པད་མ། ཁྱེད་ཀྱིས་ཞེ་བདེ་མོས་སྐུ་ངལ་གསོ་རོགས།

རྩོམ་པ་པོ།:དུར་སྲི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-16 08:48:51 ཀློག་གྲངས།:
པད་མ། ཁྱེད་ཀྱིས་ཞེ་བདེ་མོས་སྐུ་ངལ་གསོ་རོགས།
                                 སྐུ་ཞབས་པདྨ་ཚེ་བརྟན་ལ་ཕུལ་བ།
དུར་སྲི།
       དེ་རིང་ངས་རྩྭ་ཐང་ཞེས་པའི་གློག་བརྙན་དེ་ལ་ལྟ་བཞིན་ཡོད། གློག་བརྙན་ལས་དམངས་གླུ་སྙན་མོ་ཞིག་དང་བསྡོངས་ནས། མཁའ་དབྱིངས་སུ་བྱ་རྒྱལ་རྒོད་པོ་གཅིག་གིས་གནམ་འཕང་གཅོད་པའི་རྣམ་པ་མིག་ལམ་དུ་འཆར་ཡོང་། དེ་ནི་ཁྱེད་ཀྱིས་འཛད་མེད་ཀྱི་ལོ་རྒྱུས་ཞིག་ལ་དབུ་འཁྱུད་བྲིས་པ་ལགས་ཤིང་། དཔུང་རོགས་དང་ལམ་བུ་མེད་པའི་གནས་ཡུལ་ཞིག་ལ་མདུན་བསྐྱོད་བྱེད་པར་དམ་བཅའ་བཀོད་པ་ལགས། ལམ་དེ་དེ་ལྟར་འགྲོ་བདེ་བོ་མེད་ཅིང་། འགག་འཕྲང་དང་གཡང་གཟར་གྱིས་ཁེངས་ཡོད་པར། ཁྱེད་ཀྱིས་སྔོན་དཔག་བྱས་ཡོད་སྲིད་ཀྱང་། རང་རེའི་མེས་པོ་རྣམ་གནས་དེར་ལོག་མ་མྱོང་ཞིང་། གནས་དེར་འགྲོ་བར་འཆར་བཀོད་གང་ཡང་འཐེན་མ་མྱོང་བས། ཁྱེད་རང་དེ་ལྟར་ཁེར་རྐྱང་དུ་ལམ་ལ་མི་ཆས་ཀ་མེད་བྱུང་། སྐབས་དེར་སུ་ཞིག་ཀྱང་ཁྱེད་ཀྱི་དཔུང་གྲོགས་སུ་སླེབས་མ་བྱུང་ལ། གང་ཞིག་ཀྱང་ཁྱེད་ཀྱི་སྣེ་འདྲེན་དུ་ཕེབས་མ་བྱུང་། དེ་ནི་གངས་རིའི་གཅེས་ཕྲུག་ཁྱོད་ཀྱི་ཁེར་རྐྱང་གི་གཏམ་རྒྱུད་ཀྱི་ཐོག་མའི་དབུ་བརྩམས་ས་ཡིན།
       ཁྱེད་རང་དེ་ལྟར་ལམ་ལ་ཆས་བཞག ཁྱེད་དེ་ལྟར་རྡོག་ཁྲེས་ལྕི་མོ་ཞིག་ཁུར་ནས་ཁེར་རྐྱང་དུ་ལམ་ལ་ཆས་བཞག ལམ་དེ་དེ་ལྟར་འགག་འཕྲང་དང་གཡང་གཟར་གྱིས་ཁེངས་ཡོད་ན་ཡང་། ལམ་དེ་དེ་ལྟར་གདོན་བགེགས་དང་བར་ཆད་ཀྱིས་གང་ཡོད་ན་ཡང་། ལམ་དེ་དེ་ལྟར་ཁ་ཆར་དང་བུ་ཡུག་འཚུབ་ཀྱི་ཡོད་ན་ཡང་། ཁྱེད་རང་དཔའ་མ་ཞུམ་པར་མུ་མཐུད་དུ་མདུན་ལ་བསྐྱོད་ཀྱིན་འདུག གློག་བརྙན་ནང་དུ་རྒོད་པོ་དེ་མཐོང་ཡངས་བའི་ནམ་མཁའི་དཀྱིལ་དུ་ཁེར་རྐྱང་ངང་བགྲོད་ཀྱིན་འདུག རྒོད་པོ་དེ་མཁའ་དབྱིངས་སུ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་འདུག དེ་ནི་བྱ་ཁྱུ་ཞིག་མ་རེད། དེ་ནི་བྱ་རྒྱལ་རྒོད་པོའི་ཚོགས་ཤིག་ཀྱང་མ་རེད། དེ་ནི་རྒོད་པོ་གཅིག་གིས་མཐའ་ཡས་པའི་ནམ་མཁའ་ལ་ཁ་གཏད་གཅོག་པའི་རྣམ་པ་རེད།
