༄༅། །དབུ་རུ་བྱང་དང་འཕན་ཡུལ་སོགས་སུ་བསྐྱོད་པའི་བརྗེད་བྱང་ཐོར་བཏུས་མ།

རྩོམ་པ་པོ།:ནག་ཤོད་བསྟན་འཛིན་མཚུངས་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-26 08:35:02 ཀློག་གྲངས།:
       དབུ་རུ་བྱང་གི་ཕྱོགས་སུ་ཡོད་པའི་ཡུལ་གྲུ་འཕན་ཡུལ་དང་རྭ་སྒྲེང་སོགས་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་དེབ་ཐེར་གང་དུ་གཞིགས་ཀྱང་རྡེའུ་འབུར་ཐོན་ལྟར་གཟེངས་སུ་ཐོན་ཡོང་བའི་ས་མིང་བཙན་ལ་བརྗིད་པ་ཞིག་ཏུ་སྣང་། དེ་ལས་དབུ་རུ་ཞེས་པ་ནི་ལྷ་བཙན་པོ་ཁྲི་སྲོང་བཙན་གྱི་སྐབས་སུ་བོད་ལ་རུ་གསུམ་དང་རུ་བཞིའི་ལམ་ལུགས་བཙུགས་པའི་དམག་སྲིད་ཀྱི་སྒྲིག་གཞིའི་མིང་སྟེ། དབུ་རུ་དང་གཡོ་རུ་དང་གཡས་རུ་བཅས་རྩ་བའི་རུ་གསུམ་ལ་རུ་ལག་བསྣན་པས་རུ་བཞིའོ། །དེ་ལས་ཀྱང་བྱེ་བྲག་ཏུ་དབུ་ཞེས་པའི་བརྡ་ལ་རྣམ་གྲངས་གཞན་འགའ་ཞིག་འབྱུང་སྟེ། དབུས་དང་དབུང་ལྟ་བུའོ། །དེ་དག་རྣམས་ཀྱང་གདོད་ནས་མགོ་དང་དཀྱིལ་གྱི་དོན་ལ་འཇུག་པ་ཡིན་ཏེ། དཔེར་ན། དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་ལྟ་བུ་དང་། ཡབ་ཁྲི་སྲོང་ལྡེ་བརྩན་གྱི་རིང་ལ་བྲག་མར་གྱི་བསམ་ཡས་ལ་སོགས་པ་དབུང་མཐར་གཙུག་ལག་ཁང་བརྩིགས་ཞེས་པ་ལྟ་བུ་དང་། དབུས་གཙང་ཁམས་གསུམ་ཞེས་པ་ལྟ་བུའོ། །གཞི་ལ་བསམས་ན། དབུ་ནི་གཡས་གཡོན་གཉིས་ལ་བལྟོས་པའི་དཀྱིལ་གྱི་མིང་མགོ་ལྟ་བུར་འཇུག་པའི་བརྡ་དང་། དབུང་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའ་ལ་བལྟོས་པའི་དཀྱིལ་གྱི་མིང་ལྟེ་བ་ལྟ་བུར་འཇུག་པའི་བརྡ་རུ་སྣང་བས། ཁྱད་པར་ཆེ་ལ། དབུས་ཞེས་པ་དབུང་གི་དག་ཆ་དང་བརྡ་དོན་ལས་མཆེད་པའི་བརྡ་གསར་ཞིག་ཏུ་སྣང་། བོད་སིལ་བུ་མན་ལ་དབུ་རུ་དང་གཡས་རུ་གཉིས་ཀྱི་བསྡུས་མིང་ལ་དབུས་གཙང་ཞེས་པའམ། ཡང་ན་རུ་བཞི་ལ་དབུས་གཙང་རུ་བཞི་ཞེས་དབུ་རུ་དང་གཡོ་རུ་གཉིས་དབུས་སུ་བསྡུ་བ་དང་། གཡོ་རུ་དང་རུ་ལག་གཉིས་གཙང་དུ་བསྡུ་བའི་སྲོལ་འདི་བྱུང་ལ། བོད་སྤྱིའི་ས་མིང་ལ་རྭ་ལོའི་རྣམ་ཐར་དུ་མངའ་རིས་སྐོར་གསུམ། དབུས་གཙང་ཁམས་གསུམ། གཉལ་ལོར་བྱར་གསུམ། དྭགས་ཀོང་ཨེ་གསུམ་ཞེས་བྱ་བ་དང་། ཡར་ལུང་ཇོ་བོའི་ཆོས་འབྱུང་དུ་དབུས་གཙང་། ལྷོ་བལ། མདོ་སྟོད་སྨད། ཤར་ཙོང་ཁ། རྒྱ་མི་ཉག་ཅེས་བྱ་བ་དང་། རྫ་དཔལ་སྤྲུལ་པའི་ཆོས་འབྱུང་འབེལ་གཏམ་ཉུང་ངུར་མངའ་རིས་སྐོར་གསུམ། མདོ་ཁམས་སྒང་དྲུག དབུས་གཙང་རུ་བཞི། མོན་ཁ་སྣ་བཞི། རྒྱལ་མོ་རོང་གི་རྒྱལ་ཁག་བཅོ་བརྒྱད་ཅེས་བྱ་བ་སོགས་གནས་སྐབས་མི་འདྲ་བ་ལ་འབོད་སྲོལ་སྣ་ཚོགས་བྱུང་ངོ་། །
       ད་ནི་སྐབས་ཀྱི་དོན་འཕན་ཡུལ་ཞེས་པའི་ཡུལ་མིང་འདི་ཅུང་ཟད་བཤད་པར་བྱ། ཡོངས་གྲགས་ལྟར་ན། ལྷ་བཙན་པོ་གནམ་རི་སྲོང་བརྩན་གྱིས་བཀའ་བསྩལ་ཏེ། ཡུལ་ངས་པོ་ལས་ཕན་ཡུལ་དུ་མིང་སྤོས་སོ་ཞེས་གྲགས། ངས་པོ་ནི་སྔར་དགུ་གྲི་ཟིང་པོ་རྗེ་དང་དེའི་བློན་པོ་མགར་དང་མཉན་གཉིས་ཀྱི་རྒྱལ་ཁམས་ཡིན་པའང་རྒྱལ་ཕྲན་སིལ་མའི་སྐབས་ནས་འབྱུང་། གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོ་ཕ་སྤད་གཉིས་ཀྱི་སྐབས་ནས་བཟུང་མྱང་དབས་མནོན་གསུམ་གྱིས་ཡུལ་དེའི་སྙིང་པོ་རྣམས་བདག་གིར་བྱས་ཡོད་ལ། གནམ་རི་སྲོང་བཙན་ཞེས་པའི་མཚན་ཡང་ཡུལ་ངས་པོའི་འབངས་རྣམས་ཀྱིས་ཆབ་སྲིད་གནམ་བས་མཐོ། དབུ་རྨོག་རི་བས་བཙན་ཏེ། གནམ་རི་སྲོང་བཙན་དུ་མཚན་བཏགས་སོ་ཞེས་གྲགས། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། བློན་སྟག་སྒྲ་ཀླུ་ཁོང་གི་མེས་པོ་གསེས་སླེབས་ཀྱི་བུ་ཚ་རྒྱུད་ཕེལ་རྣམས་ཀྱིས་སྐུ་སྲུང་འཕན་ཡུལ་པའི་སྟོང་དཔོན་མཛད། སྔར་གྱི་ཡིག་ཚང་རྙིང་པ་རྣམས་སུ་ཕན་ཡུལ་དང་འཕན་ཡུལ་ཞེས་དག་ཆ་མི་འདྲ་བ་གཉིས་ཙམ་སྤྱད་པར་སྣང་། དེ་ལས་ཕན་ཡུལ་ཞེས་པ་ཏུན་ཧོང་ཤོག་དྲིལ་སོགས་སུ་སྤྱད་ཡོད་པ་དང་། འཕན་ཡུལ་ཞེས་པ་ཞོལ་རྡོ་རིང་སོགས་སུ་སྤྱད་ཡོད། དེས་ན། འཕན་ཡུལ་ཞེས་པ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཐོག་ཏུ་འཁོད་པའི་ས་མིང་རྙིང་ཤོས་ཤིག་ཡིན། སྤྱི་ལོ༡༠༡༢ཙམ་ལ་ཀླུ་མེས་ཀྱི་མཁན་བུ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་འཕན་ཡུལ་རྒྱལ་གྱི་ལྷ་ཁང་བཞེངས་ཤིང་རྡོ་རིང་བཙུགས་པས། རྡོ་རིང་དེར་འཕན་ཡུལ་ཞེས་འས་འཕུལ་ཅན་གྱི་མིང་འདི་སྤྱད་མོད། རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་སུ་བསྐྲུན་པའི་དགའ་ལྡན་ཆོས་འཁོར་གྱི་ཚོགས་ཁྲོའི་ཁ་བྱང་དུ་ཕན་ཡུལ་ཞེས་འས་འཕུལ་མེད་པ་འདི་སྤྱད་ཡོད། ཇི་ལྟར་ནའང་། ཡིག་ཚང་གི་འབྲི་སྟན་དང་ལོ་ཚིགས་སོགས་གང་གི་ཐད་ནས་གཞིགས་ཀྱང་འས་འཕུལ་ཅན་འདི་དབང་བཙན་པར་མཐོང་།
