ཀྲེ་ཅང་གི་སློབ་གྲྭ་འགར་ཉུལ་བའི་ཟིན་ཐོ།
རྩོམ་པ་པོ།:ཨ་བདེ་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-05 15:56:58
ཀློག་གྲངས།:6642
དང་པོ།
༢༠༢༣ལོའི་ཟླ༤པའི་ཚེས༥ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་ཟི་ལིང་ནས་ནན་ཅིན་དུ་བསྐྱོད་པའི་མེ་འཁོར་དུ་བསྡད། ཀྲེ་ཅང་དགེ་ཐོན་སློབ་ཆེན་ནས་ཉིན་དྲུག་ཙམ་ལ་སློབ་སྦྱོང་དང་རྟོག་ཞིབ་ལ་འཇུག་པའི་འགྲུལ་བཞུད་ཀྱི་མགོ་འདི་ལྟར་བརྩམས། ལོ་ངོ་འདི་དག་གི་རིང་ལ་ཞིང་ཆེན་ཕྱི་རུ་སློབ་སྦྱོང་དུ་འགྲོ་བའི་གོ་སྐབས་ཧ་ཅང་ཉུང་། ལྷག་པར་དུ་རང་ལ་མཚོན་ན་སློབ་གསོའི་ལས་ཀར་འཇུས་པ་ནས། ད་ལ་ཐུག་གི་བར་ས་ཕྱོགས་གཞན་དུ་སློབ་སྦྱོང་དང་བརྗེ་རེས་ཀྱི་སྐལ་བ་ཧ་ལམ་ཐོབ་མྱོང་མེད་ཟེར་ཆོག ད་ཐེངས་སློབ་སྦྱོང་དུ་འགྲོ་དགོས་པའི་བརྡ་འབྱོར་དུས། གཅིག་ནས་རང་ལ་གྲ་སྒྲིག་དང་དམིགས་ཡུལ། འཆར་གཞི་ཅི་ཡང་མེད་པ་དང་། གཉིས་ནས་རྒྱུས་ཉག་ཙམ་མེད་པའི་གནས་དེ་ནས་ཉིན་དྲུག་གི་ཡུན་ལ་ཅི་ཞིག་སློབ་ནུས་སམ་བསམ་ནས་ཡིད་གཉིས་ཐེ་ཚོམ་དུ་གྱུར། གོ་སྐབས་འཛིན་པའམ་རྩིས་མེད་བྱ་བ་གང་ལ་བསམ་གཞིགས་ཡུད་ཙམ་གཏང་དགོས་བྱུང་། སློབ་སྦྱོང་ནི་རང་ཉིད་ཀྱི་བསམ་བློ་གོ་རྟོགས་དང་མཐོང་ཐོས་མྱོང་གསུམ་རྒྱ་སྐྱེད་པའི་གོ་རིམ་ཞིག་ཡིན་མོད། ཡུལ་དུས་དང་རིག་གནས། གོམས་སྲོལ་ཀྱིས་བསྐལ་བ་ཞིག་ནས་རུམ་ལ་བསྡུ་རྒྱུ་དང་སེམས་ལ་འཛིན་རྒྱུ་རྙེད་ཞིག་སྲིད་དམ། གློ་བུར་དུ་ཡུན་རིང་སེམས་ལ་བརྣག་པའི་དོན་ཞིག་དྲན་པའི་ངོགས་སུ་འཁོར་བྱུང་། གལ་སྲིད་སྟབས་ལེགས་ན་དོན་གང་ལ་འོས་འཚམ་གྱི་ལན་རེ་རྙེད་ཀྱང་སྲིད། གོ་སྐབས་ནི་རང་གིས་བསྐྲུན་པའམ་དམ་འཛིན་བྱ་དགོས་ངེས་ཀྱི་གདམས་ཚིག་ཅིག་ཡོད་པ་བཞིན། སྐབས་འདིར་ངས་ནི་རང་གིས་བསྐྲུན་དགོས་མེད་པར་བསྩལ་བ་གང་དེ་དམ་འཛིན་བྱས་པས་ཆོག ཁབ་རྩེ་གཉིས་ཀྱིས་བཟོ་མི་འགྲུབ་པས་ཐེ་ཚོམ་བཅད་ནས་བཀའ་བཀོད་དང་ལེན་ཞུས་ཏེ་ལམ་ལ་ཆས་པ་ཡིན།
གཉིས་པ།
ཚེས༦གི་སྔ་དྲོའི་ཆུ་ཚོད་དགུ་བ་ཡོལ་ཙམ་དུ། ནན་ཅིན་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་ལ་འབྱོར་བ་དང་། ནན་ཅིན་མེ་འཁོར་འབབ་ཚིགས་ནས་ངལ་གང་འཚམ་ཞིག་གསོ་ཕྱིར། ཆེད་དུ་ཕྱི་དྲོའི་ཆུ་ཚོད་གཉིས་པར་ཀྲེ་ཅིང་ཅིན་ཧྭར་བསྐྱོད་པའི་པ་སེ་ཉོས་པ་ཡིན། འབབ་ཚིགས་ཀྱི་ཉིས་ཐོག་ཏུ་ཟས་རིགས་སྣ་ཚོགས་བཟའ་ཆོག་པའི་ཟ་ཁང་དང་། ཞིན་པ་ཁུ་འཚིག་ཇ་ཁང་འདུག ཟ་མ་སྟབས་བདེ་ཞིག་བཟས་རྗེས་ཐད་ཀར་འཚིག་ཇ་འཐུང་དུ་སོང་། ཀླད་ཁེབས་མེད་ལ་ཕྱོགས་མཐའ་དག་མཐོང་ཐུབ་པའི་གནས་ཞིག་བདམས་ནས། འཚིག་ཇ་འཐུང་ཞོར་དུ་ཅི་ཞིག་མཐོང་འདོད་ཀྱི་མིག་ཟུང་ཡར་མར་དུ་གཡེང་བ་བྱས་ནས་བསྡད། འབབ་ཚིགས་སུ་ཕྱི་ནས་ནང་ལ་ཞོགས་པ་དང་ནང་ནས་ཕྱི་ལ་ཞོགས་ཀྱིན་པའི་ཡོད་ཚད་རྗེས་སུ་ལུས་དོགས་ཀྱི་འཚེར་སྣང་དང་། ཅ་དངོས་མང་ལ་འཁྱེར་བདེ་མིན་པའི་འགྲུལ་བ་རེ་འགས་ཕན་ཚུན་སྡང་མིག་སྟོན་པའི་རྣམ་འགྱུར་ལས། སྔོན་ཆད་མཐོང་མ་མྱོང་བ་དེ་འདྲ་ཅང་མི་འདུག