འབུ་མེ་ལྕེབས། སྙན་བུ།
རྩོམ་པ་པོ།:སྙན་བུ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-05-06 10:00:02
ཀློག་གྲངས།:
འབུ་མེ་ལྕེབས།
—ཁ་བ་སྙིང་ལྕགས་ལ་ཕུལ།
སྙན་བུ།
དབྱར་ཟླ་དྲུག་པར་གཟའ་ཉི་མ་བཞི་ཡོད། ཏག་ཏག་ཆེས་མཇུག་མཐའི་གཟའ་ཉི་མའི་ཕྱི་དྲོ་དེར། ངས་ནི་མིང་ལ་ཆི་ཡུ་ཁི་ཟེར་བའི་ཉི་ཧོང་གི་བུ་མོ་དེ་ངོ་ཤེས་པ་ཡིན།ཉིན་དེའི་ཕྱི་དྲོའི་ནམ་མཁའ་གཡའ་དག་ཅིང་། བལ་དཀར་ལྟ་བུའི་སྤྲིན་གྱི་ཚོམ་བུ་འགའ་ཞིག་སྔོ་བསངས་ཀྱི་བར་སྣང་དེ་རུ་ཡང་ཞིང་གཡོ་བའི་རྣམ་པ་ངང་གིས་འཛིན།
ནམ་རྒྱུན་དང་འདྲ་བར། ངས་ནི་ཁུར་ཁུག་ནག་པོ་ཞིག་རྒྱབ་ལ་ཁུར་ཅིང་། རྣ་བའི་བུ་ག་རུ་རྣ་ཉན་བཙུགས་ཏེ། སྙན་ཞིང་འཇེབས་པའི་གླུ་གཞས་གང་ཞིག་གི་དབྱངས་རྟ་དང་འགྲོགས་ནས། མིང་ལ་གནས་རྟེན་དྲོན་མོ་རུ་འབོད་པའི་སྤྱི་གླིང་དེར་འཆམ་འཆམ་དུ་བསྐྱོད་པ་ཡིན། ང་ནི་མེ་ཏོག་གི་གམ་དུ་མེ་ཏོག་བཞད་ཅིང་། ལྗོན་ཤིང་གི་ལོགས་སུ་ལྗོན་ཤིང་སྐྱེས་ལ། དེ་དག་གི་དཀྱིལ་དུ་མཚོ་ཆུང་ནོར་བུ་དྭངས་ཤིང་གསལ་བ་ཞིག་མཁོས་ཕབ་ཏུ་འཁྱིལ་བའི་སྤྱི་གླིང་འདི་ལ་ཧ་ཅང་དགའ།
པདྨའི་རྫིང་ནས་ཟླ་བ་མཐོང་ཞེས་པའི་སྐུ་ངལ་གསོ་ས་ཞིག་ནས། ངས་གཞོན་ནུ་མ་ཞིག་གིས་ལྡིང་ཁང་ཆུང་ངུ་ཞིག་གི་གཤམ་འོག་ཏུ་ཙོག་སྟེ་བློ་རྩེ་གཅིག་སྒྲིམ་ངང་ཅི་ཞིག་རི་མོར་འབྲི་བཞིན་ཡོད་པ་མཐོང་སོང་། ང་རང་སྤྱི་གླིང་འདིའི་ཁོར་ཡུག་ལ་རྒྱུས་མངའ་ཡོད་དེ། གཟའ་མཇུག་ཡིན་ན་མ་གཏོགས། གནས་འདིར་མི་མང་པོ་ཡོང་གི་མེད། འོན་ཀྱང་ན་གཞོན་འགའ་ཞིག་རྟག་པར་གནས་འདིར་འོངས་ཏེ་དཔེ་ཀློག་བྱེད་པར་ཆེས་ཆེར་དགའ། དཔེ་ཀློག་བྱེད་མཁན་ཚོར་མཚོན་ན། ལྷིང་ཞིང་འཇགས་པའི་གནས་འདིའི་ཁོར་ཡུག་གིས་སྐབས་རེར་གྲོང་ཁྱེར་གྱི་ཟང་ཟིང་ནི་རང་ཉིད་དང་འབྲེལ་བ་ཤས་ཙམ་ཡང་མེད་པའི་ཉམས་སྣང་རང་ཤུགས་སུ་སྟེར་བར་བྱེད།
འོན་ཀྱང་དེ་རིང་། ན་གཞོན་གསར་པ་ཞིག་གི་ངོ་གདོང་ངའི་མིག་གི་རྒྱལ་མོའི་ལྟད་མོ་རུ་མངོན་བྱུང་། གཞོན་ནུ་མ་དེ་ཞི་ཞིང་དུལ་བའི་ངང་ནས་རི་མོའི་འབྲི་གདན་གྱི་མདུན་ཐད་དུ་བསྡད་དེ། མཉེན་འཇམ་གྱི་ལག་ཟུང་དུ་ཚོན་ལྡན་གྱི་པིར་སྨྱུག་བསྣམས་ནས་བློ་རྩེ་མཐའ་དག་གཞི་གཅིག་ལ་གཏོད་བཞིན་འདུག དང་ཐོག་ངའི་ཡིད་ཀྱི་སྣང་ངོར་ཤར་བ་ནི་མོས་མིག་མདུན་གྱི་མཛེས་སྡུག་ཕུན་སུམ་ཚོགས་པའི་སྤྱི་གླིང་གི་ལྗོངས་རྣམ་འདི་དག་རི་མོའི་གཟུགས་སུ་ཕབ་བཞིན་མེད་དམ་སྙམ། འོན་ཏེ་མོས་མགོ་བོ་བཀྱགས་ནས་ཡར་ལྟ་མར་ལྟ་ཙམ་ཡང་མི་བྱེད་པར། ཡུན་ཆེས་རིང་པོའི་བར་དུ་མིག་ཟུང་གང་ལའང་གཡོར་བ་མེད་པར་རི་མོའི་འབྲི་གདན་གྱི་ངོས་ལ་ཅེར་ནས་སྡོད་པ་དེས། ད་གཟོད་ངས་རང་གི་དྲན་ཚུལ་དེ་གཅིག་བྱས་ན་འཆུགས་ཡོད་ཀྱང་སྲིད་པའི་དོགས་སློང་བྱས་པ་ཡིན།
ང་རང་ཞི་ལའི་འགྲོས་སྟངས་ཀྱིས་ཁ་རོག་གེར་མོའི་ཁ་གཏད་ཀྱི་རྐུབ་སྟེགས་སུ་བསྡད་པ་དང་། ཁུར་ཁུག་ལས་བཀླགས་འཕྲོར་ལུས་པའི་སྒྲུང་དེབ«ཝར་ཏེན་མཚེའུ»ཡི་ཁ་ཕྱེ་ནས། ལེའུ་དགུ་པ་སྟེ“མཚོ་ཆུང་ནོར་བུ”ཞེས་པ་ནས་ཀློག་མགོ་བརྩམས།