       འཕན་ཡུལ་གྱི་ལྟེ་བ་ནི། ཐང་སག་དགའ་ལྡན་ཆོས་འཁོར་ཡིན་པ་དགོན་དེའི་ཚོགས་ཁྲོའི་ཁ་བྱང་དུ་བཤད་དེ། ཇི་སྐད་དུ། ༄༅། །ཨོཾ་སྭ་སྟི། ཀུན་མཁྱེན་ཕྱག་ན་པདྨ་ལྔ་པ་ཡི། །ཐུགས་བསྐྱེད་མཐུ་ལས་ཕན་ཡུལ་སའི་ལྟེ་བར། །སྐྱེ་རྒུའི་བསོད་ནཾས་བསོག་པའི་ཞིང་ས་མཆོག། །དགའ་ལྡན་རིངས་ལུགས་ཟབ་རྒྱས་མདོ་སྔཊ་ཀྱིས། །ཞེས་པ་ལྟ་བུའོ། །དོན་ལ་འཕན་ཡུལ་གྱི་དབུས་སམ་ལྟེ་བ་ནི་དགའ་ལྡན་ཆོས་འཁོར་ཆགས་སའི་ཡུལ་གྲུ་རྣམས་ལ་བྱ་དགོས་ཚུལ་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་ལས་ཤེས་ནུས་ཏེ། སློབ་དཔོན་གྱི་རྣམ་ཐར་དུ། འཕན་ཡུལ་ཡུལ་ངན་རྟ་རོ་ཁ་ཕྱེ་བ་འདྲ་བར་མི་འབྱོན་གསུངས་ནས་སྟོད་ལུང་སྤ་རལ་ན་མར་བྱོན་ཞེས་གསུངས་ལ། མར་པའི་རྣམ་ཐར་དུའང་། འཕན་ཡུལ་ས་བཙའ་ཞེས་གསུངས་པ་ལྟར་ལུང་པ་རྟ་རོ་ཁ་ཕྱེ་བ་འདྲ་བ་དམར་ཤས་ཅན་དེ་ད་ལྟའི་དགའ་ལྡན་ཆོས་འཁོར་གྱི་མཐའི་རི་རྒྱུད་རྣམས་ལ་བྱ་དགོས་ཚུལ་ཡུལ་དེའི་ས་གཤིས་ཆགས་དབྱིབས་ལ་བལྟས་པ་ཙམ་གྱིས་ངེས་ཤེས་གསལ་པོར་འདྲོང་བ་ཡིན། དགོན་དེའི་འདུ་ཁང་དབུ་མའི་གཡོན་ངོས་སུ་ཡོད་པའི་ལྷ་ཁང་རྙིང་ཤས་ཅན་དེའི་རྟེན་གཙོ་ཆོས་བློན་བྲན་ཁ་དཔལ་གྱི་ཡོན་ཏན་ཡང་སྐུ་མདོག་དམར་ཤས་ཅན་དུ་ཡོད་པའང་ཡུལ་གྱི་ཁ་དོག་དང་ཤས་མཚུངས་པར་སྣང་། ལོ་རྒྱུས་ཀྱི་གཏམ་རྙིང་པ་རྣམས་སུ་སྦས་སྟག་རྣ་ཅན་སོགས་ཀྱིས་ཕྲ་མ་བྱས་ཏེ། ཆོས་བློན་ཆེན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་དང་། བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་གཉིས་མི་འོས་པའི་སྤྱོད་པ་བྱས་སོ་ཟེར་ནས། ཆོས་བློན་ཆེན་པོ་ཉེས་མེད་ལ་སྐྱོན་ཕབ་ནས་འཕན་ཡུལ་གཡུང་ཐང་དུ་བཀྲོངས་སོ་ཞེས་གྲགས། ཆོས་བློན་བྲན་ཁ་དཔལ་གྱི་ཡོན་ཏན་ནི། རྟེན་རབ་བྱུང་ཡིན་པ་དང་སྤྱི་ལོ༨༠༤ལོར་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཆབ་སྲིད་ལ་བཀའ་བསྩལ་ཏེ་རྒྱ་དང་མཇལ་དུམ་བགྱིས་པའི་ལོ་རྒྱུས་བསྡུས་པ་ཞིག་ནི་བྲག་གཡབ་རི་མདའ་ལྡན་མའི་བྲག་བརྐོས་ཡི་གེར་འཁོད་ཡོད། བཻ་སེར་སོགས་ལ་གཞིགས་ན་ཇོ་བོ་ཡབ་སྲས་ཀྱིས་ཆོས་བློན་བྲན་ཁ་སོགས་ལྷ་འདྲེ་མ་རུངས་པ་མང་པོ་བཏུལ་བར་བཤད། ད་ཆ་བྲན་ཁ་དཔལ་གྱི་ཡོན་ཏན་ནི་མི་ངན་དབང་ཡོད་ཅན་གྱིས་བདེན་པ་རྨེག་མེད་དུ་བཏང་སྟེ་མི་དཀར་ལ་ཞྭ་ནག་གཡོག་པའི་སྤྱོད་ངན་གྱིས་ཀུན་ནས་བཙེས་དང་འཚེ་བཞིན་པའི་མི་རྣམས་ཀྱི་སྐྱབས་འཇུག་ཞུ་སའི་ལྷ་གཉན་ཞིག་ཏུ་གྱུར་ཡོད་སྐད། འདི་ལའང་ལོ་རྒྱུས་ཡིག་ཚང་ཁོ་ན་ཚད་མར་བཟུང་སྟེ་གཏམ་རྒྱུད་ཀྱི་མགོ་རྔ་སྦྲེལ་བ་ཙམ་མ་ཡིན་པར་རིག་གནས་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སོགས་ཀྱི་ཞིབ་འཇུག་ཐབས་ལམ་ཉེ་བར་སྤྱད་དེ་བརྟགས་ན། ད་གཟོད་མགོ་མཇུག་དང་ཕྱི་ནང་གསལ་བའི་ལེགས་བཤད་མང་པོ་འཁྲུངས་ངེས་ཞེས་སློབ་དཔོན་འགྱན་གྱིས་གསུངས།
       འཕན་ཡུལ་འདི་ཉིད་གོང་གསལ་རྣམ་ཐར་ཁག་ཏུ་ཡུལ་ངན་པ་དང་ས་བཙའ་བར་བཤད་ཀྱང་། རྒྱལ་ལྷ་ཁང་གི་རྡོ་རིང་དུ་འཕན་ཡུལ་ཀླུང་སྐྱེས་ངོ་མཚར་ཆེ་ཞེས་གསུངས་པ་ལྟར། ཡུལ་དང་འབྲོག་གི་དགེ་ཚང་ཞིང་། འཚོ་བའི་ཡོང་སྒོ་སྒྲུབ་བདེ་བའི་གནས་ངོ་མཚར་ཆེ་བ་ཞིག་ཏུ་སྣང་། བོད་ཀྱི་ཆོས་འབྱུང་ཡིག་ཚང་རྣམས་སུའང་ར་སའི་གཙུག་ལག་ཁང་ནི་འཕན་ཡུལ་ནས་ར་དཀར་མོ་ལ་ས་བསྐྱས་ནས་འོ་ཐང་གི་མཚོ་བསྲུབས་ཏེ་བསྐྲུན་པར་གྲགས་པས། འཕན་ཡུལ་གྱི་སྣོད་བཅུད་གཉིས་ཀ་དགེ་བའི་དཔལ་དང་ལྡན་པ་ཤུགས་ཀྱིས་གོ་ནུས་སྙམ། ཁྱད་པར་བཀའ་གདམས་པའི་ཆུ་མགོ་དབུ་རུ་བྱང་རྭ་སྒྲེང་ལྟེ་བར་བྱས་པའི་ཡུལ་གྲུ་རྣམས་ཀྱང་ལྷ་ཤིང་ཤུག་པ་སོགས་ཚར་དུ་དངར་བའི་སྨན་གྱི་ལྗོན་པའི་དྲི་བཟང་དུས་བཞིར་ངད་རྒྱུན་མི་ཆད་པའི་ཚད་དུ་མཐོང་། དགེ་སློང་ནམ་མཁའ་གྲགས་ཀྱིས་སའི་དབྱིབས་ལ་ཕྱོགས་མ་ནོར་བ་དང་། རི་ལུང་འཆགས་ལེགས་པ་དང་། རང་བཞིན་གྱིས་འོད་ཡོད་པར་གསུངས་ལ། སའི་ལྷ་བཞི་ཚང་ཞིང་ལོངས་སྤྱོད་ལ་གཞི་ཕུན་སུམ་ཚོགས་པ་དང་། རྒྱུ་མོད་པ་དང་། རྐྱེན་ཚང་བ་སོགས་ཡོན་ཏན་ཐམས་ཅད་འཛོམས་ཡོད་པ་ས་དཔྱད་དངོས་ཀྱི་གནས་ཚུལ་ལ་སྦྱར་ཏེ་གསུངས་ཡོད། དགེ་ཆོས་ཀྱིས་གནས་དེ་ལས་མཛེས་ལ་ཉམས་དགའ་བ་ཞིག་ཨེ་སྲིད་ན་སྙམ་པའི་ཐེ་ཚོམ་ཡང་སྐྱེས་གདའ་འོ། །
