སྐལ་རྒྱམ་ལགས་ཀྱི་ལྷུག་རྩོམ་གསར་པ། བྱིས་དུས།
རྩོམ་པ་པོ།:སྐལ་རྒྱམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-16 13:29:50
ཀློག་གྲངས།:
བྱིས་དུས།
སྐལ་རྒྱམ།
༡
༢
ང་ཚོ་མི་སུ་ཡིན་རུང་རང་རང་ལ་ནམ་ཡང་བརྗེད་མེད་ཀྱི་བྱིས་དུས་རེ་ཡོད་པ་ནི་གོར་མ་ཆག་སྟེ། ལ་ལའི་བྱིས་དུས་ནི་སྣུམ་ཚོན་གྱི་རི་མོ་ལྟར་མཚར་སྡུག་ལྡན་སྲིད་ལ། ལ་ལའི་བྱིས་དུས་ནི་དགུན་གསུམ་གྱི་ལྷགས་རླུང་ལྟར་ཁ་དོག་བྲལ་ཀྱང་སྲིད། གང་ལྟར་བྱིས་དུས་ནི་ང་ཚོའི་ཕྱིར་མིག་གི་ཡུལ་ལྗོངས་སུ་ནམ་ཡང་རྟག་བརྟན་དུ་གནས་པའི་དྲན་ཤིང་ཞིག་ཡིན་པས། དགའ་སྐྱོ་ཆགས་སྡང་གི་ཕྱིར་དྲན་གང་ཡིན་ཡང་བྱིས་དུས་ཀྱི་དྲན་པ་ནི་རྡོ་བརྐོས་ཀྱི་རི་མོ་ལྟར་གསལ། དེར་བརྟེན། བྱིས་དུས་སུ་བྱུང་བའི་དོན་རྐྱེན་བཟང་ངན་གང་ཡིན་རུང་། དེས་མི་ཞིག་གི་མི་ཚེ་ཧྲིལ་བོར་དྲང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་དེ། དྭངས་གཙང་གི་བྱིས་བློ་ལ་གསར་སྐྱེས་ཀྱི་མྱུ་གུ་བཞིན་འབུས་པའི་བག་ཆགས་དེ་ཤིན་ཏུ་ཟབ་པས། ང་ཚོས་རང་ཉིད་ཀྱི་བྱིས་དུས་སུ་བྱུང་བའི་འདས་དོན་ལ་ལེགས་ཉེས་ཀྱི་བླངས་དོར་བྱས་ཏེ་རང་ཅག་གི་བྱིས་པར་ལམ་སྟོན་ལེགས་པོ་ཞིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །
༣
མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཞེས་པའི་གཏམ་དཔེ་དེ་ཇི་འདྲའི་གནད་དུ་ཐིངས་པ་ཞིག་སྟེ། ཁ་རྒྱབ་ཀྱི་ཆེད་དུ་ཆུང་དུས་ནས་རང་ཡུལ་དང་རྒྱང་དུ་བྲལ་པ་ནས། རང་ཉིད་ཀྱི་རྒྱབ་རི་ལྟ་བུའི་ཕ་ཡུལ་དང་ཕུ་ནུ་དྲན་པའི་ཚོར་སྣང་དེ་ཉིན་རེ་ནས་ཉིན་རེར་ཇེ་དྲག་ཏུ་ཕྱིན་ཅིང་། ཚོར་སྣང་དེའང་མདོར་དེད་ན་བྱིས་དུས་ཀྱི་དྲན་སྣང་ཟབ་མོ་སྟེ། དྭངས་གཙང་གི་རི་ཆུ་དང་གཡང་དཀར་གྱི་འབའ་སྒྲ། ནོར་ནག་གི་ངུར་སྒྲ་དང་རྟ་ཕོ་ཡི་འཚེར་སྐད། ད་དུང་བྱིས་དུས་ཀྱི་རྩེད་ཡ་དགོད་གྲོགས་དང་སྦྲ་ཁྱིམ་གྱི་ཕུ་ནུ་མིང་སྲིང་། སློབ་ཆུང་གི་རྩེད་འཇོའི་དགོད་སྒྲ་དང་སློབ་འབྲིང་གི་འཚོ་བའི་མངར་སྐྱུར་སོགས་གཟུགས་མེད་ཀྱི་རྣམ་ཤེས་ནང་བཞིན་དོན་ལྔ་སྣོད་དྲུག་གི་རྩ་ལམ་རེ་རེར་འཚངས་འོངས་པ་དེ་རེད།
༤
ཨ་ཨ། བྱིས་དུས་ཀྱི་འཚོ་བ་ནི་མུ་མེད་ཀྱི་ནམ་མཁའ་དང་འདྲ་སྟེ། སྤྲིན་ནག་གི་འདུ་འགོད་བྲལ་ཞིང་མཐིང་མདོག་གི་ཞལ་རས་གསལ་བའི་དབྱར་གཞུང་གི་མཁའ་དབྱིངས་དེའོ། །བྱིས་དུས་ཀྱི་འཚོ་བ་ནི་མཛེས་སྡུག་གི་རྩྭ་ཐང་དང་མཚུངས་ཏེ། ལྷགས་རླུང་གི་ཟུག་རྔུ་འཇགས་ཤིང་ནེམ་ལྗང་གི་རང་གཤིས་མངོན་པའི་མུ་མེད་ཀྱི་སྤང་ཐང་དེའོ། །བྱིས་དུས་ཀྱི་འཚོ་བ་ནི་དྭངས་གཙང་གི་ཆུ་མིག་དང་འགྲན་ཏེ། ནག་ནོག་གི་དྲི་མ་བྲལ་ཞིང་དྭངས་བསིལ་གྱི་རང་བཞིན་གསལ་བའི་ལྷད་མེད་ཀྱི་གཙང་ཆབ་དེའོ། །བྱིས་དུས་ཀྱི་འཚོ་བ་ནི་སྙན་འཇེབས་ཀྱི་རྫི་གླུ་དང་འདྲ་སྟེ། མི་སྡུག་པའི་ར་རི་དབེན་ཞིང་རང་སེམས་ཀྱི་སྐྱོ་བ་སངས་པའི་དབྱངས་རྟ་དེའོ། །
༥
རེད་ཡ། བྱིས་དུས་སུ་ང་ཚོ་ལ་འཚོ་བའི་དཀའ་སྡུག་གི་སེམས་ཁུར་མེད་པས། ཞོགས་པའི་ཉི་ཟེར་གྱི་ཐུ་འོག་ནས་དགའ་རྩེད་ཀྱི་མེ་ཏོག་སྒྲུག་ཆོག བྱིས་དུས་སུ་ང་ཚོ་ལ་ཁང་པའི་བུ་ལོན་གྱི་སྣོན་ཤུགས་མེད་པས། དགོང་ཁའི་མཚམས་སྤྲིན་གྱི་གུར་ཁང་ནས་བག་ཕེབས་ངང་རྩེད་ར་སྒྲིག་ཆོག བྱིས་དུས་སུ་ང་ཚོ་ལ་ཁྱིམ་ཚང་གི་ཁ་རྒྱབ་ཐད་འགན་འཁྲི་མེད་པས། རི་ཆུའི་མཛེས་སྡུག་གི་པང་ཁ་རུ་དགའ་སྐྱིད་ཀྱི་བྲོ་གར་འཁྲབ་ཆོག བྱིས་དུས་སུ་ང་ཚོ་ལ་ལས་ཀའི་སྒྲིག་འཛུགས་ཀྱི་བཀག་རྒྱ་མེད་པས། ལྷད་མེད་དག་གཙང་གི་སེམས་པ་དེ་བྱ་རྒྱལ་གྱི་གཤོག་ཟུང་ལྟར་བརྐྱང་ཆོག་ཨང་།
༦
ཕྱིར་འདང་རེ་བརྒྱབ་ན། རང་ཉིད་ཀྱི་མི་ལོ་བཞི་བཅུ་ལྷག་གི་མི་ཚེའི་བཞུད་ལམ་ཁྲོད་དུ། བྱིས་དུས་ནི་རང་བཞིན་རྣམ་པར་གསལ་བའི་གསལ་བྱེད་སུམ་བཅུའི་དབུ་ཁྱུད་དང་འདྲ་བར། སྒེར་ཚུགས་དང་ཐུན་མིན་གྱིས་གསལ་བ་སྟེ། ང་ཚོའི་བྱིས་དུས་ལ་དེང་སྐབས་ནང་བཞིན་བྱིས་པའི་རོལ་རྩེད་གླིང་མང་པོ་མེད་ནའང་། ཁྱོན་ཡངས་པའི་རྩྭ་ཐང་གོས་སུ་གྱོན་ཆོག་ལ། མདངས་བཀྲ་བའི་མེ་ཏོག་སྐྲ་ལོར་བསླས་རུང་བས་ཤིན་ཏུ་སྐྱིད། ང་ཚོའི་བྱིས་དུས་སུ་དེང་སྐབས་ནང་བཞིན་སློབ་གསོའི་མཐུན་རྐྱེན་ལེགས་པོ་མེད་ནའང་། ལྷད་མེད་པའི་བྱིས་བློ་རང་དགར་རྩེད་ཆོག་ལ། གུ་ཡངས་པའི་སློབ་གྲྭར་འགྲན་རྩོད་ཉུང་བའི་ཧ་ཅང་སྐྱིད། ང་ཚོའི་བྱིས་དུས་སུ་དེང་སྐབས་ནང་བཞིན་ཁྲ་ལམ་མེའི་ཞོར་ཟས་ཐང་དུ་གདལ་མེད་ནའང་། ཞོ་འོ་མའི་རོ་བཅུད་ཇི་དགར་རོལ་ཆོག་ལ། མར་ཕྱུར་བའི་བང་མཛོད་གཡང་དུ་གཏམས་ཡོད་པས་དངོས་ནས་སྐྱིད།
༧
གང་ལྟར། ད་ལྟའི་བྱིས་པ་ཚོའི་འཚོ་བའི་མཐུན་རྐྱེན་དང་སློབ་གསོའི་སྒྲིག་ཆས་སོགས་ནི་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། དེ་ནི་དུས་རབས་ཤིག་གི་འཕེལ་འགྱུར་གྱིས་ཁོ་ཚོར་བསྐྲུན་པའི་དངོས་པོའི་དཔལ་ཡོན་གྱི་གཟི་བྱིན་ཡིན་པས་དངོས་ནས་སྐུ་བསོད་ཆེ་ཨང་། ཡིན་ནའང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་མྱུར་མོའི་ཁྲོད་དུ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བྱིས་པའི་ལྷད་མེད་དག་གཙང་གི་མི་གཤིས་གསོ་སྐྱོང་ཐད་ཅིས་ཀྱང་གཟབ་ནན་བྱ་དགོས་ཏེ། དུས་རབས་གསར་པའི་མཐུན་རྐྱེན་ལེགས་པོ་དེ་བེད་སྤྱོད་གཏོང་ཤེས་ན་བྱིས་པ་ཚོའི་མདུན་ལམ་ལ་མཚར་སྡུག་གི་འཇའ་གུར་ཕུབ་ཐུབ་ལ། དེ་ཉིད་བེད་སྤྱོད་གཏང་མ་ཤེས་ན་ཁོ་ཚོའི་མི་ཚེའི་བཞུད་ལམ་ལ་མི་འདོད་ར་རིའི་ནག་ཐིག་ཕབ་མི་སྲིད་པའི་ངེས་པའང་མེད་དེ། རང་ཅག་ཕ་མ་ལ་ལས་དེང་རབས་ཅན་གྱི་གློག་ཆས་དང་བཟའ་བཏུང་ལ་གདམ་གསེས་དང་ཚོད་འཛིན་མ་བྱས་པར། བྱིས་པའི་ལུས་སེམས་ཀྱི་བདེ་ཐང་ལ་ཤེས་མེད་ཚོར་མེད་ངང་གནོད་སྐྱོན་ཐེབས་ཀྱིན་པའི་དོན་རྐྱེན་ཆེ་ཆུང་བྱུང་དང་འབྱུང་བཞིན་པ་ནི་ང་ཚོས་མཐོང་གསལ་ལྟར་རེད།
