སྐལ་རྒྱམ་གྱི་ལྷུག་རྩོམ་གསར་པ། ཨ་ཡེ་ཀླུ་བྷ།

རྩོམ་པ་པོ།:སྐལ་རྒྱམ། ཡོང་ཁུངས།:སྦྲང་ཆར། དུས་ཚོད།:2023-04-24 09:08:12 ཀློག་གྲངས།:
ཨ་ཡེ་ཀླུ་བྷ།
                                               —འཇིག་རྟེན་ཨ་མ་ཞིག་གི་རླབས་ཆེ་བའི་བརྩེ་བ་རྗེས་སུ་དྲན་པ།
སྐལ་རྒྱམ།
       ང་གྲོང་ཚོའི་བཅའ་སྡོད་ལས་དོན་དུ་ཡོང་ནས་ཟླ་ངོ་ལྔ་ལྷག་འགོར་ལ། ད་ནི་གནས་འདིའི་འབྲོག་པ་མང་ཚོགས་དང་རི་ཆུ་རྩྭ་ཐང་ལ་གཞི་ནས་གོམས་ལོབས་སུ་གྱུར། སྤྱིར་རང་ཉིད་བཅའ་སྡོད་བྱེད་སའི་བྱང་ཐང་སྦྲ་ཆེན་ཡུལ་གྱི་གྲོང་ཚོ་འདི་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་མ་ཟད། ལྷ་ས་ནས་སྤྱི་ལེ་བདུན་བརྒྱ་ལྷག་གི་ལམ་ཐག་ཡོད་པས། ང་ཚོའི་ལས་ཁུངས་ཀྱི་ལས་གྲོགས་སུ་ཡིན་ཡང་གནས་འདིར་འགྲོ་བར་ཧ་ཅང་མོས་པ་མི་འདུག ཡིན་ནའང་ཆུང་དུས་སུ་འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་རང་ཉིད་ལ་མཚོན་ན། འབྲོག་ཕྱོགས་སུ་བཅའ་སྡོད་བྱེད་དུ་འགྲོ་བ་དེ་ནི། བྱིས་དུས་ཀྱི་འཚོ་བར་ཕྱིར་རྟོག་ཐེངས་ཤིག་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཏུ་ངོས་འཛིན་གྱིན་ཡོད་པས་ཤིན་ཏུ་དགའ་མོས་ཡོད། དེ་སྔོན་སྟོད་མངའ་རིས་ཡུལ་གྱི་འབྲོག་སྡེ་ཞིག་ལའང་རང་འགུལ་གྱིས་སོང་སྟེ་སྔ་ཕྱིར་ལོ་གཅིག་ལྷག་ལ་བསྡད་པ་ཡིན། ལྷག་པར་ཐེངས་འདིའི་བཅའ་སྡོད་དུས་ཡུན་དེ་ཏག་ཏག་དབྱར་ལྗོངས་སུ་ཁེལ་འདུག་པས། བྱང་ཐང་སྦྲ་ཆེན་ཡུལ་གྱི་རི་ཆུའི་མཛེས་ལྗོངས་དང་འབྲོག་མིའི་ལྷད་མེད་ཀྱི་འཚོ་བས་རང་གི་ལུས་སེམས་གཉིས་ཀར་བདེ་སྣང་ཞིག་སྦྱིན་ཡོང་།
       དེ་རིང་ཡང་ངས་ནམ་རྒྱུན་ལྟར་གྲོང་ཚོའི་བཅའ་སྡོད་ཀྱི་ཉིན་གཅིག་གི་འཚོ་བ་དེ་ཞོགས་པའི་ལུས་སྦྱོང་ནས་མགོ་བརྩམས་ཤིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་གཞུང་ལམ་དེད་དེ་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་འདུར་རྒྱུག་བྱེད་མགོ་བརྩམས། མདང་དགོང་ཆར་བ་བབས་པས་དེ་རིང་གི་གནམ་གཤིས་ཧ་ཅང་དྭངས་ཤིང་།  མཐིང་མདོག་གི་མཁའ་དབྱིངས་སུ་སྤྲིན་དཀར་ཀྱི་འདབ་མས་སྦྲ་གུར་ཕུབ་ལ། ཞོགས་པའི་ཉི་ཟེར་གྱི་ཐུ་འོག་ཏུ་ནེམ་ལྗང་གི་རྩྭ་ཐང་ནི་བྱ་བྱིའུ་སྐད་སྙན་གྱིས་ཡོངས་སུ་བྲན་པས་ཅི་འདྲའི་སྐྱིད་པ་ལ་ཨང་། ང་རྒྱུག་མ་འདུར་གྱིས་སྤྱི་ལེ་གཉིས་ཙམ་ཀྱི་མཚམས་སུ་ཡོད་པའི་ཟམ་ཁར་སླེབ་ལ་ཉེ་དུས་སྐད་འཕྲིན་གྱི་བརྡ་དེ“ཏིང”ཞེས་གྲག་བྱུང་བས། གོམ་སྟབས་ཇེ་དལ་དུ་བཏང་སྟེ་ལྟ་ཙམ་བྱས་པ་ཡིན། མ་གཞིར་ཕ་ཡུལ་གྱི་ཕུ་བོ་རྒན་པས་སྐད་ཅིག་བཞག་འདུག་ལ། ལམ་སང་ཁ་པར་རྣ་རྩར་གཏད་དེ་ཞིབ་ཉན་བྱས་པ་ན། “ཅི་ཞིག་བྱེད་ཀྱིན་ཡོད། ཕ་ཡུལ་དུ་དོན་རྐྱེན་ཞིག་བྱུང་འདུག ཨ་ཡེ(ཨ་ཕྱི་དང་དོན་འདྲ)ཀླུ་བྷ་མདང་ནུབ་མ་འཚམས་ཐལ”ཟེར། ཟླ་འགའི་སྔོན་ནས་ཨ་ཡེ་ཀླུ་བྷར་ནད་གཞི་ལྕི་མོ་ཞིག་བྱུང་ཡོད་པ་ཤེས་ལ། ཁ་པར་གྱི་ལམ་ནས་འཚམས་འདྲིའང་ཐེངས་ཁ་ཤས་ལ་བྱས་མོད། ཡིན་ནའང་ཕུ་བོའི་སྐད་ཆ་དེ་གོ་མ་ཐག་ལུས་སེམས་གཉིས་ཀར་སྨྲ་བརྗོད་འདས་པའི་སྐྱོ་སྣང་ཞིག་སྐྱེས་ཤིང་། ཕུ་བོ་ལ་བརྡ་ལན་སྟབས་བདེ་ཞིག་བྱིན་རྗེས་ཁ་ཕྱིར་འཁོར་ཏེ་རང་ཉིད་ཀྱི་སྡོད་ཤག་ཏུ་ལོག་པ་ཡིན། རེད་ཡ། དེ་སྔོན་མོར་ཁ་པར་རྒྱག་དུས་རྗེས་མ་འཁོར་ཞག་གི་ཁོམ་སྐབས་ཤིག་དང་བསྟུན་ཏེ། ཆེད་དུ་དགོན་པར་སྐོར་ཞིག་བརྒྱག་ཏུ་ཡོང་ངེས་ཞེས་ལབ་པ་དེའང་། ད་ནི་ཁ་ཡག་ཙམ་དུ་གྱུར་པས་དངོས་གནས་ནོངས་འགྱོད་ཆེན་པོ་ཞིག་སྐྱེ་ཡོང་།