       དབུ་རུ་བྱང་ཞེས་པ་ཆག་ལ་ཕན་གྱི་ཡུལ་གྲུ་རྣམས་ལ་བྱ་དགོས་པར་སྣང་། འཕན་པོ་བའི་གཏམ་དཔེར། ཆག་ལའི་རྒྱབ་ཀྱི་ཨ་ཕོ་ཧོར། ཤ་མར་མེད་པའི་ཨ་ཕོ་ཧོར་ཞེས་བརྙས་བརྙས་བྱེད་ལ། ཆག་ལ་ཕན་གྱི་མི་རྣམས་ལའང་བྱང་པ་ཞེས་རྗོད་ཀྱིན་ཡོད། དེ་བཞིན་རྒྱལ་བ་བཀའ་གདམས་པའི་གདན་ས་ལ་བྱང་རྭ་སྒྲེང་དང་། རྒྱལ་བ་སྟག་ལུང་པའི་གདན་ས་ལ་བྱང་སྟག་ལུང་ཞེས་ཕྱོགས་སྟོན་པའི་སྒྲ་ཆེད་དུ་སྨོས་ཡོད། ཆག་ལ་ཕན་གྱི་རི་ཆུ་ཀླུང་གསུམ་སྐྱི་ཤོད་སྟོད་སྨད་དང་ངོ་བོའི་ཁྱད་པར་ཡོད་དེ། གནས་དེར་རི་མགོ་མཐོ་ལ་རྩྭ་སྣ་འཛོམས་པ། ཀླུང་རྒྱ་ཆེ་ལ་ཤིང་སྣ་འཛོམས་པ། ཆུ་རྒྱུན་རིང་ལ་ཆུ་སྣ་འཛོམས་པ། རྒྱང་འབྲོག་དང་གམ་འབྲོག་གི་དགེ་ལེགས་པར་ཚང་ཡོད་ཅིང་། ལོ་རྒྱུས་ཐོག་ཏུ་ལྷོ་ནུབ་གཉིས་ནས་འབྲུ་རིགས་དང་དབུས་གཙང་གི་ཟོང་མོད་པ་དང་། བྱང་ཤར་གཉིས་ནས་ཚྭ་བལ་དང་ཤར་མར། དེ་བཞིན་ཁམས་ཟོང་མོད་པར་གྲགས། དེས་ན་འཕན་པོ་བའི་གཏམ་དཔེ་དེར་ངེས་པར་དོགས་སློང་བྱེད་རི་བ་ཡིན།
       སྤྱིར་འཕན་ཡུལ་ཁོག་ཏུ་སྤྱི་ལེ་བཅའ་བཅུ་རེའི་ས་ན་དགོན་གནས་དང་ལྷ་ཁང་རེ་ཡོད་པར་སྣང་། དེ་དག་ཀྱང་ལོ་རྒྱུས་ཀྱི་དུས་ཡུན་རིང་བ་མ་ཟད། སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཆེན་ཤ་སྟག་ཏུ་སྣང་བས། བར་ཁམས་སྟོད་དང་བྱང་ཐང་སོགས་ལ་བལྟོས་ན་འཕན་ཡུལ་ནི་ཆོས་ཚིགས་ཀྱི་ཐོག་ནས་ཡུལ་དབུས་སུ་གྲུབ་ཡོད། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྤྱི་ལ་གཞིགས་ཀྱང་། བསྟན་པ་ཕྱི་དར་གྱི་དང་པོའི་གནས་གཞི་རྒྱལ་ལྷ་ཁང་དང་། གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱི་ཕྱི་མོར་གྲགས་པ་གདན་ས་ཆེན་པོ་བྱང་རྭ་སྒྲེང་དང་། པོ་ཏོ་དགོན། ཤ་ར་དགོན། གླང་ཐང་དགོན་སོགས་དགོན་གནས་མ་བུ་ཚ་གསུམ་ཆགས་པའི་ཡུལ་གྲུ་རྣམས་བོད་སྤྱིའི་དབུས་འགྱུར་རྡོ་རྗེ་འཆང་ཡིན་ཏེ། མཐའ་རྒྱ་བྱང་ནས་བསྐྱེད་ཅིག་སྙིང་སྟོབས་ཅན་ཞེས་ཇོ་བོས་འབྲོམ་ལ་ལུང་བསྟན་མཛད་པ་ལྟར། འབྲོམ་སྟོན་པ་བཞུགས་རིང་ལ་དབུ་རུ་བྱང་ཕྱོགས་སུ། སངས་རྒྱས་ཀྱི་བསྟན་པའི་སྲོལ་བཀའ་རྒྱ་གར་རང་བས་ཀྱང་ཅི་གྲགས་སུ་འབྱུང་བ་ཡིན་ཞེས་དཔེ་ཆོས་རིན་ཆེན་སྤུངས་པར་གསུངས་ལ། རྒྱལ་བ་འབྲོམ་གྱིས་དབུ་རུ་བསྟན་པའི་འབྱུང་གནས་རྭ་སྒྲེང་དཔལ་གྱི་གཙུག་ལག་ཁང་ཞེས་ཇོ་བོའི་རྣམ་ཐར་དུ་གསུངས། དཔེ་ཆོས་རང་དུའང་། རྒྱལ་བཙུན་སྤུན་ཞེས་པའི་གཏམ་རྒྱུད་གཅིག་གིས་རྭ་སྒྲེང་དང་ལྷ་སའི་ཁྱད་པར་མངོན་བ་ཡིན་ཏེ། དེ་ལས་ཇི་སྐད་དུ། འཕན་ཡུལ་རྒྱལ་གྱི་བཙུན་པ་ཆང་འཐུང་བ་གཅིག་དང་། མི་འཐུང་བའི་སྤུན་གཉིས་ཡོད་པ་ལས་ཆང་འཐུང་བ་དེ་རྭ་སྒྲེང་དུ་སོང་བས། ཕྱིས་ཡུལ་དུ་ལོག་ཙམ་ན། ཆང་མི་འཐུང་བ་ཅིག་བྱུང་། ཆང་མི་འཐུང་བ་དེ་ལྷ་སར་སོང་བས་ཕྱིས་ཆང་འཐུང་བ་ཅིག་བྱུང་སྐད་ཅེས་ལྷ་ས་དང་རྭ་སྒྲེང་གཉིས་ལས། སྐབས་དེར་ཆོས་ཚིགས་ཀྱི་ཡུལ་དབུས་ནི་བྱང་རྭ་སྒྲེང་ཡིན་པ་གསལ་བར་ཤེས་ནུས་ཤིང་། དཔལ་ལྡན་ས་སྐྱའི་མཁས་པ་ངག་དབང་ཀུན་དགའ་དཔལ་གྱིས་མཛད་པའི་ཆོས་འབྱུང་དུའང་། རྭ་སྒྲེང་དེ། བོད་ཀྱི་སྡེ་བ་གང་གི་ཡང་ཕྱོགས་སུ་མ་ཆད་པ། བི་ཀྲ་མ་ཤཱི་ལའི་གནས་ཆུང་། ཇོ་བོའི་གདན་ས། རྣལ་འབྱོར་པ་གོང་འོག་རྣམས་ཀྱི་སྒྲུབ་གནས། བོད་ཀྱི་སྤྱི་མཆོད་ཁྱད་པར་ཅན་འདི་བྱུང་བ་ཡིན་ཞེས་གསུངས། ཉེ་བའི་དུས་སུ་བྱོན་པའི་མཁས་དབང་དགེ་ཆོས་ཀྱིས་ཀྱང་། འཕན་ཡུལ་དེ་ལྷ་སའི་ལུང་པ་དང་རི་རྒྱུད་གཅིག་གི་ཕན་ཚུན་དུ་འདུག་མོད། སྔོན་གྱི་གདན་ས་ལྷ་ས་ལས་ཀྱང་ཕྱོགས་དེ་མང་བ་ཙམ་འདུག་ཅེས་གསུངས། རྒྱལ་བ་འབྲོམ་ལ་ཡང་ཕའི་བུ་ནི་འགའ་འགའ་ཙམ་སྟེ། ཕ་གཅིག་གི་བུ། ཆོས་གཅིག་གིས་བསྐྱངས་པ། སྨོན་ལམ་གཅིག་གིས་སྦྲེལ་བ་བཀའ་གདམས་སྐུ་མཆེད་གསུམ་ལྟ་བུ་དང་། མའི་བུ་ནི་ཐམས་ཅད་དེ། ཕྱོགས་མཐའ་ཀུན་ནས་ཕེབས་པའི་ལས་སློབ་བརྒྱད་ཅུ་ཙམ་སྨིན་པར་མཛད་པས་མཚོ་ལ་པདྨས་བརྒྱན་པ་ལྟར་བྱོན། བུ་སློབ་ཡང་སློབ་ཉིང་སློབ་རྣམས་ལའང་སློབ་མའི་ཚོགས་བརྒྱ་སྟོང་ཁྲི་ཁྲག་དུ་མ་བྱུང་སྟེ། ལུས་ལས་ཡན་ལག་རྒྱས་ཞེས་དབུ་རུ་བྱང་དང་འཕན་ཡུལ་སྟོད་སྨད་དུ་བཀའ་གདམས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་ཁྱབ་པར་མཛད་དོ། །
