སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་གསར་པ། ཚ་འཕྲུལ།
རྩོམ་པ་པོ།:ཁྲི་སེམས་དཔའ།
ཡོང་ཁུངས།:«བོད་ཀྱི་རྩོམ་རིག་སྒྱུ་རྩལ»
དུས་ཚོད།:2023-06-25 09:13:51
ཀློག་གྲངས།:
ཚ་འཕྲུལ།
སྒོ་མེ་ཚེ་རིང་བཀྲ་ཤིས།
ངས་རང་གིས་མི་ཞིག་གསོད་བཞིན་པ་མཐོང་བྱུང་། དེ་ནི་བུད་མེད་ཅིག་རེད། ངས་གྲི་རིང་འོད་ལམ་མེ་བ་ཞིག་གྲི་ཤུབས་ལས་བཏོན་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མོའི་སྐེ་ལ་བསྣུན་པ་ན། མོའི་མགྲིན་པའི་མཚམས་ནས་ཁྲག་ལྷོག་ལྷོག་ཏུ་བརྡོལ་ཏེ་ཕྱོགས་བཞིར་ཆོལ་སོང་། རྣམ་པ་དེ་ནི་འཇིགས་སུ་རུང་བ་ཞིག་སྟེ། ཁྲག་ཟེར་བ་དེར་དངོས་གནས་ཟིལ་ཤུགས་ཡ་མེད་ཅིག་འདུག ཁྲག་དྲི་ཁ་མོ་ཞིག་སྣ་ལམ་དུ་ཐུལ་བའི་མོད་ལ་ང་རང་དངངས་ཤིང་སྐྲག་སྟེ་སྤ་བཀོང་བར་གྱུར། ངས་མདུན་གྱི་བེམ་པོ་དམར་རྗེན་དེར་ཅེར་ནས“ངས་མི་བསད་པ་ཡིན”ཞེས་ཤུགས་ཀྱིས་སྐད་ཅོར་བརྒྱབ། མཐའ་སྐོར་དུ་མི་གཅིག་ཀྱང་མེད། བྱ་བྱིའུ་འབའ་འབུ་ཞིག་ཀྱང་མཐོང་ལམ་དུ་མངོན་མ་བྱུང་། ཁོར་ཡུག་ཀུན་ཤིན་ཏུ་ལྷིང་འཇགས་རེད། མིག་མདུན་གྱི་བྱེ་འབུར་ཆེ་ཆུང་མི་འདྲ་བ་དེ་དག་འགུལ་ཙམ་ཡང་མི་བྱེད་ལ། ཐ་ན་མཁའ་དབུགས་ཁྲོད་བསིལ་རླུང་ཙམ་ཡང་མི་ལྡང་། ང་གོམ་ཞེང་ཆེན་པོས་མདུན་ཕྱོགས་སུ་བརྒྱུགས་པ་ཡིན། རྡོག་འོག་གི་བྱེ་མ་ཧ་ཅང་སྙི་མོ་ཞིག་རེད། ང་འགྱེལ་མ་ལངས་ཀྱིས་ཐག་རིང་ཐག་རིང་དུ་བྲོས། སྣང་བར་ཁོར་ཡུག་ལ་འགྱུར་ལྡོག་ཅི་ཡང་མེད་པ་དང་མཚུངས། ཅི་བྱུང་བ་ཡིན་ནམ། ངས་གཡས་གཡོན་མདུན་རྒྱབ་ཀུན་ལ་མིག་ཞགས་ཤིག་འཕངས། ཨ་ཙི་ཙི། ང་ནི་སྔོན་གྱི་ཁ་མལ་དང་ཅུང་ཟད་ཙམ་ཡང་བྲལ་མི་འདུག་སྟེ། སྔར་བཞིན་བྱེ་འབུར་དེ་དག་གི་དཀྱིལ་དུ་དབུགས་ཧལ་ཧལ་དུ་ལེན་བཞིན་འགྲེངས་འདུག ངས་ང་སྔར་གྱི་ཁ་མལ་དུ་ཡོད་པ་ཤེས་འཕྲལ་འཚབ་སྣང་འགོག་མེད་ཅིག་ཐོལ་ཐོལ་དུ་སྐྱེས་བྱུང་། ང་ནི་བར་སྣང་དུ་སྐེ་བསྒགས་ནས་དཔྱངས་ཡོད་པ་དང་མཚུངས་པར་དབུགས་ཤིན་ཏུ་རབ་ཏུ་འཚངས་ཤིང་། སྣང་བ་ཞིག་ལ་ལུས་ཡོངས་ནི་གཡེར་མ་བལྡགས་མ་ཐག་པའི་ལྕེ་དང་འདྲ་བར་སྦྲིད་དེ་གཟེར་བྲེང་བྲེང་བྱེད……
སློབ་གྲྭའི་རྒྱང་སྒྲོག་ནང་དུ་རྣ་ལ་གཟན་པའི་སིང་སྒྲ་དེ་བསྟུད་མར་གྲག་ཡོང་། ངས་མགྱོགས་མྱུར་ངང་འཇིགས་རུང་གི་རྨི་ལམ་དེར་ཕྱིར་དྲན་ཞིག་བྱས་པ་ན། ལུས་པོ་ད་དུང་བྱེ་ཐང་ག་ལ་བ་དེར་འདར་བཞིན་འདུག་ལ། མིག་ལམ་དུ་ཁྲག་ཆོལ་ནས་འགྲོ་བཞིན་པའི་རྣམ་པ་འགྲོས་ཇེ་དལ་དུ་བཏང་བའི་བརྙན་རིས་ནང་བཞིན་ག་ལེར་ཤར་འོངས། སྣ་ལམ་དུ་ཞེན་ཁ་སློག་པའི་ཁྲག་དྲི་ཐུལ་ལི་ལི་བྱེད། སྐབས་དེར། ངའི་མལ་ཁྲིའི་སྟེང་མར་ཉལ་བའི་འོད་ཟེར་ཤུགས་ཀྱིས་འཕག་བྱུང་བས་མལ་ཁྲི་ལས་ཙིར་སྒྲ་གྲག་འོངས་ཤིང་། དེ་དང་ཆབས་ཅིག“ཁྱི་སྐྱག ང་ད་དུང་སྐར་མ་གཉིས་ཙམ་ཡིན་ཡང་གཉིད་དུ་བཅུག་ན་མི་ཆོག་གམ”ཞེས་རྒྱང་སྒྲོག་ལས་སིང་སིང་གྲག་པའི་ཅོང་སྒྲར་གཤེ་གཤེ་གཏོང་བཞིན་འདུག ཡིན་ཡང་ཅོང་སྒྲ་དེས་ང་ལ་བདེ་བ་དཔག་མེད་ཅིག་གནང་བྱུང་། ངས་མགོ་བོ་སྤྲུགས་སྤྲུགས་ལན་འགའ་བྱས་རྗེས་ལོགས་ཀྱི་གྱོན་པ་བླངས་ཏེ་ལུས་ལ་བསྒོས་པ་ཡིན། དེ་དུས་སློབ་གྲོགས་གཞན་དག་གཅིག་རྗེས་གཉིས་མཐུད་ཀྱིས་རང་རང་གི་མལ་ཁྲི་ལས་འབབ་མགོ་བརྩམས། ཡུད་ཙམ་གྱིས་འགའ་ཞིག་གིས་གདོང་འཁྲུད་པ་དང་། ཁ་ཤས་ཀྱིས་གཅིན་པ་གཏོང་ལ། ཚང་མ་རང་རང་སར་མ་ཁོམ་པར་བྲེལ་འཚུབ་ལང་ལོང་བྱེད།
ཞོགས་པའི་སློབ་ཁྲིད་ཀྱི་སྐབས་སུ། རྒྱ་ཡིག་དགེ་རྒན་གྱིས་གནའ་རྩོམ་ཞིག་འཁྲིད་བཞིན་འདུག ང་ནི་མ་གཞི་ནས་གནའ་རྩོམ་ཞེ་ན་མགོ་བོ་ན་འོང་མཁན་ཞིག་ཡིན་པའི་ཁར། མདང་གི་རྨི་ལམ་དེས་སེམས་པ་གཏན་ནས་ལྷོད་ལ་འབབ་ཏུ་མི་འཇུག ངས་རང་གི་བསམ་གཞིག་གི་ཁ་ཕྱོགས་ཡང་ཡང་དཀྲུགས་ཀྱང་རྨི་ལམ་དེ་ལས་ཐར་མ་ཐུབ། མདང་གི་རྨི་ལམ་དེ་ནི་མངོན་སུམ་ཇི་བཞིན་ཀླད་པའི་ནང་དུ་རྣམ་པ་མི་འདྲ་བའི་སྒོ་ནས་ཡང་ཡང་ཤར་ཡོང་། དུས་ཡུན་ག་ཚོད་ཅིག་འདས་པ་མ་ཤེས། བར་སྐབས་ཤིག་ལ་སློབ་གྲོགས་ཚོ“ཧ་ཧ”ཞེས་སྐད་ཆེན་པོས་གད་མོ་བགད་པ་དེས་ང་རང་བསླངས་སོང་། ངས་ཅི་ཡིན་འདི་ཡིན་སྙམ་ནས་ཁྲིད་སྟེགས་སྟེང་བལྟས་པ་ན། རྒྱ་ཡིག་དགེ་རྒན་ཡང་དགོད་ཞོར་དུ་ཐང་ལ་ལྷུང་བའི་སྐྲ་རྫུན་དེ་བཏུས་ནས་མགོར་སྐོན་བཞིན་འདུག ཏག་ཏག་སྐབས་དེར། ངའི་ཀླད་པའི་ནང་དུ་སྒྲ་སྣ་ཚོགས་གྲག་སྟེ་འགད་སྙམ་བྱེད་པས། ངའི་ཁ་ནས་ཨག་སྐད་ཅིག་དབང་མེད་དུ་ཤོར་སོང་། སློབ་གྲོགས་ཚོའི་སྔོན་ཏག་ཏག་ལ“ཧ་ཧ”ཞེས་དགོད་པའི་ཁ་ལ་ཟུམ་དབང་ཡང་མ་བྱིན། དགེ་སློབ་ཚང་མས་ཡ་མཚན་པའི་མིག་མདངས་ཀྱིས་མཐོང་མ་མྱོང་བ་ཅི་ཞིག་གློ་བུར་མཐོང་བ་ལྟར་ང་ལ་ཕུར་ཚུགས་སུ་བལྟས་འདུག དུས་དེར། ངའི་གྲལ་མཚེས་སློབ་གྲོགས་ཀླུ་མོས་ངའི་མཁལ་རྐེད་དུ་སེན་གཅུ་ཞིག་བརྒྱབ་པས། ང་ནི་དབང་རྩ་ལྷོད་པ་ལྟར་སྒྲོག་ཙེ་སྟེང་ཁ་སྦུབས་སུ་འགྱེལ་སོང་།
ཕྱི་དྲོ་དེར་ང་སློབ་གྲྭའི་རྒྱབ་རིར་འགོས་པ་ཡིན། སློབ་གྲྭའི་རྒྱབ་རི་ནི་མཐོ་རྒྱུ་མེད་པའི་བྱེ་སྒང་སྙོམས་པོ་ཞིག་གིས་གྲུབ་ཅིང་། བྱེ་སྒང་དེའི་སྟེང་དུ་བྱེ་འབུར་མང་པོ་ག་ས་ཀུན་ཏུ་ཆགས་ཡོད། ང་བྱེ་འབུར་གང་རུང་ཞིག་གི་སྟེང་དུ་འཛེགས་ནས་ཕྱོགས་བཞིར་བལྟས་པ་ན། སློབ་གྲོགས་རྣམས་ནི་སྐོར་དང་སྐོར་བྱས་ཏེ་བྱེ་འབུར་དེ་དག་གི་སྟེང་དུ་འགོས་ཤིང་དཔེ་ཀློག་སྐྱོར་སྦྱོང་བྱེད་ཀྱིན་འདུག ངའི་མིག་དབང་ཕ་གིའི་བྱེ་འབུར་དམའ་མོ་དེའི་སྟེང་དུ་བསྐོར་བ་ན། རྨི་ལམ་ནང་མཐོང་བ་ཇི་བཞིན་ཚེར་མ་ཕོན་པོ་དེའི་སྟེང་དུ་མེ་ཏོག་ཐར་ཐོར་འགའ་ཐོགས་ཤིང་ས་སྲོས་ཀྱི་ཉི་འོད་འོག་སེར་ཀྲིག་ཀྲིག་བྱེད། དེའི་འགྲམ་དུ་སུ་ཞིག་གིས་ཁ་སང་ངམ་ཁེ་ཉིན་སྤུངས་པ་དང་འདྲ་བའི་ས་སྤུངས་ནར་མོ་ཞིག་མངོན་ཡོང་བས། ང་ནི་རང་གི་མིག་ལའང་ཡིད་མ་ཆེས་པར་ཕུར་ཕུར་ལན་འགའ་བྱས་ནས་བསྐྱར་དུ་བལྟས་མོད། དེ་ནི་མིག་འཁྲུལ་མ་ཡིན་པར་མངོན་སུམ་སྟེ། ཏན་ཏན་མདང་གི་རྨི་ལམ་ནང་མཐོང་བའི་གནས་དེར་སྤུངས་འདུག