ནན་ཅིན་གྲོང་ཁྱེར་དུ་འབྱོར་དུས་ཐོག་མར་སེམས་སུ་འཁོར་བ་ནི་ནན་ཅིན་དམར་གསོད་ཆེན་མོ་རེད། གལ་ཏེ་དུས་ཚོད་འདང་ངེས་ཤིག་ཡོད་ཚེ་ཡུལ་དངོས་སུ་ལྟ་འདུན་གྱི་བསམ་བློ་འཁོར། གོ་ཐོས་སུ་གཞི་རྒྱ་ཧ་ཅང་ཆེ་བའི་འཛུགས་སྐྲུན་སྣ་ཚོགས་འདུག་པ་དང་། དེ་ནི་དྲན་པ་གསོ་སྟངས་ཁྱད་པར་བ་ཞིག་ཡིན་ཚུལ་བསྙད་མོད། ཤུལ་ལུས་པ་དག་ལ་མཚོན་ན་རྨ་ཁའི་སྟེང་དུ་ཚྭ་བཏབ་པ་མིན་འགྲོ་སྙམ་པའི་ཚོར་བ་བྱུང་།

ཕྱི་དྲོའི་དུས་ཚོད་གཉིས་པར་མེ་འཁོར་དུ་བསྡད་ནས་ཀྲེ་ཅང་ཅིན་ཧྭར་བསྐྱོད་པ་དང་། མུན་རུབ་ལ་ཉེ་དུས་ཆར་བ་ཆེན་པོ་ཞིག་དང་མཉམ་དུ་གོང་གིས་གཏན་འཁེལ་བགྱིས་པའི་མགྲོན་ཁང་དུ་འབྱོར། སྤྱིར་ན། རྗོང་ནས་ལམ་དུ་ཆས་སྐབས་གཞན་དང་དཔུང་སྒྲིག་ནས་མཉམ་སྐྱོད་བྱས་ཀྱང་མི་ཆོག་པ་ཅང་མེད་མོད། བསམ་པའི་འཁྱེར་སོ་དང་འདོད་འདུན་ཆ་མི་འཚལ་ལ་ཕན་ཚུན་རྒྱུས་མངའ་མེད་པར་ནག་འཐིབ་བེར་གཤིབ་པ་ལས། རང་འདོད་བཞིན་འགྲོ་ཆོག་འདུག་ཆོག་བཟང་སྙམ་ནས་གཅིག་པུ་ལམ་ལ་ཆས་པ་ཡིན།
སྲང་མྱུལ་ནས་དགོང་ཇ་སྟབས་བདེ་ཞིག་འཐུང་དགོས་བསམ་མོད། ཕྱི་རོལ་ན་ད་དུང་ཆར་བ་འབབ་ཀྱིན་ཡོད་པ་དང་ཆད་སྣང་གིས་འགུལ་མི་འདོད་པས། སྟབས་ཐུག་ཅིག་གིས་འཐུས་པར་བྱས། འཆར་ཅན་ལྟར་འཕྲོར་ལུས་པའི་འཆད་ཁྲིད་ཞིག་གི་སྒྲ་ལ་ཉན། ཐང་ཆད་པའི་སྣང་བ་འགོག་མིན་དུ་འདུག་པས་མལ་ཁྲིའི་སྒང་དུ་བུད། གཏི་མུག་གཉིད་ཀྱི་དབང་བཙན་པས་དབང་མེད་ངང་རྨི་ལམ་གྱི་ཞིང་ལ་ཆས་སོང་། ཞོགས་པར་གཉིད་ལས་སད་དུས་མདང་གསོ་རླུང་གིས་བཟི་སོང་བ་མིན་འགྲོ་བསམ།
གསུམ་པ།
ཡིག་ཆ་ལྟར་ན། ཚེས༧ཉིན་མིང་ཐོ་འགོད་དགོས་པ་གཏན་འཁེལ་འདུག་མོད། ཞོགས་པའི་དུས་ལ་སྐད་འཕྲིན་གྱི་ཚོམས་སུ། དགེ་རྒན་རེ་འགའ་འགྲིམ་འགྲུལ་ལམ་ལྷོངས་མ་བྱུང་བའི་རྐྱེན་གྱིས་དུས་ཚོད་ནང་ལྟར་འབྱོར་མ་ཐུབ་པ་དང་། དེ་རིང་གར་འགྲོ་རང་དབང་ཡིན་ཆོག་གི་བརྡ་བཏང་འདུག ད་ནི་ཡིད་ཚིམས་པ་ཞིག་གཉིད་ཆོག་བསམ་ནས་མགོ་བོ་ཡང་བསྐྱར་སྔས་ལ་བཞག་པ་ཡིན་མོད། སྒེའུ་ཁུང་ཕྱི་རོལ་གྱི་བྱ་བྱེའུ་སྣ་ཚོགས་ཀྱི་སྐད་སྒྲས་གཉིད་ཀྱི་བདེ་བ་ཅིག་ཅར་དུ་འཕྲོག་བྱུང་ལ། ཡུན་རིང་ཞིག་ལ་བྱ་བྱེའུ་ཡི་མགྲིན་སྒྲ་ཐོས་མ་མྱོང་བ་ལྟ་བུའི་ཚོར་བ་ཞིག་འདུག་པས། སྒེའུ་ཁུང་གམ་དུ་འགྲེང་ནས་སྔོ་ལྗང་གི་ལྗོན་པ་དང་། ལྗོན་པའི་གསེབ་ན་བར་མེད་དུ་གྲག་ཀྱིན་པའི་བྱ་རིགས་སྣ་ཚོགས་ཀྱི་སྐད་ལ་གཟབ་ནན་གྱིས་ཉན་པ་ཡིན། སྐབས་དེར། སྦྱིན་བདག་མས་ཁ་པར་བཏང་ནས་ས་ཕྱོགས་གཅིག་པའི་དགེ་རྒན་ཞིག་གིས་འབྱོར་ཐོ་འགོད་བཞིན་ཡོད་པ་དང་། སྡོད་ཁང་གཅིག་ཏུ་བཀོད་སྒྲིག་ཆོག་མིན་གྱི་གཏམ་དྲིས་བྱུང་བས་ཆོག་པའི་བརྡ་སྤྲད་