ཁྱེད་རང་འདི་ལྟར་བཞུད་པ་སྔ་དྲག་སོང།

རྩོམ་པ་པོ།:སྒོ་མེ•དོན་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-12 15:55:44 ཀློག་གྲངས།:
ཁ་ཉིན་ཕྱི་དྲོར། བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཞིག་གི་འབྲས་བཟང་ལ་བསྟོད་བསྔགས་བྱས་ཏེ།
བོད་ཀྱི་གློག་བརྙན་ལས་དོན་གྱི་ལམ་ཁ་སྔར་ལས་ཡངས་བར་རེ་སྐུལ་བྱེད་བཞིན་ཡོད།
ཁ་སང་ཞོགས་པར། སྙིང་ལ་གཟན་པའི་གཏམ་ངན་དེ་ཐོག་མར་གོས་དུས།
ང་རང་གཏན་ནས་ཡིད་མ་ཆེས་མོད། གོ་མི་འདོད་པའི་གཏམ་ལ་མི་བདེན་པ་གང་ཡོད།
གྲོགས་ཚོམས་སུ་གཏམ་ངན་དེ་ཡང་ཡང་བསྒྲགས།
ཡིད་མ་ཆེས་པའི་གཏམ་ངན་དེ་མི་འདོད་པའི་དོན་དངོས་སུ་གྱུར།
ལ་ལས་མི་ཚེ་ནི་དཀལ་ཡོལ་ཞིག་དང་མཚུངས་ནམ་ཆག་ཆ་མི་འཚལ་ཟེར།
ལ་ལས་མི་ཚེ་ནི་རླུང་ཁའི་མར་མེ་ཞིག་དང་འདྲ་ཟེར།
འོན་ཀྱང་། ང་ལ་མཚོན་ན་མི་ཚེ་ནི་ཡིད་ཆེས་ཐབས་བྲལ་བའི་དོན་དངོས་ཤིག
ལས་དབང་ལ་ཟློག་ཐབས་མེད་པ་མ་གཏོགས་དོན་ངོ་མར་ཞགས་པ་ནག་པོ་དེ་ཁྱེད་ཀྱི་སྟེང་ལ་འབབ་མི་འོས་ཏེ།
ཁྱེད་ཀྱི་དུངས་ཞེན་ཟབ་མོ་དང་ལྷག་བསམ་རྣམ་དག་གིས།
མི་རིགས་ཤིག་གི་རིག་གནས་དང་ལེགས་ཉེས་སྐྱིད་སྡུག་མཛེས་པའི་རི་མོར་བཀོད་ནས།
འཛམ་གླིང་སྐྱེ་འགྲོ་ཀུན་གྱི་མིག་གི་དཔལ་དུ་བསྟར།
ཁྱེད་ཀྱིས་བོད་མི་སུ་ཡང་སོང་མ་མྱོང་བའི་ལམ་ཁ་ཞིག་བཏོད་དེ་བཞུད་སོང་།
ནན་ཏན་གྱིས་སྤོས་པའི་གོམ་པ་རེ་རེ་ལས་འོད་དུ་འཚེར་བའི་རྐང་རྗེས་རེ་བཞག་ཡོད།
ཁྱེད་ནི་བོད་པ་ཚང་གི་རེ་བའི་བུ་གཅིག མིག་གིས་ལྟ་ས་དང་རྣ་བས་ཉན་ས།
ཁྱེད་རང་འདི་ལྟར་བཞུད་པ་སྔ་དྲག་སོང་།
གཟབ་ནན་དང་བསམ་གཞིག་བྱེད་པར་དགའ་བའི་ཁྱེད་ལ་དགའ་འབོད་དང་སྡུག་ཡུས་མེད།
སྨྲ་བ་ཉུང་བའི་སྒམ་བརླིང་གི་མི་གཤིས་ཀྱིས་ཀུན་གྱི་ཡིད་དབང་འཕྲོགས།
གངས་རིའི་ལྗོངས་སུ་ཁྱེད་ཀྱི་ཚེའི་འཕེན་པ་རྫོགས་ནའང་ལས་ཀྱི་བསྟན་པ་ཇི་སྲིད་བར་དུ་གནས་ངེས།
ཡར་འབྲོག་གཡུ་ཡི་མཚོ་མོ་ཁྱོས་མཐའ་མཇུག་གི་གནས་མལ་དུ་བདམས་ནའང་།
ཁྱེད་ཀྱི་ཤེས་རབ་དང་དཀའ་སྡུག་ལས་འཁྲུངས་པའི་མཛད་རྗེས་དག
ཡར་འབྲོག་སྟག་ལུང་ཁྲི་དཔོན་གྱི་མངའ་ཁོངས་སུ་མ་ཤོངས་པར་གོ་ལ་ཟླུམ་པོའི་ཤར་ནུབ་ཀུན་ཏུ་གྲགས།
ཕོ་ལོ་བཞི་བཅུར་རྒས་མིང་མེད། ཁྱེད་རང་འདི་ལྟར་བཞུད་པ་སྔ་དྲག་སོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།