ད་ལྟ་བའི་དུས་ཚོད་ཅི་ཙམ་ཞིག་འདས་ཟིན་པའི་ངོ་བོར་གྱུར་བ་ཆ་མི་འཚལ་མོད། ངས་ནི་སེམས་གང་ལའང་མ་གཡེང་བར་ལེའུ་དགུ་པ་བཀླགས་ཚར་རྗེས། སླར་ཡང་གྲག་འགུལ་གྱི་སྒྲ་ཆེས་ཆུང་བར་བཏང་སྟེ་རྐུབ་སྟེགས་ལས་ལངས་ཤིང་། ག་ལེར་ལྡིང་ཁང་དེ་དང་གྱེས་པ་ཡིན། ངའི་མདུན་ཐད་ཀྱི་གཞོན་ནུ་མ་འདིས་ང་རང་ལྡིང་ཁང་དུ་འོངས་པ་དང་དེ་ནས་ཡང་བསྐྱར་ལྡིང་ཁང་དང་གྱེས་པའི་གྲག་འགུལ་ཅི་ཡང་ཐོས་མེད་ཚོད་རེད། ཡོད་ན་ངའི་ཕྱོགས་སུ་ཟུར་མིག་ཙམ་གཡོར་བའི་གླགས་ནི་ཐོག་མཐའ་གང་དུའང་མ་མཆིས་པ་ག་ལ་སྲིད། ང་མཚོ་འགྲམ་བརྒྱུད་དེ་གཡས་ཕྱོགས་སྐོར་བཞིན་མདུན་དུ་སོང་བ་དང་། སྐོར་བ་གཅིག་བརྒྱབ་རྗེས་སླར་ཡང་ཕྱིར་ལྡིང་ཁང་དུ་ཡོང་བ་ཡིན། ལམ་བར་དུ། ངའི་མཐོང་ཡུལ་དུ་མཚོ་ནང་གི་ཉ་ཕྲུག་མང་པོ་མཚོ་ངོགས་སུ་འཁྱུག་ཅིང་རྩེན་བཞིན་ཡོད་པ་སྣང་། དེ་ཚོས་མཇུག་མ་གཡུག་ཙམ་གཡུག་ཙམ་བྱེད་ཅིང་དལ་སྡོད་མེད་པར་ཕན་ཚུན་གྱི་སྟེང་འོག་བརྗེ་གིན་འཁྱུག་འགྲོས་ཀྱི་གར་ལ་རེམ། ངས་སོབ་གོར་ཆུང་ཆུང་ཞིག་སེན་ཙམ་སེན་ཙམ་རེ་བཏོགས་ནས་ཆུ་ནང་དུ་གཡུགས་པ་ན། ཉ་ཕྲུག་དག་འཕྲལ་མ་ཉིད་དུ་སོབ་གོར་གྱི་མཐའ་ལ་རུབ་ནས་འོངས་པ་དང་། སོབ་གོར་གང་དེ་ཉ་ཕྲུག་ལས་ཡག་ཅིག་གི་ཟས་སུ་གྱུར་ཚར་རྗེས། ཉ་ཕྲུག་གཞན་དག་སླར་ཡང་འཁྱུག་འགྲོས་ཤུར་ཤུར་ངང་ནས་ཆུ་གཏིང་དུ་ནུབ་འགྲོ། སྐབས་དེར་ངས་ཡང་བསྐྱར་སོབ་གོར་སེན་ཙམ་ཆུ་ཁར་གཡུགས་ཚེ། ཁོ་ཚོ་ཅི་མི་སྙམ་པར་གཅིག་འཕྲོར་གཅིག་ཏུ་མགོ་བོ་ཀྲོག་ཀྲོག་གིས་ངའི་མཐོང་ལམ་དུ་མངོན་འོངས། དེ་ཚོ་ནི་རང་དབང་གི་དཔལ་ལ་རོལ་བའི་ཆུ་ནང་གི་གར་མ་ཞིག་དང་ཀུན་ནས་མཚུངས།
ང་སླར་ཡང་ལྡིང་ཁང་འོག་ཏུ་སླེབས་དུས། རྒྱུས་མེད་ཀྱི་གཞོན་ནུ་མ་དེས་ད་ཐེངས་གཞི་ནས་མགོ་བོ་འགྱོག་ཙམ་བྱས་ཏེ་དབུགས་ངལ་ཕྲན་ཙམ་གསོ་བའི་རྣམ་པ་འཛིན། འོན་ཏེ། མོས་སྔར་ལྟར་ངའི་ཕྱོགས་སུ་ཟུར་མིག་ཙམ་ཡང་བལྟས་མ་བྱུང་།
ང་ལ་ཡིད་ཆད་ཞེ་ཕངས་ཅི་ཡང་མ་སྐྱེས། མུ་མཐུད་དུ་སྒྲུང་དེབ་ཀྱི་ཁ་ཕྱེ་སྟེ། སྒྲུང་གི་འཇིག་རྟེན་ལ་སྤྲོ་སྣང་གིས་འཇུག་གྲབས་ཡོད་མོད། སྤྲོ་སྣང་དེ་མཚར་མཚར་དུ་སྣང་བའི་སེམས་བྱུང་ཞིག་གིས་ཡོངས་སུ་དྲངས་པར་བརྟེན། སྒྲུང་ནི་ཤོག་ལྷེ་གཅིག་ཀྱང་བཀླག་མ་འདོད་པར། མིག་མདུན་གྱི་གཞོན་ནུ་མ་ཆ་མེད་དེའི་བྱད་བཞིན་ལ་ཞིབ་ལྟ་བྱས་ནས་བསྡད།
མོའི་གྱོན་པ་སྟབས་བདེ་ཡིན་ལ། ལུས་སྟེང་གི་གོས་ཤམ་དཀར་པོ་དེའི་འདབ་ཁ་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གཡོ་ཙམ་གཡོ་ཙམ་བྱེད། སྐྲ་ཚུགས་ཀྱང་སྙིང་དུ་སྡུག་པ་ཞིག་ཡིན་ཏེ། དབུ་སྐྲ་མང་ཤོས་ལྟག་རྒྱབ་ཏུ་རྦབ་ཆུ་སྔོན་མོ་བཞིན་ཡུག་ཡུག་ཏུ་དཔྱངས་འདུག་ལ། སྨིན་མའི་གོང་མཚམས་སུ་དཔྲལ་སྐྲ་གྲལ་དག་ཅིག་བཞག་ཅིང་། གཡས་གཡོན་དུ་སྒྲིམ་གོར་ལྟ་བུའི་སྐྲའི་ལན་བུ་གཉིས་བསླེས་ཏེ། ཆེ་ཆུང་ཚད་དང་རན་པའི་མྱོས་བུམ་གྱི་ཟུར་འདབས་སུ་བབས་འདུག མོའི་ཕྲ་ཞིང་རིང་པའི་མཇིང་པའི་སྟེང་གི་དངུལ་དཀར་གྱི་སྐེ་རྒྱན་ཕྲ་མོ་དེས་སྐབས་གང་ལའང་མཛེས་སྒེག་གི་ཉམས་ཤིན་ཏུ་དོད་པ་དང་། སྙན་ཞབས་སུ་གསལ་ལ་མི་གསལ་བའི་རྣ་ཏོག་ཆུང་ངུ་གཉིས་ཀྱིས་དེ་ལ་ཟུར་དུ་བརྒྱན་འདུག གང་ལྟར་ནས་ཀྱང་། ལུས་ཧྲིལ་པོར་གཟབ་འཆོར་སྤྲས་པ་ནི་ཆེས་ཆེར་ཐལ་དྲགས་པའི་རིགས་སུ་མི་འགྲོ་བར། ཧ་ཅང་བབ་ཆགས་བབ་ཆགས་ཤིག་ཡིན་ལ། བབ་ཆགས་དེའི་ནང་དུ་སྨྲ་བསམ་བརྗོད་འདས་ཀྱི་མཛེས་པ་ཞིག་ངང་ངམ་ཤུགས་ཀྱིས་མངོན་ནས་འདུག
ང་ནི་མོའི་བབ་ཆགས་ཀྱི་མཛེས་པ་དེས་ཡོངས་སུ་བཀུག་སྟེ། ལྟ་བས་ཆོག་མི་ཤེས་པའི་ཡུལ་ལྗོངས་ཤིག་ལ་ཉམས་སུ་མྱོང་བ་ལྟར། མིག་ཟུང་གཞན་གང་ལའང་གཡོར་དབང་མེད་པར། མདུན་ཕྱོགས་ཀྱི་བུ་མོ་ཆ་མེད་དེ་ལ་ཅེར་ནས་བསྡད།