མཚན་སྦྱོང་གི་སྐབས་སུ་སློབ་ཁང་ནང་དུ་སྐྱ་ཀ་མང་པོ་ཆབས་ཅིག་བཏང་བ་བཞིན་ཅག་སྒྲས་ཁེངས་འདུག སྐད་མགོ་ཆེས་མཐོ་བ་ནི་རྟག་པར་རྡོ་རྗེ་རྒྱལ་དང་ཀུན་བཟང་གཉིས་ཡིན། ཁོ་གཉིས་ང་དང་བར་ཐག་རིང་བས་ཅི་ཞིག་འཆད་བཞིན་པ་གསལ་བོར་མི་གོ་མོད། སྦག་སྦག་གི་གློག་སྒོ་ཕྱེ་བ་བཞིན་ལྡིར་སྒྲ་ཞིག་མཚམས་མེད་པར་གྲག་བཞིན་འདུག ངས་ཀྱང་ཀླུ་མོར་རྨི་ལམ་དེ་མངོན་སུམ་ཡིན་མདོག་གིས་སྐེ་བསྲིངས་ནས་ཤབ་ཤུབ་ཏུ་བཤད་པ་ན། མོས་ཁ་གདངས་ཤིང་མིག་ཧྲིག་གེར་ངའི་ཁ་ནང་དུ་ཅེར་འདུག
དེ་དུས་རྨི་ལམ་ནང་གི་བུ་མོ་དེ་མིག་ལམ་དུ་གསལ་བོ་དག་པོ་ཞིག་ཤར་འོངས་ཏེ། བུ་མོ་དེའི་སྐྲ་ཚུགས་ནི་དཔྲལ་བའི་མཚམས་ནས་གཏུབ་སྟེ་མཉམ་མཉམ་བྱས་ཡོད་པ་དང་། སྐྲ་གཞུག་སྡོམ་བྱེད་དུ་ཐ་གུ་ནག་པོའི་སྟེང་ཕྱེ་ལེབ་དམར་པོས་ཕྲ་རྒྱན་བཏབ་པ་ཞིག་བཏགས་འདུག མཇིང་པའི་མཚམས་སུ་སྨྲེ་བ་ལྗང་གུ་ཞིག་གསལ་ལྷིང་ངེར་མངོན་འོངས་ཤིང་། མིག་གཉིས་ཆེ་ཞིང་ཆ་གས་མཛེས་པར་སྤུད་ལ་མཆུ་སྒྲོས་ནི་ཁམ་བུ་དང་གཉིས་སུ་མ་མཆིས། སྣ་གཟེངས་མཐོ་ལ་གཟར་བ་ཁྱོད་ཀྱི་སྣ་དང་འདྲ། ད་དུང་སྨིན་མ་ནག་པོ་དེ་པིར་གྱིས་བྲིས་པ་དང་ཨ་ན་མ་ན་རེད། ངས་བུ་མོ་དེའི་ལུས་སྟེང་གི་ཁྱད་ཆོས་རེ་རེ་བཞིན་བཤད་པ་ན། ཀླུ་མོས་སྨོན་པ་འཆོར་བའི་མིག་མདངས་ཤིག་བསྣམས་ནས་ངས་མུ་མཐུད་དུ་བཤད་པར་མཉན་འདུག
“རེད། ཁེ་ཉིན་ས་སྲོས་ཀྱི་སྐབས་ཏེ། སློབ་གྲོགས་རྣམས་སྔ་གཞུག་བྱས་ཏེ་སློབ་གྲྭའི་ནང་ལོག་བཞིན་འདུག ང་གཅིག་པུ་ཚེར་ཕུང་དེའི་འགྲམ་དུ་གན་རྐྱལ་དུ་ལོག་ནས་སྡོད་དུས། བུ་མོ་དེས་རྒྱང་རིང་ནས་ང་མཐོང་བ་དང་ངའི་ཕྱོགས་སུ་གོམ་ཁ་བསྒྱུར་བྱུང་། བུ་མོ་དེའི་སྒེག་ཉམས་ཀྱིས་ང་རང་མེ་ཁར་བསྐྱོན་པ་ལྟར་གཞོབ་སྙམ་བྱེད། ཁ་ཞིག་གྲག་པ་ཡང་སྙན་སྒྲོན་པ་ཞིག་དང་མཚུངས། ངེད་གཉིས་ཡུད་ཙམ་ལ་གཤིབ་ནས་བསྡད་ཅིང་གླེང་མོལ་བྱས། མོ་ནི་ང་དང་དེ་འདྲའི་ཉེ་བས་ཁ་རླངས་ངའི་རྣ་གཏིང་དུ་ཕོག་པ་ན། ངའི་སེམས་ཀྱི་ག་ཤེད་ཅིག་ཏུ་བཟོད་པར་དཀའ་བའི་ཚོར་བ་ཞིག་སྙིང་འཕར་ལང་ལོང་ངང་ལྡང་ཡོང་། ངས་རང་གི་ཚོད་དཔག་ལ་བདེན་ཁ་བྱིན་ཏེ་མོའི་སྐེ་ལ་འཇུས་ཤིང་དཔྲལ་ངོས་སུ་འོ་ཞིག་བྱས་པ་ན། མོ་ནི་གློག་གིས་བརྒྱབ་པ་ལྟར་ས་ལྡིང་གནམ་ལྡིང་བྱེད། དམྱལ་བར་འཕེན་རྒྱུ་མ། དེ་འདྲ་ཞིག་ཡིན་ཚེ་ངའི་གམ་དུ་ཐལ་འགེམ་དུ་ཡོང་བ་ཡིན་ནམ། ང་ལ་འཚིག་པ་འཚིག་ནག་ཅིག་གཏིང་ནས་ཟ་བྱུང་། ངས་མོའི་སྐྲ་ནས་གསེག་འཐེན་ཞིག་བྱས་པ་ན་གན་རྐྱལ་དུ་བསྒྱེལ་བྱུང་། ང་མོར་རྟ་ཞོན་ཞོན་བྱས་ནས་སྟོད་ལྭ་དང་རྐང་སྣམ་སོགས་གཤགས་ཡག་བྱས་པ་ཡིན། མོའི་ཙི་སྒྲ་དེ་ནི་དངོས་གནས་རྣར་གཟན་པ་ཞིག་རེད། དེས་ང་རང་རྟབ་རྟབ་པོར་བཏང་སོང་། ངས་གཡས་གཡོན་དུ་བལྟས་ཚེ། སུ་ཞིག་གིས་ང་ལ་ཆེད་དུ་བཀོད་སྒྲིག་བྱས་པ་བཞིན་སྤྱིན་ཐག་སོ་མ་ཞིག་དང་གྲི་རིང་འདོམ་པ་གང་ཚེར་མའི་གསེང་དུ་སྦས་འདུག ངས་མོའི་ཁ་སྤྱིན་ཐག་གིས་སྦྱར་ཡག་བྱས་པ་ན། མོ་ཤུགས་ཀྱིས་འཕག་སྟེ་ང་ལ་འདོད་པ་ལག་ལེན་དུ་གདབ་ཏུ་མི་འཇུག ངས་སྤོ་ཐོག་ནས་གྲི་རིང་ཤུབས་ནས་བཏོན་ཏེ་ཤུགས་ཀྱིས་བསྣུན་མུར། མོའི་མགྲིན་པའི་མཚམས་ནས་ཁྲག་ལྷོག་ལྷོག་ཏུ་བརྡོལ་ཏེ་ཕྱོགས་བཞིར་ཆོལ་སོང་། རྣམ་པ་དེ་ནི་འཇིགས་སུ་རུང་བ་ཞིག་སྟེ། ཁྲག་ཟེར་བ་དེར་དངོས་གནས་ཟིལ་ཤུགས་གཞན་གང་གིས་ཀྱང་ཚབ་བྱེད་དཀའ་བ་ཞིག་འདུག ཁྲག་དྲི་ཁ་མོ་ཞིག་སྣ་ལམ་དུ་ཐུལ་བའི་མོད་ལ་ང་རང་དངངས་ཤིང་སྐྲག་སྟེ་སྤ་བཀོང་བར་གྱུར། ངས་མདུན་གྱི་བེམ་པོ་དམར་རྗེན་དེར་ཅེར་ནས‘ངས་མི་བསད་པ་ཡིན’ཞེས་ཤུགས་ཀྱིས་སྐད་ཅོར་བརྒྱབ……”