པ་ཡིན།གར་འགྲོ་རང་དབང་གི་ཉིན་གཅིག་ཆུད་མི་འཛའ་བའི་ཕྱིར། གླ་གཏོང་ཞིག་ཏུ་བསྡད་དེ་ཅིན་ཧྭ་གྲོང་ཁྱེར་གྱི་ཞིན་ཧྭ་དཔེ་ཁང་དུ་སོང་བ་ཡིན། དཔེ་ཁང་ཐོག་རྩེག་རིམ་པ་གསུམ་དུ་འདུག་པ་དང་། ཁེར་ཐོག་ཏུ་སློབ་མའི་བསླབ་དེབ་དང་སྦྱང་ཚན་གྱི་སྐོར་དང་། ཉིས་ཐོག་ཏུ་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་སྐོར། སུམ་ཐོག་ཏུ་བྱིས་པའི་གློག་རྡུལ་རྩེད་ཆས་དང་སློབ་སྦྱོང་གི་མཁོ་ཆས་སྣ་མང་། མདོར་ན། དཔེ་ཆ་སྣ་ཚོགས་རིགས་དབྱེ་ཞིབ་ཚགས་འཚོལ་བདེ་དང་ཁོར་ཡུག་གཙང་ཡངས་བབ་ཆགས་པས་ཤིན་ཏུ་སྡོད་བྲོད་པ་ཞིག་འདུག གཟའ་མཇུག་ཡིན་མིན་ཅི་ཆ་དཔེ་ཀློག་བྱེད་མཁན་དང་དཔེ་ཆ་བླུ་མཁན་ཅུང་མང་། ཞོར་དུ་དགེ་རྒན་ཆེ་གེ་མོས་སྔོན་མར་འོས་སྦྱོར་བྱས་པའི་དེབ་དག་བླུ་དགོས་བསམ་མོད། ཡིད་ཕངས་པ་ཞིག་ལ་དེབ་གཅིག་ཀྱང་མ་རྙེད། དཔེ་ཁང་འགན་འཛིན་པར་གློག་ཀླད་དུ་འཚོལ་བཤེར་བྱེད་དུ་བཅུག་ཀྱང་དེབ་དེ་དག་དཔར་སྐྲུན་ཅུང་སྔ་བས། འདིར་ཉེ་ལམ་དཔར་སྐྲུན་བགྱིས་པའི་དེབ་གསར་མ་གཏོགས་མེད་ཟེར། སྐུ་ཞབས་ཝང་ཞོ་པོ་ལགས་ཀྱི་བརྩམས་དེབ་གསུམ་ཉོས་པ་ཡིན། ཕྱི་དྲོའི་དུས་སུ་ཅིན་ཧྭ་གཙང་འགྲམ་ནས་ཉི་ནུབ་བར་དུ་བསྡད་པ་དང་། ཁྱི་རིགས་ཆེ་ཆུང་སྣ་ཚོགས་གྲོགས་སུ་སྡེབ་པའི་ཕོ་མོ་རྒན་དར་གཞོན་གསུམ་གྱི་འགྲོ་འོང་རྒྱུན་ཆད་པ་མི་འདུག སྲོད་ཀྱི་དུས་སུ་མཚམས་སྤྲིན་ཡིད་དུ་འོང་བ་འགའ་པར་དུ་བརྡབ་རྗེས་མགྲོན་ཁང་དུ་ལོག གཞུང་ལམ་འགྲམ་གྱི་རང་མོས་དཔེ་ཀློག་གི་སྒྲོམ་ཞིག་མཐོང་བའི་མོད། དཔེ་སྒྲོམ་གྱི་པར་དང་ཞབས་མཆན་དུ་ཕྱིའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ག་གེ་མོ་རུ་ལེ་དབར་རེའི་མཚམས་སུ་དཔེ་ཁང་རེ་འདུག་སྐད་གོ་ཐོས་བྱུང་མོད། ངས་ནི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཅིན་ཧྭ་གྲོང་ཁྱེར་ནས་ད་གཟོད་མཐོང་སྐལ་ཤར་ཅེས་གྲོགས་པོའི་སྐད་འཕྲིན་དུ་བཏང་བ་ཡིན།
བཞི་བ།
ཆེས༨ཀྱི་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀྱི་དུས་ལ། ཀྲེ་ཅང་དགེ་ཐོན་སློབ་ཆེན་ཧྥེ་གླིང་ཞིབ་འཇུག་གླིང་གི་ཉེ་ལོགས་ཀྱི་ནུས་མང་སློབ་ཁང་ནས་སློབ་སྦྱོང་མགོ་ཚུགས་པའི་མཛད་སྒོ་བསྡུས། ཚོགས་འདུའི་གཏམ་བཤད་དག་ལ་ཉན་ཞོར་དུ། ཉིན་དྲུག་རིང་གི་སློབ་སྦྱོང་གི་རྩ་དོན་དང་དམིགས་ཡུལ། ཁ་ཕྱོགས་དང་འཆར་བཀོད་བཅས་ལག་དེབ་ཀྱི་རྣམ་པར་བཟོས་པ་གང་དེར་ཞིབ་ཏུ་བལྟས། གཞུང་ལུགས་སློབ་ཁྲིད་དང་ཡུལ་དངོས་རྟོག་དཔྱོད་ཟུང་འབྲེལ་ཡིན་པ་དང་། དེ་ནི་བཤད་ཀྱི་ཁ་ལ་ཉན་ཆོག་པ་དང་ལས་ཀྱི་ལག་ལ་ལྟོས་ཆོག་པ་ཞིག་རེད་འདུག་པས། མེ་འཁོར་ལས་གཉིད་མ་སད་དང་ཀོག་མ་ལངས་ཀྱིས་ལེ་དབར་སྟོང་གི་ལམ་ཐག་བརྒྱུད་པ་དོན་དང་ལྡན་ཚོད་དུ་འདུག་བསམ་ནས་སེམས་ལ་སྤྲོ་བ་འཕེར།སློབ་སྦྱོང་གི་འཚོ་བ་བླ་ནས་སྦྱར་བས་བཟའ་བཏུང་གི་དུས་རན་ཚེ། བྱང་བུ་སྙིང་རྗེ་བོ་དེ་བཟུང་ནས་འགྲོ་རྐྱང་བྱས་ཆོག ཟས་རིགས་རང་འདེམས་དང་ཚལ་རིགས་སྣ་མང་། ཁོར་ཡུག་གཙང་ལ་སྒྲིག་གཞི་ཚགས་དམ། རིན་གོང་མཐོ་དམའ་ཅི་རིགས་སུ་དགེ་སློབ་དང་ལས་བཟོ་བས་རང་ཚོད་ལྟར་ལོངས་སུ་སྤྱད་ཆོག རྒྱུས་མེད་པར་ཚོད་མ་ཟིན་ཚེ་གྲོན་ཆེ་བ་འདུག
ཉིན་གུང་གི་ཁ་ལག་ཟོས་རྗེས། སློབ་གྲྭའི་དཀྱིལ་དབུས་སུ་ཡོད་པའི་ཁྲུའུ་ཡང(初阳湖)མཚེའུ་འགྲམ་དུ་ཕྱིན། སྔོ་ལྗང་གི་ལྗོན་ཤིང་དང་ཁ་དོག་བཀྲ་བའི་མེ་ཏོག ད་དུང་མིང་མི་ཤེས་པའི་རྩི་ཤིང་ཚོགས་ཀྱིས་མཚེའུ་ཡི་མཐའ་སྐོར་འདུག་ལ། ཆུ་སྐྱར་དང་ངང་ངུར་དག་བློ་བདེ་བག་ཕེབས་ངང་ཁྲུས་ལ་རོལ་བར་བྱེད། མི་དང་རང་བྱུང་མཉམ་གནས་ཀྱི་ལྟ་བ་དངོས་ཡོད་ཉམས་སྣང་དུ་འདུག ཕྱི་དྲོའི་ཚོགས་རན་པར་དུས་ཚོད་གང་འཚམ་ཤིག་འདུག་པས། ཁ་པར་གྱི་སྣེ་ཤན་བརྒྱུད་སློབ་གྲྭའི་དཔེ་མཛོད་ཁང་དུ་སོང་། དཔེ་མཛོད་ཁང་ནི་གཞི་རྒྱ་ཧ་ཅང་ཆེ་བའི་དྲུག་ཐོག་ཅན་བརྗིད་ཉམས་ལྡན་པ་ཞིག་འདུག སྤྱིར་ན་འགྲོ་འོང་སྐབས་གདོང་རིས་བཤེར་དགོས་ཀྱི་འདུག་མོད། སྐེ་ལ་དཔྱངས་པའི་དཔང་རྟགས་བསྟན་པ་ན་ནང་དུ་སོང་ཆོག་གི་བརྡ་བསྟན་བྱུང་། ཁེར་ཐོག་ནས་འཁྱུག་ཙམ་བསྡད་རྗེས་ཐད་ཀར་ཉིས་ཐོག་ཏུ་སོང་། གལ་ཏེ་གནས་ཤིག་གཏན་འཁེལ་ནས་དཔེ་ཀློག་ལ་འཇུག་འདོད་ཚེ། སྔོན་ནས་དུས་ཆད་མ་བྱས་པ་ཡིན་ན། འདུག་གནས་གང་བྱུང་དུ་རེག་གིན་མི་འདུག ཉིས་ཐོག་གི་དཔེ་ཁང་ཞིག་ནས་སྐོར་གཡེང་བྱེད་བཞིན་ལྟག་སྒོ་ནས་ཕྱིར་བུད་པ་ན། ཀྲེ་ཅང་དགེ་ཐོན་སློབ་ཆེན་གྱི་རྟེན་མཛོད་ཁང་ཅེས་པའི་སྒོ་བྱང་མཐོང་། སྒོའི་ནང་དུ་འཛུལ་མ་ཐག་གི་ལག་པ་གཡས་ཕྱོགས་ཀྱི་གྱང་ངོས་སུ་སློབ་རྟགས་དང་སློབ་གླུ། སློབ་སྲོལ་སོགས་མཚོན་རྟགས་གསལ་བཤད་དང་བཅས་ཏེ་བཞག་འདུག དེ་ནི་སློབ་གྲྭ་གང་གི་སློབ་གསོ་ལག་ལེན་གྱི་སྲོག་ཤིང་དང་། སློབ་གསོའི་ལྟ་གྲུབ་དང་རིགས་ལམ་གྱི་དཔང་རྟགས་ཡིན་ལ། སློབ་གསོ་ནི་ཅི། ཅིའི་ཕྱིར་སློབ་གསོ་དགོས་པ། སློབ་གསོ་ཇི་ལྟར་སྒྲུབ་ལུགས་བཅས་ཀྱི་དྲི་བའི་ལན་ཡིན་པས། ཡིག་འབྲུ་གདོང་འདེད་ཀྱིས་ཞིབ་ཏུ་བཀླགས་ལ་པར་ཞིག་ཀྱང་བརྡབ། སྒོའི་གཡོན་གྱི་ཁྱམས་རའི་དབྱིབས་ཀྱི་གཞོགས་ངོས་སུ། སློབ་གྲྭའི་ལོ་རྒྱུས་སྐོར་ཕྱི་ལོ༡༩༥༦ཟླ༦ནས་མགོ་བཟུང་སྟེ། ལོ་ཚིགས་དང་འབྲེལ་ཡོད་ཀྱི་པར་སྦྲགས་ནས་རིམ་པར་བཀོད་ཡོད་པ་དང་། ཆེ་ཆུང་མཐོ་དམའ་ཅི་རིགས་ཀྱི་སྒྲོམ་དང་སྟེགས་བུ་ལ་ལོ་རྒྱུས་ཀྱི་དངོས་དཔང་སྣ་ཚོགས་གྲ་འགྲིག་བསྟར་ཆགས་སུ་བཞག་འདུག ཕྱི་དྲོའི་སློབ་ཐུན་ཚོགས་པར་དུས་ཚོད་ཕྱེད་ཙམ་ལས་མི་འདུག་པས། མྱུར་ཏུ་ཕྱི་ལ་བུད་བཞིན་རྗེས་མར་ཁོམ་སྐབས་ཡོད་ཚེ་བསྐྱར་བསྐོར་ཅིག་རྒྱག་དགོས་བསམ། དཔེ་མཛོད་ཁང་ནས་ཚོགས་ཐུན་གྱི་གནས་ལ་བར་ཐག་ངེས་ཅན་ཞིག་ཡོད་ལ་རྐང་ཐང་དུ་སྐར་མ་ཉི་ཤུ་ཙམ་འགྲོ་དགོས་པ་འདྲ།

སྔ་དྲོའི«སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ལག་རྩལ་བསྒྲིགས་ཆས་ཀྱི་ཚད་གཞི»དང་མཐུད་ནས། ཕྱི་དྲོར«ཞི་ཅིན་ཕིན་གྱི་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་དཔལ་ཡོན་ཐད་ཀྱི་དཔྱད་བརྗོད་བདམས་བཏུས»ཀྱི་འཆད་ཁྲིད་ལ་ཉན། དགོང་ཁར། ཉིན་གུང་དཔེ་མཛོད་ཁང་གི་ལྟག་གི་སྒེའུ་ཁུང་ཞིག་ལས་སེའུ་མེ་ཏོག་བཞད་པའི་དེའུ་འབུར་ཞིག་མཐོང་བ་དེའི་སྟེང་དུ་འགོས་པ་ཡིན། སེའུ་མེ་ཏོག་བཞད་སྒང་གི་དུས་ཚིགས་ཡོལ་ཟིན་ནའང་། དགོང་ཁའི་ཉི་ཟེར་ལྗོན་ཤིང་དང་མེ་ཏོག་གི་སྟེང་དུ་འཐོར་བ་ན་ཡིད་དབང་རབ་ཏུ་འཕྲོག་པ་ཞིག་འདུག སྐབས་འདིར། སྒོར་མོའི་དབྱིབས་ཀྱི་དབུས་སུ(མྱི)ཡོད་པའི་སློབ་རྟགས་གང་དེ་མིག་མདུན་དུ་གསལ་ལེར་ཤར་བྱུང་ལ། སྣོད་བཅུད་ངོ་བོ་གཅིག་འདྲེས་ཀྱི་ལྡིང་ཀ་འདི་ལྟ་བུ་ནི་སློབ་གསོའི་གཤིན་ས་རེད་ཨང་སྙམ། མི་ནི་སློབ་གསོའི་དམིགས་འབེན་ཡིན་པའི་ལྟ་བ་རྨང་ནས་འགྱེལ་ཏེ། ལག་ཆ་ཁོ་ནར་མཐོང་གྱིན་པའི་ཡུལ་དུས་གང་དུ་ཚེ་སྲོག་གི་མཛེས་པ་ངོ་མ་མཐོང་ཁག་པོ་འདུག
ལྔ་པ།
ཚེས༩ཉིན་གྱི་སྔ་དྲོར་དགེ་རྒན་ཆེན་མོ་ཧྭོང་ལི་ཞིན་གྱི«གསོན་ཤུགས་གསར་བ་སྨྱན་སྦྱོར་གསར་བ་ལས། མཛུབ་རྩེའི་སློབ་གསོ»ཞེས་པའི་འཆད་ཁྲིད་ལ་ཉན། ipadཞིག་སྤྱད་ནས་སྨྱན་སྦྱོར་གྱི་ནུས་པ་དང་བཀོལ་སྤྱོད། རིག་ནུས་སློབ་ཁྲིད་ཀྱི་ཡོ་བྱད་གདམ་གསེས་སོགས་དཔེ་གཞི་དང་འབྲེལ་ནས་འཁྲིད་ཡིད་དུ་སིམ་པ་ཞིག་གནང་བྱུང། ཁོས་ངའི་དེ་རིང་གིipadདང་བཅས་པའི་སློབ་ཁྲིད་ཡོ་ཆས་སྒོར་ལྔ་སྟོང་ནས་དྲུག་སྟོང་ལྷག་གི་གོང་ཚོད་ཡིན་ལ། ཁྱོད་ཚོའི་རིག་ནུས་སྒོ་སམ་ལས་ལྡབ་ལྔའི་གྲོན་པ་འདུག་ཟེར། སློབ་གསོ་མ་གཞི་ནས་ལག་ཆ་ཞིག་ཡིན་ལ་ལག་ཆ་འདོར་ལེན་ཤེས་དགོས་པའི་རྒྱུ་མཚན་བཤད། ཡིན་རྒྱུ་ནི་མཐའ་དག་མིའི་འདུ་ཤེས་ལ་རག་ལས་པས། བེམ་པོས་བེམ་པོ་ལ་བདག་རྒྱག་ཁག་པོ་འདུག་བསམ་བྱུང་།

ཉིན་གུང་གི་དུས་ཚོད་ནང་ཡང་བསྐྱར་དཔེ་མཛོད་ཁང་དུ་སོང་བ་ཡིན། སྔ་ཉིན་འགྲོ་རྒྱུ་མ་བྱུང་བའི་དཔེ་གཟིགས་ཁང་འགའ་ལ་མྱུལ་རྗེས། ཁེར་ཐོག་གི་ཁྱམས་ར་ཞིག་ཏུ་སོས་དལ་སྡོད་གནས་ཟེར་བའི་སྒོ་བྱང་ཞིག་འདུག་པ་དེ་རུ་སོང་། ཁྱམས་རའི་ཕུགས་སུ་ཞིན་པ་ཁུ་འཚིག་ཇ་འཐུང་ཆོག་གི་སྤྱིལ་བུ་ཞིག་ཡོད་པ་དང་། ནང་རྒྱན་གྱི་ཇུས་འགོད་དང་ཁོར་ཡུག་གི་ལྷིང་འཇགས་བཅས་ཚོར་བས་ཟིན་པ་ཞིག་འདུག གྲུ་ཟུར་ཞིག་ཏུ་བསྡད་ནས་འཚིག་ཇ་འཐུང་ཞོར་ཝང་ཞོ་པོ་ལགས་ཀྱི«བདག་གི་བསམ་བློའི་གཞིས་ཀ»ཕར་སློག་ཚུར་སློག་བྱས་ནས་བསྡད། སློབ་མ་མང་པོས་མིག་ཟུང་གློག་ཀླད་དང་ལག་གཉིས་འཐེབ་གཞོང་དང་མ་བྲལ་བར་ཅི་ཞིག་བྲི་བར་བྲེལ་འདུག ཕྱི་དྲོའི་ཚོགས་ཐུན་གྲོལ་པ་ན་དགེ་རྒན་གྱིས་སང་ཉིན་ཧང་ཀྲིག་མ་འོངས་ཚན་རྩལ་གྲོང་གི་ཧེ་ཁྲོང་སློབ་ཆུང་དུ་ལྟ་ཞིབ་དུ་འགྲོ་རྒྱུ་ཡིན་ལ། ཚང་མ་དུས་ཚོད་ལྟར་ལམ་ལ་ཆས་དགོས་ཚུལ་བསྙད། ཅིན་ཧྭ་གྲོང་ཁྱེར་དང་ཁད་ཅུང་ཉེ་བའི་གནས་རི་བྱིན་ཅན་གང་དེར་མཇལ་བའི་སེམས་འདུན་སྔ་མོ་ནས་འཆང་ཡོད་པས། ནུབ་འཚལ་འཐུང་རྗེས། འདོད་པ་དོན་སྨིན་འབྱུང་ཐབས་ལ་བསམ་བློ་གཏོང་བཞིན་མགྲོན་ཁང་དུ་འཛུལ་ནས་བསྡད་པ་ཡིན།
དྲུག་པ།
ཕྱི་ཉིན་ཞོགས་པའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་ནས་ལམ་ལ་བུད། གྲོང་ཁྱེར་གྱི་མཐའ་ལ་ཐོན་ཙམ་ནས་མྱུར་ལམ་དུ་ཞུགས་ནས་ཧང་ཀྲིག་ཕྱོགས་སུ་བསྐྱོད། ལམ་འགྲམ་གྱི་གྲོང་དང་གྲོང་གསེབ། ལྗོན་པ་དང་ནགས་ཚལ། མཐོ་དམའ་ཅི་རིགས་ཀྱི་རི་བོ་སོགས་རེ་རེ་བཞིན་རྒྱབ་ཕྱོགས་སུ་རྒྱུགས་ཀིན་མཆིས། སེམས་ལ་མི་ཟེར་བ་འདི་འཕེལ་རྒྱས་སམ་འཚོ་གནས་ལབ་བཞིན། སྨིན་ཐག་མ་ཆོད་པའི་ཀུ་ཤུ་སྐྱ་རྡོ་ཞིག་དང་འདྲ་བའི་གྲོང་ཁྱེར་དུ་འཚང་ཁ་རྒྱག་དོན་ག་རེ་ཡིན་ནམ་བསམ། དུས་ཚོད་བཅུ་བ་ཙམ་ལ་ཧེ་ཁྲོང་སློབ་ཆུང་དུ་འབྱོར་བ་དང་། སློབ་གཙོས་སྣེ་ལེན་བརྒྱུད། སློབ་གྲྭའི་སྙན་ཞུ་ཚོམས་ཆེན་ནས་ཐོག་མའི་སློབ་སྒྲུབ་ཀྱི་ལྟ་བ་ནས་བར་གྱི་ལག་ལེན། མཇུག་གི་གྲུབ་འབྲས་སོགས་པར་དང་བརྙན་དང་ཡི་གེར་སྡེབ་ནས་སློབ་གསོའི་ལངས་ཕྱོགས་མངོན་པར་གསལ་བའི་ངོ་སྤྲོད་རྒྱས་པ་ཞིག་གནང་བྱུང་། ཁོའི་ལྟ་སྤྱོད་ལས་རིག་གནས་རང་རྟོན་གྱི་ཆ་བཅོས་མིན་དུ་ཚོར་ཐུབ་པ་འདུག ཉིན་གུང་གི་འཚོ་བ་དགེ་རྒན་གྱི་ཟ་ཁང་དུ་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་མའི་ཟ་ཁང་དང་བར་དུ་ཆོད་སྟབས་བདེ་ཞིག་ལས་མི་འདུག སློབ་མ་ཚོས་ཁ་ལག་བཟའ་བཞིན་པའི་སྐབས་དང་འཁེལ་འདུག་པས། ཁོ་ཚོས་ཟ་འཐུང་གི་རྣམ་པ་ཅི་འདྲ་ཞིག་ཡིན་སྙམ་གྱི་དོགས་པ་འཆང་བཞིན་སློབ་མ་ཚོའི་ཁྲོད་དུ་ཕྱིན་པ་ཡིན། སློབ་གཙོའི་ངོ་སྤྲོད་ལས་གསུང་བ་ལྟར་ན། དེང་གི་བྱིས་པ་མང་པོ་ངལ་རྩོལ་གྱི་ནུས་པ་ཧ་ཅང་ཞན་པ་དང་། ངལ་རྩོལ་དུ་འཇུག་མི་ནུས་མཁན་གྱིས་སྤྱིར་བཏང་ངལ་རྩོལ་གྱི་འབྲས་བུ་ལ་བརྩི་འཇོག་དང་གཅེས་སྤྲས་བྱེད་ཤེས་རྒྱུ་ཧ་ཅང་ཁག་པོ་འདུག དེ་བས། རང་གི་ཡུལ་བབ་ཀྱི་ཁྱད་ཆོས་གཙིགས་སུ་བཟུང་ནས། སློབ་མ་འབྲས་འདེབས་འཛུགས་ནས་སྟོན་སྡུད་བཅས་ཀྱི་ངལ་རྩོལ་གྱི་གོ་རིམ་མཐའ་དག་ཁྲོད་ཞུགས་བཞིན་ཡོད་པས། འབྲས་དང་བཅས་པའི་ཟ་མ་གྲོན་ཆུང་གི་འདུ་ཤེས་ལེགས་པོ་ཆགས་བཞིན་འདུག་ཚུལ་བཤད། དོགས་པ་ནི་དོགས་པ་ཙམ་སྟེ། མིག་མཐོང་ལག་ཟིན་ལས་ཡོད་ཚད་ར་སྤྲད་བྱུང་། ངལ་རྩོལ་སློབ་གསོས་སློབ་མའི་བརྗེ་རེས་དང་ལག་ལེན། མྱོང་བའི་ནུས་པ་སྐྱེད་སྲིང་དང་རིན་ཐང་ལྟ་བ་ལེགས་པོ་ཞིག་ཆགས་པར་རྨང་འདིང་བཞིན་འདུག གྲོན་ཆུང་གི་འདུ་ཤེས་ནི་དྲིལ་སྒྲོག་ཙམ་གྱིས་མི་འཇོན་པར་སྒྲུབ་པའི་སྦྱོར་བ་ལ་གཞོལ་དགོས་ཀྱི་བསམ་ཚུལ་དེར་ལན་གསལ་བོ་ཞིག་རྙེད་བྱུང་།ཁ་ལག་མཆོད་རྗེས་ཟ་ཁང་གི་ཕྱི་རུ་བུད་པ་ན། ལག་ཏུ་བྱང་བུ་ཐོགས་པའི་སློབ་གྲོགས་འགས་དགེ་རྒན་གང་རུང་གི་མིང་ནས་བཟུང་ཏེ་སུ་ཡིན་པ་འདྲི་བཞིན་འདུག