༨
མཚམས་ལན་རེར། ངས་བུ་མོ་གཉིས་ཀྱི་བྱིས་དུས་ཀྱི་འཚོ་བ་དང་རང་ཉིད་ཀྱི་བྱིས་དུས་ལ་གཤིབ་བསྡུར་གྱིས་བསམ་གཞིག་བསྐྱེད་མྱོང་སྟེ། དེ་ནི་རི་གྲོང་དང་གྲོང་ཁྱེར་གྱི་བྱིས་པའི་འཚོ་བའི་གཤིབ་བསྡུར་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་ད་ལྟའི་དུས་རབས་ཀྱི་བྱིས་པའི་འཚོ་བའི་གཤིབ་བསྡུར་ཡང་ཡིན་པས། རང་རང་ལ་རང་རང་གི་དགེ་མཚན་ཡོད་ལ། སོ་སོར་སོ་སོའི་མི་འདང་སའང་གདའ་འོ། །སྤྱིར་ང་ཚོའི་བྱིས་དུས་སུ་སློབ་གསོའི་མཐུན་རྐྱེན་སོགས་ཧ་ཅང་ཞན་ལ། ལྷག་པར་དུ་སྐབས་དེའི་འབྲོག་ཁུལ་མང་ཆེ་བར་མཚོན་ན་ཚད་ལྡན་གྱི་སློབ་ཆུང་ཞིག་ཀྱང་མེད་པས་བུ་བཅོལ་ཁང་སོགས་ནི་ལྟ་ཞོག རྒྱུ་མཚན་དེའི་དབང་གིས་སྐབས་དེའི་བྱིས་པ་དག་ལ་ད་ལྟའི་བྱིས་པ་ཚོ་ནང་བཞིན་སློབ་སྦྱོང་གི་འགན་འཁུར་ལྕི་མོ་མེད་ལ། སློབ་ཕྱིའི་གསབ་སྦྱོང་སོགས་ནི་དེ་བས་ཀྱང་མེད་པས། བྱིས་པ་དག་ལ་ཁོམ་གསེང་གི་དུས་ཚོད་ཧ་ཅང་མང་སྟེ། ན་མཉམ་བྱིས་པ་དང་ལྷན་དུ་རྩེད་འཇོར་རོལ་བའི་དུས་ཚོད་མང་ལ། ཕ་མ་ཕུ་ནུ་དང་མཉམ་དུ་ནོར་ལུག་འཚོ་སྐྱོང་བྱེད་པའི་དུས་ཡུན་ཡང་ཧ་ཅང་མོད་པས། བྱིས་པ་ཚོའི་ལུས་སེམས་བདེ་ཐང་དང་རང་གཤིས་འཕེལ་འགྱུར་ལ་རང་བྱུང་གི་མཐུན་རྐྱེན་བླ་ལྷག་ཅིག་ངང་གིས་བསྐྲུན་ཡོད་པ་རེད། ང་ཚོས་ཤེས་གསལ་ལྟར། ད་ལྟའི་བྱིས་པ་དག་ལ་མཚོན་ན་སློབ་གསོའི་མ་ལག་དང་སྒྲིག་ཆས་སོགས་ཚད་ལྡན་དུ་ཕྱིན་ཅིང་། དེར་འབྲེལ་གྱི་ཁོར་ཡུག་དང་ཆ་རྐྱེན་སོགས་ནི་དུས་རབས་སྔོན་མ་ལས་ལྡབ་འགྱུར་གྱིས་འཕོ་འགྱུར་བྱུང་ཡོད་ནའང་། ཁོ་ཚོའི་བྱིས་དུས་ཀྱི་འཚོ་བ་དེ་རྫོགས་མེད་ཀྱི་སྦྱོང་ཚན་དང་མཚམས་མེད་ཀྱི་གསབ་སྦྱོང་གིས་བསྐྱལ་དགོས་པ་དེ་ཅུང་ཙམ་ཕངས་པ་ལ་ཨང་།