ཀླུ་མོས་གཡས་གཡོན་གྱི་སློབ་གྲོགས་ཚོར་ལྐོག་ལྟ་ཞིག་བྱས་རྗེས་ངའི་གདོང་ལ་ཅེར་ནས“ཁྱོད་ཀྱིས་རྫུན་མ་བཤད”ཟེར། མོའི་ངོ་མདོག་ཀྱང་འགྱུར་ཏེ་སྐྱ་ཐོ་ཐོ་བྱེད།
“ངས་དྲང་མོར་བཤད་པ་ཡིན།”ངས་གཟབ་ནན་ངང་བཤད།
“ཁྱོད་ཀྱིས་གཞན……གཞན་ལ་བཤད་ཨེ་མྱོང་།”མོ་འཚབ་འཚུབ་ཏུ་གྱུར་ནས་ངག་ཀྱང་ཏིག་འདུག
“མ་བཤད། སུ་ལའང་མ་བཤད།”
“ཁྱོད་མི……མི་སྐྲག་གམ།”
“སྐྲག་གི”
ཀླུ་མོ་ཁ་རོག་གེར་བསྡད་བྱུང་།
“ཁྱོད་ཀྱིས་སུ་ལའང་བཤད་མི་ཉན།”ཡུད་ཙམ་གྱིས་ངས་སྐད་མགོ་ཇེ་དམའ་རུ་བཏང་ནས་དེ་ལྟར་བཤད།
“ངས……ངས་མི་བཤད།”མོས་མགོ་ལྕོག་ལྡེམ་ལྡེམ་བྱེད།
མཚན་མོ་དེར། མལ་ཁྲིའི་སྟེང་ཉལ་རྗེས་གཉིད་ཀྱིས་ང་བརྗེད་ཟིན་པ་ལྟར་ནམ་གུང་གཟུར་རག་བར་དུ་མིག་ཟུང་ཟུམ་མ་ཐུབ། སློབ་གྲོགས་ཚོའི་སྔུར་སྒྲ་ནི་ཕན་ཚུན་འགྲན་པ་ལྟར་གཅིག་ལས་གཅིག་མཐོ་སྟེ། ཁ་གཏད་དུ་ཉལ་བའི་ཚེ་རིང་ཙིག་ཕྲུག་དེར་ཡང་འབྲོང་ངུར་བ་ལྟ་བུ་ཞིག་གྲག་རྒྱུ་ཡོད་པ་ཡིད་ལའང་མ་དྲན། ངས་མིག་གཉིས་གདངས་ནས་མུན་ནག་ནང་ཧྲིག་གེར་བལྟས་བསྡད་པ་ན། མུན་ནག་གི་ལྗིད་ཤུགས་ཀྱིས་ང་མནན་ཏེ་དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ་བའི་སྣང་བ་སྦྱིན།
རྨི་ལམ་ནང་གི་ཡུལ་ལྗོངས་ནི་སྔར་བཞིན་སློབ་གྲྭའི་རྒྱབ་རི་རེད། བྱེ་འབུར་དེ་དག་གི་གསེང་དུ་ཤི་མ་གསོན་གྱི་ཚེར་ཕུང་ཁ་ཤས་སྐྱ་ཐེར་ཐེར་དུ་སྐྱེས་འདུག་ལ། ས་སྲོས་ཀྱི་སེར་ཤ་འདྲེས་པའི་ཉི་འོད་ཀྱིས་མཐོ་རྒྱུ་མེད་པའི་བྱེ་སྒང་དེར་དར་གོས་སེར་པོ་ཡུགས་གཅིག་གཡོགས་པ་དང་མཚུངས། དཔྲལ་བའི་མཚམས་སུ་སྐྲ་ལོ་མཉམ་མཉམ་བྱས་ནས་གཏུབ་པའི་བུ་མོ་ཞིག་གིས་སྒེག་ཉམས་སྟོན་བཞིན་ང་གཟས་ནས་འོང་བཞིན་འདུག མོ་ངའི་འཁྲིས་སུ་ཙོག་སྟེ་འཛུམ་དམུལ་དམུལ་བྱེད། མོའི་མིག་ཟུང་གི་ཁྲོད་དུ་སྨྲ་མི་ཤེས་པའི་དམིགས་བསལ་གྱི་མདངས་ཤིག་བསྐུངས་འདུག མདངས་དེ་ནི་འོད་ལམ་ལམ་དུ་འབར་བའི་མེ་ལྕེ་ཞིག་དང་མཚུངས་ལ། འཁྱག་རོམ་གྱི་སྦུབས་སུ་བཞུར་བའི་ཆུ་ཕྲན་ཞིག་དང་ཡང་འདྲ་སྟེ། མོའི་མིག་ཟུང་གིས་ངའི་སེམས་ཀྱི་ཅི་ཞིག་བསྲེགས་པའམ་འཁྱག་ཤུར་ཤུར་དུ་བཏང་འགྲོ། ངས་མོར་བལྟས་ནས་བསྡད་ཀྱང་མོས་མིག་ཟུང་བདག་ལ་གཏན་དུ་མི་གཡོལ་བས། ངའི་སེམས་སུ་དེ་ནི་རྨི་ལམ་ནང་གི་ལྷ་མོ་ཟེར་བ་དངོས་སུ་བྱོན་པ་མིན་ནམ་སྙམ་པའི་མོད་ལ། ང་ལ་རང་དབང་ཟེར་བ་ཡེ་ནས་མི་འདུག