དུང་བུ་ཆོས་འབུམ་རྒྱལ་གྱི་རྩོམ་གསར།
རྩོམ་པ་པོ།:དུང་བུ་ཆོས་འབུམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-06-30 15:21:40
ཀློག་གྲངས།:
རྫོང་ཐོག་ལ་སོང་རྗེས།
དུང་བུ་ཆོས་འབུམ་རྒྱལ།
ཆུང་དུས་རྫོང་མཐར་ཐོན་ཙ་ན་དྲི་མ་ཁྱད་པར་བ་ཞིག་རླུང་ལ་ལྡང་ནས་སྐབས་དང་སྐབས་ཀྱིས་སྣ་ལ་མཆེད་ཡོང་། དེ་ལ་རྫོང་གི་དྲི་མ་ཞེས་བོས་མྱོང་། དྲི་མ་དེ་ནི་རྫོང་དང་རྫོང་མཐའ་ཁོ་ན་ལས་ཚོར་བ་ཞིག་ཡིན། སྔོ་ཚལ་གཡོས་སྦྱོར་དང་བྲོ་རྫས་སྣ་འདུས་ལས་ཐུལ་བ་ཙམ་ཡིན་མོད། སྣ་ལ་སིམ་ནས་སེམས་ལ་ཁྱབ་པ་དེས། འགོག་མེད་ཀྱི་སྤྲོ་སྣང་ཞིག་ཨི་ཙི་ལུ་གུ་བསླངས་པ་ལྟར་ཡ་ཆུང་ཧྲིལ་པོར་རྒྱས་པར་བྱེད། དེ་དུས་ཀྱི་རྫོང་མཁར་ནི་འཕྲེད་གཞུང་དུ་བརྐྱངས་པའི་ལམ་ཕྲན་གཉིས་ཀྱི་བསྣོལ་མཚམས་ལ་འདུས་པའི་གྱོ་ཁང་དམར་པོ་སྐོར་ཞིག་དང་ཐོག་ཁང་བསྟར་མ་རེ་འགའ་ལས་མ་འདས། ལམ་ཕྲན་གྱི་སྣེ་མོ་སྐྱ་ཤ་ལེར་ལ་རིང་ལ་ཐུང་བརྒལ་ཞིང་ཐང་ཆེན་ཐང་ཆུང་གཤགས་ཏེ་ཉག་ཁ་དང་ལུང་ཁུག་ཏུ་གྱེས་ཤིང་། སྦྲ་སྒོ་དང་ལྷས་འདབས་ལ་འཐིམ་ཡོད། གསལ་ལ་མི་གསལ་བའི་ལམ་ལག་རེ་རེ་ས་རྡུལ་གྱིས་བསྒུལ་ནས་ལམ་ཕྲན་ལ་འདྲེས་ཐེངས་རེར། སྐྱ་མི་ཁེར་འགྲོ་ཞིག་གམ་རྒད་པོ་མཛོ་ཞོན་ཞིག རྐང་ཐང་བུ་ཁྲིད་ཅིག་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་ཆས་ཏེ་ཚུར་ལ་ཕེབས་ཡོང་། ཁོ་ཚོ་དགུན་དུས་རླུང་ཆེན་དང་གངས་རྫུབས་བརྟོལ་ནས་ཕར་ཕར་ཆས་འགྲོ། དབྱར་དུས་ཟིལ་ཆབ་དང་མེ་ཏོག་གཏོར་ནས་ཚུར་ཚུར་བཅར་ཡོང་།
ཁོད་ཡངས་པའི་ཐང་དཀྱིལ་དུ་རྫོང་མཁར་ཆུང་ཆུང་དེ་ནི་མིག་གི་མཐོང་རྒྱ་ལ་བཏབ་པའི་ས་རྟགས་ཤིག་གམ། ས་ཡི་དཀྱིལ་སྙིང་ལ་འཕངས་པའི་ཐོ་ཡོར་ཞིག་ལྟར་ལྷང་ངེར་ཡོད་ལ། མི་ཕྱུགས་ཀྱི་སྐར་ཚོགས་འཐོར་བའི་ནམ་མཁའི་འོག་ཏུ་མ་འདུས་རང་འདུས་ཀྱི་ཁང་པ་དེ་དག་གློག་འོད་ཀྱི་མིག་ཟུང་ཀེམ་ཀེམ་དུ་འཚེར་ནས་རྒྱང་ལ་སྣང་དུས། ཡོད་ཚད་ནི་དེ་འདྲའི་བབ་ཆགས་པ་ཞིག རི་ལུང་ཐང་གསུམ་དང་ན་སྤང་རྫ་གསུམ་ན་འཚོ་བའི་ཡུལ་མི་ཚོས་ཐབ་མེ་དམར་ཆེམ་ཆེམ་དེའི་ངོགས་སུ་སང་ཉིན་རྫོང་ལ་འགྲོ་རྩིས་དང་། རྫོང་ནས་ཉོ་ཆ་རྒྱག་རབས་གླེང་། དེ་དུས་རྫོང་མཁར་ཆུང་ཆུང་འདི་ལ་ཚང་མས་ཞན་ཐོག་ཅེས་འབོད་ལ། འགྲེལ་བཤད་དང་རྒྱུས་ལོན་ཅི་ཡང་མེད་པར་ཞན་ཐོག་ཅེས་འབོད། ཞན་ཞེས་པའི་ཟུར་ཆག་གི་སྐད་སྒྲ་འདི་རང་རྡོ་ཞེས་པའི་འདོད་རྒྱལ་གྱི་མིང་བརྡ་དེ་ལྟར་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར་མི་དག་གི་སེམས་ལ་བབས་ནས་ངག་ལ་ཐོགས་ཐེངས་རེར། ཁ་འཐོར་དུ་འབྲེལ་བའི་འཚོ་གནས་ཀྱི་བག་ཆགས་རིགས་ཤིག་འདུ་ཚོགས་ཀྱི་ལྟད་མོ་ཡིས་དཀྲོགས་ཏེ། རྒྱུད་ལ་ལྷུང་བའི་གོམས་སྲོལ་དང་གཤིས་ལུགས་རེ་རེ་དལ་བ་དལ་བུར་རྒྱང་ལ་དྲངས།
ལྷིང་འཇགས་ཀྱི་གཟུགས་བརྙན་ལ་འཆར་སྒོ་གཞན་ཞིག་ཐོགས་པས་སམ། གྱོ་ཁང་གི་འདུ་འཛོམས་དེའི་རྗེས་ནས་ཡོད་ཚད་ལ་གྲོས་འཆམ་ཞིང་ཁ་མཐུན་པ་ལྟར། མི་དག་ཇ་དང་ཚྭ་ཁུའི་དགོས་མཁོ་ཙམ་ལ་གཡེང་ཞོར་རྫོང་ལ་ཕྱོགས་ནས་ཟས་གོས་ཡོ་བྱད་དང་བྱ་དངོས་གསར་པ་ལ་ལྟ་འདོད་ཐོས་འདོད་བྱེད། ནམ་མཁའ་ཐོད་ལ་འཛིན་དུས་དང་ས་གཞི་གོམ་པས་འཇལ་དུས་སུ་མཐའ་ཡས་པའི་རྩྭ་ཐང་རྒྱབ་ཏུ་བསྐྱུར་ནས། རྒྱང་ལ་ཆས་སྙམ་གྱིས་རྫོང་དུ་འབྱོར་ཐེངས་རེར། རེ་སྙེག་གི་འདུན་པ་ཟབ་མོར་སྤྲོ་སྣང་གི་མཁའ་དབུགས་གསར་པ་ཞིག་བཅོས་མིན་དུ་སྐྱེས། སྤྲོ་སྣང་དེ་རིགས་སྤྲིན་གསེབ་ཀྱི་ཉི་འོད་འཚེར་བ་ལྟར་ཧ་ཅང་རྣོ་ལ་ཧ་ཅང་གསལ། སྤྲོ་སྣང་དེ་ཡིས་སྔར་བཞིན་ཅི་ཡང་མ་བརྒལ་བར་ས་ཆེན་དང་རི་རབ་ཀྱི་ཕང་བ་ནས་ཕྱིར་ལོག་ནའང་། རེ་ལྟོས་ནན་མོ་ཞིག་དང་སྐེ་སོ་གཉོམ་པོ་ཞིག་ཡང་ཡང་ཁྱེར་བ་ནི། འགྱུར་ལྡོག་རིགས་ཤིག་གི་མགོ་བརྩམས་པས་ཡིན་ཡང་སྲིད།
དེ་དུས་ཀྱི་རྫོང་མཁར་ཧ་ཅང་ཆུང་ནའང་། མི་མང་པོ་ཞིག་གི་མཚར་སྣང་དང་དགའ་སྤྲོ་ཤོང་ཡོད། གདོང་གཏད་པའི་ཁང་མིག་དག་གི་བར་དུ་མགོ་རལ་བ་དང་ལུས་སློག་པ་བྱས་པའི་ངོ་གདོང་དམར་སྨུག་ཅན་གྱི་ཡུལ་མི་མང་པོ་གཅིག་ཏུ་འདུས་ཡོད། ཁོ་ཚོས་རླུང་ཆེན་གཡུག་ཕྱོགས་དང་ཁ་བ་འབབ་སྟངས་ཀྱི་ཚོད་བགམ་ཞོར་སྟོད་ཀྱི་དཔོན་པོའི་དར་རབས་རྒུད་རབས་དང་སྨད་ཀྱི་དཔའ་བོའི་སྐྱེ་རབས་འཆི་ཚུལ་གླེང་། འུར་ཟིང་ཆུང་ཆུང་དེའི་དཀྱིལ་ནས་ལྷིང་འཇགས་ཀྱིས་བསྙལ་བའི་རྣམ་ཤེས་རྒྱང་ལ་ཕྱོགས་པས། ལྐོག་གྱུར་གྱིས་བཀྲ་བའི་དངོས་རྫས་ཐར་ཐོར་གྱི་སྣང་བ་ལྟ་ན་སྡུག་ལ། རྫོང་ནས་རླངས་འཁོར་རིག་ཚུལ་དང་རྒྱང་ན་གནམ་གྲུ་འཕུར་ཚུལ་གྱིས། མིག་ཟུང་ཅེ་རེར། ལྟོས་དང་། ཕ་གིའི་རྡུལ་འཚུབ་ཁྲིད་པའི་ནག་ཐིག་གན་ནི་ཆི་ཁྲེ(རླངས་འཁོར)ཞིག་ཡིན་པ་འདྲ་ཟེར། དེ་དུས། རྟ་ཕོ་གོམ་པ་ཅན་དེ་དང་གཡག་རྒན་སྣ་ཐིག་ཅན་དེས་ཀྱང་ཐང་ཆེན་ཐང་ཆུང་བརྒྱུད་ནས་བྱིས་པ་ཚོའི་རེ་ལྟོས་ལ་འཇགས་པའི་ཉག་ག་ཕྲ་མོ་དལ་བ་དལ་བུར་སྒུལ་བར་བྱེད། ཁྱིམ་མི་ཚོའི་རེ་སྒུག་ལ་འཕོས་པའི་གཟུགས་བརྙན་མག་མོག་ཡུན་གྱིས་ཡུན་གྱིས་གསལ་བར་བྱེད། སྔུན་བསུར་བརྒྱུགས་འོང་བའི་བྱིས་པ་དག་གི་རེ་བཅོལ་ལ་ཀ་ར་རིལ་རིལ་ཙམ་རེའི་བགོ་སྐལ་ལས་མེད་ནའང་། སྐད་ཅིག་མའི་མངར་ཁ་དེ་ཡིས་ཉིན་གཅིག་གི་སྐོམ་པ་སེལ་འགྲོ རྫོང་གིས་བྱིན་པའི་སྤྲོ་སྣང་གི་ལོངས་སྤྱོད་དེ་ནི་དེ་འདྲའི་བག་ཡོད་ཚུལ་ལྡན་ཞིག་རེད་ཨང་། དེ་དུས། རྫོང་ཐོག་ལ་སོང་བ་ནི་རྫོང་ཐོག་ནས་ཕྱིར་ལོག་པ་རྐྱང་རྐྱང་ལ་གོ རི་དང་གཙང་བོས་ཆོད་པའི་རྒྱང་རིང་ཞིག་ན་རྫོང་མཁར་ནི་རེ་སྨོན་ཆུང་ཆུང་ཞིག་དང་འདྲ་བར་ཆགས་ཡོད་ལ། མི་རྣམས་ནི་རེ་སྨོན་དེའི་ཁུག་ན་ཕར་འགྲུལ་ཚུར་ལོག་ངང་འཚོ་བཞིན་ཡོད།
འགྲོ་འོང་གི་རྡང་ལ་ཆགས་པའི་ཁང་མིག་ཇེ་མང་དུ་སོང་བ་ནས། ཡུལ་མི་ཚོ་སྔར་བཞིན་ཐག་རིང་གི་ཤ་ཉེར་སྐོར་རྒྱག་པ་ལྟར་སྐབས་དང་སྐབས་ཀྱིས་རྫོང་ལ་ཡོང་ནས་ཕྱིར་ལོག་འགྲོ་ནའང་། ལམ་ཕྲན་ལ་ཐོགས་པའི་མི་སྣ་སྐོར་ཞིག་ནི་རླུང་གིས་དེད་དེ་སྲང་མདོ་འདི་ནས་སིལ་ཏོག་སྨིན་པ་ལྟར་གཏན་དུ་ལུས་མགོ་ཚུགས། རླངས་འཁོར་ལྗང་ཁུ་རེའི་འཚམས་འདྲི་ཐར་ཐོར་གྱིས་གྱོ་ཁང་གི་འདུ་འཛོམས་ལ་མཁའ་དབུགས་གསར་པ་ཞིག་གམ་མི་སྣ་མང་པོ་ཞིག་བསྡུས་ཤིང་། འདྲུད་འཁོར་གཅིག་གཉིས་རེའི་སྦག་སྒྲ་དང་ལྷན་དུ་ཕྱིའི་ཚོང་པ་འགའ་ཡང་གཅིག་འཕྲོར་གཅིག་གིས་སླེབས། བློ་ཁ་འདྲེན་པའི་མི་དང་བྱ་དངོས་ཇེ་མང་དུ་གྱུར་པ་ནས་འདུ་འཛོམས་ཀྱི་ཡོ་ལང་ལ་སྤྲོ་སྣང་གི་འགུག་ཤུགས་གཞན་ཞིག་རྒྱས། དེ་ནི་འབར་ཞུན་དང་མགོ་སྐོར། སྔོ་དུད་དང་དཀར་ཐོ། ངོ་ལྟ་དང་ངོ་ཕུར། པུས་འབོལ་ཤ་འབྱར་དང་ཚི་ལེན་ཐར་རྐྱང་སོགས་ལ་འབྲེལ་བའི་རེ་སྙེག་གི་འབོད་པ་ཞིག་ཡིན། འབོད་པ་དེ་ཡིས་ལོ་ཆུང་དག་སློབ་གྲྭ་ཞེས་པའི་ས་ཁང་སྒལ་ཟུར་དག་གི་གསེབ་ལ་དྲིལ་ཞིང་། རྒན་པོ་དག་སྲིད་གཞུང་ཞེས་པའི་གྱོ་ཁང་དམར་མདུང་དག་གི་ནང་ལ་བོས། དེ་ནས་བཟུང་མི་དག་གི་རྣམ་ཤེས་རྫོང་ལ་གཏད་ཡོད། རྫོང་གི་བཀོད་པ་ལ་གཏད་ཡོད། རྫོང་གི་ལམ་ཕྱོགས་ལ་གཏད་ཡོད། དེ་ལྟར་ཡོད་ཚད་ལམ་བྱུང་བ་ནས་མགོ་བརྩམས་ཏེ་ལམ་དང་འགྲོགས་ནས་འགྱུར་ལྡོག་བྱུང་།
ལམ་གྱིས་ཁྱེར་ཡོང་བའི་ཤིང་རྟ་འཁོར་ལོ་དྲུད་པའི་ཕྱིའི་ཚོང་པ་དེ་དག་གིས་ཕར་མཁོ་ཚུར་ནས་ཉོས་ཤིང་ཚུར་མཁོ་ཕར་ལ་བཙོངས་ཏེ་མཁོ་དངོས་ཙག་ཙིག་གི་འདོད་པ་ཐང་དུ་བརྡལ། ཁོ་ཚོ་གང་ནས་ཡོང་བ་སུས་ཀྱང་མི་ཤེས་མོད། ཁོ་ཚོ་རྫོང་ལ་སླེབས་པ་ནས་བཟུང་། ཁོ་ཚོའི་ཉམ་ཆུང་བའི་ཚུགས་ཀར་ཡུལ་མི་ཚོ་རྟག་པར་སྙིང་རྗེ་སྐྱེ་ལ། ཁོ་ཚོའི་ལུས་ནས་དུས་འགྱུར་གྱིས་ཐེབས་པའི་གདུང་སེམས་རིགས་ཤིག་ལ་མཉམ་སྐྱེད་ཐོབ་པ་དང་། མི་རྟག་ཆོས་ཀྱི་རང་བཞིན་ཞིག་དྲན་ཏུ་བཅུག་པ་གང་ཡིན་ཆ་མ་འཚལ། དེ་ནི་སྙིང་རྗེ་ཁོ་ན་ཞིག་ཀྱང་མིན་པ་འདྲ་སྟེ། ལས་ཀ་དང་བྱ་སྤྱོད་ལ་རྩེད་སྡུག་བྱེད་པའི་པྲ་ཆལ་གྱི་རྣམ་འགྱུར་རེ་རེས་ཁོ་ཚོའི་འདོད་འདུན་དང་བཟོད་བསྲན་ལ་ཚོད་དཔག་བྱེད་པ་ནི། མཉམ་གནས་ཀྱི་བརྒྱུད་རིམ་ཞིག་དང་འབྲེལ་འདྲིས་ཀྱི་གོ་བརྡ་ཞིག་ཀྱང་ཡིན་སྲིད།
ཡུལ་མི་ཚོ་རྫོང་གིས་བྱིན་པའི་རེ་སྨོན་གྱི་སྣེ་གཉིས་སུ་ཕར་འགྲོ་ཚུར་འོང་གིས་བསྡད་པ་ལྟར། ཕྱོགས་ཕྱོགས་ནས་ཡོང་བའི་རྒྱ་མི་ཨོང་འཐུ་དང་ཧོས་ཧོས་ལུག་ཉོ། ལས་བྱེད་ལག་དཀར་སོགས་ཀྱང་རྫོང་འདིར་བཅངས་པའི་རེ་སྨོན་གྱི་ཁུག་པ་ནས་ཕར་ལྟ་ཚུར་ལྟའི་ངང་གཞིས་ཆགས། ཁོ་ཚོའི་འཚོ་གནས་ཀྱི་རྣམ་འགྱུར་རེ་རེ་ནི་ལེ་བདའ་དང་འཁང་ར་མེད་པར་ལས་དབང་གི་བཀོད་སྒྲིག་དང་དུ་ལེན་པ་ལྟར་ས་ཆ་འདིའི་ཁོར་ཡུག་དང་མི་རྣམས་ལ་རྒྱུས་ལོན་བབ་བསྟུན་བྱེད། ཁོ་ཚོས་འབྲོག་པ་ཚོའི་ལག་བརྡ་རེ་རེ་དང་སྐད་གདངས་རེ་རེ་བརྒྱུད་རྒྱུན་སྤྱོད་ཀྱི་བོད་སྐད་ཐར་ཐོར་ཐོགས་མེད་དུ་ཤེས། དེ་ལྟར་ཡུལ་ལུང་འདིའི་གོམས་སྲོལ་དང་ཁྱད་ཆོས་ལ་དང་དོད་སྒོས་འཚོ་ཚིས་ཀྱི་ཉེར་ལེན་ལ་མཁོ་བའི་ཚོང་ཟོང་གི་བརྗེ་རེས་ཅི་རིགས་དགོས་འདོད་ལྟར་བྱེད།
སྐབས་ཐོག་དེའི་རྫོང་མཁར་ནི་གྱོ་ཁང་དམར་ཐར་རེར་འཐོར་བའི་དུས་ཤིག་སྟེ། མི་དག་ཡུན་གྱིས་འདྲེས་པ་ན་ཁང་པའང་ས་ནས་སྐྱེས་པ་ལྟར་ཇེ་མང་ནས་ཇེ་མང་དུ་སོང་ཞིང་།ལམ་ཕྲན་ཡང་ས་ཁར་བུད་པ་ལྟར་ལོ་རེ་ནས་ལོ་རེར་སྐྱ་ཤ་ལེར་མིག་ལ་གསལ། ལམ་གསལ་བའི་འགྲོ་འོང་ནི་མཁོ་ཆས་གསར་པ་དང་ཟས་སྣ་འཆའ་རིགས་ཀྱི་སྣེ་འདྲེན་དུ་གྱུར་པས། ཡུལ་མི་ཚོ་སྔར་བཞིན་གཡག་རྒན་ཚ་སྣ་བླངས་ནས་རྫོང་ལ་འགྲོ་ཞིང་། རྟ་རྒན་འཕོངས་ཞོན་བྱས་ཏེ་རྫོང་ལ་འགྲོ རྫོང་ཐོག་ན་མཚར་སྣང་གི་སྤོད་ཡར་ཟ་ཁང་གི་ཟས་བཅུད་དང་ཚོང་ཁང་གི་ལྟད་མོ་ཡོད་པས། ཨ་ཕས་ཞི་ལུར་ལུག་ལ་ལྟོས་དང་གཞུག་ནས་རྫོང་ལ་འཁྲིད་ཟེར། ཨ་མས་ཞི་མོར་ནོར་ལ་སོང་དང་རྫོང་ནས་ཟ་ཁང་ལྡུད་ཟེར། དེ་ལྟར་དང་ཐོག་གི་སྤྲོ་སྣང་རྐྱང་རྐྱང་ལ་ལོངས་སྤྱོད་ཀྱི་འགུག་ཤུགས་འཕར་མས་ལྡོག་མེད་ཀྱི་བསླུ་བྲིད་ཐེབས་པས། ཨ་ཁུ་ཚེ་རིང་ཟླ་བ་རེ་རེར་རྫོང་ཐོག་ལ་ཐེངས་རེ་འགྲོ་ཞིང་། ཨ་ཞང་དོན་འགྲུབ་དུས་ཚིགས་རེ་ལ་རྫོང་ཐོག་ཏུ་ཐེངས་རེ་འགྲོ དེ་དུས་རྫོང་ཐོག་ལ་སོང་རྗེས་འདས་སོང་ལ་དྲན་གདུང་དང་མ་འོངས་པར་བསམ་གཞིག་མེད་པར་ལུས་གཙང་སེམས་གཙང་ངང་ཕྱིར་ལོག་འགྲོ། དེ་དུས། ཕྱིར་ལ་ལོག་ན་རེ་ལྟོས་ཀྱི་བསུ་མ་ཆེན་པོ་དབེན་ནའང་། རུ་བ་དང་ནོར་ལུག་གིས་ཁེངས་པའི་འབྲོག་ཐང་དེ་ན་ནང་མི་དག་སྔར་བཞིན་ངོ་གདོང་སྣུམ་ཆིལ་ལེར་བསྡད་ཡོད།
ལམ་ཕྲན་གྱི་ཁ་ཞེང་ཇེ་ཆེར་གྱུར་ནས་རི་ལུང་གི་བར་ཐག་ཉེ་བར་བསྟུངས་པས། མི་རྣམས་ལྗིད་འཁོར་གྱི་ཨོང་གཞོང་དང་མགོ་ཐོག་ཏུ་རུབ་ནས་སྨད་ཀྱི་རོང་ཁོག་ཏུ་སྨོན་ལམ་ལ་འགྲོ་ཞིང་སྟོད་ཀྱི་ལྷ་ས་ལ་མཆོད་མཇལ་དུ་སོང་། དམ་པ་དང་མཁས་པ་དག་གིས་དཀའ་ངལ་ཁྱད་དུ་བསད་ཅིང་། དཔོན་པོ་དང་ཕྱུག་པོ་དག་གིས་ཁལ་འདེད་རུ་འགེལ་བྱས་པའི་ལོ་ཐོག་ལོ་བརྩེགས་ཀྱི་འགྲུལ་བཞུད་རིང་མོ་ནི་འཕྲུལ་ཆས་ཀྱི་སྒལ་བ་ནས་ཟླ་ལམ་འགའ་ཡིས་གཅོད་དུས། མི་དག་གི་སེམས་ལ་བསྐལ་བཟང་གི་དགའ་སྟོན་རྒྱས། ཁོ་ཚོས་སྐུད་མེད་ཀྱི་གློག་རླབས་བརྒྱུད་ནས་བཟའ་མི་ཡོངས་བདེ་ལེགས་ངང་ལྷ་སར་འབྱོར་ནས་ད་ལྟ་ཕྱིར་ལོག་གིན་ཡོད་ལ། ཚེས་བཅོ་ལྔའི་ཉིན་ལུང་ནག་མདོ་ལ་ཁལ་མ་བཅུ་དེད་ནས་སྔུན་ལ་ཤོག་ཅེས་སྐད་བསྐུར་ལ། སྐད་དེའང་རུ་ཁ་ཁྱིམ་མཚེས་དང་མི་ཁ་རྟ་ཐོག་བརྒྱུད་ནང་མི་རེ་རེའི་རྣ་བའི་དཔྱིད་དུ་ཤར་ཞིང་སེམས་ཀྱི་དྲོད་དུ་བབས་ཡོང་། དེ་ལྟར་འཕྲེད་གཞུང་དུ་བརྐྱངས་པའི་ལམ་ཕྲན་གཉིས་ཀྱིས་མི་དག་གི་དྲན་པ་རྫོང་ལ་བསྡུས་ནས་རྒྱང་ལ་བསྲིངས། ཁོ་ཚོས་ཡོད་ཚད་ཀྱི་ཡོད་ཚད་སྒྲ་སྡུད་འཕྲུལ་ཆས་ལྟར་ཕྱི་རོལ་ཕྱི་རོལ་ཞིག་ན་ཡོད་པར་འདོད།
ས་བབ་ཁོར་ཡུག་གི་དབང་བཙན་པའི་ཡུལ་ལུང་འདིའི་མི་རྣམས་ཀྱིས་ཡོད་ཚད་ས་ཆེན་གྱི་བྱམས་བརྩེ་དང་སེམས་ཅན(ཟོག)གྱི་བཀའ་དྲིན་གྱིས་འཚོ་བར་བསམས་མོད། རྫོང་ཐོག་ལ་འགྲོ་རྒྱུ་ཇེ་མང་དུ་གྱུར་པ་ནས། རྫོང་ཐོག་ལས་ཐོབ་པའི་ཡིད་ཆེས་རིགས་ཤིག་ཁད་ཀྱིས་གསེང་དང་གཏིང་ལ་རླུང་ལྟར་ལྡང་། རྒྱང་དུ་འཐེན་པའི་ལམ་ཕྲན་རིང་མོ་ཇེ་མཐོ་ཇེ་བཀན་ངང་ས་ལ་ཟུག་པ་ནས་རྫོང་མཁར་ནི་འདབ་གཤོག་བརྐྱངས་པའི་བྱ་རྒོད་ཅིག་ལྟར། རི་ལུང་འདིའི་ཕར་ནང་ལ་འཕུར་བར་རེ་སྐུལ་གྱི་གཤོག་འགྱུར་ལྷུར་དུ་ལེན། རྒྱུན་རིང་བའི་ཕར་འགྲོ་ཚུར་འོང་ནི་རྫོང་ལ་འགྲོ་བ་ཙམ་མ་ཡིན་པར་གནའ་རིང་ད་ཐོག་ཏུ་ས་ཆེན་གྱིས་སྤྲད་པའི་འཚོ་གནས་ཀྱི་བཀའ་བཀོད་དུ་རྟོགས་ནའང་། སྤྱི་ས་གཞུང་ལ་བླངས་ཤིང་། གཞུང་ས་སྒེར་ལ་བགོས་པ་ནས་བཟུང་མི་རྣམས་ཀྱིས་གཞི་ནས་རྩྭ་ཐང་དང་རི་ལུང་ལ་ཕྱིར་བདག་རྒྱག་མགོ་ཚུགས།
དེ་ལྟར་གནས་གཅིག་ཏུ་བསྡད་པ་ནས་འགྲོ་འོང་ནི་རྩྭ་ཐང་དང་རི་ལུང་ལ་འབྲེལ་བ་མེད་པར་རྫོང་ཁོ་ནར་དམིགས་སུ་བྱེད་པ་བཞིན་ཡང་དང་བསྐྱར་དུ་དེ་ལ་ཤོར། རྫོང་ལ་འགྲོ་ཐེངས་ཇེ་མང་དུ་གྱུར་པ་ན་རྫོང་ལས་ཐོབ་པའི་བྱ་དངོས་མང་པོས་ཀྱང་འཚོ་བའི་ཟ་ཟུར་ཟིན་ཏེ། སྦྲ་ཡི་རེ་ལྡེ་རས་གཞི་ཡིས་ལྷན་ཞིང་ཁྱིམ་གྱི་འོ་ཟོ་འཕྲུལ་འཁོར་གྱིས་ཚབ། རྟ་གཡག་གི་སྐྱེལ་འདྲེན་ལ་འདྲུད་འཁོར་གྱི་མཐུན་རྐྱེན་བྱུང་ཞིང་ཤ་མར་གྱི་བཟའ་བཅའ་ལ་སྔོ་ཚལ་གྱི་བྲོ་བ་བུད། རང་ས་གྲུ་བཞི་རེའི་སྟེང་ནས་རི་ལུང་ཐང་གསུམ་ལ་རྫོང་ལྟར་ཆགས་ཏེ་རང་གི་ཕྱུགས་ཟོག་ལ་ལྟ་ཞོར་རྫོང་དང་རྫོང་གི་འགྱུར་ལྡོག་ལས་ཕན་ཐོགས་པའི་ཡོ་བྱད་ཅི་ཡོད་ལ་རྣ་བ་གཡེང་ཞིང་སྟབས་བདེ་བའི་འཕྲུལ་ཆས་གང་ཡོད་ལ་སེམས་པ་གཏད།
སྐབས་ཤིག་རྫོང་གི་ཆགས་སྲོལ་ལྟར་ཁྱིམ་ཚང་རེ་རེས་རང་གི་ས་ཐོག་ཏུ་གྲོང་གི་རྒྱ་མིའི་ལག་ནས་ཤིང་ཉོས་ཤིང་སྨད་ཀྱི་རོང་བ་གླས་ཏེ་གྱང་བརྡུངས་ནས་ཁང་མིག་གྲུ་བཞི་རེ་མགོ་སྦྲ་སྨུག་པོ་དེའི་ཚབ་ཏུ་ཕུབ་ཅིང་། རང་ཉིད་ལ་ཐེམས་པའི་ས་ཆུ་སྤྱད་དེ་གཏན་དུ་འདུག་ཚུགས་བཟུང་། ཁང་པ་དྲོ་རབས་བདེ་རབས་དང་འཚོ་བ་སྐྱིད་རབས་རྒྱས་རབས་ཀྱིས་ལོ་རྒྱུས་ཞེས་པ་ལ་ལྟ་སྟངས་གསར་པ་ཞིག་དང་མ་འོངས་ཞེས་པ་ལ་རེ་འདུན་སོ་མ་ཞིག་བཅངས། སྐབས་འདིར་དགུན་གྱི་ཁ་བ་དང་དབྱར་གྱི་ཆར་ཆུ་ལ་འཐབ་པའི་འདས་སོང་གི་མྱོང་བ་རེ་རེ་དྲན་འཛིན་གྱི་ཞིང་ས་ན་རང་བྱུང་ལྷུན་ཆགས་སུ་སྨིན་ཡོད་ནའང་། བསམ་གཞིག་གིས་བསྐྱེད་པའི་གོ་རྟོགས་ཤིག་གིས་དཀའ་སྡུག་དང་དབུལ་ཕོངས་སུ་མཐོང་ཞིང་། དུས་རབས་ཀྱིས་བསླུས་པའི་རྨོངས་ཚོད་ཅིག་གིས་རྗེས་ལུས་དང་ཀླ་ཀློ་ཞེས་པའང་ཡིན་ན་ཐང་སྙམ།
བབ་ཆགས་ཀྱི་ལད་མོ་དེ་ལས་བློ་རིག་གི་སྒོ་མོ་རྫོང་ལ་ཕྱེ། རུ་ནང་ནས་རྫོང་ལ་ཕྱོགས་ནའང་སློབ་གྲྭ་ནས་རི་ལ་འབྲོ་བའི་འབྲོག་ཕྲུག་རིག་པའི་ནེའུ་ལྡང་དག་གཅིག་རྗེས་གཉིས་ལོབས་ངང་སློབ་གྲྭར་སོང་བ་ན། མི་རྣམས་ཀྱི་ཡིད་སྨོན་ལ་སྤྲད་པའི་ལེགས་སྐྱེས་མང་པོའང་ཆར་རྗེས་ཀྱི་ཤ་མོ་ལྟར་གཅིག་ལས་གཅིག་མགྱོགས་ངང་བརྡོལ། འཕྲེད་གཞུང་དུ་བརྐྱངས་པའི་ལམ་ཕྲན་ལམ་ཆེན་དུ་གྱུར། ཐང་དཀྱིལ་དང་རི་སྐེད། ན་འདབས་དང་ལུང་ཁུག་ཏུ་འཐེན་པའི་ལམ་ལག་རེ་རེ་ཇེ་གསལ་ཇེ་གསལ་ངང་སྤང་ལམ་ནས་ས་ལམ་དང་། ས་ལམ་ནས་རྡོ་ལམ་དུ་གྱུར། དེ་དུས། རྒྱ་སྲང་གི་གློག་སྡོང་ལ་བཏགས་པའི་རྟ་གཡག་གི་གྲངས་ཀ་ཇེ་ཉུང་དུ་གྱུར། མགོ་ཡི་རལ་བ་དང་ལུས་ཀྱི་སློག་པའང་ཇེ་ཉུང་དུ་གྱུར། འཕྲུལ་རྟ་གསེག་ཞོན་གྱི་སྣང་བ་རླུང་ལ་སྤུར་ནས་རྫོང་ལ་ཆས་དུས། རྫོང་ཐོག་ན་སྟེགས་ལྒང་གི་རྩེད་མོ་དང་ལྦུ་ཆང་གི་སྐྱུར་ཁ་ཡོད། གློག་བརྙན་གྱི་སྒྱུ་འཕྲུལ་དང་ཚོང་ཟོང་གི་བཀྲག་མདངས་ཡོད། དེ་དུས། རྒན་མོ་ཚོས་འོ་མ་དང་ཨོང་བ་བཙོངས་ནས་སྐེ་དཀྲིས་ཉོ་ལ། རྒད་པོ་ཚོས་མར་ཆུར་དང་ཀོ་བ་སྲུང་ཞོར་ཁུ་ནག་འབྱོང་། ཡང་དང་བསྐྱར་གྱི་ཉོ་ཚོང་བརྗེ་རེས་ལས་རྩྭ་ས་དང་ནོར་ལུག་ཁོ་ན་འཚོ་ཚིས་ཀྱི་ཐོན་ཁུངས་གཅིག་པུ་མིན་པར་བསམས་ཏེ། ལ་ལ་རྫོང་ལ་སོང་ནས་རྫོང་ནས་ལུས་ཤིང་། ལ་ལ་རྫོང་ལ་འཁྱམས་ནས་རྫོང་ནས་ཡལ།
དེ་ལྟར། ཧྲི་ཁྲང(ཁྲོམ་ར)གི་ཟིང་ལོང་ཇེ་ཆེར་གྱུར། རྫོང་ཐོག་ལ་བཅངས་པའི་རེ་སྨོན་གཙང་མའང་འདོད་པ་ཚ་པོ་ལྟར་སེམས་ལ་རྒྱས། རྒྱ་སྲང་ན་བོད་སྐད་བརྙན་འཕྲིན་གྱི་སྐད་སྒྲ་ལྡིར་ཞིང་སྤང་ཐང་ལ་བདུད་བྷེའི་རྡུང་ལེན་གྱི་འགྱུར་ཁུགས་མཆེད་པའི་སྣང་བརྙན་དེ་ཧ་ཅང་ཡག་ནའང་། དེ་དུས། རྫོང་ཐོག་ལ་སོང་བ་ནི་ཡོང་སྒོ་དང་བརྗེ་རེས་རྐྱང་རྐྱང་གི་དོན་ཏེ། ཁོ་ཚོས་ཕྱིའི་ཚོང་པ་ཚོས་ཁོག་རྩིས་འདེབས་པ་ལྟར་ཅི་ཞིག་ཐོབ་འདོད་ཀྱི་མིག་ཟུང་རིག་རིག་འགུལ་ནས་རྐུ་ཐུབ་པར་རྐུན་དང་བསླུ་ཐུབ་པར་རྫུན་གྱིས་བསྐོར་ལ། ཕྱི་སྡེ་བའི་འཁོན་འཛིན་བརྗེད་ནས་ཁྱིམ་རུ་ཁར་རྩོད་གླེང་བྱེད། དེ་དུས། མི་རྣམས་ཅི་ཞིག་ཐོབ་འདོད་ཀྱི་འདོད་པས་གཟེར་ཏེ་སྔ་ཕྱི་བྱས་ནས་རྫོང་ལ་འགྲོ རྒད་པོ་ཚོས་མར་ཕྱུར་བཙོངས་རྗེས་ཉིན་ཞག་ཉི་མ་རྫོང་ནས་གཏོང་ལ། གསར་བུ་ཚོས་སྲང་བར་ཉུལ་ནས་ཉིན་དཀར་ཉི་མ་རྫོང་ནས་ཕུད། འདུ་འཛི་དང་འུར་ཟིང་གི་གསེབ་ནས་དཔག་ཏུ་མེད་པའི་མ་འོངས་པ་ཞིག་མངོན་ཙམ་མངོན་ཙམ་བྱེད་པ་ལྟར། མི་དག་གིས་ས་གཤིས་ཡུལ་ཁམས་དང་སྒོ་ཕྱུགས་གསོ་སྐྱོང་ལས་ཐོབ་པའི་རང་བྱུང་གི་དྲན་ལུགས་འཚོ་ལུགས་དང་། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིག་གནས་ཀྱིས་བསྐྱེད་པའི་ལྷན་སྐྱེས་ཀྱི་འགྲོ་འདུག་སྤྱོད་ལམ་ལས་ལྷག་པའི་སྒྲིག་ལམ་ཞིག་དང་འགྲོ་སྟངས་ཤིག་གསར་དུ་ཆགས་ཀྱིན་པ་ཚོར། འགྲོ་སྟངས་དེ་ཡིས་ཡོད་ཚད་མཐའ་ལ་འདེད་པ་ལྟར། ཁོ་ཚོས་རང་ཉིད་ཀྱི་ལུས་ཐོག་ནས་རྗེས་ལུས་དང་བླུན་རྨོངས་ཞེས་པའི་སྐད་ཆ་གསར་པ་ཞིག་ལ་ངོས་འཛིན་བྱེད། ཁོ་ཚོས་བྱིས་པ་དག་ལ་སློབ་སྦྱོང་ཡག་པོ་བྱོས་དང་། ཁྱོད་ཚོ་ནི་ང་ཚོ་ལྟ་བུའི་གླེན་པ་ཞིག་ཡིན་མི་སྲིད་ཟེར། ཁོ་ཚོས་དང་ཐོག་རྫོང་ལ་ཡོང་བའི་ཕྱི་མི་དག་གི་ལུས་སྟེང་ནས་མཐོང་བའི་ཉམ་ཆུང་གི་ཚོར་བ་དེ་རིགས་དལ་བ་དལ་བུར་རང་གི་ལུས་ལ་འཁོར་བ་ཤེས།
དེ་ལྟ་ནའང་། བྱ་དངོས་གསར་པའི་རླབས་རྒྱུན་ནི་ཡུལ་ལུང་གི་ཕྱོགས་རིས་དང་དབུལ་ཕྱུག་གི་ཁྱད་པར་མེད་པར་ཀུན་ལ་ཁྱབ་འགྲོ འབྲོག་གི་ཐལ་སྤུངས་འདབས་ཀྱི་གློག་གཡིས་གཅིར་རོ་དག་ཇེ་ཉུང་ཇེ་ཉུང་ངང་ས་འོག་ཏུ་ནུབ་ནས་ཡར་སྒྱེད་ཀྱི་པྲ་ཚུལ་སྒྲོན་མེ་ཉི་གློག་གིས་ཚབ་ཅིང་། གྲོང་གི་ལམ་ཆེན་འགྲམ་གྱི་གློག་སྡོང་ནག་པོ་དག་ཇེ་མང་ཇེ་མང་ངང་རྒྱང་རིང་ལ་བསྒྲིགས་ནས་རྫོང་ཐོག་གི་སྲང་མཐའ་གློག་འོད་ཀྱིས་བརྒྱན་དུས། མི་དག་ལམ་དང་རྫོང་གིས་ཁྲིད་པའི་གཟུགས་མེད་ཀྱི་སྟོབས་ཤུགས་དེ་ལ་ཡིད་ཆེས་དང་དད་འདུན་སྐྱེས། ཁོ་ཚོས་གཟུགས་མེད་ཀྱི་སྟོབས་ཤུགས་དེར་ཚན་རིག་ཅེས་བསྙད་ལ། ཚན་རིག་ནི་ངོ་མ་ཡ་མཚན་རེད་བསམས། ཁོ་ཚོས་གཅིག་འཕྲོར་གཅིག་གིས་སློབ་གྲྭར་སོང་བའི་བྱིས་པ་དག་ཚན་རིག་གིས་ཁྲིད་ནས་རྒྱང་ལ་བུད་འགྲོ་ཞིང་། སྒྲ་སྡུད་སྐུད་ལམ་ནས་གོ་བའི་ལྐོག་གྱུར་གྱི་གནས་དེ་དང་བརྙན་འཕྲིན་གློག་ལམ་ནས་མཐོང་བའི་ངོ་མཚར་གྱི་གནས་དེ་ལ་སོང་ནས་ཕྱིར་ལོག་མི་སྲིད་སྙམ།
བྱིས་པ་དག་སྐོར་དང་སྐོར་གྱིས་སློབ་མཐར་ཕྱིན་ཏེ་རྫོང་ཐོག་ནས་ཁུལ་ཐོག་དང་ཁུལ་ཐོག་ནས་ཞིང་ཆེན་དུ་འགྲོ་དུས། ཡུལ་མི་ཚོས་ད་གཟོད་གསལ་ལེར་བཏོད་པའི་ལམ་ཕྲན་འདི་དག་གི་སྣེ་མོ་ནི་གྲོང་ཁྱེར་ཞེས་པ་དེ་དང་འབྱོར་ཕྱུག་ཅེས་པ་དེ་ཡིན་པ་རྟོགས་ལ། ཁོ་ཚོས་བརྙན་འཕྲིན་ལས་མཐོང་བའི་ལྟད་མོ་རེ་རེ་སང་ཉིན་གྱི་རྨི་ལམ་དུ་བསྒོམས་ནས་རྫོང་ལ་འགྲོ རྫོང་དང་ལམ་གྱིས་བསྟན་པའི་ཁ་ཕྱོགས་དེ་ན་བདེ་སྐྱིད་ཀྱི་འཚོ་བ་ཟེར་བ་ཞིག་ཡོད་སྣང་སྐྱེས། སྔོན་ཆད་བདེ་སྐྱིད་ཅེས་པར་འདང་བརྒྱབ་མ་མྱོང་ནའང་ད་ལྟ་དེ་ཡིས་བསླུས་པའི་སེམས་པ་ཞིག་གིས་རྒྱང་ནས་རྒྱང་ལ་དབང་མེད་ཁྲིད་པས། རྫོང་ཐོག་གིས་ཅི་ཞིག་སྟེར་ནུས་པ་སུས་ཀྱང་མི་ཤེས་ནའང་། ཁོ་ཚོས་རྩྭ་ཐང་དང་ནོར་ལུག་བསྐྱུར་ནས་རྫོང་ལ་སོང་། དེ་དུས། སྟོད་ཀྱི་བཀྲ་ཤིས་སྔོ་རིང་ཚང་རྫོང་ཐོག་ལ་བུད་སོང་ཟེར་ལ། སྨད་ཀྱི་རབ་བརྟན་ཉ་མགོ་ཚང་ཡང་རