གཡུ་སྒྲོན་འཚོའི་སྒྲུང་ཐུང་།
རྩོམ་པ་པོ།:འདབ་དྲུག
ཡོང་ཁུངས།:གཙུག་གཡུ།
དུས་ཚོད།:2023-05-22 08:14:45
ཀློག་གྲངས།:
Aསྒྲོལ་མ་དངBསྒྲོལ་མ།
འདབ་དྲུག
ངའི་གྲོགས་མོའམ་སློབ་གྲོགསBསྒྲོལ་ནི། ང་རང་སློབ་གྲྭ་འདིར་ཐོན་པའི་ཉིན་དང་པོར་ཐོག་མར་ངོ་ཤེས་པའི་སློབ་གྲོགས་ཡིན། Bསྒྲོལ་ནི་ངས་མོ་ལ་བཏགས་པའི་འབོད་མིང་ཡིན། རྒྱུ་མཚན་ངེད་གཉིས་ཀའི་མིང་ལ་སྒྲོལ་མ་ཟེར་བས། ལོ་ཡི་ཆེ་ཆུང་ལྟར་ངའི་མིང་ལAསྒྲོལ་མ་དང་མོའི་མིང་ལBསྒྲོལ་མ་ཞེས་བཏགས་པ་ཡིན། རྗེས་ནས་ངེད་གཉིས་ཀྱིས་ཕན་ཚུན་ལ་ཐད་ཀརAསྒྲོལ་དངBསྒྲོལ་ཞེས་འབོད་རྒྱུར་ལོབས་སོང་།
འཚང་ཀ་ཤིག་ཤིག་གི་མི་ཚོགས་ཏེ། ཁྱིམ་བདག་དང་སློབ་མ་མང་པོའི་ཁྲོད་ནས་ང་ནི་མིང་ཐོ་བཀོད་སྔ་ཤོས་ཡིན་པས། ཐོ་འགོད་བྱས་ཚར་རྗེས་ཅ་ཀ་རྣམས་ཁྱེར་ཏེ་མལ་ཁང་འཚོལ་དུ་སོང་བ་ཡིན། ལྔ་ཐོག་གི་མལ་ཁང་དེའི་ནང་དུ་ཉལ་ཁྲི་གང་མང་ཞིག་བཀོད་སྒྲིག་བྱས་ཡོད་ནའང་། ད་ལྟ་མི་གཅིག་མ་གཏོགས་སླེབས་མི་འདུགདེ་ནི་ངའི་སློབ་གྲོགས་གསར་བ་གྲོགས་པོ་ཐོག་མBསྒྲོལ་རེད།
“ཨ་ཡོ་ཤུ་་་་་་ད་ནི་གཞི་ནས་རྙེད་བཏང་ནི་རེད།”
ང་ཧ་ཅང་ཐང་ཆད་པས་དངོས་པོ་རྣམས་ས་རུ་གཡུགས་རྗེས། རང་གི་འདྲུད་སྒམ་ཐོག་ཏུ་རྐུབ་བཞག་ནས་ངལ་གསོས། མོས་མིག་རིག་རིག་གིས་ལན་རེར་ངའི་གདོང་ལ་ལྟ་ཞིང་། མཚམས་རེར་ངའི་ཨ་ཕ་ཨ་མ་གཉིས་ཀྱི་གདོང་ལ་བལྟས་ནས་ཁ་གཅིག་ཀྱང་གྲག་མ་བྱུང་། ངས་མོའི་སེམས་ལ་ཅི་ཞིག་བསམ་བཞིན་ཡོད་པར་ཚོད་དཔག་བྱེད་མགོ་བརྩམས།
ངའི་ཨ་ཕ་ཨ་མ་གཉིས་ཀྱིས་གྱོན་པ་གྲལ་དག་ཅིག་ཀྱང་གྱོན་མེད་པར། འབྲོག་པའི་ཚུགས་ཀ་ལྷང་ལ་ཕུད་ནས་ཡོང་ཡོད་པས། དེ་རིང་ངས་ངོ་ཚ་ཆེན་པོ་ཉོ་དགོས་བྱུང་། དེ་བས་མོས་ཀྱང་ངའི་ཕ་མ་གཉིས་ཀྱི་ཚུགས་ཀར་འཕྱ་དགོད་བྱེད་བཞིན་ཡོད་པ་ཁོ་ཐག་རེད་སྙམ་ནས། ངོ་ཚ་ཞིང་ཁ་སྐྱེངས་པར་གྱུར་ཅིང་། ཁོ་གཉིས་ཀྱིས་ངའི་མིང་ཡང་བརྫད་ཐལ་བསམ་ནས་ཁོ་གཉིས་ཀྱི་སྟེང་ལ་ཁོང་ཁྲོའང་ལངས་སོང་། ཡང་མོས་མིག་རིག་རིག་གིས་ང་ལ་ཡང་ཡང་བལྟས་པས། ངའི་སེམས་སུ་མ་གཞི་མོ་ངས་གྱོན་པའིNikeརྟགས་ཅན་གྱི་སྟོད་ལྭ་དངVoitརྟགས་ཅན་གྱི་དོར་ཐུང་། 361°རྟགས་ཅན་གྱི་ལྷམ་བཅས་ལ་སྨོན་པ་འཆོར་གྱིན་ཡོད་པ་རེད་ཨང་སྙམ་ནས། སེམས་ལ་ང་རྒྱལ་ཞིག་ཀྱང་དབང་མེད་དུ་སྐྱེས་སོང་།
ཕྱི་དྲོ་དེར་ངེད་གཉིས་རྒྱ་སྲང་དུ་མཁོ་དངོས་ཙག་ཙིག་རེ་ཉོ་རུ་སོང་། ལམ་བར་དུ་མོས་གཞི་ནས་ཁ་གྲག་བྱུང་།
“ཁྱོད་བོད་ཡིག་འཛིན་གྲྭའི་ཡིན་ནམ་རྒྱ་ཡིག་འཛིན་གྲྭའི་ཡིན།”