༩
རེད་ཡ། ང་ཚོ་འགྲོ་བ་མི་ཞིག་ལ་མཚོན་ན་སྐྱེ་རྒ་ན་འཆིའི་གོ་རིམ་ནི་ཅིས་ཀྱང་བརྒྱུད་དགོས་པའི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ལ། གོ་རིམ་དེ་ནི་བྱིས་དུས་དང་གཞོན་དུས། དར་མ་དང་རྒན་པ་སོགས་ཀྱིས་གྲུབ་པའི་ཀྱག་ཀྱོག་དང་དགའ་སྐྱོའི་བཞུད་ལམ་རིང་མོ་ཞིག་ཡིན་པ་བསྙོན་དུ་མེད་དོ། །སྤྱིར་བཏང་དུ་མི་ཞིག་གི་མི་ཚེ་ཧྲིལ་བོའི་དུས་རིམ་རེ་རེ་ལ་རེ་རེའི་དགེ་མཚན་དང་ཁྱད་ཆོས་ཡོད་པ་ནི་སྨྲས་མ་དགོས་མོད། དེ་དག་ལས་ཀྱང་བྱིས་དུས་ཀྱི་འཚོ་བ་དེ་ཤིན་ཏུ་གལ་འགངས་ཆེ་བར་འདོད་དེ། དེ་ནི་ཁང་མིག་གྲུ་བཞིའི་རྨང་རྡོ་དང་མཚུངས་ལ། སྦྲ་ནག་སྨུག་པོའི་ནང་ཀར་ཡང་འགྲན་པས་ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པར་སྙམ། དེ་ནི་ཡིག་ཆུང་ནག་པོའི་དབུ་ཁྱུད་དང་འདྲ་ལ། གཙང་ཆབ་སྔོན་མོའི་ཆུ་འགོ་དང་མཚུངས་པས་ང་ཚོས་དངོས་ནས་གཙིགས་འཛིན་བྱ་དགོས་པར་འདོད་དོ། །
༡༠
མདོར་ན། བྱིས་དུས་ནི་ང་ཚོས་ནམ་ཡང་བརྗེད་མེད་ཀྱི་གཏམ་རྒྱུད་རིང་མོ་ཞིག་ཡིན་པས། ང་ཚོས་གཏམ་རྒྱུད་དེའི་ཁ་དོག་ལ་རང་ནུས་ཅི་ལྕོགས་ཀྱིས་བཀྲགས་མདངས་སྩོལ་དགོས། བྱིས་དུས་ནི་ང་ཚོས་རྒྱུན་དུ་གྱེར་བཞིན་པའི་དབྱངས་རྟ་སྙན་མོ་ཞིག་ཡིན་པས། ང་ཚོས་དབྱངས་རྟ་དེའི་འགྱུར་ཁུགས་ལ་དུས་རབས་ཀྱི་འགྱུར་བག་དང་མཐུན་པའི་ཚེ་སྲོག་སྦྱིན་དགོས། བྱིས་དུས་ནི་ང་ཚོའི་བུ་རབས་ཚ་རྒྱུད་དག་གཡོལ་མེད་ཀྱི་ཐེམ་སྐས་ཤིག་ཡིན་པས། ང་ཚོས་ཐེམ་སྐས་དེའི་སྔ་གཞུག་ལ་རང་ནུས་ཀྱིས་འོད་སྣང་འདྲེན་དགོས། བྱིས་དུས་ནི་ང་ཚོ་སུ་ཡང་བརྒྱུད་དགོས་པའི་བཤུལ་ལམ་ཞིག་ཡིན་པས། ང་ཚོས་བཤུལ་ལམ་དེའི་ཀྱག་ཀྱོག་དང་དགའ་སྐྱོ་སྤྲོ་སྣང་གིས་བསུ་དགོས་ཨང་།རྩོམ་ཁུངས། ༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།