ཏག་ཏག་སྐབས་འདིར། མོས་གློ་བུར་ཁ་ཚུར་འཁོར་ནས། ང་ལ་ཁོང་འཛུམ་ཞིག་བསྟན་སོང་།
ང་ནི་གློ་བུར་བའི་ཁོང་འཛུམ་དེས་ཁ་སྐྱེངས་པར་བྱས་ཤིང་། དང་ཐོག་ཕྱིར་བཅོས་འཛུམ་ཞིག་བསྟན་ཏེ་མོའི་མིག་མདངས་ལས་མྱུར་མོར་གཡོལ་དགོས་བསམས་ཀྱང་། གཞོན་ནུ་མས་ང་ལ་སྐད་ཆ་ཞིག་ཀྱང་བཤད་ཡོང་བ་ངའི་ཡིད་ཀྱི་ཟུར་ལའང་མ་དྲན།
“ཁྱེད་ཀྱིས་དེབ་གང་ཀློག་གིན་ཡོད།”
ཕར་བལྟས་ཚོད་དུ་ངེད་གཉིས་ན་མཉམ་ཡིན་པའི་ཚོར་བ་བཅོས་མིན་དུ་སྟེར་ནའང་། མོས་ང་ལ“ཁྱེད”ཅེས་ཞེ་ཚིག་སྦྱར་ཏེ་འབོད་པ་དང་། མོའི་སྙན་ཞིང་འཇམ་པའི་སྐད་ཀྱི་གདངས་དེ་སྐྱེ་བོ་སུ་ཞིག་གིས་ཐོས་ཀྱང་། མོ་ནི་མ་གཞི་ནས་བུ་མོ་གཞུང་དྲང་ལྷད་མེད་ཅིག་ཡིན་པའི་ཡིད་ཆེས་རང་ཤུགས་སུ་སྟེར་ཐུབ་པར་ཐེ་ཚོམ་མེད།
ངས་དངོས་སུ་སྒམ་ཚུགས་ལྟ་བུ་ཞིག་བཏོད་ནས། སྒྲུང་དེབ་ཀྱི་ཁ་ཤོག་མོར་སྟོན་བཞིན་འདི་ལྟར་བཤད།
“ངས«ཝར་ཏེན་མཚོ»ཀློག་གིན་ཡོད།”
མ་བསམས་ས་ནས། མོས་ལག་ཟུང་བྲང་ཁར་སྦྱར་ཏེ། མིག་ཀོང་ལས་འོད་ཀྲིག་ཀྲིག་འཚེར་བཞིན། དགའ་སྤྲོ་དང་བཅས་ན་རེ།
“ཨ—ང་རང་ཆེས་ཀློག་པར་སྤྲོ་བའི«ཝར་ཏེན་མཚེའུ»”
“འདི་ནི་རླབས་ཆེན་གྱི་བརྩམས་ཆོས་ཤིག་རེད་ཨང་།”
“བདེན། དེབ་འདི་ངའི་སྔས་འགྲམ་གྱི་དེབ་ཉག་གཅིག་ཡིན། ངས་ད་སྔའི་བར་དུ་ཐེངས་གསུམ་བཀླགས་ཚར།”
དགའ་བ་ལ། «ཝར་ཏེན་མཚེའུ»ཡིས་གཞོན་ནུ་མ་ཆ་མེད་འདི་དང་ངེད་གཉིས་ཀྱི་བར་ཐག་སྐད་ཅིག་ཉིད་ལ། ཐག་རིང་ཐག་རིང་ཞིག་ནས་ཐག་ཉེ་ཐག་ཉེ་ཞིག་ལ་སྟུང་བར་བྱས་སོང་། སྐབས་འདིར། ངའི་སེམས་ཁམས་ཀྱང་གཞི་ནས་ལྷོད་ལ་བབས་པ་དང་། མིག་མདུན་གྱི་གཞོན་ནུ་མ་འདི་ལ་ད་ནི་ཆ་མེད་ཀྱི་སྣང་བའང་མི་འདུག་པའི་ཚོར་བ་ཞིག་རང་ཤུགས་སུ་སྐྱེས། ངས་བསམས་ན་མོ་ཡང་དེ་འདྲ་ཡིན་པར་ངེས། ཡར་སྔོན་ང་ལ་ཆ་མེད་གུས་ཞུམ་བྱེད་པ་དེ་ནས་ད་ལྟ་འགྲོགས་བདེ་གཤིབ་བདེ་ཞིག་ཏུ་འགྱུར་བཞིན་འདུག
ངེད་གཉིས་ནི་ཡུན་རིང་པོར་གྱེས་བྲལ་བྱུང་བའི་གྲོགས་ཀྱི་དྭངས་མ་གཉིས་ལྷན་དུ་འཛོམས་པ་ལྟར། གླེང་མི་ཚར་བའི་ཁ་བརྡ་ཡང་རིམ་གྱིས་ཇེ་མང་ནས་ཇེ་མང་དུ་གྱུར། མོའི་ཕ་ཡུལ་ནི་ཉི་ཧོང་ཁཱོ་བྷེ(神户)ཟེར་བ་དེ་ཡིན་ལ། ཀྲུང་གོར་སློབ་སྦྱོང་དུ་ཡོང་ནས་ད་ནི་ལོ་ཡི་འཁོར་མོ་གསུམ་འདས་ཤིང་། ཟླ་བ་གཅིག་གི་རྗེས་སུ། མོ་དངོས་སུ་སློབ་མཐར་ཕྱིན་ནས་སླར་རང་རྒྱལ་དུ་ལོག་རྩིས་ཡོད། ཕྱི་རྒྱལ་གྱི་སློབ་མ་ཞིག་ཡིན་པའི་ངོས་ནས། མོའི་རྒྱ་སྐད་ནི་ལྟོས་བཅས་ཀྱིས་སྨྲ་དག་ཅིང་འབྲེལ་འདྲིས་བྱེད་པར་དཀའ་ངལ་ཅི་ཡང་མི་འདུག དང་ཐོག་མོས་རང་ཉིད་ངོ་སྤྲོད་བྱེད་དུས། སྔོན་ལ་མིང་གི་ཐོགས་དོན་དེ་གསལ་པོར་བརྗོད་བྱུང་། — མོ་ནི་ཁ་བ་འབབ་པའི་ཉིན་ཞིག་ལ་སྐྱེས་པ་ཡིན་ཕྱིར། ཕ་མ་གཉིས་ཀས་མོ་ལ་ཆི་ཡུ་ཁི(千雪)ཞེས་བཏགས་པ་རེད་ཟེར། མོས་ང་ལ“ཡུ་ཁི”ནི་ཉི་ཧོང་སྐད་དུ་ཁ་བའི་དོན་རེད་ཅེས་གསལ་བཤད་ཀྱང་བྱས། ལོ་འདི་འགར། མོས་མཛེས་ཤིང་སྡུག་པའི་ཁ་བའི་ཡུལ་ལྗོངས་མང་པོ་རི་མོའི་གཟུགས་སུ་བྲིས་པ་དང་། རང་གི་མིང་ཡིག་ནང་གི“ཁ་བ”ཞེས་པའི་ཡིག་འབྲུ་འདི་ལ་སྐབས་གང་ལའང་གཅེས་སྤྲས་བྱེད་ཀྱིན་ཡོད་ཅེས་ཡིད་ཆེས་དང་བཅས་བཤད། ནམ་རྒྱུན་སྨྲ་བ་ཉུང་བའི་ངས་ཀྱང་མོ་ལ་རང་གི་ཕ་ཡུལ་དང་། དགའ་ཕྱོགས། ད་དུང་མཚོ་སྔོན་པོའི་སྐོར་གྱི་ངག་རྒྱུན་སོགས་ལྷུག་ལྷུག་ཏུ་བརྗོད་པ་ཡིན། ངེད་གཉིས་ཀྱི་ཁ་བརྡ་ལ་དངོས་གནས་མཚམས་ཆད་རྒྱུ་མི་འདུག