       དེང་གི་ཕྱི་ནང་མཁས་པའི་གཏམ་ལ་གཞིགས་ན། གང་ཟག་ཅིག་ཤེས་ཡོན་ཅན་ཡིན་དང་མིན་གྱི་མཚམས་ཚིགས་ནི་གང་ཟག་དེ་ལ་རང་སྐྱ་ཐོབ་པའམ་ཁེར་ཚུགས་ཀྱི་བསམ་གཞིག་ནུས་པ་ཡོད་མེད་ལ་རག་ལས་པར་བཤད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་གི་བཙན་ས་ཟིན་དང་མ་ཟིན་གྱི་རྣམ་དབྱེས་སེམས་ཅན་གཞན་དྲང་བར་ནུས་མི་ནུས་ཀྱི་ཁྱད་པར་འབྱེད། ཁེར་ཚུགས་ཀྱི་བསམ་བློ་རྒྱུད་ལ་སྐྱེ་བར་ཁེར་རྐྱང་དུ་འཚོ་བའི་ནུས་པ་སྔོན་དུ་འགྲོ་དགོས་པ་ཤེས་སླ། རྒྱུ་མཚན་དེའི་དབང་གིས་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཉིན་མོ་མིས་མི་ཚོར་བ། མཚན་མོ་ལྷ་འདྲེས་མི་ཚོར་བར་རི་ནས་རི་ལ་བརྒྱུད། བྲག་སྐྱིབས་དང་ཕུགས་པ་གནས་མལ་དུ་བྱས། ལྟོ་གོས་གཏམ་གསུམ་རླུང་ལ་བསྐུར། དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། ངན་ངོན་གྱིས་ཆོག་ཤེས་པར་བྱས། ལམ་གྱི་གཙོ་བོ་རྣམས་ལྷུར་བླངས་ཏེ་གོང་མའི་ས་ལ་བསྙེགས་པ་ཤ་སྟག་བྱུང་བས། སུས་ཀྱང་བསྙོན་དུ་མེད་པའི་ཤེས་ཡོན་ཅན་རྣལ་མ་རང་དུ་ཡོད། ཁྱད་པར་དུ། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་ཐར་ལ་མཇལ་ན། ཕྱི་འདུལ་བའི་སྤང་བླང་གི་ཚུལ་མཛེས་ཤིང་། ནང་བྱང་ཆུབ་སེམས་ཀྱི་བསླབ་པས་རྒྱུད་གྲོལ་ཏེ། གསང་བ་གསང་ཆེན་གྱི་ཐེག་པས་གྲུབ་པ་བརྙེས་ཚུལ་རྫ་དཔལ་སྤྲུལ་ཀུན་མཁྱེན་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་གྲུབ་མཐའི་འཐེན་འཁྱེར་སྤངས་པའི་ཚད་མའི་སྐྱེས་བུ་རྣམས་ཀྱིས་མགྲིན་གཅིག་དང་དབྱངས་གཅིག་ཏུ་བསྔགས་སོ། །དེ་ལྟར་གྲུབ་པ་བརྙེས་པའི་སྔོན་འགྲོར་འདུ་འཛི་ལ་གནས་པ་དང་མང་པོའི་ཚོགས་དང་འགྲོགས་པ་ལ་འཇིགས་ཤིང་སྐྲག་ནས། བསེ་རུའི་རྭ་ལྟར་གཅིག་པུར་གནས་ཤིང་བསམ་པ་དྲི་མ་མེད་པ་དག་དང་འདྲིས་ཤིང་འགྲོགས་ནས་བྱུང་བ་ཁོ་ན་སྟེ། ཇི་སྐད་བཀའ་གདམས་གླེགས་བམ་ལས། བས་མཐའ་དགོན་པར་རབ་གནས་ཤིང་། །རི་དྭགས་ཤི་བའི་རོ་བཞིན་དུ། །བདག་གིས་བདག་ཉིད་སྦ་བྱ་ཞིང་། །ཆགས་པ་མེད་པར་གནས་པར་བྱ། །ཞེས་གསུངས་པ་དེ་བཞིན་དུ། བཀའ་གདམས་པའི་ལྷ་ཁང་དེ་ཀུན་བཀོད་པ་ཞན་ཅིང་། ཀ་བ་ཡང་ཤིང་འཁྱར་འཁྱོར་ལས་དྲང་པོ་ལེགས་པོ་ཞིག་ཀྱང་མེད་པ་ཕལ་ཆེར་དེ་འདྲར་འདུག་མོད། མཇལ་བ་ཙམ་གྱིས་ཆོས་དང་རྗེས་མཐུན་གྱི་དང་བ་འདྲེན་ཅིང་ཉམས་དགའ་ཡལ་ལེ་བ་བྱེད་པའི་བྱིན་ཆགས་པ་ཤ་སྟག་འདུག་ཅེས་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་གསུངས་ལ། བོད་ཀྱི་ལོ་རྒྱུས་ཐོག་ཏུའང་ཆོས་དངོས་གྲུབ་ཀྱི་ཟམ་མ་ཆད་པ། བྱིན་རླབས་ཀྱི་ངད་མ་ཡལ་བ། བཅིངས་པ་བཅད་པའི་རྣམ་གྲོལ་བ། འདུ་འཛི་སྤངས་པའི་དགོན་པ་བ་དུ་མ་མུ་ཏིག་ཕྲེང་བ་རྒྱུད་དུ་བྱོན་གཤིས། རྒྱལ་བ་བཀའ་བརྒྱུད་པ་དང་། རྒྱལ་བ་ས་སྐྱ་པ། རྒྱལ་བ་དགེ་ལུགས་པར་གྲགས་པ་ཐམས་ཅད་རྒྱལ་བ་བཀའ་གདམས་པའི་འཕྲིན་ལས་ལ་མ་བརྟེན་པ་མེད་ཚུལ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་རིས་མེད་གྲུབ་མཐའ་སྨྲ་བའི་མཁས་པའི་དབང་པོ་རྣམས་ཀྱིས་གསུངས་པ་ཤིན་ཏུ་མད་དེ། ཐམས་ཅད་མཁྱེན་པ་འགོས་ལོ་གཞོན་ནུ་དཔལ་གྱིས་དུས་ཕྱིས་བོད་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣལ་འབྱོར་བ་གྲུབ་པའི་སྤྱོད་པ་ཅན་རྣམས་ཀྱི་རྣམ་པར་ཐར་བ་ཕལ་ཆེ་བ་ན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རེ་ལ་གཏུག་པ་ཁོ་ན་སྣང་ཞེས་གསུངས་བས་སོ། །