       ད་ནི་ལོ་ཟླའི་འཁོར་བསྐྱོད་ཀྱི་ཀློང་དུ་ཁྱེད་ཀྱི་དབུ་སྐྲའི་འདབ་མ་རིམ་གྱིས་དཀར་པོར་གྱུར་ཅིང་། ཁུར་བོ་ལྕི་དྲག་པས་ལུས་པོ་ཡང་ནང་དུ་ཨེན་ཙམ་སྒུར་འདུག ལམ་ཐག་རིང་དྲག་པས་བཞིན་གྱི་མདངས་ཡང་ཡལ་འདུག་་་་་་་་་གློག་བརྙན་ལས“སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག”ཅེས་པའི་ཆོས་སྐད་ཅིག་དང་བསྡོངས་ནས་རྒོད་པོ་དེ། མཁའ་དབྱིངས་སུ་མཐོ་ནས་མཐོ་རུ་འཕགས་ཏེ། མིག་གིས་ཟིན་ཐབས་བྲལ་བའི་གནས་སུ་ཡལ་སོང་། དེ་ནི་གངས་རིའི་གཅེས་ཕྲུག་ཁྱེད་ཀྱི་ཁེར་རྐྱང་གི་གཏམ་རྒྱུད་ཀྱི་མཇུག་བསྡུ་སའོ། །
       པད་མ། ཁྱེད་རང་དེ་ལྟར་གློ་བུར་དུ་བཞུད་སོང་། ཁྱེད་རང་དེ་ལྟར་གློ་བུར་དུ་རྒྱང་རིང་རྒྱང་རིང་ཞིག་ལ་བཞུད་སོང་། མེ་ཡིས་ཚིག་པའི་ཤོག་བུ་ཞིག་དང་འདྲ་བར་ཕྱིར་ཡོང་མེད་པར་གྱུར་སོང་། སྐྱེ་བ་འདིར་ཁྱེད་ནི་རྒྱང་རིང་ལ་སྨོན་པའི་མི་ཞིག་ཡིན། ཁྱེད་རང་བརྙན་ཡོལ་ནང་གི་རྒོད་པོའི་གནམ་འཕང་སྟོད་པ་བཞིན། མཐོ་ས་ནས་མཐོ་སར་འཕགས་ཏེ། ཉི་མ་ལྷ་སའི་བར་སྣང་དུ་འོད་ཞི་བ་ལྟར་མི་སྣང་བར་གྱུར་སོང་།
       ཁྱེད་རང་དེ་ལྟར་གློ་བུར་དུ་ཉི་མ་ལྷ་སའི་མཁའ་དབྱིངས་སུ་མི་སྣང་བར་གྱུར་བའི་གཏམ་ངན་དེ། ཟླ་ལྔ་བའི་མཐོ་སྒང་གི་ཁ་བ་བཞིན། གྲང་འཁྱག་དང་སྐྱོ་ཡུས་རུམ་གང་ཁྱེར་ནས་བབས་བྱུང་། ཁ་བ་དེ་དེ་ལྟར་མཐོ་སྒང་གི་རི་བོའི་རྩེ་དང་། མཚོ་མོའི་འཇིངས། རྩྭ་ཐང་ཆེན་པོ་དང་ནགས་ཀློང་སྟུག་པོའི་གཞི་རུ་བབས་བྱུང་། ཁ་བ་དེ་ལྟར་མཚམས་འཇོག་མེད་པར་བབས་བྱུང་། ཉིན་མཚན་མེད་པར་བབས་བྱུང་། ཁ་བའི་ཀློང་དུ་ངས་དབུ་ལ་སེར་ཞད་ཕོག་པའི་མི་ཕོ་རྐང་རྗེན་ཞིག ཁ་བའི་ཀློང་དུ་ཕར་འགྲོ་བའི་རྣམ་པ་མཐོང་བྱུང་། ཕར་བལྟས་ཚོད་ཀྱིས་ཁོང་ཉིད་སྐུ་བགྲེས་རྒྱུ་མེད་ན་ཡང་། ཁོང་གི་དབུ་སྐྲ་དཀར་སེང་ངེར་གྱུར་འདུག