གྲོང་ཁྱེར་དང་འཚོ་བ། ཡུལ་སྐོར་ལྗོངས་རྒྱུ་དང་གྲོགས་པོའི་མཛའ་བརྩེ་སྐོར་གྱི་བརྗོད་གཞི་འདི་དག་ངེད་གཉིས་ཀྱི་ཁ་བརྡ་རུ་མ་གྲོས་རང་མཐུན་གྱིས་སླེབས་པར་མ་ཟད། རང་ཉིད་ཆེས་དགའ་བའི་སྙན་ངག་པ་དང་རི་མོ་པ་དང་། ཁོང་རྣམ་པའི་བརྩམས་ཆོས་དང་མི་ཚེའི་གཏམ་རྒྱུད་སོགས་ཀྱིས་ཀྱང་ངེད་གཉིས་ཀྱི་ཁ་བརྡའི་ནང་དོན་དེ་ཕུན་སུམ་ཇེ་ཚོགས་སུ་བཏང་སོང་།
ཁ་བརྡ་ཡུན་རིང་བྱས་པའི་མཚམས་ཤིག་ལ། ཆི་ཡུ་ཁི་ཡིས་ང་ལ་མོས་དེ་རིང་བྲིས་པའི་རི་མོའི་བརྩམས་ཆོས་བསྟན་བྱུང་། འོན་ཀྱང་ད་དུང་ཡོངས་སུ་ལེགས་འགྲུབ་བྱུང་མེད་ཟེར། མོས་ང་ལ་རི་མོ་དེ་ཅི་ཞིག་ཡིན་མིན་ཚོད་དཔག་བྱེད་དུ་བཅུག
ངས་རི་མོའི་འབྲི་གདན་སྟེང་དུ་ཚོན་ལྡན་གྱི་གཤོག་ཟུང་ཞིག་ཡོད་པ་མཐོང་བ་དང་། ཇི་ལྟར་བལྟས་ཀྱང་ཕྱེ་མ་ལེབ་ཅིག་ཡིན་པའི་བློ་འཁྲུལ་མེད་དུ་སྐྱེས་ཏེ། ཚིག་ཐག་ཆོད་པའི་སྒོ་ནས་འདི་ལྟར་བཤད།
“ཕྱེ་མ་ལེབ་ཅིག་རེད།”
ཆི་ཡུ་ཁི་ཡིས་འཛུམ་ཞིག་དམུལ་པ་དང་། དེ་ནས་མགོ་བོ་གཡུག་ཙམ་བྱེད།
ངས་སླར་ཡང་ཞིབ་ལྟ་ལན་གཅིག་བྱས་རྗེས། “རེད་ཡ། ཕྱེ་མ་ལེབ་ཅིག་རེད”ཅེས་བཤད།
“འབུ་མེ་ལྕེབས་ཤིག་རེད།” ཆི་ཡུ་ཁི་ཡིས། “ངས་ཚོན་མདོག་ཅན་གྱི་འབུ་མེ་ལྕེབས་ཤིག་འབྲི་ན་འདོད”ཅེས་བཤད།
འོན་ཀྱང་ངའི་བག་ཆགས་ཁྲོད་ཀྱི་འབུ་མེ་ལྕེབས་ནི་སྐྱ་བོ་ཞིག་དང་། གཟུགས་གཞི་ཕྱེ་མ་ལེབ་ལས་ཅུང་ཟད་རྒྱགས་པ། ལུས་སྟེང་དུ་ཁུ་ལུ་སྐྱེས་ཡོད་པ་ཞིག་ཡིན་པར་མ་ཟད། རྟག་པར་མཚན་མོའི་དུས་སུ་རྒྱུ་བ་དང་། གནས་གཅིག་ཏུ་སྡོད་སྐབས་ལ་གཤོག་པ་བརྐྱངས་ནས་འདུག བྱིས་པ་ཚོས་མཐོང་ན“འབུ་མེ་ལྕེབས། འབུ་མེ་ལྕེབས”ཞེས་སྐྲག་ཤོར་སྲིད་པ་ཞིག་ཡིན།
“འབུ་མེ་ལྕེབས་ནི་སྐྱ་བོ་ཞིག་མིན་ནམ།”
“རེད། སྐྱ་བོ་ཞིག་རེད།” ཆི་ཡུ་ཁི་ཡིས་ཚིག་ནན་དོན་ཟབ་ཀྱི་ངང་ནས་འདི་སྐད་བཤད་བྱུང་། “འོན་ཀྱང་། སྔོན་ཆད་འབུ་མེ་ལྕེབས་ཀྱང་ཕྱེ་མ་ལེབ་ནང་བཞིན་ལྟ་ན་སྡུག ཁོའི་གཤོག་པའི་ངོས་སུ་མཛེས་སྡུག་ལྡན་པའི་མེ་ཏོག་གི་ཚོན་རིས་ཡོད།”
ང་ནི་མོའི་སྐད་ཆ་འདིས་བསམ་གཞིག་གི་ཀློང་དུ་དྲངས་སོང་། འབུ་མེ་ལྕེབས་ལ་ཡང་སྙིང་གསང་བའི་གཏམ་རྒྱུད་གཞན་ཞིག་ཡོད་པ་ཡིན་ནམ། རེ་ཞིག་གི་ཡུན་ལ། ངའི་ཡིད་སེམས་སོམ་ཉིའི་རྒྱ་རུ་ཚུད་ཅིང་ནེམ་ནུར་གྱི་རྗེས་སུ་སོང་། ངའི་ཤེས་ཚོད་ལྟར་ན། འབུ་མེ་ལྕེབས་ཀྱི་ངག་རྒྱུན་ནི་འདི་ལྟ་རང་ཡིན་ཏེ། མོ་ནི་མེ་ལ་བརྩེ་བ་ཆགས་པས། ཉིན་རྒྱུན་མེ་ཡི་མཐའ་འཁོར་དུ་བབས་ནས་མེ་ཡི་སེམས་གཏམ་ལ་ཉན་ཞིང་བསྡད་དེ་དུས་ཚོད་རིང་ཙམ་འགོར། དུས་ཀྱི་མཚམས་ཚིགས་གང་ཞིག་ནས་བཟུང་། མེ་ཡིས་མོ་ལ་རང་གི་སྡུག་བསྔལ་དང་འུ་ཐུག་འབའ་ཞིག་གླེང་འོང་ཙ་ན། མོས་ཀྱང་རང་ཉིད་སྔོན་ཆད་ལྟར་བདེ་སྐྱིད་མི་ལྡན་ལ། དགའ་སྤྲོ་ཡང་རྙེད་མི་ཐུབ་པ་གཞི་ནས་འཕྲིགས་པར་གྱུར་བས། མོས་རང་གི་སྙིང་གྲོགས་མེ་ལྕེ་ལ། “ང་ཁྱེད་ཀྱི་ཉེ་བར་བཅར་ན་འདོད”ཅེས་བཤད། མེ་ནི་དེ་མ་ཉིད་དུ་འཚུབ་ཆ་ལྡང་བྱུང་། གཅིག་བྱས་ན་མེ་ཡང་མོ་དང་ལྷན་དུ་སྡོད་པའི་བསམ་པ་ཡོད་ཀྱང་སྲིད། འོན་ཀྱང་། མེ་ཡིས་ཤེས་ཏེ། གལ་སྲིད་འབུ་མེ་ལྕེབས་རང་གི་ཉེ་བར་བཅར་འོང་ཚེ། མོའི་ཚེ་སྲོག་སྐད་ཅིག་ཉིད་ལ་བརླག་པར་འགྱུར་བ་གདོན་མི་ཟ། མེ་ལ་མཚོན་ནའང་། འབུ་མེ་ལྕེབས་ནི