       དགེ་འདུན་ཆོས་འཕེལ་གྱིས་བཀའ་གདམས་པའི་དགོན་རྙིང་དེ་ཀུན་ཕལ་ཆེར་མཆོད་རྟེན་གྱིས་གང་བསྡད་པ་ལྟ་བུར་འདུག་ཅེས་གསུངས་པ་ལྟར་བཀའ་གདམས་པའི་གདན་ས་ཁག་ལ་མཇལ་ཁ་ཞུ་སྐབས་འབུམ་པའམ་སྐུ་འབུམ་ཞེས་པའི་ཐ་སྙད་འདི་ཡང་ཡང་ཐོས་རྒྱུ་ཡོད་པ་ཡིན། མཁས་གྲུབ་རྗེའི་གསུང་དུ་འབུམ་པ་ནི་གྲོང་ཚིག་དང་། བསྟན་བཅོས་ཀྱི་སྐད་ལ་མཆོད་རྟེན་ཞེས་བྱ་དགོས་ཚུལ་གསུངས་ཡོད། དེ་ལྟར་ན། འབུམ་པ་ཞེས་པ་ནི་སྐད་དང་ཡི་གེ་གཞན་ལ་བལྟོས་པའི་བོད་འགྱུར་གྱི་བརྡ་ཞིག་མ་ཡིན་པར་བོད་སྐད་རྣལ་མའི་ཚུལ་དུ་གནས་ལ། མཆོད་རྟེན་ལ་བལྟོས་ན་འབུམ་པ་ཞེས་པ་ཕལ་སྐད་དུ་གོ་དགོས་པའི་སྐབས་ཀྱང་མཆིས་སྙམ། ཡོངས་གྲགས་ལྟར་ན་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ལ་མཆོད་རྟེན་བཞེངས་པའི་སྲོལ་བྱུང་བར་བཤད། བཙན་པོའི་སྐབས་ཀྱི་ཤོག་དྲིལ་རྣམས་སུ་མཆོད་རྟེན་ཞེས་པའི་སྐད་དོད་དུ་འབུམ་པ་ཞེས་སྤྱད་པ་ཧ་ལམ་མཐོང་དུ་མེད། དོན་ལ་འབུམ་པ་ཞེས་པའི་བརྡ་འདི་མཆོད་རྟེན་གྱི་དོད་དུ་སྤྱོད་པའི་སྲོལ་རྒྱལ་བ་བཀའ་གདམས་པའི་སྐབས་ནས་བྱུང་བ་ཡིན་ནམ་སྙམ། མཆོད་རྟེན་ལ་ཡང་སྐུའི་མཆོད་རྟེན་དང་གསུང་གི་མཆོད་རྟེན། ཐུགས་ཀྱི་མཆོད་རྟེན་བཅས་གསུམ་དུ་ངེས། སྐུའི་མཆོད་རྟེན་ནི་རིས་སུ་བྲིས་པ་དང་ལུགས་སུ་བླུགས་པ་དང་འབུར་དུ་གཏོད་པ་དང་པར་དུ་བརྐོས་པ་སོགས་དང་། གསུང་གི་མཆོད་རྟེན་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། ཐུགས་ཀྱི་མཆོད་རྟེན་ནི་རྡོ་རྗེ་དང་དྲིལ་བུ་ལྟ་བུའི་ཕྱག་མཚན་རྣམས་ལ་བྱ་དགོས་ཚུལ་ཤོག་དྲིལ་རྣམས་ལས་འབྱུང་གཤིས། མཆོད་རྟེན་ཞེས་པའང་སྒྲ་ཡངས་དོག་གི་ཁྱད་པར་ཡོད། གཞན་ཡང་མཆོད་རྟེན་གྱི་གླེང་གཞི་དང་ཕན་ཡོན་སོགས་ཀྱི་སྐོར་མང་དུ་འབྱུང་ཡང་དེར་འབུམ་པ་ཞེས་པའི་བརྡ་མཐོང་དུ་མེད། ཡང་གཅིག་ཏུ་ན་འབུམ་པ་ཞེས་པ་མཆོད་རྟེན་གྱི་གཟུངས་སུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཙོ་བོ་བཞུགས་པས་དེ་ལྟར་ཐོགས་སམ་ཞེས་སློབ་དཔོན་འགྱན་གྱིས་གསུངས། ཡིག་ཚང་རྙིང་ཤོས་རྣམས་ལ་བརྟགས་ན་སློབ་དཔོན་གྱི་གསུང་བདེན་པར་སྣང་སྟེ། ཤོག་དྲིལ་གཅིག་ཏུ་ན་རེ། གཟུངས་ནྀ་རྣམ་པ་གཉྀས་ཏེ། ཚྀག་གི་གཟུངས་དང་། དོན་གྱྀ་གཟུངས་སོ། །དེ་ཡང་གང་ཞེ་ན་། དྲན་བ་སྟེ། འདྀས་ཚིག་དང་དོན་འཛྀན་པའྀ་ཕྱིར་རོ། །དེའྀ་སྒོ་ནྀ་ཡི་གེ་རྣམས་ཏེ། འདྀ་ལྟར་ཡྀ་གེའྀ་འབྲུ་གཅྀག་དུ་མདོ་སྡེ་འབུམ་པ་རྣམས་བསྡུས་ནས་འཛྀན་པི་(པའི)ཕྱིར་རོ། །གཅྀག་དུ་ན་གཟུངས་ཉྀད་བརྗེད་ངས་པ་མྱེད་པའྀ་སྒོ་ཡྀན་ནོ། །ཞེས་མདོ་སྡེ་འབུམ་པ་ཚིག་གི་གཟུངས་སུ་ངེས་པ་ཤིན་ཏུ་གསལ་བར་བསྟན་ཡོད། ཤོག་དྲིལ་གཞན་ཞིག་ཏུ་བོད་ཀྱྀ་འབུམ་པ་སྡེ་དྲུག་ལྟ་བུའི་བརྡའང་འབྱུང་། དཀར་ཆག་འཕང་ཐང་མའི་ཆོས་ཚན་དང་པོའི་མཚན་བྱང་ལ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབུམ་པ་ཤློཀ་འབུམ་བམ་པོ་སུམ་བརྒྱ་ཞེས་གསལ་བས་འཁྲུན་གསལ་པོར་ཆོད་དེ། ཤོ་ལོ་ཀ་འབུམ་ལ་འབུམ་པ་དང་། ཤོ་ལོ་ཀ་ཉི་ཁྲིི་ལྔ་སྟོང་ལ་ཉི་ཁྲི་ལྔ་སྟོང་པ། ཤོ་ལོ་ཀ་ཁྲི་བརྒྱད་སྟོང་ལ་ཁྲི་བརྒྱད་སྟོང་པ། ཤོ་ལོ་ཀ་ཁྲི་ལ་ཁྲི་པ། ཤོ་ལོ་ཀ་བརྒྱད་སྟོང་ལ་བརྒྱད་སྟོང་པ། ཤོ་ལོ་ཀ་བརྒྱ་ལ་བརྒྱ་པ། ཤོ་ལོ་ཀ་སུམ་ཅུ་ལ་སུམ་ཅུ་པ་སོགས་གྲངས་ཀྱི་ཐ་སྙད་འདི་དག་སྔ་ནས་ད་བར་སྤྱད་དང་སྤྱོད་མུས་ཡིན་པས་སོ། ། བཀའ་གདམས་པའི་སྐྱེས་ཆེན་རྣམས་ཀྱིས་ཀྱང་ཡུམ་འབུམ་པ་རྒྱ་ཆེར་བཞེངས་མྱོང་བར་སྣང་སྟེ། དགེ་བཤེས་སྟོན་པའི་རྣམ་ཐར་དུ། ཞང་བེར་ཆུང་འབུམ་བྲི་བར་འདོད་ནས་རྐོང་པོ་ནས་ཤོག་བུ་བླངས་པའི་ལོ་རྒྱུས་གསལ་ལ། ཞུས་ལན་ནོར་བུའི་ཕྲེང་བར་འབུམ་གྱི་རྒྱ་གར་སྐད་གསེར་གྱི་འབུར་མ་བྱས་པའི་སྐོར་དང་། མཉམ་མེད་འབྲི་གུང་སྐྱོབ་པ་རིན་པོ་ཆེའི་གསུང་འབུམ་དུ། འཕན་ཡུལ་དཔོན་ཆེན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་རྒྱལ་བའི་ཡུམ་གྱུར་སྟོང་ཕྲག་བརྒྱ་པ་གསེར་གྱིས་བཞེངས་པའི་སྐོར་དང་། དགེ་བཤེས་པོ་ཏོ་བའི་དཔེ་ཆོས་སུའང་གསེར་འབུམ་བརྒྱ་སོགས་ཀྱི་སྐོར་མང་དུ་འབྱུང་བ་སོགས་གསེར་འབུམ་གྱི་གྲངས་དེ་ཙམ་བཞུགས་ན། དངུལ་འབུམ་དང་སྐྱ་འབུམ་སོགས་ནི་བགྲང་བྱའི་གྲངས་ཀྱི་ཡུལ་ལས་འདས་པ་ངང་གིས་ཤེས་ནུས་སོ། ། དེས་ན་འབུམ་པ་ཞེས་པའི་ཐོག་མའི་བརྡ་དོན་ཤེར་ཕྱིན་གྱི་མདོ་རྒྱས་པ་ལ་གོ་བར་སྣང་ཞིང་། མདོ་དེ་གཟུངས་སུ་བཞུགས་པའི་མཆོད་རྟེན་ནི་གོང་དུ་ཞུས་པའི་གསུང་གི་མཆོད་རྟེན་ནོ། །སྐུ་འབུམ་ཞེས་པ་ནི་སྐུ་བརྙན་ཚ་ཚ་མང་པོ་ཡོད་པའི་འབུམ་པ་སྟེ་མཆོད་རྟེན་ཞེས་ཚིག་མཛོད་རྣམས་སུ་བཀྲལ། དེ་ལྟར་ན་སྐབས་སུ་བབ་པའི་མཆོད་རྟེན་གྱི་གཟུངས་ནི་གོང་དུ་སོང་བའི་སྐུའི་མཆོད་རྟེན་ནོ། །འོན་ཀྱང་མཆོད་རྟེན་གྱི་དང་པོའི་བྱུང་བ་ལ་གཞིགས་ན། གཟུངས་ཀྱི་ཐོག་མ་རིང་བསྲེལ་ཡིན་པ་ལས་སྐུ་བརྙན་དང་གསུང་རབ་མིན། ཆོས་འབྱུང་དུའང་པོ་ཏོ་འབུམ་པ་དང་། དགོན་པ་བའི་སྐུ་འབུམ་ཞེས་པ་ལྟ་བུའམ། འབྲུག་པ་ཀུན་ལེགས་པའི་རྣམ་ཐར་དུའང་། དབོན་རིན་པོ་ཆེས་རྒྱལ་དབང་རིན་པོ་ཆེའི་སྐུ་གདུང་ཞུགས་ལ་ཕུལ། ཐུགས་ལྗགས་དང་སྤྱན་རས་གཟིགས་བཞུགས་པའི་གསེར་དངུལ་ལས་གྲུབ་པ་ལ་རིན་པོ་ཆེའི་ཕྲ་དུ་མས་སྤྲས་པའི་འབུམ་པ་མི་ཆུང་བ་ཞིག་བཞེངས་པ་གནང་ཞེས་གསལ། ཕྱིས་སུ་སྐུ་གསུང་གི་རྟེན་གཉིས་ཀ་གཟུངས་སུ་ཕུལ་ཚུལ་གོང་དུ་དྲངས་པའི་ཤོག་དྲིལ་གྱི་གཏམ་ལས་ཤེས་ནུས། དེས་ན་རྒྱལ་བ་བཀའ་གདམས་པའི་སྐབས་ནས་བཟུང་མཆོད་རྟེན་གྱི་གཟུངས་ལ་ཡུམ་འབུམ་པ་རྒྱ་ཆེར་བཞུགས་སུ་གསོལ་བས་གཙོ་ཕལ་དབང་གིས་མཆོད་རྟེན་ལ་འབུམ་པ་ཞེས་འབོད་པའི་སྲོལ་བྱུང་མིན་ཞིབ་ཏུ་དཔྱད་བཟོད་པ་ཡིན་སྙམ། ཇི་ལྟར་ནའང་། བཀའ་གདམས་པའི་གདན་ས་ཁག་ཏུ་འབུམ་པ་ངོ་མཚར་ཅན་མང་དུ་མཇལ་རྒྱུ་ཡོད་པ་འདི་ནི། ཐུགས་རྟེན་གྱི་མཚོན་བྱེད་ཁྱད་པར་ཅན་ཞིག་ཏུ་གྱུར་འདུག
       གསུང་གི་རྟེན་ལའང་ཁྱད་པར་དུ་འཕགས་པ་མང་དུ་སྣང་ཡང་། བོད་རྩོམ་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་ཀྱིས་དཔེ་ཆོས་ཞེས་པའི་བརྡ་འདི་ཀོ་སྙིང་ཉེ་ཉེས་ཁ་ལ་འཁྱེར་བ་ཡིན། དཔེ་ཆོས་འདི་ཡང་གཞུང་དངོས་ལས་གཞན་གྱིས་མ་གོ་བར་དོགས་ནས། ཆོས་ཐམས་ཅད་དཔེ་སྣ་ཚོགས་ཀྱི་སྒོ་ནས་དོན་གཏན་ལ་ཕབ་པར་གྲགས། དེ་ལས་དགེ་བའི་བཤེས་གཉེན་པོ་ཏོ་བས། མདོ་རྒྱུད་བསྟན་བཅོས་རྣམས་ལ་གཟིགས་པ་དང་། དགེ་བཤེས་སྟོན་པ་ལ་གསན་པ་དང་། འཇིག་རྟེན་པ་ལས་གསན་ཅིང་དགོངས་པ་རྣམས་གང་ཟག་གཞན་དང་གཞན་ལ། དུས་གཞན་དང་གཞན་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་ཆོས་རིན་ཆེན་སྤུངས་པ་ལྟ་བུ་ནི། དཔེ་ཆོས་རྩོམ་རིག་གི་མཚོན་བྱེད་བརྩམས་ཆོས་སུ་གྱུར་ཡོད། དེང་གི་འཆད་སྲོལ་ལྟར་ན། དཔེ་ཆོས་རྩོམ་རིག་ནི་བོད་རྒྱུད་ཐུབ་བསྟན་ཀྲུང་གོ་ཅན་དུ་མངོན་པར་ཕྱོགས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། དེར་གསལ་བའི་དཔེ་དུ་མ་བོད་ཀྱི་རི་ཆུ་ཀླུང་གསུམ་དང་། གནམ་སྡེ་ས་སྡེའི་སེམས་ཅན་གྱི་བྱ་བྱེད་ཁྱད་པར་བ། གང་ཟག་རྣམས་ཀྱི་གཏམ་དང་སྤྱོད་པ། ལོ་རྒྱུས་ཀྱི་ཡི་གེ་སོགས་ལ་སྦྱར་ནས་དོན་མྱུར་དུ་རྟོག་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་པས་སོ། །དེང་གི་དཔྱོད་འཇུག་པ་འགའ་ཞིག་གིས་བོད་ཀྱི་དགོན་སྡེ་རྣམས་སུ་བཞུགས་པའི་གསུང་རབ་ཀྱི་རྟེན་རི་བོའི་གཏོས་དང་མཉམ་པ་ཕལ་ཆེ་བ་བསྐྱར་བཟློས་ཡང་བཟློས་ཙམ་ལས་གསར་ཁྱད་མེད་པར་སྨྲ་བ་ཡང་བྱེ་བྲག་མ་ཕྱེད་པའི་བབ་ཅོལ་དུ་མཐོང་སྟེ། རིང་ལུགས་གང་ཡང་རུང་བ་ཞིག་གི་མདོ་དང་རྩ་བ་གཅིག་ལ་འགྲེལ་པ་དང་ཡང་འགྲེལ་མང་དུ་འབྱུང་བ་འདི་ནི་ཕྱི་ནང་གི་ཤེས་རིག་ཐུན་མོང་ལ་མངའ་བའི་སྤྱི་འགྲོས་ཤིག་ཡིན་པ་ལྟར། བོད་མཁས་པའི་བསྟན་བཅོས་རྣམས་ཀྱང་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་བྱོན་པའི་མཁས་པ་རྣམས་ཀྱིས་རང་རང་གི་རྣམ་དཔྱོད་ལ་བརྟེན་ཏེ་གཞུང་དང་རྩ་བར་འགྲེལ་བརྗོད་སྣ་ཚོགས་བགྱིས་པ་ལ་འགལ་བ་མེད་པ་མ་ཟད། ཐུན་མིན་དཔེ་ཡི་རྣམ་གཞག་དུ་མ་བོད་ཆོས་ཁོ་ན་གཙིགས་ཆེར་མཛད་པ་ཡིན་གཤིས། བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཐོས་པ་དོན་དུ་གཉེར་མཁན་ཀུན་པོས་ཞིབ་མོ་རྣམ་འཐག་བགྱི་རིགས་པ་ཡིན་སྙམ།
       དགེ་བཤེས་པོ་ཏོ་བའི་དཔེ་ཆོས་ནང་དུ་བསྡུས་པའི་རྒྱལ་བཙུན་སྤུན་དང་། རུབ་ཆོས་བཞིན། ཕྱ་མཁར་ཐོབ་འདྲ་ལྟ་བུ་ནི་འཕན་པོ་བ་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ཅན་འབའ་ཞིག་ཡིན་ལ། བྱེ་བྲག་ཏུ་བོད་ཡུལ་ཀུན་ལ་རླུང་ལྟར་གྲགས་ཤིང་འཕན་ཡུལ་དང་དམ་དུ་འབྲེལ་བའི་དམངས་ཁྲོད་གཏམ་རྒྱུད་ཕྲ་མེན་མའི་སྒྲུང་ལྟ་བུ་ནི་ཡིག་ཚང་རིག་པ་དང་མིའི་རིགས་རིག་པ་སོགས་ཀྱི་ཐོག་ནས་དཔྱད་བཟོད་པའི་གཏམ་རྒྱུད་སྙན་ལ་རིང་བ་ཞིག་ཏུ་མཐོང་སྟེ། དེ་ཡང་ཨ་མ་ཕྲ་མེན་མ་ཞིག་སྒམ་ལ་བཞོན་ནས་ཚོགས་འདུར་འགྲོ་བ་ལ་བུས་ཤེས་ནས་ནམ་ཞིག་གི་ཚེ་གསང་གཏམ་བརྡོལ་བས། མས་བུ་དེ་ཉིད་ཁྱིར་བསྒྱུར་ཅིང་། བླ་མ་གླང་ཐང་པས་ཁྱི་ནས་སླར་མིར་བསྒྱུར་བ་ནི། གླང་ཐང་པའི་སློབ་མ་དགེ་བཤེས་ལྕགས་རི་བ་ཡིན་པར་གྲགས་པ་དེའོ། །གཏམ་རྒྱུད་དེ་ཉིད་འཕན་ཡུལ་སྟོད་སྨད་བར་གསུམ་དུ་གདོད་ནས་བཤས་སྒྲོས་ཡོད་ལ། ད་ལྟའི་ལྕགས་རི་དགོན་པའི་དཀོན་གཉེར་གྱིས་ཡུལ་དངོས་ལ་ཡོད་པའི་སའི་རྟགས་མཚན་རྣམས་ལ་སྦྱར་ཏེ་ཁུངས་ལུང་རྒྱུ་མཚན་གསལ་པོར་འཆད་ཀྱིན་ཡོད། དེ་ཙམ་མ་ཟད་ངག་དབང་ཀུན་དགའ་དཔལ་གྱི་ཆོས་འབྱུང་དུའང་བསྡུས་ཙམ་བཀོད་ཡོད་མོད། རྭ་ལོ་ཙཱ་བའི་རྣམ་ཐར་དུ་ཡུལ་ནི་འཕན་པོ་སྙུག་རུམ་ནང་ན་ཡིན་པ་དང་། གླང་ཐང་པས་བུ་དེ་ཁྱི་ནས་མིར་བསྒྱུར་མ་བཏུབ་པར་རྭ་ལོ་ཙཱ་བའི་དྲུང་དུ་སོང་དང་ལུས་འདི་ལས་ཐར་བར་འགྱུར་ཞེས་བསྐུལ་པ་བཞིན་སྒོ་ལ་བརྒལ་ནས་ལྷ་སར་ཕྱིན་ཏེ་རྭ་ལོ་ཙཱ་བའི་ཞབས་ལ་གཏུག རྭ་ལོ་ཆེན་པོས་གཏོར་མ་བརྒྱབ་སྟེ་སྐད་ཅིག་ལ་མིའི་ལུས་སུ་བསྒྱུར། ཕྱིས་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་མཁའ་སྤྱོད་དུ་གཤེགས་པས་མཚན་ལ་ཡོན་ཏན་གྲགས་ཞེས་བྱ་བར་གྲགས། སྐབས་སུ་བབ་པའི་ཡོན་ཏན་གྲགས་ཞེས་པ་ཕལ་ཆེར་དགེ་བཤེས་ཤ་ར་བ་ལ་གོ་དགོས་པར་སྣང་། ངག་དབང་ཀུན་དགའ་དཔལ་གྱི་ཆོས་འབྱུང་དུ་རྭ་ལོ་ཙཱ་བ་ནི་དགེ་བཤེས་གླང་ཐང་བའི་སློབ་མ་ཆེ་བའི་གྲལ་དུ་དྲངས་ཡོད། དེ་ལྟར་གཏམ་རྒྱུད་གཅིག་ལ་འཆད་སྟངས་མི་གཅིག་པ་འགའ་ཞིག་མཆིས་ལ། ཡིག་ཐོག་དང་ངག་ཐོག་གི་གཏམ་ལའང་ཁྱད་པར་ཅུང་ཟད་མཆིས་པས་གོང་དུ་བཤད་པའི་རིག་པ་གསར་པ་རྣམས་ཀྱི་དཔྱད་བྱའི་གནད་གལ་ཆེན་དུ་མཐོང་ངོ་། །
       འཕན་པོ་བ་རྣམས་སྤྱིར་གཞུང་དྲང་ལ་བློ་རྩ་བརྟན་པའི་མི་རྒྱུད་ཅིག་ཡིན་པ་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་ལས་ཤེས་ནུས་པ་ཡིན། ཁྱད་པར་དུ་མྱང་དབས་མནོན་གསུམ་ལྟ་བུ་ནི། གཡོ་ཅན་བཙན་ཤེད་ཅན་གྱི་རྒྱལ་པོའི་དབང་བསྒྱུར་ཏེ། ཉེས་པ་ནི་ལེགས་པར་བཅུག ལེགས་པ་ནི་ཉེས་པར་བཅུག མཛངས་པ་བློ་དཀར་བ་དང་། ལེགས་པའི་ཆབ་སྲིད་བྱེད་པ། བློ་རྩ་བརྟན་པའི་ཁ་ལ་ནི་མི་ཉན། མི་གཡོ་སྒྱུ་ངོ་བསྟོད་ཅན་སྤྲེལ་ལད་ཤོད་མཁན་གྱི་ཚིག་ལ་ནི་ཆེད་དུ་ཉན། མཁས་པ་གཞུང་དྲང་པོ་བྱེད་པ་དང་། དཔའ་སྙིང་སྟོབས་དང་ལྡན་པ་ལ་ནི་སྡང་ཞིང་ཆད་པ་གཅོད་པའི་རྒྱལ་པོ་ཟིང་པོ་རྗེ་སྟག་སྐྱ་བོ་དང་ཟིང་པོ་རྗེ་ཁྲི་པང་སུམ་ལྟ་བུ་རྒྱབ་ཀྱིས་བསྐྱུར་ཅིང་། དྲང་བདེན་ཚུལ་མཐུན་གྱི་དབང་སྒྱུར་བ་སྟེ། མིའི་བུ་དང་མི་འདྲ་བ་ལྷའི་སྲས་དང་འདྲ་བ། མ་རབས་ལོག་སྤྱོད་ཀྱི་དབང་སྒྱུར་བ་རྣམས་གཉའ་ནས་གནོན་ཅིང་། ཉམས་ཆུང་བདེན་པའི་བུ་ཆུང་མཐའ་ནས་སྐྱོང་བའི་འཕྲུལ་གྱི་ལྷ་བཙན་པོ་སྟག་རི་གཉན་གཟིགས་ཕ་སྤད་ཚ་གསུམ་ལ་མངོན་པར་དགའ་མགུས་གོང་དུ་བཀུར་ཏེ་རྗེེས་སུ་འབྲངས་ནུས་པའི་དཔའ་མཛངས་གཉིས་ལྡན་གྱི་སྐྱེ་བོ་ཤ་སྟག་ཏུ་སྣང་། བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་བའི་རྗེས་ཀྱི་ལོ་ངོ་བརྒྱ་ལྷག་ཙམ་གྱི་མཇུག་ཏུ། འཕན་ཡུལ་བ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་སོགས་སྐབས་དེའི་མི་ཆེན་དཔོན་ཆེན་རྣམས་ཀྱིས་སླར་ཡང་རྡོ་རིང་བསླངས་ཏེ། ལྷར་སངས་རྒྱས་གཟུང་། གྲོས་ཕུགས་ཆོས་ལ་གཏད། གཙོ་བོ་ལྟ་བ་སྦྱང་། ཚིག་སྤྱོད་རྣལ་དུ་དབབ། འཚོ་བ་གཙང་མར་བསྒྲུབ། བྱེད་དགུ་ཆོས་དང་སྦྱར། སྤྱི་གྲོས་གཅིག་ཏུ་བཟླུམ། སྒོ་གཉེར་སོ་སོར་བླང་། ངན་གྲོས་དགོག་དུ་དབྱུང་། བདེན་གཏམ་དང་དུ་བླང་དགོས་པའི་མི་འཇིགས་སེང་གེའི་གཏན་ཚིགས་ཡི་གེར་བྲིས་པས། ད་བར་ལྷ་སའི་ཕྱི་ནང་གི་མི་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་འཕན་ཡུལ་རིག་པའི་འབྱུང་གནས་ལ། །ཨ་ཁུ་སྟོན་པའི་དགོས་ཆེད་མེད། །ཅེས་པ་ལྟར་འཕན་པོ་བ་ནི་ནང་ལ་ཁ་འདྲིལ། ཕྱི་ལ་ལག་འདྲིལ། ཀུན་ཏུ་རིག་པ་སྐྱེན་པར་སྨྲ་ལ། རིགས་ལ་སྤྱི་སེམས་མ་ཆུང་བ་དང་ཡུལ་གྱི་སྒོས་དོན་མ་བོར་བ། བསྟན་པ་ལ་ཕྱོགས་འཐེན་མེད་ཅིང་ཡུལ་ལ་སྡེ་འཁྲུག་མེད་པ་འདི་ཀུན་བོད་པ་ཀུན་གྱིས་ཁ་མིག་ཡར་བལྟ་བགྱི་སའི་བཟང་དཔེ་ཡིན་སྙམ། འཕན་ཡུལ་སྟོད་སྨད་ཀྱི་དགོན་པ་རྣམས་ཀྱང་གྲུབ་མཐའ་བཀའ་གདམས་གསར་རྙིང་དང་། ས་སྐྱ་པ་སོགས་ལུང་རིགས་དང་བཤད་སྒྲུབ། མདོ་སྔགས་ཟུང་དུ་འཆང་བའི་བསྟན་པ་དཀར་འཇམ་དར་ཡུག་གཅིག་ཏུ་བརྡལ་བ་འདི་དག་ཁོ་ན་བཟུང་དང་འཛིན་མུས་ཡིན་པའང་གོང་གི་མི་གཤིས་ཀུན་སྤྱོད་རྣམས་དང་དམ་དུ་འབྲེལ་བས་ཨེ་ཡིན་སྙམ་པ་བྱུང་། ཇི་ལྟར་ནའང་འཕན་པོ་བ་རྣམས་མི་གཞི་གྲུང་པ། ཐོས་པ་དང་ཤེས་རབ་འཛོམས་པ། མོས་པ་བརྟན་པ། ལྟ་བ་དང་དམ་ཚིག་མཐུན་པ། མཛའ་ཞིང་འཁོན་གཅུགས་མེད་པ་འདི་འདྲ་ངེས་པར་མངོན་པར་དགའ་མགུས་རྗེས་སུ་ཡི་རང་ཞུ་ཡུལ་ཁོ་ནར་མཐོང་ངོ་། །