       པད་མ། ཁྱེད་རང་དེ་ལྟར་ཉི་མ་ལྷ་སའི་མཁའ་དབྱིངས་སུ་མི་སྣང་བར་གྱུར་ནས་བདུན་ཕྲག་གཅིག་ལྷག་འགོར་ན་ཡང་། ཁྱེད་གླེང་མཁན་དང་ཁྱེད་ལ་གདུང་འབོད་ཞུ་བའི་རླབས་རྒྱུན་ད་དུང་ཡང་འཇགས་མི་འདུག ཁྱེད་རང་གླེང་མཁན་ཡོངས་ལ་ཐུན་མོང་དུ་མངའ་བའི་སེམས་ཁམས་ཤིག་ཡོད་པ་ནི། ཁྱེད་ཉིད་གློ་བུར་དུ་ཉི་མ་ལྷ་སའི་མཁའ་དབྱིངས་སུ་མི་སྣང་བར་གྱུར་མེད་ན། ཁྱེད་ཀྱིས་ད་དུང་ཡང་འཛད་མེད་ཀྱི་གཏམ་རྒྱུད་དང་ངོ་མཚར་གྱི་ལོ་རྒྱུས་མང་པོ་ཞིག་བསྐྲུན་ངེས་པ་དང་། འཛད་མེད་ཀྱི་གཏམ་རྒྱུད་དང་ངོ་མཚར་གྱི་ལོ་རྒྱུས་དེ་དག་གི་ཀློང་དུ་ང་ཚོས་ང་རྒྱལ་གྱི་མགོ་འཕང་མཐོ་མཐོ་བྱས་ནས། སྐྱིད་ཉལ་བྱེད་ཆོག་པ་དེ་རེད། འོན་ཀྱང་། པད་མ། ངས་དངོས་གནས་དེ་ལྟར་བསམ་མི་ཕོད། མི་ལོ་ང་བཞིའི་འགྲུལ་བཞུད་ལ་ཕྱིར་བལྟས་ཤིག་བྱས་ཚེ། ངས་དངོས་གནས་དེ་ལྟར་བསམ་མི་ཕོད།
       པད་མ། དུས་ཚོད་རིང་པོ་མི་འགོར་བར་ཁྱེད་རང་གླེང་བའི་རླབས་རྒྱུན་དེ་ཡུན་གྱིས་འཇགས་ངེས་ཤིང་། མི་རྣམས་ཀྱི་སེམས་ཀྱི་ཁྱོད་རང་དྲན་པའི་གདུང་བ་དང་ཕངས་སེམས་དེ་དག་ཀྱང་། ཉི་དྲེག་ཆགས་པའི་ལག་རིས་ཞིག་དང་འདྲ་བར་ཡུན་གྱིས་རྙིང་རལ་དུ་གྱུར་ནས། མི་རྣམས་ཀྱི་དྲན་འཛིན་གྱི་མེ་ལོང་ངོས་སུ་ཁྱེད་རང་དལ་གྱིས་རབ་རིབ་ནས་མག་མོག་ཏུ་འགྱུར་འགྲོ་ངེས། གངས་རིའི་བུ་ཕྲུག་ཁྱེད། འགུལ་རྣམ་དང་རླབས་རྒྱུན་ཅན་ཞིག་ནས། དེ་ལྟར་འགུལ་མེད་གཏན་འཇགས་ཅན་ཞིག་ཏུ་འགྱུར་འགྲོ་བར་ངེས་ཤིང་། རང་རེའི་ལོ་རྒྱུས་ཀྱི་གླེགས་བམ་དེའི་ཁུད་དུ་ཁྱེད་རང་དེ་ལྟར་གཏན་དུ་གཉིད་པའི་གཏམ་རྒྱུད་ཅིག་ཏུ་འགྱུར་འགྲོ་བ་ངེས་གཏན་ཡིན། འོན་ཀྱང་། གངས་རིའི་ལྗོངས་ཀྱི་རི་དང་གཙང་བོ། ཆུ་དང་ཆུ་ཕྲན། མཚོ་དང་མཚེའུ། སྤང་དང་སྤང་ལྗོངས། ནགས་དང་ནགས་ཀློང་། མདོར་ན་གངས་རིའི་ལྗོངས་ཀྱི་ནམ་མཁའ་དང་ས་གཞིས་ཁྱེད་ཉིད་བརྗེད་མི་སྲིད་ལ། གངས་རིའི་ལྗོངས་འདིར་མ་འོངས་པར་སྐྱེད་འཚར་བྱུང་བའི་གངས་རིའི་བུ་ཕྲུག་རྣམས། ཁྱེད་ཀྱིས་བཏོད་པའི་འོད་ཀྱི་ལམ་བུ་དེར་བགྲོད་ངེས་པ་ངེས་གཏན་ཡིན་པས། པད་མ། ཁྱེད་ཀྱིས་ཞེ་བདེ་མོས་སྐུ་ངལ་གསོ་རོགས།
2023.5.15
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།