       ཡ་ཨེ་ཀླུ་བྷ་ནི་ང་ཚོའི་སྡེ་བའི་ཆེས་སྤྱིར་བཏང་གི་ཨ་ཡེ་རྒན་མོ་ཞིག་ཡིན་ལ། ད་ལོ་རང་ལོ་བདུན་ཅུ་ལྷག་ཡིན་ཞིང་། བྲག་དཀར་རྫོང་གི་དགོན་པ་ཞིག་ཏུ་སོང་སྟེ་ཇོ་མོ་བྱས་ནས་ལོ་ངོ་གཅིག་ལྷག་མ་གཏོགས་འགོར་མེད། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྐབས་སུ། མོ་ཚང་ནི་ང་ཚོའི་སྡེ་བར་མཚོན་ན་བུ་རྒྱུ་གཉིས་ཀ་འཛོམས་པའི་ཁྱིམ་གཞིས་ཆེ་གྲས་སུ་གཏོགས་ཏེ། ཁོང་རྒན་རྒོན་གཉིས་ལ་བུ་ལྔ་དང་བུ་མོ་གཅིག་ཡོད་ཅིང་། རྟ་ནོར་ལུག་གསུམ་ཡང་མང་ཙམ་ཡོད། བུ་ཕྲུག་ཚང་མ་གཉོམ་ལག་རྒྱས་རྗེས། བུ་རྒན་པ་གཉིས་ལ་མནའ་མ་བླངས་ནས་ཁྱིམ་གཞིས་ལོགས་སུ་བཙུགས་ཏེ། རེ་རེའི་མགོ་ལ་ཁང་མིག་གྲུ་བཞི་དང་ཕྱི་རུ་གཡང་ར་སྒོ་བཞི་བཀོད་ཅིང་། བྱིས་པ་གཞན་དག་རྣམས་ཀྱང་རིམ་བཞིན་བྱ་ཚང་གཅིག་གི་བྱིའུ་རེ་རེར་གཤོག་རྩལ་རྒྱས་པ་ནང་བཞིན་རང་མལ་རང་གིས་བཙལ་ཏེ་སོ་སོར་ཆས་པས། ཁོང་རྒན་རྒོན་གཉིས་ལ་མཚོན་ན་འཇིག་རྟེན་ཕ་མ་ཞིག་གི་འོས་འགན་མཐའ་དག་གྲུབ་པར་བྱས་ལ། ཁོང་རྒན་རྒོན་གཉིས་ཀ་བུ་རྒན་པ་རེ་རེའི་ཁྱིམ་དུ་བསྡད་དེ་ཚེ་མཇུག་གི་བདེ་སྐྱིད་འཚོ་བ་རོལ་མགོ་བརྩམས་ཡོད། ཡིན་ནའང་། ལས་བསམས་སར་མི་འགྲོ་གསེག་སར་འགྲོ་ཟེར་བའི་ཁ་དཔེ་ལྟར། ཁྱིམ་གཞིས་གཉིས་སུ་བགོས་ཏེ་ལོ་ངོ་གསུམ་ལྷག་གི་རྗེས་སུ་མོའི་བུ་འབྲིང་བ་དེ་གློ་བུར་བའི་དོན་དག་ཅིག་ལ་རྐྱེན་བྱས་ཏེ་རང་སྲོག་རང་གིས་བཅད་པས། ཨ་ཡེ་ཀླུ་བྷ་ཚང་སྡུག་གི་རྒྱ་མཚོར་ལྷུང་ཞིང་། མོའི་ལོ་ན་ཧ་ཅང་ཆུང་བའི་ཚ་བོ་དང་ཚ་མོ་གཉིས་ཀའང་དྭ་ཕྲུག་ཏུ་གྱུར། སྒོས་སུ་དོན་རྐྱེན་དེ་བྱུང་ནས་ལོ་ངོ་གསུམ་ཙམ་གྱི་རྗེས་སུ་བྱིས་པ་གཉིས་ཀྱི་ཨ་མའང་ཡང་བསྐྱར་གནས་ཡུལ་འགྲིམས་སོང་བས། ཁྱིམ་གཞིས་ཆུང་ཆུང་འདིའི་སྐྱིད་སྡུག་ཡོད་ཚད་ཨ་ཡེ་ཀླུ་བྷའི་ཕྲག་ཏུ་ལྷུང་།
       སྐབས་དེར་ཁོ་མོའི་བུ་རྒན་པས་ཨ་མར་ཁྱིམ་ཚང་གཉིས་ཀ་ཕྱིར་མཉམ་བསྲེས་བྱས་ཏེ། རང་ཉིད་ཀྱིས་ཨ་མ་དང་ཚ་བོ་ཚ་མོ་གཉིས་སྙོར་སྐྱོང་བྱ་འཆར་ལབ་པ་དང་། ཤ་རུས་ཉེ་འབྲེལ་རྣམས་ཀྱིས་ཀྱང་དེ་ལྟར་བྱས་ན་ལེགས་ཚུལ་གྱི་གནས་ལུགས་མང་དུ་བཤད་ཀྱང་མོས་དོན་དེ་གཏན་ནས་དང་ལེན་མ་བྱས། ང་ལ་མཚོན་ན་དེའི་དུས་སུ་སློབ་འབྲིང་སློབ་མ་ཞིག་ཡིན་པས། གནས་ཚུལ་དེའི་ཕྱི་ནང་གསལ་བོ་མི་ཤེས་མོད། ཨ་ཡེ་ཀླུ་བྷའི་མནའ་མས་རང་གི་བུ་ཕྲུག་གཉིས་བསྐྱུར་ནས་གནས་ལ་སོང་བ་དེ་ཅུང་མི་འགྲིག་པར་སྙམ་མྱོང་། དུས་དེ་ནས་བཟུང་ཨ་ཡེ་ཀླུ་བྷས་བྱིས་པ་གཉིས་ཀྱི་མདུན་ལམ་དང་། ཁྱིམ་གཞིས་ཆུང་ཆུང་འདིའི་འཚོ་ཚིས་ཀྱི་ཆེད་དུ་དཀའ་སྡུག་གི་འཚོ་བ་མྱང་མགོ་བརྩམས་པ་རེད།