“དེ་ད་རྒྱ་ཡིག་འཛིན་གྲྭ་མིན་ནས། ང་བོད་ཡིག་ལ་མི་དགའ་བས་བོད་ཡིག་འཛིན་གྲྭར་ཅི་བྱེད་དུ་འགྲོ་འམ།” ངས་དེ་ལྟར་ལན་བཏབ་པར། མོས་མགོ་བོ་ནང་དུ་ལྡེམ་ཙམ་ལྡེམ་ཙམ་བྱེད་པ་ལས་ཅི་ཡང་བཤད་མ་སོང་།
སློབ་མའི་ཡོ་ཆས་ཚོང་ཁང་དེའི་ནང་དུ། ངས་རང་ཉིད་ཆེས་དགའ་སའི་དང་རྟེན(偶像)ཧྥན་པེན་པེན(范冰冰)གྱི་འདྲ་པར་ཅུང་ཆེན་པོ་ཞིག་བཀལ་འདུག་པ་མཐོང་བས། དགའ་སྤྲོ་སྐྱེས་ཏེ་མྱུར་དུ་དེ་ཉོ་བར་རྩོམ་དུས། Bསྒྲོལ་གློ་བུར་དུ་ངའི་ལག་པར་འཇུས་ནས།
“འདིས་ཅི་བྱེད་དམ། དོན་མེད་དུ་སྒོར་མོ་བརླགས་ནས་ཅི་བྱེད། མ་ཉོ་ཡ”ཞེས་བཀག་འགོག་བྱས་སོང་།
“ངས་རང་གི་མལ་ཁྲིའི་འགྲམ་གྱི་གྱང་ངོས་སུ་སྦྱོར་རྒྱུ་ཡིན”ངས་དེ་ལྟར་བཤད་རྗེས། སེམས་སུ་ཇི་འདྲའི་སེར་སྣ་ཅན་ཞིག་དང་། གཞན་ལ་ཇུས་གཏོགས་བྱེད་རྒྱུར་དགའ་བ་ཞིག་རེད་ཨང་སྙམ་གྱིན། མུ་མཐུད་ཉོ་གྲབས་བྱེད་དུས། མོས་ཡང་བསྐྱར་ཁ་གྲག་བྱུང་།
“གྱང་ངོས་སུ་འཛམ་གླིང་ས་བཀྲ་དང་ཀྲུང་གོའི་ས་བཀྲ་སོགས་ཉོས་ཏེ་སྦྱར་ན་ལེགས། མཁོ་མེད་འདིས་ཅི་བྱེད། ངས་བལྟས་ན་འདི་མ་ཉོས་ན་བཟང་། ”ཟེར། མོས་དེ་ལྟར་མཐའ་གཅིག་ཏུ་ངའི་བྱ་སྤྱོད་ལ་ཚོད་འཛིན་དང་། བཀག་འགོག་བྱས་བྱུང་བར་ང་རང་དངོས་ནས་དགའ་པོ་མ་བྱུང་།
“ངས་ཅི་བྱེད་རང་གི་ལག་ཡིན། ང་གར་འཕུར་ཐང་དཀར་རྒོད་ཡིན། ངས་ཅི་བྱེད་ཁྱོད་ལ་འབྲེལ་བ་མེད། སྐལ་མེད་སར་སྐེ་མ་སྲིངས།”ངས་དེ་ལྟར་ཁོང་ཁྲོ་མ་ནོན་པར་མོར་ཡིད་ཚིམས་པ་ཞིག་བསྡིགས་རྗེས། འདྲ་པར་དེ་དང་མཁོ་དངོས་ཙག་ཙིག་ཅིག་ཉོས་ཤིང་ཁ་ཕྱིར་འཁོར་ནས་གོམ་ཁ་སློབ་རའི་ཕྱོགས་སུ་བསྒྱུར།
ངོ་ཤེས་པའི་ཉིན་དང་པོར། ངེད་གཉིས་ཀྱི་བར་ལ་མི་མཐུན་པའི་རྩོད་པ་དེ་ལྟ་བུ་ཞིག་ཐོག་མར་བྱུང་སོང་བས། ངས་ངེད་གཉིས་ནི་ཐུན་མོང་གི་བསམ་ཚུལ་དང་སྐད་ཆ་ཡོད་པའི་ལམ་གཅིག་གི་མི་མིན་པ་དང་། ངེད་གཉིས་གྲོགས་པོ་ཉན་ཐབས་དཀའ་བ་སོགས་ལ་སྔོན་དཔག་བྱེད་ཐུབ་པར་གྱུར།
དོན་དངོས་སུ་ཡང་། ངེད་གཉིས་ནི་རང་གཤིས་དང་དགའ་ཕྱོགས། བྱ་སྤྱོད་གཏམ་གསུམ་སོགས་ཕྱོགས་གང་ཅིའི་ཐད་ནའང་འདྲ་ས་ཅུང་ཙམ་ཡང་མེད་པས། ཁྱི་དང་ར་བཞིན་མཐུན་ཐབས་བྲལ་བ་ཞིག་ཡིན། དེ་བས་ངེད་གཉིས་འགྲོག་འདྲིས་ཀྱི་ཁྲོད་ཕན་ཚུན་བར་ལ་ཁ་རྩོད་དང་འགལ་བ་ཙག་ཙིག་བྱུང་བ་ནི། ཆེས་རྒྱུན་ལྡན་གྱི་བྱ་སྤྱོད་དང་འཚོ་བ་ཞིག་ཏུ་གྱུར་ཡོད་ལ། འགལ་བ་ཆུང་ཆུང་དེ་དག་འདུམ་ཐབས་མེད་པ་ཞིག་ཀྱང་མིན་པས། སྔར་བཞིན་ཕན་ཚུན་གྱི་འགྲོ་གྲོགས་འདུག་གྲོགས་སུ་གྱུར་ཡོད། འོན་ཀྱང་སྐབས་ལ་ལར་མོ་ནི་བསམ་བཞིན་དུ་ངའི་ཁ་གཏད་དུ་འགྲེང་ནས། ང་ལ་སྡང་སེམས་ཤིག་བཅངས་ཡོད་པ་ལྟར་ངས་ཅི་བྱེད་ཐམས་ཅད་ལ་དགག་པ་དང་སྐྱོན་བརྗོད་ཁོ་ན་བྱེད་པས། ངས་ངོ་མ་བཟོད་བསྲན་བྱེད་ཐབས་མི་འདུག་པའི་གནས་སུ་བཅར་འགྲོ།
