ཕྱིར་དྲན་གྱི་མེ་ལོང་ལས་འཕྲོས་པའི་ང་ཡི་སློབ་ཆེན་གྱི་བསྡུས་གཟུགས།

རྩོམ་པ་པོ།:རྩྭ་ཕྲན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-24 11:13:13 ཀློག་གྲངས།:
       ང་ལ་མཚོན་ན་ཕོ་ལོ་ཉི་ཤུའི་གྲངས་ཐེམ་ལ་ཅི་ལྟར་བརྒལ་བ་མི་ཤེས་ལ་ཅི་ལྟར་རོལ་བ་དེ་བས་ཀྱང་གླེང་རྒྱུ་མེད། མདོར་ན་ངའི་འདས་ཟིན་པ་ནི་ཁ་དོག་མེད་པའི་ལོ་ཟླ་ཞིག་ཡིན། ཡིན་ཡང་། མི་ཞིག་གི་མི་ཚེ་ནི་རང་ཉིད་ཀྱི་གོག་ལངས་འགྱེད་གསུམ་དང་འབྲེལ་བ་དམ་པོ་ཡོད་པས་ཅིས་ཀྱང་རང་ཉིད་ཀྱི་རིན་ཐང་ཉག་ཕྲ་བ་རེ་ཡོད་པར་སེམས། ཕུགས་བསམ་དང་རྨི་ལམ་ཟེར་ན་རིང་དྲགས་ལ་སང་ཉིན་དང་དེ་རིང་ཟེར་ན་ཐུང་དྲགས་པའི་འཚོ་བའི་གོ་རིམ་ཁྲོད། དེང་དུས་ཀྱི་སློབ་མ་ཕལ་མོ་ཆེ་ཡི་འགྲོ་སྲོལ་ལྟར་ང་ཡང་མི་རིགས་སློབ་ཆེན་ཞིག་གི་སྒོ་ནང་དུ་ཚུད། འདི་ནི་ང་ལ་མཚོན་ན་དགའ་འོས་པ་ཞིག་ཡིན་ལ་བདག་གི་ཨ་མར་མཚོན་ན་དེ་བས་ཀྱང་དགའ་འོས་པ་ཞིག་ཅི་ལ་མིན། སྐབས་འདིར་ངས་ཨ་མས་གསུང་བའི་གདམས་པ་ཞིག་དྲན་སོང་། ཨ་མས་གསུང་རྒྱུར་ཁྱེད་ཀྱིས་བྱ་བ་གང་ཞིག་སྒྲུབ་ཀྱང་རང་ཉིད་ལ་ལེ་འདེད་གཏན་ནས་བྱེད་མི་རུང་། ཕམ་ཁ་དང་རྒྱལ་ཁ་ཡོད་ཚད་ཁྱེད་ཀྱིས་བྱ་དངོས་དེ་ལ་བཟུང་བའི་ལྟ་ཚུལ་གྱིས་ར་སྤྲད་པ་ཡིན། ཕུགས་བསམ་གྱི་ལམ་ཁ་ནི་རང་ཉིད་ཀྱིས་གདམས་དགོས་པ་ལས་གཞན་སུས་ཀྱང་ཁྲིད་མཁན་མེད་པས་མ་འོངས་པའི་རེ་བ་མཐའ་དག་རང་ཉིད་ལ་བརྟེན་དགོས་གསུངས། དེ་དུས་ཀྱི་ང་ལ་མཚོན་ན་ཁ་ཕྱོགས་གང་ཡང་མེད་པ་ཞིག་ཡིན་པས་ཕུགས་བསམ་ཟེར་ན་མུན་ནག་ལ་མདའ་འཕངས་བ་དང་གཉིས་སུ་མེད་དོ། །
      གང་ལྟར་ཁ་ཕྱོགས་མེད་པར་སློབ་ཆེན་གྱི་སྒོ་ཐེམ་སྙེག་རྗེས་ང་ལ་དོགས་སློང་མང་པོ་ཞིག་གིས་དལ་བུར་སྒུལ་གྱིན་འདུག ངའི་སློབ་ཆེན་གྱི་ཆེད་ལས་ནི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པར་འབྲེལ་བའི་ཆེད་ལས་ཤིག་ཡིན་ཡང་ང་ལ་དེའི་ཕྱོགས་ཀྱི་འཇོན་ནུས་དང་ཕུགས་བསམ་གང་ཡང་མེད་པས་ཕལ་ཆེར་ཉི་མ་འཁྱོལ་ཐབས་ཟེར་བ་ཞིག་ལས་ཤེས་ཟིན་པའི་འབྲས་བུ་གང་ཡང་སྟོན་རྒྱུ་མེད། མི་རེ་རེའི་སེམས་སུ་དད་མོས་རེ་ཡོད་ངེས། དད་མོས་དེ་ནི་དགའ་ཕྱོགས་ཤིག་རེད། མདོར་དེད་ན་དགའ་ཕྱོགས་ནི་ཕུགས་བསམ་གྱི་ཕྱོགས་སྟོན་ལྟ་བུ་རེད། རྐྱེན་དེ་ལས་ངས་རང་ཉིད་ཀྱི་ཆེད་ལས་དེ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་སུ་བསྒྱུར་བ་ཡིན། དུས་སྐབས་འདི་འདྲ་ཞིག་ལ་ང་ལ་དེ་འདྲའི་བློ་སྤོབས་ཞིག་ཅི་ལ་རྒྱས་པ་ཡིན་ཟེར་ན་གཅིག་ནས་དགའ་ཕྱོགས་དང་གཉིས་ནས་དད་མོས། གསུམ་ནས་ཕུགས་བསམ་སོགས་ཕྱོགས་མང་པོ་ཞིག་ལ་འབྲེལ་བ་ཡོད། ཕུགས་བསམ་གྱི་སྙིང་རུས་ནི་མདོར་དེད་ན་འཇིག་རྟེན་གྱི་ཆེས་ཆེ་བའི་སྙིང་རུས་ཤིག་ཡིན་པར་སེམས། ཁོ་བོར་མཚོན་ན་ཤེས་རབ་དང་ཡོན་ཏན་གཉིས་ཀའི་ཆ་ནས་ཧ་ཅང་དབུལ་ལ་མཐོང་རྒྱའང་དེ་ལྟར་ཤིན་ཏུ་ཆུང་། ཡིན་ཡང་། བདག་གི་ཕུགས་བསམ་གྱི་གཤོག་པ་ནི་དེ་དག་གང་གིས་ཀྱང་བསྒྲུན་དུ་མེད་པ་ཞིག་རེད། ང་ལ་ཕུགས་བསམ་ཆེན་པོ་ཞིག་མེད། མ་འོངས་པར་གངས་ཅན་གྱི་གཞོན་ནུ་ཁྲི་ཕྲག་ཅིག་ལ་རྣམ་ཤེས་ཀྱི་གཟུང་འཇུག་སྤྲོད་རྒྱུ་དེ་ཡིན། མདོར་དེད་ན་དེ་ནི་ངའི་ཐོག་མའི་ཕུགས་བསམ་ཡིན་ལ་མཇུག་མཐའི་རེ་བའང་ཡིན། སྤྱི་ཚོགས་དང་འཚོ་བ། དུས་རབས་ཀྱི་འཕེལ་འགྲོས་ཡིན་ནམ།གང་ལྟར་བོད་ཀྱི་གཞོན་པ་མང་པོ་ཞིག་རྣམ་ཤེས་དང་བྲལ་འདུག ཕུགས་བསམ་གྱིས་སྟོང་འདུག རེ་བ་དག་བོར་འདུག དུས་འདིར་ངས་རང་ཉིད་ལ་དྲན་སྐུལ་དང་གཞོན་རབས་པར་རེ་བ་ཞིག་ཞུ་འདོད། གཞོན་རབས་པ་ཚོ་སེམས་མ་སྐྱོ། ཁྱེད་ཀྱི་སེམས་སུ་རྒྱང་རིང་གི་ཕ་ཡུལ་ཡོད་དམ། ཁྱེད་ཀྱི་སེམས་སུ་བྱམས་ལྡན་གྱི་ཕ་མ་ཡོད་དམ། ཕ་ཡུལ་དང་ཕ་མ། སྙིང་ཉེ་བའི་མི་རབས་རྗེས་མའི་ཁྱེད་ཀྱི་ཞབས་རྗེས་ལ་མིག་ཟུང་ཅེར་ཡོད། ཁྱེད་ཀྱིས་ཞིབ་མོར་སོམས་དང་། ང་ཚོ་ལྟ་བུའི་མི་རིགས་ཆུང་ཆུང་ཞིག་ཅིའི་ཕྱིར་འཛམ་གླིང་རང་བཞིན་གྱིས་ཞིབ་འཇུག་བྱ་དགོས་པ་ཡིན་ནམ། ཅིའི་ཕྱིར་འཛམ་གླིང་རང་བཞིན་གྱིས་མཐོང་ཆེན་གནང་དགོས་པ་ཡིན་ནམ། གཞོན་རབས་པ། ཉི་མ་ནུབ་ཁ་ལྟ་བུའི་དུས་འདི་འདྲར་ཡང་ཁྱེད་ཅག་གིས་དུས་གཏན་ཏུ་རང་ཉིད་ཀྱི་འགན་འཁྲི་བརྗེད་མི་རུང་། གསེར་ནི་ནམ་ཡང་གསེར་ཡིན་པས་དེ་གཅད་ན་གཏུབ་ན་ནམ་ཡང་གསེར་འོད་ལམ་ལམ་འཕྲོ་ཐུབ། དུས་ཚོད་ཀྱིས་ང་ཚོ་མདུན་ཏུ་འཐེན་གྱིན་འདུག
       ཕ་ཡུལ་གྱིས་ང་ཚོར་སྐུལ་མ་གནང་ཀིན་འདུག ཕུགས་བསམ་གྱིས་ང་ཚོར་ཕེབས་ཤོག་གསུང་གྱིན་འདུག ང་ཚོས་ཅི་ལྟར་བྱ་དགོས་སམ། རེད་ལགས། གང་ལྟར་ཁྱེད་ཀྱིས་ནམ་ཡང་བརྗེད་མི་རུང་བ་ནི་སྐད་དང་ཡི་གེ་ཡིན། འདི་ནི་ཕ་ཡུལ་གྱིས་འུ་ཚོར་སྤྲད་པའི་འགན་འཁྲི་ཡིན་ལ་ཕ་མས་འུ་ཚོར་སྤྲད་པའི་རེ་སྨོན་ཡིན་ནོ། །
       སློབ་ཆེན་དུ་ཐོན་པ་ནི་ང་ལ་མཚོན་ན་གསར་བརྗེ་ལྟ་བུའི་དཀྱོགས་མཚམས་ཤིག་ཡིན་པར་ངེས། འདས་ཟིན་པའི་མི་ལོ་བཅུ་གཉིས་ལྷག་གི་སློབ་གཉེར་གྱི་ལམ་ཁ་ནི་མདོར་དེད་ན་རྒྱུགས་སྐར་ཁོ་ནར་མགོ་འཐོམས་པའི་དུས་སྐབས་ཤིག་རེད། སྐབས་དེའི་དགེ་རྒན་དང་སློབ་གྲོགས། ཕ་མ་སུ་ལ་མཚོན་ནའང་རྒྱུགས་སྐར་ནི་ཡོད་ཚད་ཐག་གཅོད་ཀྱི་ཚད་གཞི་ལྟ་བུ་ཞིག་རེད། ང་ལ་མཚོན་ནའང་དེ་བཞིན་ཡིན། དྲང་མོར་བཤད་ན་དེ་དུས་ཀྱི་དཔེ་ཆ་བལྟ་བ་ནི་རྒྱུགས་སྐར་གྱི་ཆེད་དུ་ཡིན་པ་ལས་ཤེས་བྱ་གསོག་འཇོག་གི་དུས་སྐབས་ཤིག་ཁྱོན་ནས་ཡིན་མི་སྲིད། སློབ་ཆེན་དུ་ཐོན་རྗེས་ང་ལ་འགལ་འདུ་མང་པོ་ཞིག་གིས་འཐབ་འཁྱུག་རྒྱག་གིན་འདུག གནས་འདིར་སྔར་བཞིན་རྒྱུགས་སྐར་ལ་བརྩོན་ནམ་འཇོན་ནུས་སྔོག་འདོན་ལ་བརྩོན། ང་ལ་མཚོན་ན་སློབ་ཆེན་ནི་རྒྱུགས་སྐར་སྣང་མེད་དུ་བསྐྱུར་བའི་དུས་ཚོད་ཡག་ཤོས་དེ་ཡིན་པར་སེམས། རང་ཉིད་ལ་མ་འོངས་པའི་ལམ་ཁ་ཞིག་དགོས་ན་ངེས་པར་ཕྱོགས་གཅིག་གཟེངས་སུ་ཐོན་དགོས་པ་མ་ཟད་ཕྱོགས་སོ་སོར་ངོས་འཛིན་རེ་ཡོད་ན་ཧ་ཅང་འོས་པར་སེམས། དགའ་ཕྱོགས་ཀྱིས་དཔེ་ཀློག་བྱས་པ་དང་རྒྱུགས་སྐར་གྱིས་དཔེ་ཀློག་བྱས་པ་གཉིས་ལ་བར་ཁྱད་ཆེན་པོ་ཡོད་ལ་མཇུག་འབྲས་ཀྱང་རྦད་དེ་གཅིག་པ་མིན། སློབ་ཆེན་གྱི་སློབ་ཐུན་དག་ལ་མཚོན་ན་རྔ་བཅད་རྔོག་སྡོམ་ལྟ་བུ་རྐྱང་རྐྱང་རེད། ཆེད་ལས་ལ་ཁ་མི་ཕྱོགས་པར་ཡིན་མིན་གཉིས་ཀ་བསྲེས་ནས་སློབ་མ་མཐའ་དག་གཟའ་རོ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་པར་སྙམ། ང་ཚོའི་སློབ་ཁྲིད་ཀྱི་སྒྲིག་གཞིའི་ཐད་དངོས་གནས་གནད་དོན་མི་ཉུང་བ་ཞིག་ཡོད་པར་སྙམ། ཆེད་ལས་གང་ཡིན་པ་དེ་ཆ་ཚང་ཞིག་ཁྲིད་རྒྱུ་གལ་ཆེ་ཡང་དེ་ཙམ་ཡང་ཆ་མི་ཚང་བར་དགོས་མི་དགོས་པའི་སློབ་ཐུན་མང་པོ་ཞིག་བཀོད་སྒྲིག་བྱེད་ཀྱིན་འདུག སློབ་གསོར་གཞུང་ལུགས་གལ་ཆེ་ལ་ལག་ལེན་དེ་བས་ཀྱང་གལ་ཆེ། གཞུང་ལུགས་ཡང་དག་པར་བྱེད་སྤྱོད་བྱ་རྒྱུ་དེ་ཤིན་ཏུ་གལ་འགང་ཆེ།
       ཆེད་ལས་ལ་མཚོན་ན་བསླབ་བམ་ཟེར་ན་བསླབ་ཟིན་ཟེར་དགོས་པ་དང་ཤེས་སམ་ཟེར་ན་མི་ཤེས་ཟེར་དགོས་པ་ལྟ་བུ་ཞིག་གི་གནས་སྟངས་ཆགས་ཡོད་པས་སོ་སོ་ནས་རང་ཉིད་ཀྱི་འཇོན་ནུས་སྔོག་འདོན་བྱེད་པར་འོས། སློབ་ཆེན་གྱི་གནས་སྟངས་ནི་དེ་ལྟ་བུ་ཞིག་ཡིན་པས་ད་ལྟའི་སློབ་མ་དག་གིས་སྒྲིག་ལམ་ལས་ཤེས་བྱ་མི་ཤེས་པ་ནི་མངོན་གསལ་ཡིན། དེ་ནི་སློབ་གསོའི་གཞུང་ལུགས་བེད་སྤྱོད་ཡག་པོ་བྱེད་མ་ཤེས་པའི་ཕམ་ཁ་ཞིག་རེད། གང་ལྟར་སློབ་ཆེན་ནི་ང་ལ་མཚོན་ན་སྐལ་བ་ཡག་ཤོས་ཤིག་ལ་སྒོམ་ཡོད། རླབས་ཆེན་གྱི་སློབ་དཔོན་དམ་པ་དག་དང་འཕྲད་ནས་བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་ལ་སློབ་གཉེར་ཕྲན་ཙམ་བྱེད་ཐུབ་པའང་བསོད་ནམས་ཀྱི་ཚོགས་ཆེན་པོ་ཞིག་ལ་བརྩིས་ཡོད། སྐྱེ་བ་སྔོན་མའི་ལས་འབྲས་ཀྱིས་སེམས་མཐུན་ལ་གཞུང་དྲང་བའི་མདོ་དབུས་ཁམས་གསུམ་གྱི་སློབ་གྲོགས་དག་དང་མཉམ་དུ་དགའ་སྐྱོ་རྨོངས་གསུམ་གྱིས་སློབ་གཉེར་གྱི་ལམ་ཁ་གང་ལ་ཐུགས་ཁུར་དང་མཛའི་བརྩེའི་དྲན་སྐུལ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། ང་ལ་འདི་ལས་ལྷག་པའི་རེ་བ་ཞིག་མེད་ལ་ང་ལ་འདི་ལས་ལྷག་པའི་རྒྱལ་ཁ་ཞིག་ཡོད་མི་སྲིད། ངས་ཐུན་མོང་བའི་ནང་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་རྙེད། ངས་སྤྱིར་བཏང་བའི་ནང་ནས་སྤྱིར་བཏང་མ་ཡིན་པའི་ལམ་ཁ་ཞིག་རྙེད། འདི་ནི་ངའི་འགྲུལ་བཞུད་ཀྱི་སྟ་གོན་ལྟ་བུའི་སློབ་ཆེན་གྱི་ཆ་ཤས་ཙམ་ཡིན།
       ཀློག་པ་པོ་ལགས། ཁྱེད་ཀྱིས་ཤེས་སམ། ངའི་གློ་སྙིང་མཆིན་གསུམ་གྱིས་ཁྱེད་ལ་ཡིད་ཆེས་གནང་ཀྱིན་འདུག་་་་་་
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།