཛུབ་མོས་བསྟན།
“དེས་ན་སྐྱག་པ་འདིར་བཏང་བ་ཡིན་རྒྱུ་རེད་ལ།” བསོད་ནམས་ཕར་སོང་ནས་ལྗིད་འདེགས་ཡོ་ཆས་དེར་རེག་རེག་ཅིག་བྱེད།
“ཁྱོད་ཀྱིས་སྐྱག་པ་དེ་ཁོ་ན་དྲན་འདུག” ང་མ་དགའ་བར་དེ་ལྟར་བཤད།
“དེ་ངོ་མ་སྐྱིད་པོ་རེད།” བསོད་ནམས་ཀྱིས་ངའི་སེམས་ཁམས་ཅུང་ཟད་ཀྱང་རྟོགས་ཀྱིན་མི་འདུག
ངེད་གཉིས་ཀྱིས་རླངས་འཁོར་བསྐོར་ནས་གྲོང་ཚོའི་ནང་སླེབས་དུས། བྱིས་པ་ཞིག་གིས་འཕྲུལ་རྟ་དམར་ལྡང་ཞིག་བཞོན་ནས་ངེད་གཉིས་ཀྱི་མདུན་དུ་ལྡིང་ཡོང་། ངས་གློ་བུར་དུ་འཁོར་སྒོག་མ་བསྒགས་ཚེ་གདོང་གཏུག་རྒྱག་པར་ཐེ་ཚོམ་མི་འདུག བྱིས་པ་དེ་ཡང་སྐྲག་སོང་བ་འདྲ། ཁོའི་ངོ་མདོག་སྐྱ་སྐྱར་གྱུར་ནས་ང་ལ་ཅེར་འདུག བྱིས་པ་དེ་ལས་ཀྱང་མིག་མདུན་གྱི་གྲོང་ཚོའི་ནང་གི་རྣམ་པས་ང་ལྷག་ཏུ་ཧ་ལས་སུ་བཅུག་སོང་། ངའི་ངོ་ཡང་བྱིས་པ་དེ་བཞིན་སྐྱ་སྐྱར་གྱུར་ཡོད་ལས་ཆེ། གྲོང་ཚོའི་ནང་གི་སྔོན་གྱི་ས་གྱང་གིས་བསྐོར་བའི་གཞིས་ཀ་དག་སོ་ཕག་གིས་བཏུམས་ནས་དམར་ལམ་ལམ་བྱེད་ཅིང་། གཞིས་ཀའི་འགྲམ་གྱི་སིལ་ར་དང་ཚོད་ར་དག་ཀྱང་ལྕགས་དྲས་བསྐོར་ཏེ་དྲན་པའི་ཁྲོད་ཀྱི་གྲོང་ཚོའི་རྣམ་པ་ཏོག་ཙམ་ཡང་ལྷག་མི་འདུག དེས་ངས་གཉིད་ཆག་ཟས་བརྗེད་ཀྱིས་བཟོས་པའི་རླབས་ཆེ་བའི་འཆར་གཞིའི་ཁྲོད་རྡོ་ལོག་ཅིག་ཤུགས་ཀྱིས་འཕངས་སོང་བས། ངའི་སེམས་པ་ནི་འཁྱག་ཤུར་ཤུར་དུ་གྱུར། བསོད་ནམས་ཀྱིས་ང་ཧད་འདུག་པའི་ཚུལ་ལ་བལྟས་ནས་ཁ་རོག་གེར་ཅི་ཡང་མི་སྨྲ་མོད། དོན་དུ་ཁོའི་གདོང་དུ་ཡང་རེ་ཆད་ཀྱི་ཉམས་ཤིག་མངོན་སུམ་འཛེམ་མེད་དུ་བསྣར་འདུག
དགོང་མོ་དེར་བསོད་ནམས་དང་ངེད་གཉིས་ངའི་སློབ་གྲོགས་འཇིགས་མེད་ཚང་དུ་བསྡད། འཇིགས་མེད་ཀྱིས་ད་ལྟ་གྲོང་ཚོའི་གྲོང་དཔོན་ཁུར་འདུག་ལ། ངས་འཇིགས་མེད་ལ་ཕ་ཡུལ་དུ་ཡོང་དོན་བཤད་པ་ན། ཁོས་ཁྱོད་ལ་ཕྱོགས་གང་ནས་རོགས་རམ་བྱ་དགོས་ན་སྦ་གསང་མེད་པར་ཤོད་དང་བསམ་རྒྱུ་མེད་ཟེར། འཇིགས་མེད་ཀྱི་འགྱུར་ལྡོག་ནི་ངའི་བློ་ཡུལ་ལས་རིང་དུ་འགོངས་འདུག ཁོའི་སྐྲ་ལོའི་ཕྱེད་ཀ་དཀར་པོ་གྱུར་འདུག་ལ། མིག་རྐོ་རྐོ་དེ་སྔར་བས་ཀྱང་རྐོ་རུ་ལྷུང་འདུག་པ་འདྲ། ཡིན་ནའང་། ཁོའི་སྐད་མགོ་སྔར་བཞིན་མཐོ་ལ། ཐ་ན་སྐད་ཆ་རེའི་གཞུག་ཏུ“གསེར་གདུང”ཞེས་མནའ་སྐྱེལ་བ་དེར་ཡང་འགྱུར་བ་བྱུང་མི་འདུག