རེས་གཟའ་པ་སངས་ཉིན་གྱི་ཉིན་གུང་ཞིག་ལ། ངས་མལ་ཁང་དུ་ཞབས་བྲོའི་རོལ་དབྱངས་སྙན་མོ་ཞིག་ལ་རོལ་མྱོང་བྱེད་ཀྱིན་སྐྲ་ལོ་བཀྲུ་བའི་དུས་སུ། Bསྒྲོལ་གྱིས་ལག་ཏུ་དཔེ་ཆ་ཞིག་དང་འབྲི་དེབ་ཅིག་བཟུང་ནས་རྫུ་བག་དང་བཅས་ཐོན་བྱུང་།
“Aསྒྲོལ་ལགས། སྒྲ་གཏོང་ཆས་ཀྱི་སྐད་མགོ་ཇེ་དམའ་རུ་ཐོངས་དང་། ཚང་མའི་ངལ་གསོ་ལ་བར་ཆད་མ་བྱེད།”ཅེས་བཀའ་དེ་ལྟ་བུ་ཞིག་ཕབ་བྱུང་།
“ལགས་སོ་་་་་་”ཚང་མའི་ངལ་གསོ་ཟེར་ཡང་དོན་དམ་དུ་གཡག་ལ་གཅེས་པ་ཡིན་ནམ་ཁྲག་ལ་གཅེས་པ་ཡིན་པ་ངས་གསལ་བོར་ཤེས་ཡོད།
“ལུས་ལ་རྩམ་དྲི་མར་དྲི་འཐུལ་བའི་འབྲོག་མོ་ངོ་མ་ཞིག་གིས། སྐྲ་ལོ་རྩ་ནས་བཅད་དེ་རྒྱ་མོ་རྫུན་མ་ཞིག་ཏུ་བརྫུས་ནས་ཅི་བྱེད་དམ། ད་དུང་མདོག་ཀྱང་དེ་འདྲ་ངན་པ་ཞིག དེ་འདྲ་བཙོག་པ་ལ་ཨང་།” མོས་ངས་སྐྲ་ཤད་པར་བལྟས་བལྟས་རྗེས་ཡང་དེ་ལྟར་བཤད་བྱུང་།
“ཧུན་་་་་་་་ཁྱོད་ཀྱིས་ཐལ་ཤེས་ན་མིན་ནས། བོང་བུས་ཐལ་ཐེག་ན་མིན་ནས་་་་་་” རང་ལ་སྟབས་བདེ་བ་དང་གཞན་གྱི་མིག་ལ་མཛེས་པ་སོགས་དགེ་མཚན་མང་ཡང་། མོར་བཤད་ཀྱང་ངལ་དུབ་ཀྱི་རྒྱུ་ཡིན་པས་བསྐྱུར་བཞག
“ཁྱོད་ཀྱི་སྐྲ་ལོ་དེ་ལྟར་འབྲེག་པར་ཕ་མ་གཉིས་ཀ་འཐད་པ་ཡིན་ནམ།”
“དེ་འདྲ་མང་པོ་ཞིག་ལ་ཁ་ཡ་བྱེད་དགོས་དུས། ང་གསོན་ཐབས་ཡོད་རྒྱུ་མ་རེད།”
དེ་འདྲའི་འདྲི་རྒྱུ་མང་པོ་ཞིགལན་འདེབས་རྒྱུར་ཡང་སུན་བྱུང་། དོན་དངོས་སུ་ང་ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཨ་ཕ་ཨ་མ་གཉིས་ཀྱིས་ང་ལ་མགོའང་བཀྲུ་སྤེན(ཡུལ་སྐད་དེ། སྤེན་མ་ཕོན་པོར་བཟོས་ནས་སྣོད་ཆས་འཁྲུད་བར་བཀོལ་བའི་ཡོ་བྱད་ཅིག)ཞིག་དང་འདྲ་ཚུལ་དང་། རྐང་བའང་རྩི་སུག་ཏུ་གྱུར་འདུག་ཚུལ་སོགས་སྡིགས་མོ་བྱེད་པ་ནི་བགྲང་ལས་འདས། དེ་ནས་ངས་དྲོས་ཇ་ལ་ཞོ་འཐུང་གིན་ཡོད་པ་མཐོང་བས། མོས་ཡང་བསྐྱར་བཤད་རྒྱུ་ཞིག་རྙེད་བྱུང་།
“ཞོ་འཐུང་ན་གཉིད་འབབ་པས། ཁྱོད་ཀྱིས་ཉིན་གུང་ཞོ་འཐུང་ན་ཕྱི་དྲོར་གཉིད་བབས་ནས་སློབ་ཁྲིད་ལ་ཉན་ཐུབ་རྒྱུ་མ་རེད། ངས་ཁྱོད་ལ་གོ་རེ་སྟེར།”ཞེས་ཟེར་བཞིན་ཅོང་རྡོག་ཅིག་ང་ལ་གཏད་བྱུང་།
“སྐྱོན་མེད། སྐྱོན་མེད། གང་ལྟར་ཕྱི་དྲོའི་སློབ་ཐུན་གཉིས་པོ་བོད་ཡིག་ཡིན་པས། ང་གཉིད་ལོག་པའི་དུས་ཚོད་ཤིན་ཏུ་རིང་།”ངས་ངག་ནས་རང་གི་དྲན་ཚུལ་ངོ་མ་དེ་ལྟར་ཤོར་སོང་བས། མོས་ཤེས་མདོག་དང་བདེན་རློམ་གྱི་ཁ་ཏ་སློབ་གསོའི་སྐད་ཆ་དེ་དག་ཡང་བསྐྱར་ངའི་རྣ་ནང་དུ་ཐེངས་ཤིག་བརྫངས་བྱུང་།
“ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། །མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །”ཞེས་མཁས་པ་ཅིག་ཅིག་ཅིག་གིས་གསུངས་ཡོད་ཚུལ་དང་། “ལྷན་སྐྱེས་ཡོན་ཏན་མེད་གྱུར་ན། །ཕྱི་ཚུལ་བཅོས་པས་ཅི་ལ་ཕན། །ཡལ་འདབ་མེད་པའི་ཤིང་སྐམ་དེར། །ཅོད་པན་བཏགས་ཀྱང་ག་ལ་མཛེས། །”ཞེས་དང་། “རྟག་ཏུ་གཞན་དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་། །བསྒྲུབ་པར་ནུས་པ་མ་ཡིན་ནམ། །”ཞེས་སོགས་བསྟན་བཅོས་ཅིག་ཅིག་དང་ལེགས་བཤད་ཉིག་ཉིག་གི་ནང་དུ་གསུངས་ཡོད་རབས་སོགས། མོས་དུས་རྒྱུན་ང་ལ་སུན་འབྱིན་དང་ཁ་རྡུང་གཏོང་བྱེད་དུ་ཡང་ཡང་འདོན་པར་བྱེད་པའི་ཚིགས་བཅད་འདི་དག་ནི། ད་ལྟ་ངའི་རྣ་ལམ་དུའང་བཤགས་ཚར་འདུག་པས། ང་ལ་སུན་སྣང་ཞིག་འགོག་མེད་སྐྱེས་ཏེ་མྱུར་དུ་མལ་ཁང་ལས་ཕྱིར་བུད།
འདི་ལྟརBསྒྲོལ་དང་ངེད་གཉིས་ནི་མཉམ་དུ་དུས་ཚོད་རིང་བོ་ཞིག་ལ་བསྡད་དེ། ཁ་བརྡ་ལྷོད་པོ་ཞིག་བྱས་ནས་འདུག་ཐུབ་པའི་སྐལ་བ་ཆེར་མེད་མོད། ཁ་རྩོད་བྱུང་ཐེངས་རེར་མོས་སྔོན་ལ་ང་ལ་དགོངས་དག་ཞུས་ཏེ་སྔར་བཞིན་གྲོགས་པོ་བྱེད་པའི་རེ་བ་འདོན་སྲིད་པས། ངེད་གཉིས་སྔར་བཞིན་ཟ་གྲོགས་འཐུང་གྲོགས་ཀྱི་སློབ་གྲོགས་བཟང་ཤོས་དེ་ཡིན། ད་དུང་འབྲེལ་བ་བཟང་དུས་ཀྱི་སྐབས་རེར་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་དང་། སོ་སོའི་ལེགས་ཆར་སློབ་སྦྱོང་བྱེད་རྒྱུའི་སྒྲིག་ལམ་ལྟ་བུ་ཞིག་ཀྱང་བཞག་ཡོད་དེ། ངེད་གཉིས་ཀྱིས་ཁ་བརྡ་བྱེད་སྐབས། བོད་སྐད་བཤད་དུས་བོད་སྐད་རྐྱང་རྐྱང་གིས་བྱེད་དགོས་པ་དང་། རྒྱ་སྐད་བཤད་ན་རྒྱ་སྐད་རྐྱང་རྐྱང་གིས་བྱེད་པ་ལས། བསྲེས་སྐད་མི་བཤད་པ། ངས་མོའི་ས་ནས་བོད་ཡིག་ཡག་པོ་བསླབ་པ་དང་། མོས་ངའི་ས་ནས་རྒྱ་ཡིག་ནན་ཏན་གྱིས་སྦྱོང་བ་སོགས་ཡིན། དེ་བས་མོས་རྒྱུན་དུ་ང་ལ་མོ་རང་ཉིད་ཀྱིས་བྲིས་པ་ཡིན་ཚུལ་གྱི་རྩོམ་ཡིག་དང་། ཉིན་ཐོ་གང་མང་རེ་སྟོན་སྲིད་ལ། ངས་རྩོམ་ཡིག་ཐུང་གྲས་དག་མོའི་སྔུན་ནས་སྐད་མགོ་མཐོན་པོས་ཀློག་འདོན་བྱེད་དགོས་པར་ཨུ་ཚུགས་ཡང་ཡང་བྱེད། དོན་ངོ་མར་ངས་དེ་དག་ལ་མིག་བཤེར་ཞིག་ཀྱང་བྱེད་མི་འདོད་མོད། ངེད་གཉིས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་མི་བྱེད་པའི་ཆེད་དུ། མཚམས་ལན་རེར་གསལ་བོར་མི་ཆོད་ཀྱང་ཐེངས་རེ་བཏོན་པ་ཡིན། གཤམ་གྱི་ཉིན་ཐོ་འདི་ཡང་མོའི་རྩོམ་ཡིག་དང་ཉི་ཐོ་དེབ་རྒན་འགའ་བྲིས་ཡོད་པ་དེའི་གྲས་ཀྱི་གཅིག་ཡིན་ཏེ། མོས་ང་ལ་ངེས་པར་ཐེངས་གཅིག་བལྟ་དགོས་པའི་རེ་བ་ཡང་ཡང་བཏོན་པས། ངས་ཀྱང་ཚོད་ལྟའི་ཚུལ་དུ་མོའི་ཉིན་ཐོ་ཞིག་བཀླགས་པ་འདི་ལྟ་སྟེ།