       སློབ་གྲྭའི་དགུན་གནང་སྐབས་ཀྱི་ཉིན་ཞིག་ལ། ཨ་ཡེ་ཀླུ་བྷ་དོན་དག་ཕྲན་ཚེགས་ཤིག་གི་ཆེད་ངེད་ཚང་དུ་ཡོང་ཞིང་། ཉིན་དེར་ངའི་ཨ་མ་དང་མོ་གཉིས་ཀྱིས་ཁ་བརྡ་མང་པོ་བྱས་ལ། དེ་དག་ལས་ཨ་ཡེ་ཀླུ་བྷའི་སྐད་ཆ་ཁ་ཤས་ཀྱིས་ཕྲན་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། སྐད་ཆ་དེ་དག་མདོར་དྲིལ་ན་འདི་ལྟ་སྟེ། དེ་སྔོན་བུ་རྒན་པ་བཟའ་ཟླ་གཉིས་གཙོས་པའི་ཤ་རུས་ཉེ་འབྲེལ་ཚང་མས་ཡང་དང་བསྐྱར་དུ་ཁྱིམ་ཁ་གཉིས་ཕྱིར་མཉམ་བསྲེས་བྱས་ན་ལེགས་ཚུལ་དང་། ངེད་མ་བུ་གསུམ་འདི་ལྟར་བསྡད་ན་དཀའ་ངལ་ཆེ་ཚུལ། མི་གཞན་གྱིས་བལྟས་ནའང་མི་ཁ་འཁོར་ཚུལ་སོགས་མང་དུ་བཤད་ལ། དེ་ནི་ཚང་མས་ང་ལ་ཤ་ཚ་བའི་སྐད་ཆ་ཡིན་པ་ངས་ཀྱང་གསལ་པོ་ཤེས་མོད། ཡིན་ནའང་། ངས་བྱིས་པ་གཉིས་བསྲུངས་ནས་ཁྱིམ་གཞིས་ཆུང་ཆུང་འདིར་འདུག་དགོས་པར་རང་ཉིད་ལའང་རྒྱུ་མཚན་ཡོད། ཚ་བོ་ཚ་མོ་གཉིས་ལས་ངན་ཡིན་པ་ཚང་མས་མཐོང་གསལ་ལྟར་རེད། དེ་བས་ངས་རང་ནུས་ཅི་ལྕོགས་ཀྱིས་འདི་གཉིས་སློབ་གྲྭར་བསྐྱལ་ཏེ། ཁོ་གཉིས་ཀྱི་མི་ཚེ་འདིར་ང་རང་ནང་བཞིན་སྒོ་ཕྱུགས་འཚོས་ཏེ་དཀའ་སྡུག་མྱོང་དུ་འཇུག་མི་འདོད་ལ། ཁྱིམ་ཚང་གཉིས་ཕྱིར་མཉམ་བསྲེས་བྱས་ན། ངའི་བསམ་ཚུལ་ཇི་བཞིན་ལེགས་འགྲུབ་འབྱུང་མིན་ལའང་སེམས་ཁྲེལ་ཆེ་བས། ངེད་མ་བུ་གསུམ་འདི་ལྟར་འདུག་རྒྱུར་སེམས་ཐག་བཅད་པ་ཡིན། སྤྱིར་ན་བྱིས་པ་གཉིས་སློབ་གྲྭར་བསྐྱལ་ཏེ་རང་གཅིག་པུས་ནོར་ལུག་འཚོ་སྐྱོང་བྱས་ན་དཀའ་སྡུག་ཧ་ཅང་ཆེ་མོད།  བྱིས་པ་གཉིས་ཀྱི་ཆེད་དུ་རང་ཉིད་མ་ཤི་བར་དུ་དཀའ་ངལ་ཅི་ཙམ་མྱང་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་ཟེར། སྐབས་དེར་ངར་ངང་ངམ་ཤུགས་ཀྱིས་ཨ་ཡེ་རྒན་མོའི་ཕུགས་བསམ་དང་སྙིང་སྟོབས་ལ་ཡིད་འགུལ་ཐེབས་ཤིང་། ངས་རང་དབང་མེད་པར“བྱིས་པ་གཉིས་ཀྱི་ཨ་མ་གནས་ཡུལ་འགྲིམས་མེད་རྒྱུ་ན། ཁྱེད་ལ་དེ་འདྲའི་དཀའ་ཁག་ཡོད་པ་མ་རེད”ཅེས་ལབ་པ་ཡིན། ཨ་ཡེ་ཀླུ་བྷས་འཛུམ་མདངས་དང་བཅས་ང་ལ། “མནའ་མ་གནས་ལ་བརྫངས་མཁན་ནི་ང་ཡིན་ཏེ། བུ་འབྲིང་བ་ཚེ་ལས་འདས་ནས་ལོ་གཅིག་ལྷག་འགོར་རྗེས། ངས་རྟག་ཏུ་མནའ་མར་མོ་ད་དུང་རང་ལོ་ཉི་ཤུའི་ནང་དུ་ཡོད་པས། ཡིན་གཅིག་མིན་གཉིས་བཟའ་ཟླ་ཞིག་བཙལ་དགོས་ཚུལ་དང་། བྱིས་པ་གཉིས་ལ་སེམས་ཁྲེལ་ཅི་ཡང་བྱ་མི་དགོས་ཚུལ། ངེད་ཚང་ལ་མག་པར་ཡོང་མཁན་ནི་ཕལ་ཆེར་མེད་ཀྱང་། ཁྱོད་རང་མནའ་མར་དགོས་མཁན་ནི་ཡོད་ཐག་ཆོད་ཡིན་ཚུལ་སོགས་ཀྱི་སློབ་གསོ་བཏང་བ་ཡིན། དེ་ནི་ངའི་སེམས་གཏིང་གི་དྲན་ཚུལ་ངོ་མའང་ཡིན། གལ་ཏེ་མནའ་མས་ང་དང་བྱིས་པ་གཉིས་ཀྱི་དཀའ་སྡུག་ཁོ་ནར་བསམས་ཏེ། མི་ཚེ་ཧྲིལ་བོར་ཁེར་རྐྱང་གིས་སྐྱེལ་པ་ཡིན་ན། ང་སྒེར་སེམས་ཆེ་སོང་བ་མ་ཡིན་ནམ། དེའི་རྗེས་སྟབས་ལེགས་པ་ཞིག་ལ། མནའ་མའང་ད་ལྟའི་གནས་ས་འདིར་ཕྲད་པས་ང་རང་ཧ་ཅང་དགའ་པོ་བྱུང་། མནའ་མ་གནས་ལ་འགྲོ་ཁར་ཡང་ངས་མོར་བྱིས་པ་གཉིས་གནས་ཡུལ་དུ་ཁྲིད་ན། ཁྱོད་དཀའ་ཁག་མང་པོར་འཕྲད་ཚུལ་དང་། ང་མ་ཤི་བར་དུ་བྱིས་པ་གཉིས་ལ་སེམས་ཁྲེལ་ཅི་ཡང་བྱ་མི་དགོས་ཚུལ། ཁྱོད་གནས་ལ་སོང་སྟེ་འགྲིག་མཐུན་སྒོས་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་ནི་ངའི་ཆེས་ཆེ་བའི་རེ་བ་ཡིན་ཚུལ་སོགས་མང་བོ་ཞིག་བཤད་པ་ཡིན་ལ། ད་ལྟ་དངོས་གནས་གནས་ཡུལ་དུ་འགྲིག་པོ་མཐུན་པོ་ཡིན་པས། ང་ལ་མཚོན་ན་དེ་ལས་ལྷག་པའི་བདེ་སྐྱིད་ཅིག་མེད”ཟེར། སྐབས་དེར་ངའི་སེམས་སུ་མོ་ནི་ཅི་འདྲའི་སེམས་རྒྱ་ཆེ་ཞིང་བྱང་སེམས་ལྡན་པ་ཞིག་རེད་ཨང་སྙམ། དེ་སྔོན་རང་ཉིད་ཀྱི་ཨ་ཡེ་ཀླུ་བྷའི་མནའ་མ་གནས་ལ་སོང་བའི་ཐད་ཀྱི་བསམ་ཚུལ་དེ་ནི། མོའི་བསམ་བློ་དང་བསྡུར་ཚེ་ཅི་འདྲའི་སྒེར་སེམས་ཆེ་ཞིང་གུ་དོག་པ་ཞིག་རེད་ཨང་སྙམ།