ཡིན་ནའང་། ངའི་དོན་དག་ནི་འཇིགས་མེད་ཀྱིས་རོགས་བྱས་ཏེ་ནུས་པ་ཞིག་ག་ལ་ཡིན། ང་ལ་མཁོ་བ་ནི་བྱིས་དུས་ཀྱི་གྲོང་ཚོ་དེ་རེད། གྲོང་ཚོ་དེ་འདྲ་ཞིག་སླར་གསོ་བྱེད་པའི་ནུས་པ་ནི་འཇིགས་མེད་མ་དགོས་གཞན་སུ་ཞིག་ལའང་ཡོད་མི་སྲིད།
“ཁྱོད་ད་རག་བར་དུ་ཕ་ཡུལ་དུ་ཐེངས་གཅིག་ཀྱང་མ་ལོག” འཇིགས་མེད་ཀྱིས“དོ་དགོང་འུ་ཚོས་ཁ་བརྡ་སྐྱིད་པོ་ཞིག་བྱེད”ཟེར་བཞིན་ང་ལ་འཛུམ་དམུལ་དམུལ་བྱེད་ཀྱང་།ང་ལ་ཁ་བརྡ་སྐྱིད་པོ་ཞིག་བྱེད་པའི་སེམས་ཁམས་གང་དུ་ཡོད་ཨང་།
བསོད་ནམས་ཀྱིས་ཐ་མག་འཐེན་བཞིན་ང་ལ་བལྟས་འདུག ཁོས“ཁྱོད་ཀྱིས་སེམས་སྡུག་མ་བྱེད་དང་། འུ་གཉིས་ཀྱིས་གྲོང་ཚོ་དེ་འདྲ་ཞིག་རྙེད་སྲིད་པ་ཁོ་ཐག་ཡིན”ཟེར།
ངས་འཁྲབ་གཞུང་འབྲི་སྐབས་བྱིས་དུས་ཀྱི་གྲོང་ཚོ་དེ་ཁོ་ན་ཡིད་ལ་བརྣགས་ཏེ་བྲིས་པ་ཡིན་པས། ད་ནི་དེ་དང་མཚུངས་པའི་གྲོང་ཚོ་ཞིག་གང་དུ་འཚོལ་ལམ། ང་ནི་འདང་རྒྱག་གི་ནང་དུ་བྱིངས་སོང་།
“ཁྱོད་ཀྱིས་གློག་བརྙན་དེ་འདྲ་ཞིག་དབབ་རྒྱུ་ཡིན་པ་སྔོན་ནས་བཤད་ཚེ། གསེར་གདུང་གན། ང་ཚོས་སྔར་གྱི་རྣམ་པ་མ་བསྒྱུར་བར་ཁྱོད་ལ་བསྒུགས་ཆོག་མོད། ཁྱོད་ཀྱིས་ང་ཚོར་བརྡ་ཞིག་ཀྱང་མ་བཏང་།” འཇིགས་མེད་ཀྱིས་ངེད་གཉིས་ལ་རྩེད་མཚར་བྱེད།
ང་ཚོས་དེ་ལྟར་ཁ་བརྡ་བྱས་ནས་སྡོད་དུས། འཇིགས་མེད་ཀྱི་ཆུང་མས་ང་ཚོའི་མདུན་དུ་ཤ་སྡེར་མ་གང་བཞག་བྱུང་།
“ཡ། ཟ་ཞོར་དང་བཤད་ཞོར་བྱོས། ” འཇིགས་མེད་ཀྱིས་དེ་ལྟར་བཤད་ཞོར་ཆང་དཀར་དམ་བེ་གང་གི་ཁ་འབྱེད་མགོ་བརྩམས།
“ཆང་དེམ་གྱི་ཁ་མ་ཕྱེ།”ངས་འཇིགས་མེད་ལ་དེ་ལྟར་བཤད་པ་ན། ཁོས“འུ་སློབ་གྲོགས་གཉིས་ཀ་མ་འཕྲད་པར་ལོ་བཅའ་བཅུ་ཞིག་འགོར་སོང་། དེ་རིང་ཆང་ཞིག་ཀྱང་མི་འཐུང་ཟེར་སྲོལ་ཡོད་དམ། གསེར་གདུང་། དེ་འདྲ་མ་བྱེད། ”ཟེར་བཞིན་འབྲུག་དཀར་ཆུང་ཆུང་ཞིག་གི་ནང་དུ་ཆང་བླུགས་བྱུང་།
ང་ཚོས་ཤ་ཟ་ཞོར་དང་ཆང་འཐུང་ཞོར་དུ་ཁ་བརྡ་ཡར་མར་མང་པོ་བྱས་ཀྱང་ངའི་སེམས་པ་བདེ་ལ་འབབ་མ་ཐུབ། ང་ད་ཐེངས་ཡོང་དོན་ནི་གློག་བརྙན་ཕབ་སྐྲུན་གྱི་ཆེད་དུ་ཡིན་པས། ད་ནི་དེ་འདྲའི་གྲོང་ཚོ་ཞིག་གང་དུ་འཚོལ་ལམ། ངའི་ཡིད་ལ་དོན་དག་དེ་ཁོ་ན་དྲན་འདུག