་ཁོའི་དགའ་དུས་སྙིང་གཏམ་འཆད་ས་དང་། སྡུག་དུས་སྐྱོ་གླུ་ལེན་ས་ཉག་གཅིག་ཡིན་སྟབས། ཁོས་སྐབས་གང་ལའང་རང་གི་སྙིང་གྲོགས་མོ་ལ་སྦྱོར་ངན་ཕྲན་ཙམ་བྱེད་པའི་བསམ་པ་ནི་ཡེ་ནས་མེད། མེ་ཡིས་གཟབ་ནན་དང་བཅས་འབུ་མེ་ལྕེབས་ལ། “ངའི་ཉེ་སར་གཏན་ནས་མ་ཡོང་། ངས་ཁྱོད་ལ་གནོད་པ་སྐྱེལ་ངེས”ཞེས་བཤད། འོན་ཏེ་སྐབས་འདིར། འབུ་མེ་ལྕེབས་ཀྱི་སེམས་ཁོང་དུ་བརྩེ་དུང་གི་མེ་ལྕེ་ལྷོག་ལྷོག་ཏུ་འབར་བཞིན་ཡོད་པས། ཅི་ནས་ཀྱང་སྙིང་གྲོགས་མེ་ཡི་ཉེ་བར་བཅར་བའི་འདུན་པ་འགོག་མེད་ཅིག་སྐྱེས་འཕྲལ། ཚམ་ཚོམ་དང་ནེམ་ནུར་ཡོད་ཚད་ཀྱི་རྩ་བ་བཅད་ནས་གཤོག་པ་ཆེ་རུ་བརྐྱངས་ཏེ“ང་ཤི་ཡང་ཁྱེད་དང་ལྷན་དུ་སྡོད……”ཞེས་སྐད་ཆའི་བྲག་ཅ་ད་དུང་བར་སྣང་དུ་གྲག་གིན་ཡོད་མོད། མོའི་རང་ལུས་ཧྲིལ་པོ་སྔ་མོ་ནས་དམར་ལྷོག་ལྷོག་འབར་བཞིན་པའི་མེ་ནང་དུ་བསླེབས་འདུག མཇུག་མཐར། འུ་ཐུག་པ་དང་སྡུག་བསྔལ་བས་ཀུན་ནས་བརླམས་པའི་མེ་ལྕེ་ནི་སྔར་ལས་ཀྱང་འབར་ཤུགས་ཆེ་རུ་ཕྱིན་སོང་།
ང་ནི་མི་བསམ་དགུ་བསམ་གྱི་ཀློང་དུ་གཡེང་སྡོད་དུས། ཆི་ཡུ་ཁི་ཡིས་ངའི་ལྭ་བའི་ཕུ་ཁ་ནས་འཐེན་ཙམ་བྱེད་ཞོར“ཨ་རོག”ཅེས་བོས་ཏེ་ངའི་དྲན་པ་གསོས་བྱུང་།
མོས་འཛུམ་དམུལ་དམུལ་ངང་ང་ལ“ཁྱོད་ཀྱིས་འབུ་མེ་ལྕེབས་ཀྱི་ཁ་དོག་ལ་བསམ་གཞིག་གཏོང་གིན་ཡོད་དམ”ཞེས་དྲིས།
“ཡིན། ངས་ད་སྔའི་བར་དུ་འབུ་མེ་ལྕེབས་ནི་ཕྱེ་མ་ལེབ་ལྟར་མ་གཞི་དེ་ལའང་ཁ་དོག་ཡོད་པ་ཞིག་གོ་ཐོས་མེད།”
ཆི་ཡུ་ཁི་ཡིས་སྐད་ཆ་ཅི་ཡང་མ་བཤད། མོས་དཔེ་ཁུག་ནང་ནས་ཇ་ཕོར་ངང་སེར་ཞིག་བླངས་པ་དང་། མཉེན་ཞིང་འཇམ་བག་ལྡན་པའི་གཡས་ལག་གིས་ཤེད་ཤུགས་འབྲིང་ཙམ་བཏོན་ཏེ་ཕོར་བའི་ཁ་གཡོན་དུ་གཅུས། དེ་ནས་གཟུགས་པོ་ཅུང་ཟད་གྱེན་དུ་གསེག་ནས་ཇ་ཁམ་གང་ཡུན་གྱིས་མིད་བྱུང་། དེ་ནི་ཡུ་མོ་ཆུང་ཆུང་ཞིག་གིས་གཙང་འགྲམ་དུ་ཞི་དུལ་བག་ཡོད་ངང་ཆུ་འཐུང་བའི་རྣམ་པ་དང་ཤིན་ཏུ་མཚུངས།
མོས་ཇ་ཕོར་ཕྱིར་དཔེ་ཁུག་ཏུ་བཅུག་པ་དང་། ཞོར་དུ་རི་མོའི་འབྲི་གདན་སྟེང་གི་ཕྱེད་ཀ་ལས་འགྲུབ་མེད་པའི་ཚོན་མདོག་གི་འབུ་མེ་ལྕེབས་ལ་བལྟས་ཙམ་བྱས་མུར། དྲན་གཞིགས་ཟབ་མོ་ཞིག་དང་བསྡོངས་ནས་འདི་སྐད་བརྗོད་བྱུང་།
“ང་ཚོ་མི་རེ་རེའི་འཚོ་བ་ནི་ཕྱེ་མ་ལེབ་གར་གྱི་དཔལ་ལ་རོལ་བ་ལྟར། དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་ན་ཅི་མ་རུང་། ད་དུང་འབུ་མེ་ལྕེབས། མོ་ནི་ལར་ནས་མུན་ནག་དང་འཇིགས་སྐྲག་གི་ཀློང་ནས་འཚོ་མི་འོས……”
སྐབས་འདིར། ངའི་སེམས་སུ་འབུ་མེ་ལྕེབས་ལ་གསང་བའི་གཏམ་རྒྱུད་གཞན་ཞིག་ཡོད་པ་ངེས་གཏན་རེད་སྙམ་སྟེ། “ང་ལ་འབུ་མེ་ལྕེབས་ཀྱི་གཏམ་རྒྱུད་འཆད་རོགས”ཞེས་ལྷག་བསམ་རྣམ་དག་གིས་བཤད།
དར་ཅིག་འགོར་མུས་སུ། ཆི་ཡུ་ཁི་ཡིས་ཧ་ཅང་གཟབ་ནན་དང་བཅས་ན་རེ།
“གཏམ་རྒྱུད་ནི་དམག་འཁྲུག་ཅིག་ནས་བཤད་དགོས་འདུག”
ཆི་ཡུ་ཁི་ཡི་སྐད་ཆ་འདིས་ངའི་སེམས་ཁོང་གི་མཚར་སྣང་གི་རིལ་བུ་མཐའ་དག་ཕྱོགས་གཅིག་ཏུ་སྤུངས་ཏེ་སྐད་ཅིག་ཉིད་ལ་གཏོས་ཆེན་པོ་རི་རབ་འདྲ་ཞིག་ཆགས་བྱུང་།—འབུ་མེ་ལྕེབས་ཀྱི་སྟེང་དུ་ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་ངམ། མོས་མྱུར་བ་མྱུར་དུ་འབུ་མེ་ལྕེབས་ཀྱི་གཏམ་རྒྱུད་འཆད་པར་ང་ལ་སྐར་ཆ་གང་ལའང་སྒུག་བཟོད་མི་འདུག “ཁྱོད་ཀྱིས་མྱུར་མོར་རྗོད་རོགས།”