       2007ལོའི་ཡས་མས་ཤིག་ལ། ཨ་ཡེ་ཀླུ་བྷའི་བུ་དགོན་པར་རབ་བྱུང་བསྒྲུབས་ཡོད་པ་དེ་སྐྱ་སར་བབས་ཤིང་། ཁོ་སྐྱ་སར་བབས་པའི་གནས་ཚུལ་དེ་ནི་སྤྱིར་བཏང་དུ་དེ་འདྲའི་ལེགས་པོ་ཞིག་ཏུ་བརྩི་མི་རུང་ནའང་། ཨ་ཡེ་ཀླུ་བྷར་མཚོན་ན་ཁྱིམ་ཚང་གི་ཁག་ཁུར་ལེན་མཁན་ཞིག་བྱུང་བས། སྡེ་མི་ཚང་མས་མ་བགྲོས་རང་མཐུན་གྱིས་རྐྱེན་ངན་གྲོགས་སུ་གྱུར་ཚུལ་བཤད། ཏག་ཏག་ལོ་དེའི་ཕྱི་ལོའི་ལོ་གསར་གྱི་སྐབས་སུ་ང་རང་ཕ་ཡུལ་དུ་ལོག་ཅིང་། རྒྱ་ལོའི་ཚེས་པ་ལྔའི་ཉིན་ཨ་ཡེ་ཀླུ་བྷས་ཤ་རུས་ཉེ་འབྲེལ་སྐོར་ཞིག་བསྡུས་ཏེ། དོན་དག་ཅིག་ལ་གྲོས་བསྡུར་བྱ་རྒྱུ་ཡོད་ཟེར་བས་ངའང་ཆེད་དུ་སོང་བ་ཡིན།
       མ་གཞིར་ཨ་ཡེ་ཀླུ་བྷས་སྐྱ་སར་བབས་པའི་བུ་དེ་བྲག་དཀར་རྫོང་གི་སྡེ་བ་ཞིག་ལ་མག་པ་སྟེར་གྲབས་བྱེད་ཀྱིན་འདུག་ལ། ཉིན་དེར་བར་བ་རྒད་པོའང་ཡོང་རྒྱུར་གྲོས་ཐག་བཅད་འདུག སྐབས་དེར། དེར་ཡོད་ཀྱི་ཉེ་འབྲེལ་ཚང་མས་བུ་དེ་མག་པར་སྟེར་མི་རུང་ཚུལ་དང་། ཉེ་འབྲེལ་ཚང་མས་རམ་འདེགས་བྱས་ཏེ། མནའ་ཞིག་བླངས་ན་ལེགས་ཚུལ་སོགས་མང་དུ་བཤད་ལ། རྒན་རྒོན་འགའ་ཞིག་གིས་ཨ་ཡེ་ཀླུ་བྷར་སྡིགས་མོའང་བྱས། ཡིན་ནའང་ཨ་ཡེ་ཀླུ་བྷས་ཨུ་ཚུགས་མཐར་སྐྱེལ་སྒོས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་བརྗོད་པ་སྟེ། “སྤྱིར་ངས་ཀྱང་བུ་འདིར་མནའ་མ་ཞིག་བླངས་ཏེ་རང་ཁྱིམ་ནས་ཉར་ན་ལོས་འདོད། དེ་ལྟར་བྱས་ན་རང་ཉིད་ཀྱི་འགན་འཁུར་ཇེ་ཡང་དུ་འགྲོ་བའང་ལོས་ཤེས། ཡིན་ནའང་ངའི་བུ་གཉིས་སྔ་རྗེས་སུ་རྐྱེན་ལམ་དུ་ཤོར་བ(བུ་གཉིས་པ་དང་བཞི་བ་གཉིས་སྔ་ཕྱིར་ཚེ་ལས་འདས)ནས། ངས་ནམ་རྒྱུན་དོན་རྐྱེན་འདི་ནི་རང་གི་སྔོན་བསགས་ཀྱི་ལས་དབང་དང་ཁྱིམ་གཞི་འདིའི་གོད་ཆག་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་དོགས་པ་ཟོས་མྱོང་ལ། ད་ལྟ་བུ་འདིའང་རང་ཁྱིམ་དུ་ཉར་ན་གེགས་རྐྱེན་རེ་མི་འབྱུང་ངམ་སྙམ་ནས་ཧ་ཅང་སྐྲག མགོ་སྐྲ་དཀར་པོས་མགོ་སྐྲ་ནག་པོ་སྐྱེལ་པའི་སེམས་ངལ་དེ་ཁྱེད་ཚོས་རྟོགས་མི་ཐུབ། དེ་བས་དུད་ཁྱིམ་གཞན་ཞིག་ལ་སོང་ན་གེགས་དང་བར་ཆད་སེལ་བར་ཕན་ཙམ་ཨེ་ཐོགས་སྙམ་ནས། ཁོ་མག་པར་སྟེར་རྩིས་བྱས་པ་ཡིན། འུ་ཅག་ཕ་མ་ཞིག་ལ་མཚོན་ན་རང་གི་བུ་ཕྲུག་ཚོ་ཚེ་རིང་ནད་མེད་ཀྱིས་འཚོ་བ་ལས་ལྷག་པ་ཞིག་མེད་པས། རང་ཉིད་ཀྱི་དཀའ་སྡུག་ཅི་ཙམ་མྱང་དགོས་ཀྱང་འགྱོད་པ་ཅི་ཡང་མེད། ཡང་གཅིག་བཤད་ན། ངས་འདི་ལྟར་བྱེད་པ་ནི་ཐབས་ཟད་འུ་ཐུག་གི་གདམ་ཀ་ཞིག་ཡིན་ལ། རང་ཉིད་རང་ལ་ཡིད་ཆེས་མེད་པའི་གླེན་རྟགས་ཤིག་ཀྱང་ཡིན་སྲིད་མོད། ཡིན་ནའང་འཇིག་རྟེན་ཨ་མ་ཞིག་གིས་བུ་ཕྲུག་ཚོར་བཟུང་བའི་ལྷག་བསམ་ནི་རྣམ་དག་ཅིག་ཡིན་པས། ཁྱེད་ཚོས་ཀྱང་ངའི་ཁ་ཐོག་ཏུ་འཇོག་རྒྱུ་ནི་རང་གི་རེ་བ་ཉག་གཅིག་ཡིན”ཟེར། སྐབས་དེར། དེར་ཡོད་ཀྱི་ཉེ་འབྲེལ་རྣམས་གྲགས་འགུལ་ཇི་ཡང་མེད་པར་ལྷིང་འཇགས་ངང་ཡུན་རིང་བོར་ལུས་ཤིང་། ཐབ་འགྲམ་གྱི་བུད་མེད་འགས་མིག་ཆུ་འབྱིད་ཞོར་ཁྱིམ་ལས་ཙག་ཙིག་ལ་བྲེལ་བར་བྱེད།