“འོ་ན། ངས་ཁྱོད་ལ་བཤད།” འཇིགས་མེད་ཅུང་ཟད་བཟི་བཞིན་པ་འདྲ། ཁོས“དྲང་མོར་བཤད་ན། ང་ཚོའི་གྲོང་ཚོ་སྔར་ལྟར་མ་འགྱུར་བར་ཡོད་ཚེ། ང་ཚོའི་ད་ལྟའི་འཚོ་བ་ག་འདྲ་ཞིག་ཡིན་རྒྱུ་རེད། ཁྱོད་ལ་དགོས་པ་ནི་ང་ཚོའི་བྱིས་དུས་ཀྱི་འཚོ་བ་རེད། ‘ངས་གྲོང་ཁྱེར་ནས་སྐྱིད་པོ་བྱེད། ཁྱོད་ཚོས་ད་དུང་ཡང་རྐང་སྣམ་ལྷན་པོ་ཅན་གྱོན་ནས་སྡོད། ’ཁྱོད་ཀྱིས་བསམ་ཚུལ་ངོ་མ་ནི་དེ་རེད། གསེར་གདུང་།”ཟེར།
འཇིགས་མེད་ཀྱི་སྐད་ཆ་དེས་ང་གྲག་མེད་སེར་བཏང་། ངའི་གམ་གྱི་བསོད་ནམས་ཀྱང་དོགས་མ་བདེ་བར་ངོ་ལ་འཕྲུག་བཞིན་ང་ལ་ཅེར་འདུག
“དེ། དེ་དེ་མ་རེད……”
“དེ་མིན་ནམ་ཅི་ཡིན། ”འཇིགས་མེད་ཀྱིས་མིག་གཉིས་དམར་ལོག་གེར་ང་ལ་བལྟས་འདུག
ངས་ཁོར་ཇི་ལྟར་ལན་གདབ་དགོས་པའང་མི་ཤེས་པས། ཁ་རོག་གེར་ཐ་མག་བརྔུབས་ནས་བསྡད།
“ཡ་ཡ། ཐུག་པ་འཐུང་།”འཇིགས་མེད་ཀྱི་ཆུང་མས་དཀར་ཡོལ་ནང་ཐུག་པ་བཅུས་ནས་དྲངས་བྱུང་།
ང་ཚོས་རང་རང་ས་ནས་ཐུག་པ་འཐུང་བཞིན་དོགས་མ་བདེ་བར་སྡོད་དུས། ཕྱི་རོལ་ནས་མི་ཞིག་གིས་འུར་རྒྱག་བཞིན་རྒྱ་སྒོ་ཁྲོག་སེར་ཕྱེ་སྟེ་ནང་དུ་འཛུལ་ཡོང་། མི་དེས་ཐད་ཀར་ང་ཚོ་སྡོད་སའི་ཁང་མིག་ནང་ཤོར་ཡོང་སྟེ“རྫོང་ཐོག་གི་ལས་བྱེད་པ་རེད་དམ། དེས་ན་འགྲིག་འདུག”ཟེར། མི་དེ་ཆང་གིས་ཅུང་ཟད་བཟི་ཡོད་པ་འདྲ། “ངས་དེ་རིང་རྫོང་ཐོག་གི་ལས་བྱེད་པ་ཡོད་ས་འདིར་གསལ་པོར་བཤད། ”ཁོས་མིག་གིས་ང་ལ་བལྟས་ཤིང་མཛུ་གུས་འཇིགས་མེད་བསྟན་ནས“ཁྱི་སྐྱག་འདིས་ཏིས་པོ②ཚང་མ་ཁོ་ཚང་གི་ཤ་ཉེ་འབྲེལ་རྣམས་ལ་བྱིན་ནས་ང་ལ་ཐེངས་གཅིག་ཀྱང་བྱིན་མ་མྱོང་། ཁྱོད་ཚོས་ཤོད་དང་། དེ་འདྲའི་བྱེད་སྲོལ་ཞིག་གང་དུ་ཡོད”ཞེས་ངར་ངར་རྫིག་རྫིག་བྱེད།
“ཁ་རོག་གེར་སྡོད། མི་འདིས་ངེད་ཚང་གི་སྒོ་ཁར་རླངས་འཁོར་ཞིག་ཡོད་པ་རིག་ཉན།” འཇིགས་མེད་ཀྱིས“གླེན་རྟགས་མ་སྟོན། དེ་རིང་དེ་དག་འཆད་པའི་ཉི་མ་མ་རེད། ཁྱོད་ཀྱིས་འདི་མི་ཤེས་སམ།”ཞེས་ང་བསྟན་བྱུང་།
མི་དེས་ངའི་གདོང་ལ་ཅེར་ནས་མིག་གཉིས་རིག་རིག་ཏུ་འགུལ་བཞིན་གློ་བུར་དུ“ཁྱོད། ཁྱོད……ནོར་བུ། ནོར་བུ་མིན་ནམ”ཟེར། མ་གཞི་ཁོ་ནི་ངའི་སློབ་ཆུང་གི་སློབ་གྲོགས་ཚེ་རིང་རེད།
བསོད་ནམས་ཀྱིས་ངེད་གཉིས་ཀྱི་ངོ་ལ་རེས་མོས་སུ་བལྟས་བྱུང་།