ཉིན་ཐོ།
2013ལོའི་ཟླXXཚེསXX གཟའ་ཉི་མ། ནམ་མཁར་སྤྲིན་འཁྲིགས།སང་ཉིན་དབྱར་གནང་གཏོང་རྒྱུ་རེད། ཕྱི་དྲོར་སློབ་གྲོགས་ཚོ་བྲེལ་བྲེལ་འཚུབ་འཚུབ་དང་དགའ་དགའ་སྤྲོ་སྤྲོའི་ངང་། རང་རང་སར་དངོས་པོ་སྡུད་གསོག་བྱས་ཏེ་ཡུལ་ལ་ཆས་རྒྱུར་སྟ་གོན་བྱེད་ཀྱིན་འདུག
ངས་བོད་ཡིག་ཁྲིད་དཔྱོད་ཁང་གི་སྒོ་ཁ་ནས་བསྒུགས་བསྒུགས་མཐར། རང་ཉིད་ཀྱི་བོད་ཡིག་རྒྱུགས་འབྲས་ཤེས་ཤིང་། རྒྱུགས་འབྲས་དེ་འདྲ་ལེགས་པོ་མིན་པས་ཡིད་སེམས་རབ་ཏུ་སྐྱོ་ནས་གཞུང་ལས་ཁང་གི་སྒོ་ཁར་ཡུན་རིང་ལུས། སྐབས་དེར། སྐད་གདངས་དམའ་བའི་ཁ་བརྡ་འདི་ལྟ་བུ་ཞིགགཞུང་ལས་ཁང་གི་སྒོ་སྲུབ་བར་ནས་མཆེད་དེ་ངའི་རྣ་ལམ་དུ་སིམ་སོང་།
དགེ་རྒན་ཀ་བ། “ད་སྐབས་ཀྱི་སློབ་མའི་བོད་ཡིག་གི་ཆུ་ཚད་ནི་ལོ་རེ་རེ་བཞིན་ཇེ་ཞན་དུ་འགྲོ་བཞིན་འདུག་ཨང་།”
དགེ་རྒན་ཁ་བ། “རེད་ཡ། སྤྱིར་བོད་ཡིག་སློབ་སྦྱོང་གི་ཐད་ལ་བཟུང་བའི་རྣམ་འགྱུར་ཡང་ཇེ་སྡུག་ནས་ཇེ་སྡུག་རེད།”
དགེ་རྒན་ག་བ། “དེང་སང་གི་བྱིས་པ་འདི་ཚོ་བྱུང་བོད་ཀྱི་བྱིས་པ་ཏག་ཏག་ལ་མི་རིག་གི རྩ་བ་ན་ཅིག་ལ་འགྱུར་ནས་འགྲོ་བཞིན་འདུག མུ་མཐུད་དུ་འདི་ལྟར་སོང་ན་་་་་་་”
རིམ་བཞིན་སྐད་གདངས་ཇེ་དམའ་ནས་ཇེ་དམའ་རུ་གྱུར་ཏེ། མཐར་དབུགས་རིང་ཞིག་ཕྱུང་བའི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མ་བྱུང་།
ངས་རང་ཉིད་ཇི་ལྟར་ཡོང་བའང་མ་ཚོར་བར་མལ་ཁང་གི་སྒོ་འགྲམ་དུ་ཐོན་འདུག སྒོ་འགྲམ་དུ་སློབ་མ་ཚོས་གཡུགས་པའི“མཁོ་མེད་ཀྱི་དཔེ་ཆ”དེའུ་འབུར་ལྟ་བུ་ཞིག་སྤུངས་འདུག་ལ། དེའི་འགྲམ་དུ་གཟུགས་པོ་ཅུང་ཐུང་ཞིང་གདོང་མདོག་ཅུང་སྨུག་པོ་ཡིན་པའི་མི་ཞིག་གིས་ཅི་ཞིག་བློས་གཏོང་ཕོད་ཀྱིན་མེད་པ་ལྟར། མིག་ཅེར་ནས་དེ་ལ་བལྟས་ཏེ་ཧད་འདུག
མི་དེས་གཞི་ནས་བསྲན་མ་ཚུགས་པར་རི་རབ་ལྟར་སྤུངས་པའི་དཔེ་ཆའི་འགྲམ་ནས། དཔེ་དེབ་རྙིང་བ་རེ་འགའ་རང་གི་སྟོད་ལྭའི་ཁུད་དུ་གཅུད་ཅིང་། རེ་འགའ་མཆན་ལ་བཙིར་ནས་གཞུང་ལས་ཁང་གི་ཕྱོགས་སུ་ཆས་སོང་།
ངས་མཚར་ཉམས་ཀྱི་སྒོ་ནས་གསལ་བོར་བལྟས་པས། མི་དེ་ནི་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རེན་བསྟན་པ་རེད་ལ། ཁོང་གི་མཆན་ལ་བཙིར་བའི་དཔེ་དེབ་ནི«ཐོན་མིའི་ཞལ་ལུང»དང«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»སོགས་བོད་ཡིག་དཔེ་དེབ་འགའ་རེད་འདུག
ཅུང་མ་འགོར་བར། རྒྱང་རིང་གི་རི་རྩེ་དག་སྨུག་པས་གཡོགས་ཤིང་། ཉེ་འགྲམ་གྱི་ཁོར་ཡུག་ཀུན་ན་བུན་གྱིས་བསྒྲིབས། སྤྲིན་ནག་གི་ཁོང་གསེང་ནས་སམ་སིམ་གྱི་ཆར་བ་ཞིག་ཀྱང་ག་ལེར་བབས་བྱུང་།
ཆར་བ་ཇེ་ཆེ་ནས་ཇེ་ཆེ། “དེའུ་འབུར”དེ་ཇེ་ཆུང་ནས་ཇེ་ཆུང་་་་་་་
ངས་ནི་བོད་ཡིག་སྦྱོར་ཀློག་ཡག་པོ་ཞིག་ཀྱང་བྱེད་མི་ཤེས་མོད། མོ་ལ་བརྩི་བཀུར་ཙམ་གྱི་དོད་དུ་ཉིན་ཐོ་དེ་འདི་ལྟར་ཨུ་ཚུགས་ཀྱིས་བཀླགས་ཚར། ཡིན་ནའང་ངས་དེ་ལས་གནས་ལུགས་ཟབ་མོ་ཅི་ཡང་རྟོགས་མ་སོང་།
ལོ་ངོ་གཅིག་ཙམ་གྱི་རིང་ལ། ངེད་གཉིས་འདི་ལྟར་འགྲིག་མི་འགྲིག་དང་མཐུན་མི་མཐུན་གྱིས་ཡོང་ཞིང་། ནམ་རྒྱུན་ངེད་གཉིས་ཀྱི་བསམ་ཚུལ་འགལ་ཟླར་གྱུར་ནས་རྩོད་པའི་མེ་དཔུང་འཕྱུར་དུས། སློབ་གྲོགས་ཚོའི་ཁྲོད་དུ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་མང་མོད། སློབ་སྦྱོང་གི་རྒྱུགས་འབྲས་ལ་ཁྱད་པར་བྱུང་སྟེ། སྐར་གྲངས་དང་ཨང་རིམ་གྱི་མཐོ་དམའ་བསྡུར་དུས། དགེ་རྒན་གྱིསBསྒྲོལ་ཁོ་ན་ལ་བསྟོད་བསྔགས་བྱེད་ལ། ང་དང་ངའི་ཕྱོགས་སུ་འགྲེང་བའི་སློབ་གྲོགས་ཚོར་སྐྱོན་བརྗོད་ཁོ་ན་བྱས་འགྲོ།
དེ་བས། ང་ལ་ད་ནི་དངོས་གནས་སློབ་གླིང་འདིར་འདུག་ཐབས་མེད་པའི་ཚོར་བ་ཞིག་ངང་གིས་སྐྱེས་བྱུང་། ཏག་ཏག་སྐབས་དེར། ནང་ལོགས་ཀྱི་སློབ་གྲྭ་གྲགས་ཅན་ཞིག་གིས་བོད་ཁུལ་གྱི་སློབ་མའི་མཐོ་རྒྱུགས་ལ་དམིགས་ནས། རྒྱ་ཡིག་གི་འཛིན་གྲྭ་ཞིག་ལ་སློབ་མ་བསྡུ་བའི་བརྡ་ཞིག་མཐོང་སོང་། དེ་ནི་ངའི་འདོད་ཐོག་ཏུ་རྟ་བརྒྱུགས་པ་ལྟ་བུར་གྱུར། ཡིན་ཡང་བོད་ཡིག་དགེ་རྒན་དངBསྒྲོལ་གཉིས་ཀྱིས་ང་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་བྱུང་། འདིའི་ཐད་ནས་སྤྱིར་ན་བཟང་ལ་བརྩི་རྒྱུ་མེད་རུང་ངན་ལ་རྩོད་རྒྱུ་མེད་པའིBསྒྲོལ་ངེད་གཉིས་ཀྱི་བར་ལའང་འགལ་བ་ཅུང་ཆེན་པོ་ཞིག་བྱུང་སོང་། གོ་ཐོས་སུ་བོད་ཡིག་དགེ་རྒན་དང་འཛིན་བདག་རྒྱ་མོ་དགེ་རྒན་གཉིས་ཀྱི་བར་ལའང་འགལ་བ་བྱུང་སོང་ཟེར།
གང་ལྟར་ངས་བསམ་བློ་ཇི་ལྟར་བཏང་ནའང་། རང་གི་རྨང་གཞི་ཞན་པའི་ཆུ་ཚད་ལྟར་ན། རང་ཉིད་མུ་མཐུད་བོད་ཡིག་སློབ་གྲྭ་འདིར་བསྡད་ན་མཐོ་རྒྱུགས་ལའང་འབྲས་བུ་ཡག་པོ་ཞིག་ལོན་མི་ཐུབ་པ་ཐག་ཆོད་པས། ཕ་མ་དགེ་རྒན་དང་སློབ་གྲོགས་བཟང་ཤོསBསྒྲོལ་གཙོས་པའི་སློབ་གྲོགས་མང་པོ་ཞིག་གི་བསམ་འཆར་ལ་རྒྱབ་འགལ་བྱས་ཏེ། ཁོང་ཚོར་གྱེས་ཕྱག་འཚལ་རྗེས་གྲོང་ཁྱེར་གྱི་རྒྱ་ཡིག་རྐྱང་རྐྱང་ཡིན་པའི་འཛིན་གྲྭ་དེར་འགྲོ་རྒྱུ་ཐག་གིས་བཅད།
ལམ་ལ་ཆས་པའི་ཉིན་དེར། Bསྒྲོལ་གྱིས་ང་ལ་སྐྱེལ་མ་བྱས་ཤིང་། མོ་ཕྱིར་འགྲོ་ཁར“རྒྱ་གྲོང་ནས་རང་ཉིད་ལ་བདག་སྐྱོང་བྱོས། རང་ཉིད་ཀྱི་རྣམ་ཤེས་ལ་བདག་སྐྱོང་བྱོས།”ཞེས་བཤད་རྗེས། ང་ལ་དམ་པོར་འཁྱུད་ནས་ཡུན་རིང་བསྡད་སོང་། ནམ་རྒྱུན་བརྩེ་འདང་དེ་འདྲ་མེད་པའི་ངེད་གཉིས་ཀྱང་ཁ་འབྲལ་ཁར་ཐོན་དུས་བློས་ཐུབ་ཏུ་གྱུར་འདུག ངས་མོ་དང་བཅས་པའི་སློབ་གླིང་འདི་བློས་མི་ཐོངས་པ་ལྟ་བུ་ཞིག་ཏུ་གྱུར་མོད། ད་ནི་རྟ་ཤོར་ན་འཛིན་ཐབས་ག་ལ་ཡོད། ངས་མོ་བཏང་ནས་མྱུར་དུ་རླངས་འཁོར་ལ་བུད་པ་ཡིན། མོས་ལག་པ་གཡུག་གཡུག་བྱེད་བཞིན།
“ངས་ཁྱོད་ཀྱི་དཔེ་ཁུག་ཏུ་འཕྲིན་ཡིག་ཅིག་བསྡུས་ཡོད།”ཅེས་བཤད་རྗེས་ཕྱིར་བུད་སོང་།
མེ་འཁོར་དུ་བསྡད་རྗེས། ངས་དཔེ་ཁུག་ལསBསྒྲོལ་གྱི་འཕྲིན་ཡིག་དེ་ཡར་བཏོན་ནས་བལྟས་པ་ཡིན།
སེམས་འཕྲིན།
ཐོག་མར་ཁྱོད་ལ་དགོངས་དག་ཞུས་པ་ཡིན། ང་ལ་གུ་ཡངས་གནང་རོགས།
ངེད་གཉིས་ཐོག་དང་པོར་མལ་ཁང་ནས་ངོ་ཤེས་སུ་གྱུར་བ་ནས་བཟུང་། གཅིག་གྲོགས་གཅིག་བརྟེན་གྱི་གྲོགས་པོ་ཡག་ཤོས་ཤིག་ཡོང་བའི་རེ་བ་ཤིན་ཏུ་ཆེ། རྒྱུ་མཚན། ངས་ཁྱོད་ཀྱི་ཕ་མ་གཉིས་མཐོང་བ་ལས་ཁྱོད་ཀྱང་ང་ནང་བཞིན། འབྲོག་ཕྱོགས་ཀྱི་བུ་མོ་དཀྱུས་མ་ཞིག་ཡིན་པ་ཤེས་ཡོད། འུ་གཉིས་ཀྱི་བྱིས་དུས་ཀྱི་སློབ་གསོའི་ཁོར་ཡུག་ཅུང་མ་འདྲ་བའི་དབང་གིས། གཤིས་ཀ་དང་འཚོ་བའི་གོམས་སྲོལ་སོགས་གང་ཐད་ནའང་མི་འདྲ་ས་ཅུང་མང་པོ་འདུགདེ་བས་འུ་གཉིས་ཀྱིས་རྒྱུན་དུ་དོན་ཕྲན་ཚེགས་ཤིག་གི་ཆེད་དུའང་རྩོད་པ་མང་དུ་བྱེད་དགོས་པར་གྱུར། ཡིན་ནའང་། ངས་སྔར་བཞིན་ཁྱོད་ལ་འགྲིག་མཐུན་གྱི་རེ་བ་བཏོན་ནས། མུ་མཐུད་ཁྱོད་ཀྱི་བྱ་སྤྱོད་གང་མང་ཞིག་གི་ཁ་གཏད་དུ་ལངས་ནས་ཐེ་གཏོགས་མང་དུ་བྱས་པ་ཡིན། འདི་དག་ཐམས་ཅད་ལ་དགོངས་དག་ཞུས་པ་ཡིན།
སྤྱིར་ཡིན་ན་ངས་ཁྱེད་ལ་བོད་ཡིག་སློབ་སྦྱོང་བྱེད་དགོས་ཚུལ་དང་། སྒོར་མོ་གྲོན་ཆུང་བྱེད་དགོས་ཚུལ། ཐ་ན་སྐད་ཆ་བཤད་ལུགས་དང་གོན་པ་གོན་སྟངས་སོགས་ཀྱི་ཐད་ནས་ཀྱང་རེ་བ་མང་པོ་བཏོན་མྱོང་བ་ཡིན། འདི་དག་ནི་ཀུན་སློང་གཙང་མ་ཞིག་གིས་ཁྱོད་ལ་རོགས་རམ་ཞིག་བྱེད་འདོད་པས་ཡིན་མོད།དེ་ནི་ངའི་ནོར་འཁྲུལ་རེད། ཁྱོད་ཀྱིས་བཤད་པ་བདེན་པ་རེད། མི་སུ་ཡིན་ཡང་རང་ཉིད་ཀྱི་ལྟ་ཚུལ་དང་ཚད་གཞི་ལྟར། མི་གཞན་ཞིག་ལ་བཅོས་བསྒྱུར་བཏང་ན་མི་འོས། ཡིན་ཡང་། ང་རང་ཁྱོད་ལ་ཤིན་ཏུ་སེར་སྣ་ཆེ་སོང་བས་ཨུ་ཚུགས་ཀྱིས་གཏོང་མ་འདོད་པས་ཡིན། རྒྱུ་མཚན། ཁྱོད་ནི་ལྷན་སྐྱེས་ནས་རིག་པ་རྒོད་པ་མ་ཟད། ཁ་ལྕེ་བདེ་བས་རུས་གསེང་དུ་འབྲོག་མོ་རྣལ་མ་ཞིག་གི་རྐང་སྦས་འདུག དེ་བས་ངས་ཁྱོད་ལ་འུ་གཉིས་ཀྱིས་ཁ་བརྡ་བྱེད་དུས་ངེས་པར་བོད་སྐད་ཀྱིས་བྱེད་དགོས་པར་གཏན་ཁེལ་བྱས་པའང་། དྲང་མོར་བཤད་ན་ང་ཁྱོད་ཀྱིས་བོད་སྐད་བཤད་དུས། ཕལ་ཆེར་ཚིག་རེའི་ནང་དུ་གཏམ་དཔེ་རེ་བེད་སྤྱོད་བྱེད་ཐུབ་པའི་སྨྲ་ལྕེ་ལ་ཡིད་སྨོན་སྐྱེས་པ་ཡིན། ཞོར་ལ་ཁྱོད་ཀྱི་གཏམ་ཁ་ལྕེ་ལ་སློབ་སྦྱོང་བྱ་འདོད་པའི་བསམ་པའང་འཆང་བ་ཡིན་ལ། ནམ་ཞིག་ཁྱོད་ཀྱིས་བོད་སྐད་བཤད་རྒྱུ་བསྐྱུར་བཞག་པ་ཡིན་ན། གཏམ་གྱི་རྒྱ་མཚོ་ཆེན་མོ་ཞིག་དེ་ལྟར་ཁྱོད་ཀྱི་ཁ་ནང་ནས་སྐམ་པར་འགྱུར་སྲིད་པ་ལ་ཕངས་སེམས་སྐྱེས་པ་ཡང་ཡིན།
ཡིན་ནའང་། ད་ནི་ཁྱོད་ཀྱིས་གདམ་ཀ་དེ་ལྟར་བྱས་ཚར་བས། ང་ལ་བྱ་ཐབས་ཟད་སོང་། ངས་ཁྱོད་ལ་ལེ་བདའ་བྱས་པ་མིན་ཡང་། ད་ནས་བཟུང་འུ་གཉིས་ཁྱོད་ཀྱིས་བཤད་མྱོང་བ་ནང་བཞིན། དངོས་སུ་ལམ་གཉིས་སུ་གྱེས་སོང་བས། ངས་ཀྱང་རང་ས་ནས་རང་ལམ་འཚོལ་བ་ལས་ཁྱོད་ཀྱི་སློབ་སྦྱོང་དང་འཚོ་བར་ཐེ་གཏོགས་མི་བྱ། ཡིན་ཡང་། མཇུག་མཐའི་རེ་བ་ཞིག་ཡོད་པ་ནི། ཁྱོད་རང་གནས་གང་དུ་སོང་ཡང་། ལས་ཅི་ཞིག་བྱས་ཀྱང་དུས་ནམ་ཡང་བརྗེད་མི་རུང་བ་ནི་རང་ཉིད་སུ་ཡིན་པ་དེ་ཡིན། རྒྱས་མེད་ཀྱི་གྲོང་ཁྱེར་ནས་རང་ཉིད་ལ་བདག་སྐྱོང་བྱོས། རང་ཉིད་ཀྱི་རྣམ་ཤེས་ལ་བདག་སྐྱོང་བྱོས།
མཐར། ཁྱོད་ཀྱི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་། བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བར་སྨོན་ལམ་ཡང་ཡང་འདེབས།
ཞེས་ཁྱོད་ཀྱི་གྲོགས་མོBསྒྲོལ་གྱིས་ཟླ་ཚེས་བཟང་བོར།
རྩོམ་པ་པོ་ངོ་སྤྲོད།
འདབ་དྲུག དངོས་མིང་ལ་གཡུ་སྒྲོན་འཚོ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཡིན། ༢༠༡༩ལོར། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། ༢༠༢༢ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། རྩོམ་རིག་ལ་དགའ་མོས་ཡོད་པའི་དབང་གིས། རྩོམ་རིག་སྐོར་གྱི་དཔེ་ཀློག་ཐན་ཐུན་དང་། འབྲི་སྦྱོང་ཙག་ཙིག་ལ་འབད་མུས་ཡིན། སྔ་ཕྱིར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང་། «སྦྲང་ཆར» «མཚོ་སྔོན་བོད་ཡིག་གསར་འགྱུར» «གངས་རྒྱན་མེ་ཏོག» «སྤང་རྒྱན་མེ་ཏོག» «གསེར་གྱི་ལྷ་དར»སོགས་སུ་སྒྲུང་གཏམ་དང་། ལྷུག་རྩོམ། སྙན་ངག ཕྲན་དཔྱད་གཙོས་པའི་སྦྱང་རྩོམ་རེ་ཟུང་སྤེལ་མྱོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།