ངས་མོའི་སྐེ་ལ་འཐམས་ནས་བཙན་གྱིས་འོ་ཞིག་བྱས་པ་ཡིན། མོ་ནི་དངོས་གནས་མེ་ལྕེ་དང་ཕྲད་པ་བཞིན་འཕག་འཚག་རྒྱག་ཅིང་ཁ་ནས་ཙི་སྒྲ་བར་མཚམས་མེད་པར་འདོན་པས། ངས་རྟབ་རྟབ་པོར་ལོགས་ཀྱི་སྤྱིན་ཐག་བླངས་ནས་མོའི་ཁ་སྦྱར་ཞིང་། གྲི་རིང་འོད་ལམ་མེ་བ་དེ་ཤུབས་ལས་བཏོན་ཏེ་ཤུགས་ཀྱིས་བསྣུན་པ་ན། མོའི་མགྲིན་པའི་མཚམས་སུ་ཟུངས་ཁྲག་ལྷོག་ལྷོག་ཏུ་བརྡོལ་ཞིང་ཕྱོགས་བཞིར་ཆོལ་བས། ངའི་མིག་ལམ་གྱི་ཡུལ་ལྗོངས་ཡོད་ཚད་ཀྱང་དམར་པོར་བསྒྱུར་སོང་། ཁོར་ཡུག་ནི་དེ་འདྲའི་ལྷིང་ཞིང་འཇགས། ཐ་ན་བྱིའུ་སྐད་ཙམ་ཡང་གོ་རྒྱུ་མི་འདུག ངས་སྐྲག་མ་དངངས་ཀྱིས“ངས་མི་བསད་པ་ཡིན”ཞེས་ཤུགས་ཀྱིས་སྐད་ཅོར་བརྒྱབ་ཅིང་། ང་རྒྱང་རིང་རྒྱང་རིང་དུ་གོམ་ཞེང་ཆེན་པོས་འབྲོ་ཐུབ་ཐུབ་བྱས་པ་ཡིན།
ཞོགས་པའི་ཅོང་བརྡ་རྒྱུན་སྲོལ་ལྟར་སིང་སིང་དུ་གྲག་བྱུང་། ངའི་མགོ་དང་སྔས་འབོག་གཉིས་ཀ་རློན་ཤིག་ཤིག་བྱེད་པས། ངས་ལུས་ཀྱི་མལ་ཐུལ་ལོགས་སུ་གཡུགས་ཏེ་དངན་པ་འཕྲོ་རིམ་འཕྲོར་འཐེན་པ་ཡིན། དེ་དུས། སློབ་གྲྭའི་རྒྱང་སྒྲོག་ལས་གླུ་བ་བསམ་པའི་དོན་འགྲུབ་ཀྱི«ལས་སྐལ་ནང་གི་བྱམས་པ»ཞེས་པའི་གཞས་དེ་སྙན་འཇེབས་དང་བཅས་གྲག་འོངས་པ་ན། སེམས་ཀྱི་ག་ཤེད་ཅིག་ཏུ་བུ་རམ་བྱུགས་པ་བཞིན་བདེ་འབོལ་ལེར་གྱུར། ངས་མྱུར་དུ་ཁ་ངོ་བཀྲུས་ཤིང་སྔས་འོག་གི་དཔེ་ཆ་མཆན་ལ་བཙིར་ནས་སྒོར་བུད། ནམ་གསལ་ཐག་ཆོད་པས་སློབ་རའི་ནང་དུ་དཔེ་ཀློག་སྐྱོར་སྦྱོང་བྱེད་པའི་སྒྲ་ཡིས་ཁྱབ་འདུག་ལ། སྡོང་མགོའི་བྱ་བྱིའུ་རྣམས་ཀྱིས་ཀྱང་སློབ་གྲོགས་ཚོར་ཅོ་འདྲི་བ་བཞིན་ཀྱུ་རུ་རུ་བྱེད……
ཉིན་གུང་ང་སློབ་རའི་སྒོར་བུད་དེ་རྒྱ་སྲང་དུ་མཁོ་དངོས་རྩག་རྩིག་འགའ་ཉོ་རུ་ཕྱིན། བཞི་མདོའི་ཡཱ་ཞི་ཡཱ་སྒོ་རྩིས་ཚོང་ཁང་གི་མདུན་ཐད་དུ་མི་མང་པོ་རུབ་ནས་ཅི་ཞིག་ལ་ལྟ་བཞིན་མཆིས། ང་ཡང་དེ་དག་གི་གྲས་སུ་བཙངས་ནས་བལྟས་པ་ན། མདུན་གྱི་རྩིག་ལྡེབས་སུ་མི་འཚོལ་བརྡ་ཡིག་ཅིག་སྦྱར་འདུག་ལ། དེའི་སྟེང་གི་འདྲ་པར་ལ་བལྟས་པ་ན་འཚོལ་བཞིན་པའི་མི་དེ་ནི་བུད་མེད་ཅིག་རེད། སྐྱེ་འབྲས་མཚར་ཞིང་སྒེག་ཉམས་དོད་པ། མཇིང་པའི་མཚམས་སུ་སྨེ་བ་ལྗང་གུ་ཞིག……ང་རང་ཧ་ལས་སུ་བཅུག་སོང་། བུད་མེད་དེ……བུད་མེད་དེ་ནི་ངས་རྨི་ལམ་ནང་ཐེངས་མང་བསད་མྱོང་བ་དེ་མ་ཡིན་ནམ། བུད་མེད་དེའི་སྒེག་ཉམས་དང་། བུད་མེད་དེའི་འཛུམ་མདངས། བུད་མེད་དེའི་འཕག་འཚག ད་དུང་སྤྱིན་ཐག་དང་། གྲི་རིང་། ཟུངས་ཁྲག ……ལག་དམར་ང་ཡིན་ནམ། ང་ནི་རེ་ཞིག་རྨི་ལམ་དང་མངོན་སུམ་གྱི་བར་མཚམས་ནས་མགོ་བོ་འཐོམ་སོང་།
རྒྱ་སྲང་གི་ཕྱོགས་མཚམས་མང་པོར་མི་སྐོར་དང་སྐོར་གྱིས་རུབ་སྟེ་མི་འཚོལ་བརྡ་ཡིག་ལ་ལྟ་བཞིན་འདུག་པས། ངས་འཚབ་འཚུབ་ངང་ཕྱིར་སློབ་གྲྭའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན། སློབ་གྲྭའི་སྒོ་ཁ་ཏག་ཏག་ཏུ་ཡོད་པའི་གློག་སྡོང་ངོས་སུ་ཡང་བརྡ་སྦྱོར་དེ་སྦྱར་ཡོད་ཅིང་སློབ་གྲོགས་མང་པོས་འཚང་ཁ་ཤིག་ཤིག་བྱེད། ངའི་སྣང་བ་ཞིག་ལ་ང་སླེབས་པ་དང་སློབ་གྲོགས་ཚོའི་མིག་ཟུང་ངའི་སྟེང་དུ་འཁོར་བྱུང་བ་དང་འདྲ། ང་ནི་མིག་ཟུང་སྒོར་སྒོར་དང་ཟུར་གསུམ། ནར་ནར། མིག་སྐྱག་ཆགས་ཡོད་པ་དང་། མིག་ཤེལ་གྱོན་པ། མིག་དོང་སྔོན་པོ་དང་། ནག་པོ…… དེ་འདྲའི་མིག་ཟུང་གི་ཁྱུ་ཚོགས་དང་གཡོལ་ཅི་ཐུབ་བྱས་ཏེ་མལ་ཁང་ནང་དུ་བརྒྱུགས། ངའི་རྒྱབ་ལོགས་སུ་སློབ་གྲོགས་ཀུན་བཟང་དང་རྡོ་རྗེ་རྒྱལ་གཉིས་ཀྱིས་ངའི་མིང་ནས་འབོད་པའི་སྐད་ལྷང་ལྷང་དུ་མཆེད་འོངས།