“བྱ་འདི་ན་བྱ་འདི། ནོར་བུ། ང་འདི་ད། ཐུགས་རྒྱལ་བཞེངས་མི་ཉན། ཁྱོད་མ་རིག་པར་ཉུང་མཐའ་ཡང་ལོ་བཅུ་འགོར་ཟིན།”ཁོས་འཚབ་འཚུབ་ཏུ་ལག་པ་བསྲིངས་ཡོང་ནས་ངའི་ལག་མགོར་འཇུས་བྱུང་།
“ཁྱི་སྐྱག དེ་ནས་ཙོག ” འཇིགས་མེད་ཀྱིས་དེ་ལྟར་ཟེར།
ཚེ་རིང་ཁ་རོག་གེར་ཚ་ཐབ་ཀྱི་འདབས་ཁར་ཙོག་པུར་བསྡད་བྱུང་། ཁོ་ནི་ངོ་ཚ་བ་དང་འདྲ། ང་ལ་བལྟས་ནས་ཡང་ཡང་འཛུམ་དམུལ་དམུལ་བྱེད།
“མི་འདིའི་ཚུགས་ཀར་ལྟོས། གླེན་པ་ཞིག་དང་འདྲ་བོ་འདུག” འཇིགས་མེད་ཀྱིས་ཚེ་རིང་གི་ལག་ཏུ་འབྲུག་དཀར་བཞག་ནས“ནོར་བུར་ཆང་དྲོངས”ཟེར།
“ཡ་ཡ། ང་འདི……” ཚེ་རིང་གིས་ལྕེ་སྣར་ཞིག་བྱེད་ཀྱིན་ང་ལ་ཆང་དྲངས་བྱུང་། དེ་ནས་བསོད་ནམས་ལ་བལྟས་ནས“འདི་སུ་ཡིན་ནམ”ཟེར།
“ཁྱོད་ལ་དེ་ཡིས་ཅི་བྱེད།”འཇིགས་མེད་ད་རུང་སྤོ་ལངས་འདུག ཁོས“འགྲུལ་པར་ཆང་དྲོངས་དང་དེ་རེད”ཟེར།
ངས་མྱུར་དུ་ཚེ་རིང་ལ་བསོད་ནམས་ངོ་སྤྲོད་རགས་ཙམ་བྱས་པ་ན། ཁོས“རེད་རེད། རེད་རེད”ཟེར་བཞིན་བསོད་ནམས་ལའང་ཆང་དྲངས་བྱུང་།
འཇིགས་མེད་ཀྱི་ཆུང་མའི་གདོང་གི་འཚུབ་ཆ་དྭངས་ནས་ཚེ་རིང་ལ་ཇ་དཀར་ཡོལ་གང་བླུགས་ཤིང་། དེ་ནས་ང་ཚོའི་དཀར་ཡོལ་ནང་དུ་ཡང་ཇ་བསྣན་བྱུང་།
བསོད་ནམས་ཀྱིས་ངའི་རྣ་ལམ་དུ“ངས་ཁོ་བཀྲ་ཤིས་རེད་བསམས་བྱུང”ཟེར། བསོད་ནམས་ཀྱིས་དེ་ལྟར་བཤད་པས་ངས་ཀྱང་གློ་བུར་དུ་བཀྲ་ཤིས་དྲན་བྱུང་།
“བཀྲ་ཤིས་ཀྱིས་ད་སྐབས་ཅི་ཞིག་བྱེད་ཀྱིན་ཡོད་དམ།”ངས་དེ་ལྟར་དྲིས་པ་ན། འཇིགས་མེད་ཀྱིས“བཀྲ་ཤིས་གང”ཟེར།
“བཀྲ་ཤིས། ང་ཚོའི་སློབ་གྲོགས་བཀྲ་ཤིས།”
“བཀྲ་ཤིས་མཐོ་རིས་པོ……”ཚེ་རིང་གིས་འཇིགས་མེད་ཀྱི་ཁ་ཕྲོགས་ཏེ་དེ་ལྟར་ཟེར།
“མཐོ་རིས་པོ། ”ང་རང་གི་རྣ་ལའང་ཡིད་མ་ཆེས།
“བཀྲ་ཤིས་ཤི་སོང་།” འཇིགས་མེད་ཀྱིས་ཅི་མི་སྙམ་པར་དེ་ལྟར་ཟེར།
བསོད་ནམས་ཀྱི་ཁ་ནས“ཨ”ཞེས་ཤོར།
“ཆང་འཐུངས་ནས་ཤི་སོང་བ་རེད” ཚེ་རིང་གིས་ཁ་གསབ་བྱས།
བཀྲ་ཤིས་ཤི་སོང་ཟེར་བའི་གཏམ་དེ་ཐོས་འཕྲལ་ངའི་སེམས་ཀྱི་ག་ཤེད་ཅིག་མེ་ཡིས་བསྲེགས་པ་བཞིན་ཚ་བེར་བེར་དུ་གྱུར།
དེ་ནས་འཇིགས་མེད་དང་ཚེ་རིང་གཉིས་ཀྱིས་གཅིག་ཁ་གཅིག་གིས་ཕྲོགས་ཏེ་བསོད་ནམས་དང་ངེད་གཉིས་ལ་བཀྲ་ཤིས་ཀྱིས་གཏམ་རྒྱུད་བཤད་བྱུང་།