ངས་རང་གི་མིང་ནས་འབོད་བཞིན་པའི་སློབ་གྲོགས་དེ་ལ་ལག་བརྡ་ཞིག་བསྟན་པ་ན། ལམ་སེང་གམ་དུ་སླེབས་བྱུང་ལ་འཛུམ་ཤིག་ཕྱུངས་བཞིན་གུས་འདུད་དང་བཅས། དགེ་རྒན་བདེ་མོ། ང་ནི་གསུམ་བརྒྱད་འཛིན་གྲྭའི་སློབ་མ་ཀྲང་ཞོ་ཡན་ཡིན། ངའི་འགན་ཁུར་ནི་དེ་རིང་ཉིན་གུང་གི་དུས་ཚོད་ནང་ཁྱེད་འཁྲིད་ནས་སློབ་གྲྭའི་ར་བར་ཡུལ་སྐོར་དང་སྣེ་ཤན་བྱེད་རྒྱུ་དེ་ཡིན། ང་ཚོའི་སློབ་ར་རུ་སྲོག་ཆགས་སྣ་ཚོགས་གསོ་སྤེལ་གྱི་ར་བ། སིལ་ཏོག་ར་བ། སྔོ་ཚོད་ར་བ། ཉ་གསོ་ར་བ། ཤོག་བུ་བཟོ་སྐྲུན་ཁང་། ལྗོན་པའི་སྟེང་གི་དཔེ་ཁང་སོགས་མང་པོ་འདུག རང་འདོད་བཞིན་སྐོར་བ་བྱས་ཆོག་ལ་དྲི་བ་ཅི་ཡོད་ཐད་ཀར་ང་ལ་དྲིས་ཆོག་ཟེར། སློབ་གཙོའི་རང་རློམ་གྱི་རྣམ་པ་དེ་སློབ་མ་ཚོའི་སྟེང་ནས་ཀྱང་མཐོང་ཐུབ་པ་འདྲ། སློབ་གྲྭའི་ར་སྐོར་ཆ་ཚང་དུ་མྱུལ་ཚར་དུས། ཡིད་ཀྱི་ག་ཤེད་ཅིག་ཏུ་སྐུང་ནས་ཡུན་རིང་ལུས་པའི་རང་བྱུང་ཁམས་ནི་ད་གཟོད་མིའི་རིགས་ཀྱི་ཆེས་བཟང་བོའི་དགེ་རྒན་ཡིན་ཟེར་བའི་ལེགས་བཤད་དེ་མངོན་སུམ་མིག་ལ་སྣང་བར་བྱས་སོང་།
བདུན་པ།
ཚེས༡༢ཉིན་ཆིའུ་ཀྲིག་གྲོང་ཁྱེར་གྱི་ཁེ་ཧྭ་སློབ་གྲྭར་ལྟ་སྐོར་དུ་སོང་བ་ཡིན། སློབ་གྲྭ་དེ་ནི་མཐའ་བཞི་རི་བོ་ཡིན་པའི་ཁུག་གཞོང་ཆེན་པོ་ཞིག་ཏུ་ཆགས་འདུག སློབ་གཙོས་ངོ་སྤྲོད་བྱས་པ་ལྟར་ན། ས་གནས་འདིའི་ཐོན་ཁུངས་གཙོ་བོ་ཇ་ཡིན་པ་དང་། སློབ་གྲྭའི་མཐའ་བ་དག་ནི་རི་སྒང་ནས་རི་གཤམ་དུ་གནས་སྤོར་བྱས་པའི་ཞིང་བའི་མི་ཚང་ཡིན་ལ། སློབ་གྲྭའི་སློབ་མ་མང་ཤོས་ཞིང་བའི་བུ་དང་བུ་མོ་ཡིན་ཟེར། སློབ་གྲྭའི་ཚོམས་ཆེན་ཧ་ཅང་ཁོད་ཡངས་པ་ཞིག་རེད། གཞོགས་གཉིས་ཀྱི་གྱང་ལྡེབས་སུ་སློབ་སྒྲུབ་ལྟ་བ་སྟེ། འཆམ་པ་དང་ཞི་བ་ཞེས་པའི་ཚོན་ལྗང་གུས་བྱས་པའི་ཡིག་འབྲུ་ཆེ་བ་གཉིས་སོ་སོའི་དབུས་དང་། མཐའ་ཡོངས་སུ་འཆམ་པ་དང་ཞི་བ་ཞེས་པའི་ཡིག་འབྲུ་ཆུང་བ་མང་པོས་སྐོར་འདུག་ལ། རྒྱང་རིང་ས་ནས་བལྟས་ཀྱང་གསལ་བོར་མཐོང་བ་ཞིག་བཟོས་འདུག ཁྱམས་རའི་གཡོན་ཕྱོགས་ཀྱི་མེ་ཏོག་ལྡུམ་ར་རུ་རྫ་ཆས་ཀྱིས་བཟོས་པའི་ཇ་དེམ་ཆེན་པོ་མཆུ་ཏོ་ལས་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་པ་ཞིག་ཡོད་པ་དང་། སློབ་གཙོ་ལགས་ཀྱིས་ཇ་དེམ་དེའི་མདུན་ཐད་ནས་མགོ་བརྩམས་ཏེ། ཇའི་རིག་གནས་སྲོག་ཤིང་བྱས་པའི་སློབ་གྲྭའི་བྱ་བ་མཚམས་སྦྱོར་དང་། ལག་ལེན་གྱི་ཡུལ་དངོས་སོགས་ལ་རིམ་པར་བལྟས། སློབ་གསོའི་ལྟ་གྲུབ་ཀྱི་གཞི་ཡོད་པས་བྱ་བའི་དམིགས་པ་གསལ་ལ་ཕུགས་བརྟན་པ་དང་། ལས་ཀྱི་འཇུག་པ་ཐེམ་པ་རིམ་སྐྱོད་ཀྱི་རྣམ་པ་ཡོད། རིག་གནས་ཇི་འདྲ་བ་ལ་སློབ་གསོ་དང་ལག་ལེན་དེ་འདྲ་བ་ཞིག་དགོས་བའི་ཆོས་ཉིད་བརྩི་སྲུང་གི་རྣམ་དཔྱོད་མཐོང་ཐུབ། སློབ་མས་ཇ་ཤིང་འདེབས་འཛུགས། ཇ་ཤིང་གསོ་སྐྱོང་། ཇ་ལོ་སྐམ་གསིལ། ཇ་ལོ་ལས་སྣོན་དང་བཅས་པའི་ལས་ཀའི་ངལ་རྩོལ་བརྒྱུད་རིམ་དང་། ཁྲོམ་རའི་ཚོང་ལས་ཀྱི་སྤྱི་ཚོགས་འབྲེལ་འདྲིས། ཡོང་འབབ་རོགས་སྐྱོར་གྱི་རིན་ཐང་གི་ལྟ་བ་སོགས། ཇ་ལོ་གཅིག་གིས་སློབ་མའི་ཀུན་སྤྱོད། ཤེས་རིག། གཟུགས་པོ། མཛེས་དཔྱོད། ངལ་རྩོལ་བཅས་ཀྱི་སློབ་གསོ་གཞི་གཅིག་ཏུ་བྱས་འདུག སློབ་གསོ་ནི་རང་གི་རིག་གནས་ཀྱི་ཁྱད་ཆོས་མ་བོར་བའི་སྒོ་ནས་སོ་སོའི་སེམས་སུ་སྤྲོ་སྣང་གི་ས་བོན་གཏབ་རྒྱུ་ཞིག་རེད་སྙམ་བྱུང་། ཞོར་དུ་ཆུ་བོ་ཞིག་གི་དཀྱིལ་དབུས་སུ་ཆགས་པའི་སློབ་འབྲིང་ཞིག་ཏུ་ཕྱིན་ནས་དོ་དམ་ཁྱད་པར་ཅན་ཡིན་ཚུལ་གྱི་བརྗེ་རེས་ཤིག་ལ་ཉན་པ་ཡིན། མི་གཤིས་ཅན་གྱི་དོ་དམ་ནི་རང་དབང་དང་དམ་སྒྲིག་ཅན་གྱི་དོ་དམ་ནི་གཞན་དབང་ཡིན་ཟེར་བ་ལྟར་ན། གཞན་དབང་བདེ་སྐྱིད་བགྲངས་པ་ལྟ་བུ་ཞིག་ཏུ་འདུག་པ་དང་། ཆུ་བོས་བསྐོར་བ་ནི་དོ་དམ་གྱི་ཆ་རྐྱེན་བཟང་པོ་ཞིག་ཡིན་ཚུལ་ཡང་བསྙད།

བརྒྱད་པ།
ཕྱི་ཉིན་སྔ་དྲོ་མུ་མཐུད་དུ་སློབ་གསོ་སྒྲིག་ཆས་བེད་སྤྱོད་དང་དོ་དམ་སྐོར་གྱི་སློབ་ཁྲིད་ལ་ཉན། ཉིན་འདི་དག་གི་སློབ་ཁྲིད་མདོར་དྲིལ་ཏེ་ལྕམ་སཱ་ཆེའི་སྐད་ཆ་ལྟར་བཤད་ན། བསམ་བློ་ལ་མཉམ་ཞོག་དེས་སྐད་ཆ་དང་བྱ་ལས་ཐག་གཅོད་ཐུབ། སྐད་ཆ་དང་བྱ་ལས་ལ་མཉམ་ཞོག་དེས་ཀུན་སྤྱོད་ལ་སྣེ་ཁྲིད་བྱེད་ཐུབ། ཀུན་སྤྱོད་ལ་མཉམ་ཞོག་དེ་ནི་གོམས་གཤིས་སུ་འགྱུར་ངེས། གོམས་གཤིས་ལ་མཉམ་ཞོག་དེས་རང་བཞིན་བསྐྲུན་ཐུབ། རང་བཞིན་ལ་མཉམ་ཞོག་དེས་ལས་དབང་ཐག་གཅོད་ཐུབ་ཅེས་པའོ། །ཕྱི་དྲོར་ཡིའུ་བུའུ་གྲོང་ཁྱེར་གྱི་ཧྥིན་ཧྲོས་ཐང་སྡེ་བར་བསྐྱོད། དེ་ནི«གུང་ཁྲན་ཏང་གི་བསྒྲགས་གཏམ»ཐོག་མར་རྒྱ་ཡིག་ཏུ་སྒྱུར་མཁན་གྱི་སྐུ་ཞབས་ཁྲིན་ཝང་ཏོ་ཡི་ཕ་ཡུལ་ཡིན་འདུག རི་ཆུ་གཉིས་འཛོམས་ཀྱི་གྲོང་ཚོ་ཉམས་དགའ་བ་ཞིག་ཡིན་པ་དང་། དེར་སླེབས་ནས་ཅང་མ་འགོར་བར་ཆར་བ་བབས་བྱུང་། སྣེ་ཤན་པས་སྐུ་ཞབས་ཁྲིན་ཝང་ཏོའི་འཁྲུངས་གཞིས་ཀྱི་ཁྱམས་འོག་ཏུ་བསྡད་ནས་ཁོང་གི་དཀའ་སྡུག་ཆེ་བའི་མི་ཚེའི་བྱུང་རིམ་དང་ལས་ཀྱི་མཛད་པ་དག་ཆུ་བཞུར་བ་ལྟར་བཤད་བཞིན་འདུགངས་ཁང་རྙིང་དེའི་བྱ་འདབ་ཀྱི་ཆར་བའི་ཐིགས་པ་ས་ལ་ཟགས་གྱིན་པར་ལྟ་བཞིན། ཞི་བར་གཤེགས་ཟིན་གྱི་སྔོན་བྱོན་ཡབ་མེས་འགའི་མཛད་འཕྲིན་དག་དྲན་བྱུང་། ཆར་བ་མུ་མཐུད་དུ་འབབ་བཞིན་འདུག་པས། ལྟ་སྐོར་སྟབས་བདེའི་ངང་མཇུག་སྒྲིལ་བར་བྱས།
དགོང་ཁར་མཉམ་འཛོམས་ཀྱི་ཟ་མ་བཟས་རྗེས། དགེ་རྒན་གྱིས་ད་ནི་སློབ་སྦྱོང་མཇུག་རྫོགས་པ་ཡིན་པས། སང་ཉིན་རང་སར་ལོག་ཆོག་གི་གཏམ་དང་བཅས་ཕན་ཚུན་ལ་གྱེས་མཚམས་ཞུས། བདེ་མོ། ཀྲེ་ཅང་དགེ་ཐོན་སློབ་ཆེན། བདེ་མོ། ཡུན་ཐུང་གི་སློབ་གྲོགས་ཚོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།