       2014ལོའི་ལོ་གསར་གྱི་རྗེས་སུ་ངས་ཨ་མ་དང་ཨ་ཡེ་ཀླུ་བྷ། ཨ་ཅེ་བཅས་ཁྲིད་དེ་མདོ་སྨད་ཀྱི་བྱང་གི་དགོན་ཆེན་བཞི་དང་། རོང་བོ་དགོན་ཆེན། བླ་བྲང་བཀྲ་ཤིས་འཁྱིལ། གཙོས་སྲས་མཁར་དགུ་ཐོག་སོགས་སུ་གནས་སྐོར་དུ་ཕྱིན་པ་ཡིན་ལ། བདག་གི་འོས་འགན་གཙོ་བོ་ནི་ཁོ་ཚོར་རླངས་འཁོར་གཏོང་རྒྱུ་དང་། ཞོར་དུ་མདོ་སྨད་ཨ་མདོའི་ཕྱོགས་ཀྱི་དགོན་སྡེ་གཙོ་བོ་དེ་དག་གི་ལོ་རྒྱུས་རིག་གནས་ལ་ཡུལ་དངོས་རྟོག་དཔྱོད་ཅིག་བྱ་བསམས་པ་ཡིན། ཉིན་བཞི་ཙམ་གྱི་རིང་ལ་ང་ཚོར་སེམས་ལྷོད་ལྷོད་ངང་སྟོད་དབུས་ཚང་ནས་སྨད་ཨ་མདོའི་ཕྱོགས་ཀྱི་ཁ་བརྡའང་མང་པོ་ཞིག་བྱེད་པའི་གོ་སྐབས་བྱུང་ཞིང་། ཁ་བརྡའི་བར་མཚམས་ཤིག་ནས། མིག་སྔར་ང་ཚོའི་སྡེ་བར་ཟླ་བ་རེ་རེའི་དུས་ཆེན་ལ་ཤ་མི་ཟ་བའི་མི་མང་ཚུལ་གྱི་སྐོར་ཡང་གླེང་། སྐབས་དེར་ངའི་སེམས་སུ་ཨ་ཡེ་ཀླུ་བྷས་ལོ་མང་པོའི་སྔོན་ནས་ཤ་བཅད་ཡོད་པ་དྲན་པས། “ཨ་ཡེ་ཁྱེད་ནི་དངོས་གནས་ངར་བ་རེད། ད་ལྟ་དུས་ཆེན་ལ་ཤ་མི་བཟའ་མཁན་མང་ནའང་།
       ཁྱེད་རང་ལྟར་རྒྱུན་ཤ་བཅད་ཡོད་པ་ནི་ཉུང་ཉུང་རེད”ཅེས་བཤད་པ་ཡིན། ཨ་ཡེ་ཀླུ་བྷས“རེད་ཡ། ངས་རྒྱུན་ཤ་བཅད་ནས་ལོ་ངོ་བཅུ་ལྷག་འགོར་ཡོད་པ་རེད། ཡིན་ནའང་རང་ཉིད་ཀྱིས་དང་ཐོག་ཤ་བཅད་པ་ནི་དངོས་ནས་ཤ་ཟ་འདོད་མ་བྱུང་བས་མ་ཡིན་ཏེ། མ་གཞི་ང་ནི་ཤ་ལ་ཧ་ཅང་དགའ་བོ་ཡོད། དེ་བཞིན་སེམས་གཏིང་ནས་ངེས་འབྱུང་ཆེན་པོ་ཞིག་སྐྱེས་ཏེ་ཤ་བཅད་པའང་མིན། གཙོ་བོར་དེ་སྔོན་ངའི་བུ་གཉིས་སྔ་རྗེས་སུ་རྐྱེན་ལམ་དུ་ཤོར་བ་ནས། རང་ཉིད་ལ་སེམས་སྡུག་ཆེན་པོ་ཞིག་བྱུང་ཞིང་། ད་ཡོད་ཀྱི་བུ་ཕྲུག་གཞན་དག་གི་བདེ་སྡུག་ལའང་སེམས་ཁྲེལ་བྱས་པ་ཡིན། ཡིན་ནའང་རང་ཉིད་ཨ་ཡེ་རྒན་མོ་ཞིག་གིས་བྱིས་པ་ཚོའི་གེགས་དང་བར་ཆད་ཇི་ལྟར་བཟློག་པ་ལ། ཅི་ཡང་སྒྲུབ་མི་ནུས་པས་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་། སྐབས་དེ་ནས་བཟུང་རང་འགུལ་གྱིས་ཤ་བཅད་པ་ཡིན་ལ། དེ་ལྟར་དགེ་བ་ཅུང་ཙམ་བསྒྲུབས་ན་བྱིས་པ་ཚོར་གེགས་དང་བར་ཆད་མི་འབྱུང་བར་ཕན་ཐོགས་ཅུང་ཙམ་རེ་ཨེ་ཡོད་སྙམ་ནས་རང་སེམས་རང་གིས་གསོས་ཏེ། ད་ལྟའི་བར་རྒྱུན་འཁྱོངས་བྱས་པ་ཙམ་ཡིན”ཟེར། ཨ་ཨ། ཆེས་སྤྱིར་བཏང་གི་ཨ་མ་རྒན་མོ་ཞིག་གིས་རང་གི་བུ་ཕྲུག་ལ་བཟུང་བའི་ཆེས་སྤྱིར་བཏང་མ་ཡིན་པའི་བྱ་སྤྱོད་དེ་ཐོས་མ་ཐག ངའི་ལུས་སེམས་གཉིས་ཀར་སྨྲ་བརྗོད་ལས་འདས་པའི་ཚོར་སྣང་ཞིག་སྐྱེས་ཤིང་། མིག་མདུན་དུ་རྒྱང་རིང་ལ་འཐེན་པའི་གནག་སྣུམ་གྱི་གཞུང་ལམ་དེའང་རབ་རིབ་ཏུ་གྱུར།