འཇིགས་མེད་ཀྱིས་བཤད་རྒྱུར།
བཀྲ་ཤིས་མཐོ་རིས་པོ་དེ་དམའ་འབྲིང་མཐར་ཕྱིན་ནས་ཕྱིར་ཡུལ་དུ་ལོག་རྗེས་ལོ་གཉིས་ལ་ལུག་རྫི་བྱས། དེ་ནས་ཞོར་ལས་སུ་འགྲོ་རྒྱུ་ཞེས་གང་ཞིག་ཏུ་སོང་བ་སུས་ཤེས། ཁ་ཤས་ཀྱིས་བཤད་ན་ཟི་ལིང་གི་ཨར་ལས་རྒྱག་ས་ཞིག་ཏུ་སོ་ཕག་སྐྱེལ་གྱིན་འདུག་ཟེར། ཡང་འགའ་ཞིག་གིས་བཤད་ན་ལྷ་སའི་ནང་མ་ཁང་ཞིག་ཏུ་བདེ་སྲུང་པ་བྱས་འདུག་ཟེར། གང་ལྟར་ལོ་གསུམ་ལ་ཡུལ་དུ་རྐང་པ་མ་སྤོས།ཨ་ཁུ་བསམ་འགྲུབ་ཀྱིས་ཁོར་ཆུང་མ་ཞིག་བླངས་ན་ཁྱིམ་དུ་སྡོད་ཀྱང་སྲིད་སྙམ་ནས། ཁོ་ཡུལ་ལ་ལོག་པའི་ལོ་དེར་རྨ་ཕར་རི་ནས་མནའ་མ་ཞིག་གཏམ་པ་རེད། མནའ་མ་བླངས་པ་དེས་ངོ་མ་བཀྲ་ཤིས་ཁྱིམ་དུ་ཁོགས་སོང་། ལོ་གཉིས་པར་ཨ་ཁུ་བསམ་འགྲུབ་ཀྱིས་བཀྲ་ཤིས་དང་ཁོའི་ཆུང་མ་གཉིས་ཀར་གཞིས་ཀ་བསྐོར་ནས་ཁྱིམ་ཁེར་བོར་བཞག་པ་རེད། ཕྱི་ལོར་ཁོ་བཟའ་བ་གཉིས་ཀར་བུ་ཞིག་སྐྱེས། རེད། བུ་སྐྱེས་པའི་ལོ་དེ་ནས་བཟུང་བཀྲ་ཤིས་ལ་ཆང་ལོབས་པ་རེད། གསེར་གདུང་། ཁྱི་སྐྱག་དེས་མ་བུ་གཉིས་ཀ་སྡུག་ལ་སྦྱར་མ་སྦྱར་གྱི་བསམ་པ་ཞིག་མེད། ཡ་ཡ། ཆང་ཞིག་ཐུངས་དང་།
ཚེ་རིང་གིས་བཤད་རྒྱུར།
མི་དེར་ད་རྒྱུ་འབྲས་ཟེར་བ་ཞིག་མེད། ཆང་འཐུང་གིན་འཐུང་གིན་ཤོ་ལ་ལོབས་པ་རེད། གྲོང་ཚོའི་ནང་གི་གསར་བུ་རྣམས་བསྡུས་ནས་ཁོ་ཚང་དུ་ཤོ་བརྒྱབ་པ་རེད། ཤོ་བརྒྱབ་ནས་ཨ་ཁུ་བསམ་འགྲུབ་ཀྱིས་ཁོར་བགོས་པའི་ལུག་ལྔ་བཅུ་བོ་མེད་བརླག་ཏུ་བཏང་སོང་། ཨ་ཁུ་བསམ་འགྲུབ་ཀྱིས་ཇི་ལྟར་བཤད་ཀྱང་ཁ་མ་ཉན་པས། གྲོང་ཚོའི་ནང་གི་མིང་བཏགས་ཚོས་ཁ་ཏ་སློབ་གསོ་བཏང་བ་རེད། དེས་ཀྱང་མ་ཕན། དེ་ནས་རྒན་རྒོན་ཚོས་གྲོས་བྱས་ཏེ་སྲོལ་ངན་དེ་འདྲ་གྲོང་ཚོའི་ནང་ཁྱབ་ཏུ་འཇུག་མི་རུང་ཞེས་མ་ཅཱང་ཕྲོགས་ནས་མེ་ལ་བསྒོངས་པ་རེད། ད་དེ་བཤད་སྲོལ་ཞིག་མེད་ཡ། ཡ་ཡ། ཆང་ཞིག་ཐུངས་དང་།
འཇིགས་མེད་ཀྱིས་བཤད་རྒྱུར།