མཚན་མོ་དེར་སྐྱོར་དཔོན་ལ་གནང་བ་ཞུས་ཏེ་མཚན་སྦྱོང་ལའང་མ་སོང་། མལ་ཁང་ནང་གཅིག་པུས་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་སྡོད་དུས། མགོ་ནང་དུ་བརྙན་འཕྲིན་འཕྲུལ་ཆས་ཆག་པོ་ཞིག་བཅུག་ཡོད་པ་དང་འདྲ་བར་སྒྲ་སྣ་ཚོགས་གྲག་སྟེ་འགད་སྙམ་བྱེད། བསམ་གཞིག་གི་ཁ་ཕྱོགས་རང་ཉིད་དང་འབྲེལ་བ་ཡོད་མེད་ཀྱི་བྱ་བ་སྣ་ཚོགས་སྟེང་བཙན་གྱིས་བསྐོར་ཡང་། བསམ་གཞིག་གི་དཀྱུ་འཁོར་ང་ལ་གཏན་ནས་མི་དབང་། མི་འཚོལ་བརྡ་ཡིག་དེ་ཁོ་ན་ཀླད་པའི་ནང་དུ་ཤྭ་འོད་བཞིན་བཙངས་འོངས་ཏེ་ངའི་འདུ་ཤེས་དང་དྲན་པ་མ་ལུས་བསྣུབས་བྱུང་། ས་རུབ་འོངས་ན་ང་སྐྲག་གི མུན་ནག་གི་ཁོང་དུ་བདེན་ཅོག་ཅོག་གི་རྨི་ལམ་འཚུབ་པོ་མང་པོ་སྦས་ཡོད། ངས་དུས་ཚོད་ག་ཙམ་ཕྱིན་པའང་མ་ཤེས། དུས་ཚོད་ནི་ང་ལ་མཚོན་ན་ཤིན་ཏུ་རིང་དྲགས་ཏེ་མགོ་བོ་རྨོངས་བྱེད་ཁོ་ན་ལས་མ་འདས། ང་ཅི་ཡིན་ཆ་མ་འཚལ་བར་སྡོད་དུས། དགེ་རྒན་རྡོ་རྗེ་དང་སྐྱོར་དཔོན་གཉིས་ངའི་མལ་ཁྲིའི་འགྲམ་དུ་སླེབས་བྱུང་། སྐྱོར་དཔོན་གྱིས་ངའི་སྐེ་ལ་འཇུས་ཏེ་ང་ཡར་བསྐྱོར་བ་ན། དགེ་རྒན་རྡོ་རྗེ་ཡིས་ལག་སྒྲོན་ངའི་ངོ་ལ་བཀར་བྱུང་། ལག་སྒྲོན་གྱི་འོད་དེ་ཤིན་ཏུ་གསལ་བས་མིག་བརྩེད་དེ་འབྱེད་ཀྱང་དཀའ།
“ཁྱོད་ལ་ཅི་བྱུང་སོང་།”དགེ་རྒན་གྱིས་བརྩེ་བའི་སྒོ་ནས་དྲིས་བྱུང་།
ང་ལ་གློ་བུར་དུ་སྨྲེང་རྒྱུ་ཞིག་བྱུང་། “ངས་ཀྱང་མི་ཤེས།”ངས་བསྲན་ཀྱང་མ་སྲོན་པས་ངུ་སྐད་ཤོར་སོང་།
“ཁྱོད་ཀྱི་ཡུལ་དུ་དོན་དག་འདྲ་བྱུང་བ་མིན་ནམ།”དགེ་རྒན་གྱིས་ཡང་བསྐྱར་དྲིས་བྱུང་།
“མིན།”
“ཁྱོད་ལ་ཚ་ཡང་བརྒྱབ་མེད།” དགེ་རྒན་གྱིས་ངའི་དཔྲལ་བར་ལག་པས་རེག་རེག་ཙམ་བྱས་རྗེས“ཁྱོད་ནི་ཤིན་ཏུ་རིད་པོར་གྱུར་འདུག”ཟེར་བཞིན་སྐྱོར་དཔོན་གྱི་གདོང་ལ་ལྟ་ཙམ་བྱེད།
“ཁོ་ངོ་མ་རིད་པོར་གྱུར་འདུག”
དགེ་རྒན་རྡོ་རྗེ་དང་སྐྱོར་དཔོན་གཉིས་ཀྱིས་དེ་ལྟར་བཤད་སྒང་དུ་མལ་ཁང་ནང་གི་གློག་འོད་གསལ་ལེར་བཀར་བྱུང་ལ། དེ་དང་ཆབས་ཅིག་མཚན་སྦྱོང་གྲོལ་བའི་ཅོང་སྒྲ་དང་། སློབ་གྲོགས་ཚོའི་འུར་སྒྲ་རྦ་རླབས་བཞིན་འཕྱུར་ཡོང་།
སློབ་གྲོགས་ཚོའི་འུར་ཟིང་ལ་དངོས་གནས་སུན་ཏེ། རག་ཁ་ལས་ཤོར་འདྲའི་ཧབ་ཆ་རེ་རེས་ངའི་སྙིང་ཁོང་དུ་རྡོ་ལོག་བཞིན་ཅི་ཞིག་བརྫངས་འོངས། ཁོ་ཚོར་དེ་འདྲའི་དགོད་རྒྱུ་མང་པོ་ཞིག་གང་ནས་ཡོང་བ་ཡིན་ནམ། ཁོ་ཚོས་ང་མིག་ནང་དུ་གཏན་ནས་འཇོག་གི་མི་འདུག མལ་ཁང་ནི་ཀུན་པོའི་ཡིན་གྱི་ཁོ་ཚོ་ཁོ་ནར་ག་ལ་དབང་། ངས་དེ་ལྟར་དྲན་བཞིན་ཀི་རིང་ཞིག་བཏབ་པ་ན། འུར་སྒྲ་གྲག་པའི་འཕྲུལ་ཆས་ཤིག་གི་གློག་སྒོ་གློ་བུར་གཏན་པ་བཞིན་དལ་ཅག་གེར་གྱུར་ཅིང་། མིག་ཟུང་མང་པོ་ངའི་སྟེང་དུ་འཁོར་ནས་རིག་རིག་ཏུ་འགུལ་བྱུང་། ང་ནི་མིག་ལ་ཧ་ཅང་སྐྲག མིག་རེ་རེ་ནི་ས་དོང་ཆེན་པོ་རེ་རེ་དང་འདྲ་སྟེ་ང་རང་ཁྱུར་མིད་དུ་གཏོང་ངེས། ཁོ་ཚོས་ང་ལ་བལྟས་ནས་ཕན་ཚུན་ལ་ཤབ་ཤུབ་ཏུ་ཅི་ཞིག་འཆད་བཞིན་རང་རང་གི་མལ་ཁྲིའི་སྟེང་འཛེགས་བྱུང་།