       རེད་ཡ། ཨ་ཡེ་ཀླུ་བྷས་དེ་ལྟར་ལོ་འཁོར་རེ་རེར་དབྱར་དགུན་སྟོན་དཔྱིད་མེད་པར། རང་ཉིད་གཅིག་པུའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ཏེ། ཚ་བོ་ཚ་མོ་གཉིས་ཀ་བྱིས་པ་བསམ་མེད་གཉིས་ནས་རིམ་བཞིན་སློབ་ཆུང་ནས་དམའ་འབྲིང་། དམའ་འབྲིང་ནས་མཐོ་འབྲིང་དུ་བསྐྱལ་ཞིང་། བཤུལ་ལམ་རིང་མོ་དེའི་ཁྲོད་དུ་མོས་དཀའ་སྡུག་ཅི་ཙམ་མྱངས་ཡོད་པ་ང་ཚོས་རྟོགས་ཐུབ་པ་རེད། ཡིན་ནའང་ཡིད་ཕངས་པ་ཞིག་ལ། ཚ་བོས་མཐོ་འབྲིང་སློབ་མཐར་མ་ཕྱིན་གོང་སློབ་མཚམས་བཞག་ཅིང་། སྐབས་དེར་ཨ་ཡེ་ཀླུ་བྷས་རང་ནུས་ཅི་ལྕོགས་ཀྱིས་ཚ་བོར་སློབ་གསོ་གང་མང་བཏང་སྟེ། མུ་མཐུད་དུ་སློབ་གྲྭར་བསྐྱལ་གྲབས་བྱས་མོད། ཚ་བོས་ཨུ་ཚུགས་མཐར་སྐྱེལ་གྱིས་ཨ་ཡེའི་ཁར་མ་ཉན་ལ། ཕལ་ཆེར་ཨ་ཅེ་དང་ཁོ་གཉིས་སློབ་ཆེན་དུ་སོང་ན་ཨ་ཡེའི་འགན་འཁུར་ཧ་ཅང་ལྕི་བའམ། ཡང་ན་ཁྱིམ་གཞིས་ཆུང་ཆུང་འདིའི་མིག་སྔའི་དཀའ་སྡུག་ལ་ངོས་ཟིན་བྱུང་ནས། རང་ཉིད་ཀྱིས་ཁྱིམ་ཚང་གི་འོས་འགན་དང་དུ་བླངས་པར་འདྲ་སྟེ། སློབ་མཚམས་བཞག་པ་ནས་རང་ཡུལ་དང་ཐག་ཉེ་སའི་གྲོང་རྡལ་དུ་ཞོར་ལས་ཤིག་བཙལ་ཐོག ཁྱིམ་ཚང་གི་འཚོ་བའི་ཁ་གསབ་དང་ཨ་ཅེའི་སློབ་ཡོན་ཐད་ཡོང་འབབ་འོས་འཚམ་རེ་བཙལ། དུས་དེ་ནས་བཟུང་ཨ་ཡེ་ཀླུ་བྷའི་དཀའ་སྡུག་གི་འཚོ་བའི་འགན་ཁུར་ཡང་ཅུང་ཙམ་ཇེ་ཡང་དུ་སོང་། དགའ་འོས་པ་ཞིག་ལ། རྗེས་སུ་ཚ་མོས་མོའི་ཕུགས་འདུན་ལྟར་བདེ་བླག་ངང་སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་པ་རེད།  སྤྱིར་ད་ལྟའི་མི་རིགས་སྲིད་ཇུས་བཟང་བོའི་མཐུན་རྐྱེན་འོག མཐོ་འབྲིང་སློབ་མ་ཞིག་གིས་སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་པ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་མོད། འོན་ཀྱང་ཨ་ཡེ་ཀླུ་བྷར་མཚོན་ན། བློ་ཡུལ་ལས་འགོངས་པའི་དོན་དག་གལ་ཆེན་ཞིག་ཡིན་པ་བསྙོན་དུ་མེད་དེ། མོས་རྒྱུན་དུ“ཚ་མོས་སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་པའི་ཉིན་མོ་དེ་ནི། ངས་མི་ཚེ་འདིར་ཆེས་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན་ལ། རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཨུ་ཚུགས་མཐར་སྐྱེལ་བྱས་པར་ཆེས་ཡིད་ཚིམས་པའི་འབྲས་བུ་སྨིན་པ་ཞིག་ཀྱང་ཡིན”ཟེར།
       སྤྱིར་བཏང་དུ་ལོ་རེ་རེའི་ལོ་སར་གྱི་སྐབས། ངས་ཐབས་བརྒྱ་ཇུས་སྟོང་གིས་ཕ་ཡུལ་དུ་ལྡོག་ཐབས་བྱས་པ་ཡིན། དེའང་གཙོ་བོར་རང་ཉིད་ཀྱི་ཨ་མ་རྒན་མོ་དང་བཅས་པའི་ཤ་རུས་ཉེ་འབྲེལ་གྱི་རྒན་རྒོན་རྣམས་ལ་སྐོར་ཞིག་རྒྱག་པའི་ཆེད་དུའང་ཡིན། 2018ལོའི་ལོ་གསར་གྱི་སྐབས་སུའང་རྒྱུན་སྲོལ་ལྟར། རང་དང་འབྲེལ་བ་ཟབ་པའི་རྒན་རྒོན་ཚོར་ལོ་གསར་གྱི་འཚམས་རྟགས་རེ་སྐྱེལ་བའི་གོ་སྐབས་དང་བསྟུན་ནས་ཆེད་དུ་ཨ་ཡེ་ཀླུ་བྷ་ཚང་ལའང་སོང་བ་ཡིན། ད་ལྟ་ཨ་ཡེ་ཀླུ་བྷ་ཚང་གི་ཆ་རྐྱེན་སྔོན་ཆད་དང་བསྡུར་ན་ཧ་ཅང་ལེགས་པར་འདུག་སྟེ། མོའི་བུ་རྒན་པས་བརྩོན་ལེན་དང་། སྡེ་བའི་དབུ་ཁྲིད་ཚོའི་རྒྱབ་སྐྱོར་འོག སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཉེ་འགྲམ་དུ་སྡོད་ཁང་སྤུས་ལེགས་ཤིག་ཕུབ་འདུག་ལ། མོའང་ལོ་ན་ཇེ་མཐོར་སོང་བས་ནོར་ལུག་འཚོ་སྐྱོང་བྱེད་མཚམས་ཀྱང་བཞག་སྟེ། སྡོད་ཁང་གསར་བར་གཏན་སྡོད་བྱས་ཡོད་པས་དངོས་གནས་ཉམས་དགའ་བ་ཞིག་རེད། ཨ་ཡེ་ཀླུ་བྷས་ང་ལ་ཟས་རིགས་སྣ་ཚོགས་ཀྱིས་མགྲོན་བསུ་བྱས་ཤིང་། ངེད་གཉིས་ཀྱིས་ཕྱོགས་ཡར་མར་གྱི་ཁ་བརྡ་མང་བོ་བྱས། མོས་ང་ལ་ད་ལྟའི་འཚོ་བར་བདེ་སྐྱིད་