དེ་ནས་བུ་གཉིས་པ་སྐྱེས་པའི་ཕྱི་ལོར་ཆུང་མས་བུ་གཉིས་ཀ་ཁྲིད་ནས་བྲོས་མོར་བུད་སོང་། ཨ་ཁུ་བསམ་འགྲུབ་ཁོ་ཆད་དེ་ཕྱིར་བོས་མ་བོས་མི་འདུག ཕྱིར་བོས་ཀྱང་མི་དེའི་གམ་ན་སྐྱིད་ཅིག་མི་འདུག་ཅེས་བཟའ་འཐོར་བྱ་རྒྱུའི་མགོར་བཞག་པ་རེད། བུ་ཆུང་བ་ཨ་ཁུ་བསམ་འགྲུབ་ཀྱིས་ཁོའི་གམ་དུ་བླངས་རྗེས། དེ་རིང་ནས་བཟུང་ཁྱོད་ཀྱིས་ཅི་ཞིག་བྱེད་བསམས་ན་དེ་བྱོས་ཞེས་ཕ་བུའི་འབྲེལ་བ་བཅད་པ་རེད། དེ་ནས་བཟུང་ཁང་སྟོང་ནང་དུ་ཁོ་གཅིག་པུ་བསྡད་ཅིང་། སྒོར་མོ་རེ་ལག་ཏུ་ཡོང་ཚེ་ཆང་ལ་བརྗེས་ནས་ཉི་མ་སྟོང་ཟད་དུ་བཏང་ཞིང་། སྒོར་མོ་སྐར་ལི་གང་ཡང་མེད་དུས་ལམ་ཁ་ནས་ཐ་མག་འཐེན་འཕྲོ་བཏུས་ནས་འཐེན་བཞིན་པ་མི་མང་པོས་རིག་མྱོང་ཟེར།
ཚེ་རིང་གིས་བཤད་རྒྱུར།
ཨ་ཁུ་བསམ་འགྲུབ་རྒན་རྒོན་གཉིས་ཀར་དཀའ་ལས་ལ་གཏད་མ་གཏད་ཅིག་མེད། བལྟས་བལྟས་ལ་ཨ་ཁུ་བསམ་འགྲུབ་ནི་རྒས་ཤིང་འཁོགས་པར་གྱུར་ཏེ་སྐྲ་ལོ་དཀར་པོ་གྱུར་ཅིང་། ཨ་ཡེ་སྒྲོལ་མ་ནི་མི་རིག་རིག་ཐུག་ཐུག་གི་མདུན་ནས་ངུས་ཏེ་མིག་ཀྱང་ཞར་སོང་། མི་དེ་ད་ངོ་མས་ཁྱི་སྐྱག་ཡིན་ཡ། ཡ་ཡ། དེ་བཤད་པ་ལས་ཆང་འཐུང་།
“ཁོ་ཇི་ལྟར་ཤི་སོང་བ་རེད། ”ངས་ཁོ་གཉིས་ལ་དྲིས།
“གཞེས་ནིང་གི་ལོ་གསར་ཚེས་པ་དྲུག་ཡིན་པ་འདྲ། ཡང་ན་ཚེས་པ་གསུམ་བཞི་ཙམ་ཡིན་ཡང་སྲིད། ”འཇིགས་མེད་ཀྱིས“ ཁོའི་ཁྱིམ་མཚེས་ཨ་ཁུ་ཚེ་བརྟན་གྱིས‘བཀྲ་ཤིས་ཚང་གི་དུ་ཁུང་ནང་ནས་ཉིན་འདི་ཚོར་དུ་བ་ཡོང་བཞིན་པ་མ་རིག’ཅེས་ང་བཙལ་ནས་སླེབས་བྱུང་། ངས་གྲོང་ཚོའི་ནང་གི་མི་འགའ་བོས་ཤིང་ཁོ་ཚང་གི་རྒྱ་སྒོ་ཁར་ཕྱིན་དུས་ནང་ཟྭ་བརྒྱབ་འདུག ངས་མི་ཞིག་གྱང་ཁར་འགོ་རུ་བཅུག་ནས་སྒོ་ཕྱེ། ང་ཡང་ཁོ་ཚང་ལ་ཡུན་རིང་བོ་ཞིག་ལ་སོང་མ་མྱོང་། ཁྱམས་ར་ཀུན་ཏུ་རྩྭ་ལྡུམ་སྐམ་པོ་དང་བྱ་བྲུན་གྱིས་ཁེངས་ནས་མི་ཞིག་བསྡད་མེད་པ་དང་འདྲ། ནང་དུ་སོང་བ་ན་བཀྲ་ཤིས་ཚ་ཐབ་སྟེང་ཁ་གནམ་ལ་འཁོར་ནས་ཤི་འདུག མཐའ་སྐོར་དུ་སྟབས་ཐུག་གི་ཕྱི་ཤུན་དང་། དུ་སྣེ། ཆང་དེམ་སྟོང་པ་སོགས་ཀྱིས་གཡོགས་ཏེ་ཕག་ཁང་ལྟར་ཤིན་ཏུ་རྫོབ། ངས་བེམ་པོ་གན་རྐྱལ་དུ་བསློགས་པ་ན་སྦྲང་ནག་མཐེ་བོང་འདྲ་ཞིག་ཝང་སྒྲ་དང་བཅས་འཕུར་ཡོང་། ཞིབ་ཏུ་ལྟ་དུས་གློག་གདན་བརྒྱབ་ཡོད་པས་རྒྱབ་གཞུང་ཧྲིལ་བོ་གློག་གིས་བསྲེགས་ནས་རལ་འདུག”ཟེར་བཞིན་ངོ་ལ་སྐྱུག་མེར་ལངས་པའི་རྣམ་འགྱུར་ཞིག་བསྟན་བྱུང་།
“ཡ་ཡ། ད་དེ་དག་བཤད་ནས་ཅི་བྱེད། ང་ཚོས་ཆང་འཐུང་།”ཚེ་རིང་གིས་དེ་ལྟར་ཟེར་བཞིན་འབྲུག་དཀར་ང་ལ་བཀྱགས་བྱུང་།
ང་ཚོས་དེ་ལྟར་བཀྲ་ཤིས་དང་འབྲེལ་བའི་གླེང་མོ་སྣ་ཚོགས་བྱེད་ཀྱིན་ནམ་ཕྱེད་བར་དུ་ཆང་བཏུང་། ཆང་ཇི་ལྟར་བཏུང་ནའང་ང་ལ་བཟི་སྣང་ཅུང་ཟད་ཀྱང་མེད། འཇིགས་མེད་དང་ཚེ་རིང་གཉིས་ཀ་བཟི་སྟེ་ཁ་ནས་སྐད་ཆ་ཡང་འཁྱོང་གི་མི་འདུག ངའི་སེམས་ལ་བཀྲ་ཤིས་ཀྱིས་ཁ་སྦྲེང་ཕྲོགས་རྗེས་རྣང་ཞིང་གི་བར་དུ་འབྲོ་བཞིན་པའི་སྣང་བརྙན་དེ་ཡིད་དུ་འཁོར་བྱུང་ལ། ད་དུང་ཁོ་རྫིང་བུའི་ནང་དུ་སྡོང་དུམ་ཞིག་ཡོད་པ་དེའི་འོག་ནས་ཕར་འཛུལ་ཚུར་འཛུལ་བྱེད་ཀྱིན་ང་ལ་བལྟས་ནས“ཤོག་ཡ། ཤོག་ཡ”ཟེར་བའི་རྣམ་པ་དེ་ཡང་དྲན་བྱུང་། ང་ཚོས་ཆང་འཐུང་མཚམས་བཞག་སྟེ་ཚེ་རིང་འགྲོ་ཁར་ངའི་སྐེ་ལ་དམ་དུ་འཁྱུད་ནས “སང་ཉིན་དགོང་མོ་ངེད་ཚང་དུ་འདུག ང་ཚོས་མུ་མཐུད་དུ་ཁ་བརྡ་བྱེད”ཟེར། ཚེ་རིང་སོང་རྗེས་དུས་ཚོད་ཀྱང་ཤིན་ཏུ་འགྱངས་འདུག་པས་ང་ཚོ་ཡང་ངལ་གསོ་རྒྱུར་ཁ་འཆམ།
བསོད་ནམས་དང་ངེད་གཉིས་ཉལ་ནས་ཡུན་རིང་འགོར། ངའི་ལོགས་ཀྱི་བསོད་ནམས་ཀྱིས་དབུགས་རིང་གཅིག་འཕྲོར་གཅིག་འཐེན་བྱུང་། ངས་བསོད་ནམས་ལ“ཁྱོད་གཉིད་མེད་དམ”ཞེས་དྲིས་པ་ན། ཁོས“གཉིད་མི་ཡོང་གི”ཟེར། དེ་དུས་ཕྱི་རོལ་གྱི་ཟླ་འོད་སྔས་འགྲམ་དུ་འཕྲོས་ནས་གསལ་གྱི་ལེར་སྣང་། ངེད་གཉིས་ཚ་ཐབ་སྟེང་ཁ་སྦུབས་སུ་ཉལ་ཏེ་རང་རང་སར་ཐ་མག་འཐེན།ཕྱི་རོལ་གྱི་མཚན་མོ་ནི་བཙའ་ཡིས་ཟིན་པའི་ལྕགས་ལོག་ཅིག་དང་མཚུངས་པར་དབེན་ཐིང་ངེར་འདུག ངས་ཡང་བསྐྱར་མགོ་སྔས་ཐོག་ཏུ་བཞག་ནས་མིག་བཙུམས་ཀྱང་ཀླད་པའི་ནང་དུ་བཀྲ་ཤིས་ཁོ་ན་དྲན་ཏེ་གཉིད་ནི་གང་ཞིག་ཏུ་ཞོགས་སོང……ད་ནི་ངས་ཅིས་ཀྱང་གསང་ཐབས་མི་འདུག དོ་ནུབ་བཀྲ་ཤིས་ཀྱི་གནས་ཚུལ་མཐའ་དག་རྟོགས་འཕྲལ་ངའི་ཁོག་ནས་ཡུན་རིང་རུལ་ཟིན་པ་གང་དེ་སླར་ཡང་གསོན་བྱུང་སྟེ། ངའི་ཕ་རྒན་གྱིས་དེ་སྔ་ང་ལ“དོན་དག་དེ་ཁྱོད་ཀྱིས་ཤེས་པས་ཆོག ཁྱོད་ཀྱིས་ཁོག་ནས་རུལ་དགོས”ཟེར་མོད། དོན་དག་གང་ཞིག་བྱུང་ཟིན་ཚེ་ཁོག་ལ་ཇི་ལྟར་བཅུག་ཀྱང་རུལ་ནས་རྩ་མེད་དུ་འགྱུར་མི་སྲིད།
དེ་ནི་དམའ་འབྲིང་མཐར་ཕྱིན་པའི་ལོ་དེ་ཡིན། ལོ་དེར་ང་ཚོའི་གྲོང་ཚོའི་ནང་མཐོ་འབྲིང་དུ་རྒྱུགས་སྤྲོད་མཁན་འཇིགས་མེད་དང་བཀྲ་ཤིས། ངེད་གསུམ་པོ་ཡིན།ཡིན་ནའང་འཇིགས་མེད་ངེད་གཉིས་མཐོ་འབྲིང་དུ་རྒྱུགས་མ་འཕྲོད། རྗེས་སུ་ངའི་ཕ་རྒན་གྱིས་སློབ་གསོ་ཅུད་ཀྱི་འགོ་ཁྲིད་ཅིག་ལ་རྒྱུ་བརྫངས་པས་ང་རང་མཐོ་འབྲིང་འགྲིམ་པའི་སྐལ་བ་ལྡན་སོང་། ཡིན་ནའང་བཀྲ་ཤིས་ཀྱི་སྐར་མ་སྔོན་ལ་བསྒྲགས་པ་ནོར་སོང་ཞེས་ཁོ་མཐོ་འབྲིང་དུ་ཞུགས་པའི་གོ་སྐབས་མེད་པར་བྱས། རྗེས་སུ་ཧ་གོ་དུས་ངས་བཀྲ་ཤིས་ཀྱི་སྐལ་ཕྲོགས་ཏེ་མཐོ་འབྲིང་དུ་ཞུགས་པ་ཡིན་འདུག གལ་ཏེ་ཁོ་ཚོས་སྐར་གྲངས་ལ་སྣོག་བརྒྱབ་མེད་ཚེ་མཐོ་འབྲིང་དུ་འགྲིམ་མཁན་ང་མིན་པར་བཀྲ་ཤིས་ཡིན། གལ་ཏེ་བཀྲ་ཤིས་མཐོ་འབྲིང་དུ་འགྲིམ་ཡོད་ཚེ་ཁོ་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད་པ་ཁོ་ཐག་ཡིན། གལ་ཏེ་ཁོ་སློབ་ཆེན་འགྲིམ་ཡོད་ཚེ……
ངས་དེ་ལྟར་དྲན་པ་ན། ང་ནི་མལ་སའི་ནང་གན་རྐྱལ་དུ་ལོག་ནས་སྡོད་མི་ཚུགས་པར་གྱུར། ང་ཡར་ལངས་ཏེ་སྒོར་བུད་པ་ན་ནམ་མཁའི་དབྱིངས་སུ་སྐར་ཚོགས་ཁྲ་ཆིལ་ལེར་འདུག ང་གྲོང་ཚོའི་རུ་བར་བརྒྱུད་དེ་གྲོང་འདབས་ཀྱི་རྫིང་བུའི་ཁར་ཕྱིན་པ་ཡིན། ཆུང་དུས་སུ་རྫིང་བུ་འདིའི་འགྲམ་དུ་ང་ཚོས་དགོད་སྒྲ་ཅི་འདྲའི་མང་པོ་ཞིག་བསྒྲགས་མྱོང་ཨང་། རྫིང་བུ་ནི་སྔོན་གྱི་ཁ་མལ་དུ་ཡོད་ཅིང་དེ་སྔ་དང་བསྡུར་ན་རྒྱ་ཇེ་ཆེར་བཏང་འདུག ངས་རྫིང་བུར་ལྟ་སྐབས་མིག་ལམ་དུ་བཀྲ་ཤིས་སྡོང་དུམ་གྱི་འོག་ནས་ཕར་འཛུལ་ཚུར་འཛུལ་བྱེད་ཀྱིན་ང་ལ“ཤོག་ཡ། ཤོག་ཡ”ཟེར་བའི་རྣམ་པ་དེ་མངོན་སུམ་ལྟར་ཤར་ཡོང་། ང་རྫིང་བུའི་འགྲམ་གྱི་དེའུ་འབུར་སྟེང་ཙོག་ཅིང་ཐ་མག་རྐང་གཅིག་ལ་མེ་ཁ་བསྒོས། དེའུ་འབུར་དེའི་སྟེང་ནས་གཤམ་དུ་བལྟས་ཚེ། ཁོ་ར་ཁོར་ཡུག་ནི་ལག་མཐིལ་དུ་བླངས་པ་དང་དབྱེར་མ་མཆིས། ང་དེ་ལྟར་འདང་རྒྱག་གི་གཡང་དུ་ལྷུང་ནས་སྡོད་དུས། ཁ་གཏད་ཀྱི་རི་བོའི་མུ་རྒྱུད་ནི་གྱད་མི་ཞིག་གློ་ཉལ་བྱས་ནས་ང་ལ་ཅེར་འདུག་པ་དང་མཚུངས། ངའི་ཀླད་པའི་ནང་དུ་ང་དང་བཀྲ་ཤིས་བར་གྱི་འདས་སོང་གི་གཏམ་རྒྱུད་དག་གློག་བརྙན་གྱི་འཁྲབ་ཚན་རེ་རེ་བཞིན་ཤར་བྱུང་།
མཆན།
① ཧོ་ལང་ཙི། ལྡེམ་ཁུར་ཚོང་པ་སྟེ་རྒྱ་སྐད་ཀྱི“货郎子”ཞེས་པའི་སྒྲ་སོར་བཞག་བྱས་པ་ཡིན།
② ཏིས་པོ། མ་མཐའི་འགན་སྲུང་སྟེ་རྒྱ་སྐད་ཀྱི“低保”ཞེས་པའི་སྒྲ་སོར་བཞག་བྱས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།