མོས་མིག་ཟུང་བཙུམས་ནས་དུས་ཀྱི་ཡུན་ཐུང་ངུ་ཞིག་ལ་མནོ་བསམ་བཏང་ཞིང་དེ་ནས་དངོས་སུ་གཏམ་རྒྱུད་འཆད་པའི་མགོ་བརྩམས་བྱུང་། “གནའ་སྔ་མོ་སྔ་མོའི་དུས་སུ། ཕྱེ་མ་ལེབ་དང་འབུ་མེ་ལྕེབས་གཉིས་ཀ་མེ་ཏོག་ལྡུམ་ར་གཅིག་ཏུ་དགའ་བའི་གླུ་ལེན་ཞིང་སྐྱིད་པའི་གར་འཁྲབ་བཞིན། འཚོ་བ་ལ་དཀའ་ངལ་མེད་པར། བདེ་སྐྱིད་ལ་བར་ཆད་མེད་པར། རྒྱུ་ནོར་ལ་སྲི་བ་མེད་པར། དགོད་སྒྲ་ལ་ཡལ་བ་མེད་པར་རང་རང་གི་བཟའ་འབྲུ་དང་ཕྲུ་གུ་སྐྱོང་བཞིན་འཚོ་ཐབས་ཡག་པོ་ཞིག་གི་རྣམ་པ་འཛིན་བཞིན་ཡོད། སྐབས་དེ་ཤེད་དུ། འབུ་མེ་ལྕེབས་ཀྱང་ད་ལྟ་མཐོང་སྲིད་པའི་སྐྱ་ཐོལ་ཐོལ་གྱི་རྣམ་པ་བཙོག་པོ་དེ་འདྲ་རང་ཡེ་མིན་པར། ཕྱེ་མ་ལེབ་དང་མཚུངས་ཆོས་སྣ་མང་གིས་གྲུབ་པ་ལས་མངོན་གསལ་དོད་པོ་གཅིག་ནི། སྒྲོ་གཤོག་གི་སྟེང་དུ་མཛེས་སྡུག་གི་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་གི་རི་མོ་ལྟ་བས་ཆོག་མི་ཤེས་པ་མཚར་མཚར་དུ་ངོམ་རྒྱུ་ཡོད་པ་དེའོ། །ངོ་བོའི་ཆ་ནས་བཤད་ན་ཕྱེ་མ་ལེབ་དང་འབུ་མེ་ལྕེབས་གཉིས་ཀ་གནའ་བོའི་དཀར་རག་དུས་རབས་ནས་བཟུང་མེ་ཏོག་མངོན་པའི་རྩི་ཤིང་ལས་འཕེལ་འགྱུར་བྱུང་སྟེ། གང་དེའི་ཟེའུ་འབྲུ་ཟ་བ་ཉེར་ལེན་དུ་བྱེད་པར་མ་ཟད། སྲིན་འབུའི་འཕེལ་འགྱུར་ཁྲོད་ཀྱི་རིགས་མཐའ་མ་དེ་ལ་ངོས་འཛིན་པ་དང་། ཁབ་གཤོག་ཅན་གྱི་ཁོངས་སུ་གཏོགས་པའི་སྐྱེ་དངོས་སྲོག་ཆགས་ཤིག་ཡིན།
འོན་ཀྱང་ལོ་དང་ཟླ་བ། ཞག་དང་ཟ་མ་བགྲང་ཡས་འགོར་བའི་ཉིན་ཞིག་ལ། ས་ཕྱོགས་ག་ལ་བ་ཞིག་ནས་སྒེར་སེམས་ཀྱི་ལས་ངན་པ་མཐོ་རུ་སྨིན་པའི་སྦྲང་མ་ཁྱུ་ཞིག་གིས་ཕྱེ་མ་ལེབ་དང་འབུ་མེ་ལྕེབས་ཀྱི་མེ་ཏོག་ལྡུམ་ར་ལ་གློ་བུར་དཔུང་འཇུག་གི་དགྲ་ལག་བསྲིངས་ཏེ། ཉིན་གཅིག་མཚན་གཅིག་གི་རིང་ལ་ཁོ་ཚོའི་མངའ་ཁོངས་ཡོངས་སུ་བདག་གིར་བཞེས་སོང་། ཕྱེ་མ་ལེབ་དང་འབུ་མེ་ལྕེབས་ཀྱི་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཞིང་དཔའ་མཛངས་སྤོབས་པ་ཆེ་རུ་བསྐྱེད་ནས་སྲོག་བསྡོས་ངང་བཙན་འཛུལ་མཁན་ལ་ཕས་རྒོལ་དང་གཡུལ་འགྱེད་དྲག་པོ་བྱས་ཀྱང་། སྦྲང་མའི་གཡུལ་འཐབ་ནི་བཀོད་འདོམས་ལེགས་ཤིང་དཔུང་ཚོགས་མཐུག་ཅིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕ་རོལ་པོར་བསམ་དབང་དང་དྲན་དབང་མ་བྱིན་སྟབས། ཕྱེ་མ་ལེབ་དང་འབུ་མེ་ལྕེབས་ཚང་ལ་མི་ཤི་རྟ་འགྱེལ་ཚབས་ཆེན་བྱུང་སྟེ་ཆུང་ཕྲུ་གུ་གློན་ནུ་དང་། ཆེ་རྒན་པོ་རྒས་འཁོགས་གྲངས་མེད་ཅིག་གི་ཚེ་སྲོག་སྐད་ཅིག་རིང་ལ་ཐལ་དང་རྡུལ་དུ་བརླག་པས། མཐར་ཅི་ནས་ཀྱང་རང་ས་རང་ཡུལ་གྱི་བདག་དབང་སྲུང་མ་ཐུབ་པར་ཁྱི་ཐག་པ་ནས་གློད་པ་ལྟར་གཞན་ལག་ཏུ་ཤོར་སོང་།
ཏག་ཏག་སྐབས་འདི་འདྲ་ཞིག་ཏུ། འབུ་མེ་ལྕེབས་དར་མ་ཞིག་ཅི་བྱ་གཏོལ་བའི་ཐབས་དང་བྲལ་ཏེ། རང་གི་ཕྲུ་གུ་ཚོ་དགྲ་བོའི་མཚོན་ཁ་ནས་རྩ་མེད་རྨེག་མེད་དུ་མི་གཏོང་བའི་ཆེད། རང་འགུལ་སྒོས་སྦྲང་མའི་ཚོགས་ལ་མགོ་བཏགས་བྱུང་། འབུ་མེ་ལྕེབས་འདིས་དགྲ་བོ་ལ་དངོས་སུ་མགོ་བཏགས་པ་ནས། ཐེངས་འདིའི་དམག་འཁྲུག་གི་རྒྱལ་ཕམ་ལའང་རང་བཞིན་གྱིས་རྟིང་ཐག་གསལ་པོ་ཞིག་ཆོད་སོང་།
དེ་ནས་བཟུང་། ཕྱེ་མ་ལེབ་དང་འབུ་མེ་ལྕེབས་ནི་ཨ་ཆད་འུ་ཐུག་གི་ངང་ནས་རང་གི་ཁྱིམ་གཞིས་དང་ཁ་གྱེས་ཏེ། གནས་ངེས་མེད་དུ་འཕྱན་པ་དང་། ཡུལ་དམིགས་མེད་དུ་གྱར་མགོ་བརྩམས།