ལྡན་ཚུལ་དང་། ཚ་མོའི་སློབ་སྦྱོང་གི་གནས་ཚུལ་དང་སློབ་ཆེན་ནས་མཐར་ཕྱིན་ལ་ཉེ་ཚུལ། ཚ་བོའི་ཞོར་ལས་ཀྱི་ཡོང་འབབ་ཅུང་ལེགས་པས། ཁྱིམ་ཚང་གི་འཚོ་བར་དཀའ་ཁག་ཆེན་པོ་མེད་ཚུལ་སོགས་མང་བོ་ཞིག་བཤད་ཅིང་། མོའི་ལྷད་མེད་ཀྱི་འཛུམ་མདངས་དང་བབ་ཆགས་པའི་འཚོ་བར་ཡིད་ཚིམ་པའི་ཉམས་སྣང་གིས་ཁེངས་པའི་རྣམ་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་། ཡིན་ནའང་། ཕྱི་དྲོ་ང་ཕྱིར་ལྡོག་གྲབས་བྱེད་སྐབས། ཨ་ཡེ་ཀླུ་བྷ་ངའི་ལག་མགོར་འཇུས་ཏེ། ངེད་བཟའ་ཟླ་གཉིས་ཀྱིས་དུས་རྒྱུན་མོ་མ་བུ་གསུམ་ལ་རོགས་རམ་བྱས་པར་བཀའ་དྲིན་ཡང་ཡང་ཞུ་ཞོར“ད་ལྟ་ངེད་མ་བུ་གསུམ་ཀྱི་འཚོ་བ་ནི་སྔོན་ཆད་དང་བསྡུར་ན་ཧ་ཅང་སྐྱིད་མོད། འོན་ཀྱང་ངའི་མཐར་ཐུག་གི་དམིགས་ཡུལ་དེ་ད་དུང་འགྲུབ་མེད། རྗེས་མར་ཚ་མོ་སློབ་ཆེན་ནས་མཐར་ཕྱིན་ཏེ་བྱ་བ་འོས་འཚམས་ཤིག་རག་ཅིང་། ཚ་བོར་མནའ་མ་ཞིག་བླངས་པ་ཡིན་ཚེ། ད་གཟོད་ངའི་སེམས་གཞི་ནས་བདེ་ལ་བབས་པ་ཡིན། སྐབས་དེར་ང་རང་ཉིད་ལའང་མི་ཚེའི་འཆར་གཞི་ཞིག་ཡོད་པས། དེ་ཇི་བཞིན་ལེགས་འགྲུབ་ཡོང་བའི་སྨོན་ལམ་འདེབས”ཟེར་ཞིང་། ཁོ་མོའི་མཇུག་མཐའི་སྐད་ཆ་དེས་ངའི་སེམས་སུ་དྲི་རྟགས་ཟབ་མོ་ཞིག་བཞག་མོད། ཡིན་ནའང་དེ་ཅི་ཡིན་གྱི་རྒྱུ་མཚན་གསལ་པོ་ཞིག་ངས་ཀྱང་འདྲི་མ་ཐུབ།
       ང་རང་ཁ་རྒྱབ་ཀྱི་ཆེད་ཕ་ཡུལ་ཨ་མདོ་ནས་ལྷ་སར་ཡོང་སྟེ་རྒྱུན་སྡོད་བྱས་པ་ནས། ཉིན་རེར་ཕ་ཡུལ་གྱི་ཨ་མ་རྒན་མོར་ཁ་པར་རེ་གཏོང་རྒྱུ་ནི། ངའི་འཚོ་བའི་གོམས་སྲོལ་ཞིག་ཏུ་ཆགས་ལ། དེ་རིང་ཡང་ཉིན་གུང་གི་ངལ་གསོའི་གོ་སྐབས་དང་བསྟུན་ཏེ་ཨ་མར་ཁ་པར་ཞིག་བཏང་བ་ཡིན། ཁ་བརྡའི་བར་མཚམས་ཤིག་ནས་ཨ་མས་ཨ་ཡེ་ཀླུ་བྷའི་སྐོར་གླེང་ཞིང་། མ་གཞིར་ཨ་ཡེ་ཀླུ་བྷ་བྲག་དཀར་རྫོང་གི་དགོན་པ་ཞིག་ཏུ་སོང་ནས་ཇོ་མོ་བྱ་གྲབས་འདུག་ཟེར་ལ། ཤ་རུས་ཉེ་འབྲེལ་ཚང་མས་ད་ལྟ་མོ་ལོ་ན་མཐོ་བས། ཇོ་མོ་བྱས་ཏེ་ཁེར་འདུག་བྱས་ན་མི་ལེགས་ཚུལ་དང་། གལ་ཏེ་ཇོ་མོ་བྱས་ཀྱང་དགོན་པར་འགྲོ་དགོས་པའི་ངེས་པ་མེད་ཚུལ་སོགས་ཁ་བརྡ་མང་པོ་བྱས་ཀྱང་། ཚང་མའི་ཁར་ཉན་གྱིན་མི་འདུག་པའི་སྐོར་བཤད་བྱུང་། གནས་ཚུལ་དེ་ཐོས་མ་ཐག ངའི་སེམས་སུ་དེ་སྔོན་ཨ་ཡེ་ཀླུ་བྷས་ང་ལ་བཤད་པའི་སྐད་ཆ་དེ་གསལ་ལྷིང་ངེར་དྲན་པ་སྟེ། ད་ལྟ་དངོས་གནས་མོའི་ཚ་བོར་མནའ་མ་བླངས་ཚུལ་དང་། ཚ་མོའང་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་རྫོང་ཐོག་ཏུ་ལས་ཀ་འོས་འཚམ་ཞིག་རག་ཚུལ་སོགས་ཐོས་པས། མོའི་ཕུགས་འདུན་གཙོ་བོ་དག་གྲུབ་སོང་བ་མིན་ནམ། ཨ་མ་ངེད་གཉིས་ཀྱིས་ཁ་བརྡ་བཤད་མཚམས་བཞག་རྗེས། ངས་ཨ་ཡེ་ཀླུ་བྷར་ཁ་པར་ཞིག་གཏོང་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས་ཤིང་། དེའང་གཙོ་བོར་མོར་སློབ་གསོ་གཏོང་བའམ་གནས་ལུགས་མང་པོ་ཞིག་བཤད་བསམས་པ་མིན་ཏེ། ཨ་ཡེ་ཀླུ་བྷའི་ལྷད་མེད་ཀྱི་བྱང་སེམས་དང་། ཞུམ་མེད་ཀྱི་སྙིང་སྟོབས། མཐའ་མེད་ཀྱི་སེམས་རྒྱ། གཞན་ཕན་གྱི་བསམ་བློ་བཅས་ལ་ང་རང་སྔ་མོ་ནས་ཧང་སང་ཡོད་པས། སྐབས་འདིར་ང་མི་ཆུང་ཆུང་ཞིག་གིས་གཏམ་ཆེ་ཆེ་ཞིག་བཤད་ན་ག་ལ་འགྲིག ཡིན་ནའང་། རང་སེམས་སུ་ངང་ངམ་ཤུགས་ཀྱིས་སྐྱེས་པའི་ཚོར་འདུ་དྲག་པོ་དེས་མོར་ཁ་པར་ཞིག་མི་གཏོང་ཀ་མེད་དུ་གྱུར།