       འོན་ཀྱང་རྗེ་མར་པ་ལོ་ཙཱ་བའི་རྣམ་ཐར་ལས། མར་པ་མགོ་ལེགས་ཀྱིས་ཇི་སྐད་དུ། ཁ་གཏམ་ལ་ཡང་འཕན་ཡུལ་སྐྱ་མོ་ན། བྱིའུ་ལ་ལྷུ་ཐང་རྩི། བྱང་ཁ་སྣ་བརྒྱད་ན་འབྲོང་བུ་ལ་གཟུགས་ཐང་རྩི་བྱ་བ་ཡིན། འཕན་ཡུལ་བ་ནི་མི་ངན། དད་པ་ཆུང་། ས་བཙའ། མགོ་མཁྲེགས་ཞེས་གསུངས། དེ་བཞིན་གོང་དུ་སློབ་དཔོན་གྱི་རྣམ་ཐར་སོགས་སུ་འཕན་ཡུལ་ཡུལ་ངན་རྟ་རོ་ཁ་ཕྱེ་བ་འདྲ་བར་མི་འབྱོན་གསུངས་པ་སོགས་ནི། ཕྱིས་ཀྱི་ཡིག་མཁན་རྣམས་ཀྱིས་རང་རང་ལུགས་ཀྱི་གདུལ་བྱ་མེད་པ་རྒྱུ་མཚན་དུ་བྱས་ནས་དེ་སྐད་སྨོས་པ་ཨེ་ཡིན་སྙམ་སྟེ། ཁ་དཔེར་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། ཁབ་རྩེ་གཉིས་ཀྱིས་གོས་མི་ཚེམ་ཞེས་པ་ལྟར་གཞན་ལ་ཆགས་སྡང་སྤངས་ཏེ་གཅིག་ལ་སྙིང་པོར་འཛིན་པ་ནི། ཡ་རབས་དམ་པའི་རྣམ་ཐར་གཙང་མའོ། །དེ་བཞིན་བྱིའུ་ལ་ལྷུ་ཐང་རྩི་ཞེས་འཕན་པོ་བ་རྣམས་སེར་སྣ་ཆེ་ཞིང་ཁ་སྟབས་ཞན་པའི་བརྡ་རུ་བསྙད་ཀྱང་། དེང་གི་ཆར་འཕན་པོ་བ་སྤྱིར་རྒྱབ་ཀྱི་ཆོས་བཙན། མདུན་གྱི་གྲོས་བཙན། མཐུན་པའི་དཔུང་བཙན་བས། ཕྱི་ནས་ཡོང་སྒོ་ལེགས་པ་དང་། ནང་ལ་ཁ་རྗེ་དར་བ་དང་། ཀུན་ཏུ་དབང་ཐང་ཆེ་བ་འདི་འདྲ་སྒོ་ཕྱུགས་མེད་པའི་འབྲོག་པ་དང་། ས་ཞིང་མེད་པའི་ཞིང་པ། ལག་ཤེས་མེད་པའི་རོང་པ། ཕ་ཡུལ་མེད་པའི་འཁྱམ་པོ། ཡོན་ཏན་མེད་པའི་སློབ་གཉེར་བ། འཚོ་བ་མེད་པའི་སློང་མོ་བ་སོགས་སྤྱི་ཚོགས་ཐོག་གི་མི་བུ་ལྷག་མ་རྣམས་ཀྱིས་ནམ་ཡང་འགྲན་བཟོད་པ་ག་ལ་ཡིན་ཏེ། གཞར་ཡང་མ་ཡིན་ནོ། །
       མདོར་ན་དབུ་རུ་བྱང་གི་ཕྱོགས་འདིར་གདོད་མ་ཉིད་ནས་སྣོད་བཅུད་ཀྱི་དགེ་མཚན་མངོན་པར་བཀྲ་ལ། རིག་གནས་ལོ་རྒྱུས་ཀྱི་གཏེར་ཁ་ཤིན་ཏུ་ཕྱུག་ཅིང་། ལྷ་ཆོས་དང་མི་ཆོས་ཀྱི་རྣམ་དབྱེ་ཁ་གསལ་བས། ལོ་རྒྱུས་ཐོག་ཏུ་ཆོས་པས་ཆོས་མཐུན་གྱི་བྱ་བ་ལ་རྟག་འགྲུས་བགྱིས་ཏེ་ཆོས་ཀྱི་ས་ལ་གཤེགས་པ་མང་བ་དང་། ཁྱིམ་པས་ཁྱིམ་ཐབས་ཚུལ་བཞིན་བསྐྱངས་ཏེ་ཁྱིམ་གྱི་ཁ་འཛིན་མ་ཤོར་བ་སོགས་ཅི་ལའང་དགེ་མཚན་མང་དུ་མཐོང་མོད། ཇི་སྐད་དགེ་བཤེས་པོ་ཏ་བས། ལམ་རྒྱུས་མཁས་པ་བས་ལམ་ལ་ཞུགས་ནས་འགྲོ་བ་དགའ་ཞེས་གསུངས་པ་ལྟར་བོད་ཀྱི་ཤེས་རིག་ལ་ལྷག་བསམ་ལྡན་པ་རྣམས་ཀྱིས་དངོས་བཅར་གྱིས་དྲན་པ་ཉེ་བར་བཞག་ཚེ། མིག་ཡིད་རྣ་བའི་དགའ་སྟོན་དུ་འགྱུར་ངེས་པའི་འཇིག་རྟེན་གྱི་ཆོས་དང་འཇིག་རྟེན་ལས་འདས་པའི་ཆོས་སྣ་ཚོགས་ཐོས་པ་དོན་དུ་གཉེར་རྒྱུ་ཡོད། དེ་ལྟ་ནའང་ལྟ་མི་ཤེས་པའི་མིག་མི་མགུ་ཟེར་བ་ལྟར། ཕྱོགས་ལྷུང་རིས་ཆད་ཀྱི་སྤྱན་ཤེལ་བསྣབས་པའི་གང་ཟག་རྣམས་ནི་ནམ་ཡང་མགུ་དུས་མེད་པ་གཤིས་སུ་གྲུབ་ཡོད་པས། རིག་པ་འབྱུང་བའི་གནས་མཆོག་འཕན་ཡུལ་ལྟ་ཅི། དག་པའི་ཞིང་ཁམས་ཀྱང་མ་དག་པར་མཐོང་ངེས་པས་གང་དུ་ཕྱིན་ཀྱང་ངལ་བའི་རྒྱུ་ལས་འཐོབ་ཆ་གཞན་གང་ཡང་མེད་དོ། །
       མཇུག་ཏུ། ད་ཐེངས་ཀྱི་འགྲུལ་བཞུད་འདིར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་འགྱན་སངས་རྒྱས་དོན་གྲུབ་ཀྱིས་མཐུན་རྐྱེན་ཆ་ཚང་སྦྱར་བྱུང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་བྱུང་ཞུ་གི་ཡིན་ལ། ལམ་གྲོགས་སུའང་གྲོགས་བཤེས་མཛའ་གཅུགས་ཅན་གྲ་སྟོད་པ་བཤད་སྒྲུབ་རྒྱ་མཚོ་དང་ནག་ཤོད་པ་དཀོན་མཆོག་དར་བཟང་སོགས་ཀྱིས་རོགས་དན་སྣ་ཚོགས་བྱས་བྱུང་བར་བཀའ་དྲིན་ཆེ་བྱུང་ཞེས་ཞུའོ། །
       ཞེས་པ་འདི་ནི་སྤྱི་ལོ༢༠༢༢ལོའི་ཟླ༧ཚེས༢༦དང་ཚེས༢༧ཉིན་སློབ་དཔོན་ཆེན་མོ་འགྱན་སངས་རྒྱས་དོན་གྲུབ་དང་ཕྲན་སོགས་དཔོན་སློབ་བརྒྱད་ལྷན་དུ་དབུ་རུ་བྱང་གི་ཕྱོགས་སུ་ལྗོངས་རྒྱུ་དང་རིག་གཞུང་ཞིབ་འཇུག་ལ་བསྐྱོད་པའི་བརྗེད་ཐོ་ཙམ་ཞིག་དྲུག་པའི་ཚེས་བཞིའི་སྔ་གཞུག་ཏུ་དབུས་འགྱུར་ལྷ་ལྡན་གྲོང་ནས་མྱུར་དུ་བྲིས་པ་རྫོགས་སོ། །

རྩོམ་ཁུངས། ༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།