ཐེངས་འདིའི་ཡ་ང་བའི་བཙན་འཛུལ་ཁྲོད་ཕམ་ཁ་བྱུང་བ་བརྒྱུད། ཕྱེ་མ་ལེབ་ཀྱིས་འབུ་མེ་ལྕེབས་ལ་ལེ་ལན་ཁག་དཀྲི་དང་སྡིགས་དམོད་འཁང་ར་སོགས་ཀྱི་ཡུས་བགྲང་བ་མེད་པ་བྱས་ཤིང་། གལ་སྲིད་འབུ་མེ་ལྕེབས་ཀྱིས་དགྲ་བོར་མགོ་བཏགས་པ་མིན་ཚེ། ཁོ་ཚོར་ད་དུང་རྒྱལ་ཁ་འཐོབ་སྲིད་པར་ཁ་གཡར་ཏེ། འབུ་མེ་ལྕེབས་རྣམས་ཁོ་ཚོའི་གྲལ་ནས་རྒྱང་ཕུད་བཏང་སོང་། ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བའི་འབུ་མེ་ལྕེབས་ཀྱིས་མུ་མཐུད་འཚོ་ཐབས་སྐྱོ་བོ་ཞིག་གི་རྒྱུན་བསྐྱང་ཕྱིར། ཉིན་མོའི་དུས་ལ་གནས་གང་ཞིག་ཏུ་ཡིབས་ནས་བསྡད་དེ། མཚན་མོའི་དུས་སུ་སླེབས་པ་ན། ཁོ་ཚོས་ད་གཟོད་ཁ་ཟས་འཚོལ་བ་དང་ཁྱིམ་གཞི་བསྐྲུན་པའི་ལས་ལ་འབད་མགོ་བརྩམས། དུས་ཚོད་ཀྱི་འགྲོས་དང་བསྟུན། ཁོ་ཚོ་མཚན་སྨག་ཁྲོད་ཀྱི་འཚོ་བ་རོལ་སྟངས་དེ་ལ་གོམས་ལོབས་སུ་གྱུར་པར་བསྟུན། རིམ་གྱིས་ཁོ་ཚོའི་གཤོག་པའི་སྟེང་གི་ཁ་དོག་ཀྱང་ཡལ་ཏེ། དུས་ཀྱི་མཚམས་གང་ཞིག་ནས་བཟུང་སྐྱ་ཐོལ་ཐོལ་ཞིག་ཏུ་གྱུར་པ་ཁོ་ཚོ་རང་ཉིད་ལའང་གསལ་ཆ་མེད། དེ་ལྟ་ནའང་། ཁོ་ཚོས་ད་དུང་འོད་སྣང་ལ་རེ་བ་ཆེན་པོ་བཅངས་ཡོད། རྣམ་ཀུན་མཚན་སྨག་ཁྲོད་ཡུན་ཙམ་ངལ་གསོ་བའི་སྐབས་ལའང་། གཤོག་ཟུང་གཏན་ནས་མི་སྐུམ་པར་ཆེ་རུ་བརྐྱངས་ནས་འདུག དེ་ནི་མཚན་སྨག་གི་ཟུར་ཀ་གང་ཞིག་ནས་འོད་ཀྱི་ཉག་མ་ཕྲན་བུ་ཞིག་འཕྲོས་པའི་མོད་ལ། ཁོ་ཚོ་དུས་ཐོག་ཐག་ཏུ་འོད་ཀྱི་ཕྱོགས་སུ་རིངས་སྟབས་ཀྱིས་འཕུར་བར་བྱེད་པའི་སྟ་གོན་ཡིན།
ཁོ་ཚོས་ནི་རྟག་པར་གང་ཟག་གཅིག་གི་སྲོག་གི་བློས་གཏོང་གིས། རང་གི་རིགས་ལ་རེ་བའི་འོད་སྣང་དེ་བས་མོད་པོ་བསྟབ་ལ་བརྩོན།”
ཆི་ཡུ་ཁིས་དབུགས་ཐེངས་གཅིག་གིས་བཤད་དེ་མཚམས་འདིར་སླེབས་དུས། མོའི་མིག་ཀོང་ལས་ཅི་ཞིག་འོད་ཀྲིག་ཀྲིག་བྱེད་པ་དང་། ཁོང་ཁྲོའི་སེམས་བྱུང་གི་རྣམ་འགྱུར་གདོང་ལ་མངོན་ཏེ། “ང་ནི་དམག་འཁྲུག་ལ་ཞེ་ནས་སྡང་། དམག་འཁྲུག་གིས་ས་སྟེང་འདིའི་མཛེས་པ་ཇི་སྙེད་ཅིག་ཅི་མི་སྙམ་པར་ཕྲོགས་སོང”ཟེར།
ངའི་ངག་ནས་ཀྱང“བཙན་འཛུན་པ་ཚོ་དམྱལ་བར་སྐྱེ་ཤོག”ཅེས་ཐལ།
“བདེན་པ་རེད།” ཆི་ཡུ་ཁིས་དབུགས་རིང་པོ་ཞིག་བརྔུབས་ཏེ། “ཕྱིས་སུ་སྦྲང་མའི་ཚོགས་ལ་ཡང་རྣམ་སྨིན་འཁོར་ཏེ། ཚེ་གང་བོར་མིའི་རིགས་ལ་སྦྲང་རྩི་རིན་མེད་དུ་སྟེར་བའི་བྲན་གཡོག་ཏུ་གྱུར་པ་རེད”ཟེར།
“ད་ནི་ངས་གཞི་ནས‘འབུ་མེ་ལྕེབས’ཞེས་པའི་མིང་འདིའི་མཐིལ་དོན་རྟོགས་སོང་།”
“ངས་ཅིའི་ཕྱིར་ཚོན་མདོག་ཅན་གྱི་འབུ་མེ་ལྕེབས་ཤིག་འབྲི་བའི་མཐིལ་དོན་ཡང་རྟོགས་ཨེ་བྱུང་།” ཆི་ཡུ་ཁིས་ང་ལ་དེ་ལྟར་རྩེད་མོ་ཞིག་རྩེས་རྗེས། མིག་ཟུང་ལས་རེ་བ་དང་ཡིད་ཆེས་ཀྱི་མདངས་ཤིག་མངོན་བཞིན་འདི་སྐད་སྨྲས།
“ངས་ཚོན་མདོག་རྣམ་པར་བཀྲ་བའི་འབུ་མེ་ལྕེབས་མང་པོ་མང་པོ་ཞིག་རི་མོར་འབྲི་འདོད།”
ཤེས་མེད་ཚོར་མེད་ངང་དུས་ནི་ས་སྲོད་ཀྱི་སྐབས་ལ་སླེབས་འདུག ནུབ་ཁའི་ཉི་མས་དམར་ལམ་ལམ་མཁའ་མཐའི་རི་སྒང་གི་ཕྲག་གོང་ན་ཕྱི་མིག་ལྟ་ཞིང་། སྤྱི་གླིང་གི་མཚོ་ངོས་སུ་ཉི་འོད་ཀྱི་ཟེར་མ་འཕྲོས་པས། གསེར་གྱི་ཐིགས་པ་མང་པོ་ཆུ་ཁར་གཡེང་བ་ལྟར། ཆེས་ཉག་ཕྲ་བའི་མཛེས་སྡུག་གི་རི་མོ་ཞིག་མིག་ལམ་དུ་སེར་ལམ་ལམ་འཚེར་འོངས།
ཆི་ཡུ་ཁི་ཡིས་མོ་ས་སྲོད་ཀྱི་དུས་ལ་ཧ་ཅང་དགའ། སྒོས་སུ་ས་སྲོད་ཀྱི་སྐབས་སུ་རྐང་ཐང་དུ་འགྲོ་རྒྱུ་དེ་མོ་ཆེས་དགའ་བའི་ལས་ཀ་ཞིག་ཡིན་ཟེར།
མོས་ས་སྲོད་ཀྱིས་མོ་ལ་ཁུ་སིམ་སྟོང་འཇགས་ཀྱི་ཚོར་བ་ཞིག་སྟེར་གི་ཟེར། མོས་ས་སྲོད་ཀྱིས་མོ་ལ་རྒྱང་རིང་དྲན་པའི་གདུང་བ་ཞིག་སྐྱེས་སུ་འཇུག་གི་ཟེར། མོས་ད་དུང་། ས་སྲོད་ནི་རྨི་ལམ་འཇམ་པོ་ཞིག་དང་མཚུངས་ཀི་ཟེར། མོས་ད་དུང་། ས་སྲོད་ཀྱི་རྒྱབ་རོལ་དུ། འབུ་མེ་ལྕེབས་མང་པོ་ཡོད་པ་རེད་ཟེར—འབུ་མེ་ལྕེབས་འཕུར་སྐྱོད་བྱེད་པའི་གཤོག་སྒྲ་ཡང་མོ། འབུ་མེ་ལྕེབས་ཉེ་བར་བཅར་བའི་སྟངས་ཀ་མཛེས་པོ། འབུ་མེ་ལྕེབས་འོད་དུ་མཆོངས་པའི་སྐྱོ་གར་རིང་མོ……
མག་མོག་གི་ནུབ་ཁའི་དུས་མཚམས་འདིར། ང་དང་ཆི་ཡུ་ཁི་གཉིས་དཔུང་བ་མཉམ་གཤིབ་བྱས་ཏེ་མཚོ་ཆུང་ནོར་བུའི་མཐའ་འཁོར་དུ་ཁ་བརྡ་བྱེད་ཞོར་ག་ལེར་སྐྱོད། ཆི་ཡུ་ཁི་ཡིས་ང་ལ། འུ་གཉིས་དེ་རིང་གསར་དུ་ཕྲད་པ་ཡིན་མོད། ངའི་ཉམས་སྣང་ལ་འུ་གཉིས་སྔོན་ཆད་སྔོན་ཆད་ཅིག་ནས་ངོ་ཤེས་ཤིང་རྒྱུས་ཟབ་པའི་ཚོར་བ་ཞིག་བཅོས་མིན་དུ་སྟེར་གི་ཞེས་བཤད་བྱུང་། རྒྱུ་མཚན་ཅི་ཞིག་གིས་ཡིན་ནམ་ཅི་ཆ། ང་ལའང་དེ་འདྲའི་སྣང་བ་ཞིག་རང་ཤུགས་སུ་སྐྱེས་བྱུང་། ངེད་གཉིས་ལ་ཉིན་ཕྱེད་ཅིག་གི་འགྲོགས་འདྲིས་ལས་མེད་ཀྱང་། སེམས་ཀྱི་ཟབ་ས་ཟབ་ས་ཞིག་ཏུ། མོ་ནི་ངའི་གཉེན་ཉེ་ཞིག་གམ་གྲོགས་ཀྱི་དྭངས་མ་ཞིག་དང་འདྲ་བར། ང་མོ་ལ་སེམས་གཏིང་ནས་ཡིད་ཆེས་ཤིང་སྙིང་ཉེ་བའི་ཚོར་བ་དྲག་པོ་སྐྱེས། འདི་ལྟ་བུའི་མཛའ་བརྩེ་ནི་ཕོ་མོའི་བརྩེ་དུང་ལས་ཀྱང་རྩ་ཆེན་ཡིན་ལ། ཕོ་མོའི་བརྩེ་དུང་ལས་ཀྱང་མཛེས་སྡུག་ལྡན་པ་ཞིག་རེད་ཨང་སྙམ་བྱུང་།
རྐང་པའི་འདེགས་འཇོག་འགའ་ཞིག་མདུན་གྱི་རྐང་ལམ་དུ་བཀོད་མུས་སུ། ངས་ངག་འཇམ་པོའི་སྒོ་ནས་ཆི་ཡུ་ཁི་ལ“ཁྱོད་ངའི་ངོ་ཤེས་པའི་སྙན་ངག་པ་ཞིག་ལ་ཤིན་ཏུ་འདྲ་བོ་འདུག”ཅེས་བཤད།
མོ་གད་མོ་ཆུང་ཆུང་ཞིག་བགད་དེ། “སྙན་ངག་པ་ཅི་འདྲ་ཞིག་ང་དང་འདྲ་བོ་འདུག་གམ”ཞེས་ལྡོག་འདྲི་བྱས་བྱུང་།
ངས་མོ་ལ་སྙན་ངག་པ་དེའི་མིང་མ་བཤད་པར། བརྩེ་སེམས་འཁོལ་བའི་ངང་ནས་འདི་ལྟར་བཤད།
“ཁྱོད་གཉིས་ལ་འདྲ་ས་ཧ་ཅང་མང་པོ་འདུག དཔེར་ན། ཁོའི་མིང་གི་ནང་ནའང‘ཁ་བ’ཞེས་པའི་ཡིག་འབྲུ་འདི་གཉིས་འདུག”
“ཨེ་རེད།”
ངས་མགོ་ལྕོག་ནང་དུ་ལྡེམ་ཙམ་བྱས་རྗེས། “གལ་ཏེ། སྐབས་འདིར་ཁྱོད་ཀྱི་མདུན་ཐད་དུ་ལངས་པའི་མི་དེ་ང་མིན་པར་ཁོ་ཡིན་ཚེ། ཁྱོད་གཉིས་བར་དུ་མཛེས་སྡུག་ལྡན་པའི་གཏམ་རྒྱུད་མང་པོ་ཞིག་འབྱུང་ངེས་པ་ཁོ་ཐག་ཡིན”ཞེས་བཤད།
ཆི་ཡུ་ཁི་ཡིས་ཁོང་འཛུམ་ཞིག་བསྟན་པ་དང་། བསམ་གཞིག་གིས་ཁེངས་པའི་མིག་ཟུང་མདུན་ཕྱོགས་སུ་སྲིང་བཞིན་འདི་ལྟར་དྲིས་བྱུང་།
“དེས་ན། ཁོ་ད་ལྟ་ཡུལ་གང་དུ་བཞུགས་སམ།”
ངས་ཁ་ཁུ་སིམ་པོར་རྐང་པའི་རྡོག་སྣེ་རེ་རེ་མདུན་དུ་སྤོ་བ་ལས། མོའི་དྲི་བ་ལ་ཨ་ལན་ཅི་ཡང་མ་བཏབ།
སྐབས་འདིར། རྒྱང་མིག་ཆད་དེ་མཐོང་ལམ་རབ་རིབ་ཏུ་འགྱུར་མགོ་བརྩམས། ཡིན་ཡང་ནུབ་ཕྱོགས་ཀྱི་མཁའ་མཐའ་རུ་སྐར་ཕྲན་ཞིག་འོད་ལམ་ལམ་འཚེར་གྱིན་ཡོད་ལ། དེ་ནི་ཁོས་མི་ཡུལ་གྱི་སུ་ཞིག་དང་ལག་བརྡ་གཏོང་གིན་ཡོད་པ་དང་མཚུངས། ངས་རེ་ཞིག་གོམ་མཚམས་བཞག་སྟེ། ལག་པ་སྐར་ཕྲན་དེའི་ཕྱོགས་སུ་བསྲིངས་ནས། ཆི་ཡུ་ཁི་ལ་འདི་ལྟར་བཤད།
“ལྟོས་དང་། ཁོ་ནི་དུས་རྟག་པར་འོད་ལམ་ལམ་བྱེད།”
ཆི་ཡུ་ཁི་ཡིས་ཡུན་རིང་ལ་རྒྱང་ལྟ་བྱས་ནས་འདུག མོས་ཕལ་ཆེར་ངའི་སྐད་ཆའི་ནང་དོན་རྟོགས་སོང་བ་འདྲ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།