       ཨ་ཡེ་ཀླུ་བྷས་ངའི་སྐད་ཐོས་མ་ཐག་ཧ་ཅང་དགའ་བོ་བྱུང་ལ། མོས་ང་ལ་མིག་སྔར་གྱི་གནས་ཚུལ་མཐའ་དག་ཞིབ་བརྗོད་བྱས་རྗེས། མོ་དགོན་པ་ཞིག་ཏུ་སོང་སྟེ་ཇོ་མོ་བྱ་འདོད་ཀྱི་རྒྱུ་རྐྱེན་ཡང་འདི་ལྟར་བཤད་བྱུང་སྟེ། “སྤྱིར་ང་ལ་ཇོ་མོ་བྱེད་འདོད་ཀྱི་འདུན་པ་དེ། ངའི་བུ་གཉིས་སྔ་རྗེས་སུ་རྐྱེན་ལམ་དུ་ཤོར་བ་ནས་སྐྱེས་མྱོང་ལ། དེ་ལྟར་སྐྱེས་དོན་ཡང་གཙོ་བོར་སྐབས་དེའི་གོད་ཆག་གིས་རང་ཉིད་ཀྱི་ལུས་སེམས་གཉིས་ཀར་སྡུག་བསྔལ་བཟོད་བསྲན་བྲལ་བ་ཞིག་བྱུང་ཞིང་། ད་དུང་འདི་འདྲའི་དོན་རྐྱེན་རང་མགོར་མི་ཡོང་ངམ་སྙམ་པའི་སྐྲག་སྣང་ཡང་ཡང་སྐྱེས། གལ་ཏེ་རང་ཉིད་གྲྭ་ས་ཞིག་ཏུ་སོང་སྟེ། རྩེ་གཅིག་གིས་དགེ་བ་བསྒྲུབས་ན་བྱིས་པ་ཚོའི་གེགས་དང་བར་ཆད་སེལ་བར་ཕན་ཅུང་ཨེ་ཐོགས་སྙམ་པ་ཡིན། ཡིན་ནའང་སྐབས་དེར་ངས་བྱིས་པ་གཉིས་བསྐྱུར་ཏེ་འགྲོ་ཐབས་བྲལ་བས། ཕུགས་འདུན་དེ་རང་སེམས་ཁོ་ནར་ཉར་ནས་ད་ལྟའི་བར་ལུས་བྱུང་བ་ཡིན། ད་ནི་ངས་ཁྱོད་ལ་དེ་སྔོན་བཤད་པ་ལྟར། རང་ཉིད་ཀྱི་འདོད་འདུན་ཕལ་ཆེར་མངོན་འགྱུར་བྱུང་ཡོད་པས། ད་ལྟ་ཁྱིམ་གཞིས་ཆུང་ཆུང་འདི་བྱིས་པ་ཚོར་སྤྲད་དེ་ལྷིང་འཇགས་ཀྱི་དགོན་གནས་ཤིག་ཏུ། ཁོ་ཚོར་གེགས་རྐྱེན་ཅི་ཡང་མི་འབྱུང་བའི་སྨོན་ལམ་རེ་རྒྱག་ཞོར་རང་གི་ཚེ་མཇུག་བསྐྱལ་འདོད་པ་ཙམ་ལས་གཞན་ཅི་ཡང་མིན”ཟེར། རེད་ཡ། ཨ་ཡེ་ཀླུ་བྷས་དེ་སྔོན་ཕྲན་གྱི་སེམས་ཁོང་དུ་ལྗིད་ཏིག་གེར་བཞག་པའི་དྲི་གཞི་དེའི་ལན་གཞི་ནས་གསལ་སོང་ལ། སེམས་གཏིང་ནས་མོའི་བློ་སྤོབས་དང་ཕུགས་འདུན་ལ་གུས་འདུད་ཞུ་རྒྱུ་ཙམ་ལས། འགྲིག་མིན་གྱི་སྐད་ཆ་ཅི་ཡང་བརྗོད་མ་སྤོབས་སོ། །
༡༠
       མདོར་ན་ད་ལྟ་ཨ་ཡེ་ཀླུ་བྷ་ང་ཚོ་དང་གཏན་དུ་གྱེས་ལ། མོ་ཚེ་ལས་འདས་པ་དེའང་ཆེས་སྤྱིར་བཏང་གི་ཨ་མ་རྒན་མོ་ཞིག་འཇིག་རྟེན་ཆོས་ཉིད་ལྟར་མི་ཡུལ་དང་བྲལ་བ་ཙམ་ཡིན་པས། ང་ཚོའི་སྡེ་མི་སུ་ཡིན་ཡང་དེ་འདྲའི་དོ་སྣང་བྱེད་མི་སྲིད་ལ། མོའི་ཁྱིམ་ཚང་དུ་བསྟུན་མུར་བྱུང་བའི་གོད་ཆག་དེའང་སྔོན་བསགས་ཀྱི་ལས་དབང་དང་འབྲེལ་བ་ཡོད་མེད་ཁ་ཚོན་གཅོད་དཀའ་མོད། ཡིན་ནའང་མོ་དངོས་སུ་བརྒྱུད་ཅིང་འོངས་པའི་ཚེ་སྨད་ཀྱི་ཀྱག་ཀྱོག་གི་འཚོ་བའི་གོ་རིམ་ཁྲོད། ཆེས་བབ་ཆགས་པའི་འཇིག་རྟེན་ཨ་མ་ཞིག་གི་ཕུགས་འདུན་བཟང་བོ་ཞིག་དང་། ཀུན་སློང་གཙང་མ་ཞིག བྱ་སྤྱོད་ངོ་མ་ཞིག་གིས་རང་གི་བུ་རབས་ཚ་རྒྱུད་དག་ལ་བཟུང་བའི་ཆེས་སྤྱིར་བཏང་མ་ཡིན་པའི་རླབས་ཆེན་གྱི་བརྩེ་སེམས་དེས་ང་ལ་བག་ཆགས་ཤིན་ཏུ་ཟབ་མོ་ཞིག་བཞག་བྱུང་། དེ་ནི་ད་ལྟའི་ང་ཚོ་ཕྱི་རབས་པ་ཚོས་རང་གི་ཕ་མར་དུས་ཆེན་གྱི་སྐབས་རེར། སྐད་འཕྲིན་སོགས་ཀྱི་ལམ་ནས་བཀའ་དྲིན་ཞུ་བའི་ཁ་གཡེང་ཙམ་གྱི་རྣམ་པ་ལས་ཆེས་ཆེར་འགོངས་འདུག་པས། ཆེད་དུ་འདི་ལྟ་བུའི་དངོས་དོན་རྩོམ་ཐུང་ཞིག་བྲི་རྒྱུའི་ཀུན་སློང་དྲག་པོ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཏེ་ཡིག་ཐོག་ཏུ་ཕབ་པ་ཙམ་མོ། །

ཡོང་ཁུངས། 2023ལོའི«སྦྲང་ཆར»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།