ནམ་སྟོད་ཀྱི་སྔུར་བ་ནི་དུས་ལྟར་གྲག་ཡོང་སྟེ། ཚེ་རིང་ཙིག་ཕྲུག་གིས་དབུགས་རྔུབ་དུས་མོ་ཊའི་སྣུམ་སྒོ་གནོན་པ་དང་འདྲ་ལ། དབུགས་འབྱིན་དུས་མོ་ཊའི་དུང་བརྡ་རྒྱག་པ་དང་མཚུངས། ང་ནི་ཚེ་རིང་ཙིག་ཕྲུག་གི་མོ་ཊའི་ནང་བསྡད་དེ་ཞག་གང་བོར་སོང་སོང་ཞིང་། ནམ་ལང་ཁ་ཙམ་ལ་ད་གཟོད་གཉིད་དམ་དུམ་ཞིག་ཁུགས་སོང……སློབ་གྲྭའི་རྒྱབ་རི་དང་བྱེ་འབུར་རེ་རེ། ད་དུང་ཚེར་ཕུང་སྐྱ་བོ། བུ་མོ་སྒེག་ཉམས་ཅན། གྲི་རིང་། སྤྱིན་ཐག……ངའི་རྨི་ལམ་ནང་གི་གཏན་ཆགས་ཀྱི་འཁྲབ་ཆས་དང་འདྲ་བ་དེ་དག་ཁྲག་གིས་སྦགས་ཤིང་། འཁོར་ཕྱོགས་ཤིག་གིས་སྤྲིན་པ་དག་ཀྱང་ཚལ་གྱིས་བཙོས་པ་བཞིན་དམར་པོ་དམར་རྐྱང་རེད། ང་མདུན་དུ་བྲོས་པ་ན་ཚེར་ཕུང་གི་གསེང་ནས་རི་བོང་སྐྱ་རིལ་ཞིག་གློ་བུར་ལྡིང་ཡོང་། ངས་ང་ལ་ལྟ་དུས། ང་འབྲོ་བ་དང་མི་འདྲ་བར་ངས་རི་བོང་བདའ་བཞིན་པ་དང་མཚུངས། ང་མུ་མཐུད་དུ་འབྲོ་བཞིན་འདུག ཡང་ན་ངས་མུ་མཐུད་དུ་རི་བོང་བདའ་བཞིན་འདུག ང་དེ་ལྟར་ག་ཙམ་བརྒྱུགས་པ་སུས་ཤེས། བར་སྐབས་ཤིག་ལ་དབུགས་འཚངས་ཤིང་རྒྱུ་ཞབས་དྲག་ཏུ་གཟེར་བས་གོམ་མཚམས་མི་འཇོག་ག་མེད་བྱུང་། ང་བྱེ་ཐང་དུ་གན་རྐྱལ་དུ་ལོག་ནས་ངལ་ཡིད་ཚིམ་པ་ཞིག་གསོས་པ་ཡིན། དེ་དུས་མི་བདེ་བའི་སྣང་བ་དག་ཀྱང་རིམ་གྱིས་དྭངས་སོང་། ཡིན་ནའང་ངའི་རིག་པ་གསལ་བོར་གྱུར་དུས། ཨ་ཙི་ཙི། ང་གང་ལའང་སོང་མི་འདུག ང་སྔར་བཞིན་ཁ་མལ་དུ་བསྡད་འདུག དངངས་སྐྲག་རྟ་རྒོད་རྒྱུག་རྒྱུག་བྱས་ཡོང་སྟེ་ངའི་སྙིང་མགོར་ཆག་ཆག་བྱས་པས། ང་སྤ་བཀོང་། ང་ངུས། ངས་ཨ་ཕ་ཨ་མ་ཞེས་ཡང་ཡང་བོས……
ཅོང་སྒྲ་སིང་སིང་དུ་གྲག་པ་དེས་རྨི་ལམ་གྱི་མཇུག་མ་ཐག་སེར་བཅད་སོང་།
“ཤུ ——”
ངས་རློན་ཤིག་ཤིག་གི་སྐྲ་ལོར་སྦར་འབྲད་བྱེད་ཀྱིན་དབུགས་རིང་ཞིག་ཕྱུང་བ་ཡིན། སྣང་བར་ངའི་མགོ་ནང་དུ་ལྕགས་སྐུད་སྐྱེ་བཞིན་པ་འདྲ་སྟེ། མཚམས་རེར་འཛེར་འོངས། ལན་རེར་བསྡམས་འོངས། ང་ནི་སྐྱུར་རྩི་བཞིན་སོབ་སོབ་པོར་འགྱུར་བཞིན་འདུག…… ཉིན་མོ་གསར་པ་རེ་རེ་ནི་རྙིང་པ་དང་ཅི་ཁྱད། ངས་དེ་ལྟར་གསར་རྙིང་གི་དབྱེ་བ་མ་ཤེས་པར་ཟླ་ཕྱེད་ལྷག་འདས་སོང་།
ཕྱི་དྲོ་ཞིག་ལ་སློབ་གྲོགས་ཀླུ་མོས་དབུགས་ཧལ་ཧལ་དུ་ལེན་བཞིན་ངའི་རྗེས་སུ་བརྒྱུགས་ཡོང་ནས“གློག་སྡོང་ངོས་སུ་སྦྱར་ཡོད་པ་དེ་ཨེ་རེད”ཟེར། ངས་སྔུན་གཞུག་ཏུ་བལྟས་པ་ན་མི་གཅིག་ཀྱང་མི་འདུག ཀླུ་མོས་ངའི་ཕྲག་པ་ནས་འཐེན་ཏེ“རེད་དམ་མ་རེད། ཁྱོད་ཀྱིས་ད་ཐེངས་ང་ལ་དྲང་མོར་ཤོད”ཟེར། མོའི་སྐད་ཆ་བཤད་སྟངས་དེ་ངའི་བློ་ལ་ཤིན་ཏུ་མི་རན། མོས་མོ་རང་ཅི་ཞིག་ཡིན་སྙམ་བཞིན་ཡོད་དམ། ངས་ཚམ་ཚོམ་མེད་པར་ལག་པ་ཕར་བསྲིངས་ནས་མོའི་སྐེ་ནས་བསྒགས་པ་ཡིན། “ཁྱོད་ལ་དེ་ཡིས་རོ་བྱེད་དམ། དེ་རིང་ནས་བཟུང་ཁྱོད་ཀྱིས་ཁ་རྐྱལ་བ་ལྟ་བུའི་ནང་ནས་འདིའི་སྐོར་གླེང་རྒྱུ་ཞིག་ཡོད་ཚེ་ངས་ཁྱོད་ཀྱི་དབུགས་བསྒགས་ནས་མ་བསད་ན་ཁྱོད་ཀྱིས་ལྟོས།”ངས་སྐད་འགྲགས་དང་བཅས་དེ་ལྟར་བཤད་པ་ན། ཀླུ་མོས་མིག་ཀྱང་སྒོར་འཇུར་ནས་ལྷུང་ལ་ཁད་བྱེད་ཅིང་ངུ་ཅོར་རྒྱག་བཞིན་བྲོས་སོང་། ཀླུ་མོ་བྲོས་ཤུལ་དུ་ང་ལ་གློ་བུར་དུ་སློབ་ར་ཤིན་ཏུ་སྟོང་བ་ཡིན་པའི་སྣང་བ་ཞིག་སྦྱིན་བྱུང་། ང་དེ་གར་འགྲེངས་ནས་རྒྱང་ལ་བལྟས་པ་ན། མཁའ་མཐར་བལ་དང་མཚུངས་པའི་སྤྲིན་དཀར་ལེབ་མོ་མང་པོ་དཔྱངས་འདུག་ལ། དེ་དག་དལ་གྱིས་ངའི་ཕྱོགས་སུ་རང་ཚུགས་མ་འཆོལ་བར་རྒྱུ་ཡོང་།
ས་སྲོས་ཀྱི་སྐབས་སུ་ང་གཅིག་པུར་སློབ་གྲྭའི་རྒྱབ་རིའི་སྟེང་འཛེགས་པ་ཡིན། བྱེ་འབུར་ཚོམ་བུ་མང་པོའི་གསེང་གི་མི་དེ་དག་གང་ནས་ཡོང་བ་ཡིན་ནམ། ངས་གཏན་ཁེལ་བྱ་ཐུབ་པ་ནི་ཁོ་ཚོ་བྱེ་སྤུངས་ནར་མོ་དེའི་མཐའ་རུ་རུབ་འདུག བྱེ་སྤུངས་ནར་མོ་དེའི་འོག་ཏུ་ངས་བསད་པའི་བུ་མོ་དེའི་བེམ་པོ་བཅུག་ཡོད་པ་མིན་ནམ། ངས་ཞིབ་ཏུ་བལྟས་པ་ན། མི་དེ་དག་ལས་སྐོར་ཞིག་ནི་ཉེན་རྟོག་པ་རེད། ཁོ་ཚོས་བྱེ་སྤུངས་དེའི་མཐའ་རུ་ཐག་པ་སེར་ཁྲ་ཞིག་འཐེན་བཞིན་འདུག་ལ། ཉེན་རྟོག་པ་རྒན་པ་ཞིག་གིས་སྐད་དུང་ཁ་ལ་བཙུགས་ནས་ལྟད་མོ་པ་རྣམས་ཕྱི་སྣུར་བྱོས་ཞེས་སྒྲོག་པར་བྱེད། རྣམ་པ་དེ་མཐོང་བས་ང་ལ་གློ་བུར་དུ་བདེ་སྣང་བསམ་གྱིས་མི་ཁྱབ་པ་ཞིག་ཐོབ་བྱུང་། ངའི་སེམས་སུ་རང་ཉིད་ཀྱིས་སྔ་མོ་ནས་མགོ་བཏགས་ན་འགྲིག་འདུག་སྙམ་བྱུང་། ངས་གོམ་པ་ཡང་མོར་སྤོ་བཞིན་མདུན་དུ་ཕྱིན་པ་ཡིན། ང་ནི་སྤྲིན་ཀློང་དུ་རྒྱུ་བ་ཇི་བཞིན་ལུས་སེམས་གཉིས་ཀ་ཡང་ཟོར་ཟོར་དུ་གྱུར། མི་ཚོགས་མཐུག་ནའང་ཕྱིར་འཁོར་ནས་ང་ལ་ལྟ་མཁན་གཅིག་ཀྱང་མི་འདུག ཉེན་རྟོག་པ་གཉིས་ཀྱིས་ལག་མགོར་ལྕགས་སྒྲོག་བརྒྱབ་པའི་མི་ཞིག་གི་གཡས་གཡོན་ནས་བཟུང་སྟེ་ཅི་ཞིག་བཤད་བཤད་རྗེས། མི་དེས་ས་སྤུངས་ནར་མོ་དེ་བསྟན་བྱུང་། དེ་ནས་ལྕགས་ཁེམ་ཁུར་བའི་མི་གཉིས་ཀྱིས་ས་སྤུངས་དེ་རྐོ་མགོ་བརྩམས། ལྕགས་སྒྲོག་བརྒྱབ་ཡོད་པའི་མི་དེ་ནི་གང་ཞིག་ནས་མཐོང་མྱོང་བ་ཤ་སྟག་རེད། ངས་མི་དེ་སུ་ཡིན་པའི་སྐོར་ལ་ཇི་ལྟར་འདང་བརྒྱབ་ཀྱང་ཡིད་ལ་མ་དྲན། མཚམས་ཤིག་ལ་ངའི་ཀླད་པའི་ནང་གློ་བུར་དུ་རབ་རིབ་ཅིག་འཁོར་བྱུང་། མི་དེ་ངས་ཞོགས་པར་ངོ་གདོང་བཀྲུ་དུས་རྒྱུན་པར་ཁ་གཏད་ཀྱི་མེ་ལོང་ནང་ཤར་འདུག་པ་དེ་མ་ཡིན་ནམ། དྲན་ཚུལ་དེས་ཏབ་ཅིག་ལ་ང་རང་རྨོངས་པར་བྱས། ངས་རང་གི་གདོང་ལ་ལག་པས་རེག་བཞིན་མི་དེར་བལྟས། ངས་རང་གི་སྒྱིད་པར་ཤ་གཅུ་རྒྱག་བཞིན་མི་དེར་བལྟས……མི་དེ་དོན་དམ་དུ་སུ་ཡིན་ནམ།
དེ་དུས་ངའི་མིག་ལ་ཡུན་རིང་མ་འཁོར་བའི་རྒྱང་རིང་གི་རི་བོ་མཐོན་པོ་དེ་ཤར་བྱུང་། དེ་ནི་ཅི་འདྲའི་མཛེས་པ་ལ་ཨང་། རི་བོ་མཐོན་པོ་དེས་མཚམས་སྤྲིན་གྱི་འཕྱོར་གོས་མནབས་ཏེ་ང་ལ་འཇོ་སྒེག་ཅི་དགར་ངོམ།
2023ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གསུམ་པར་སྤེལ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།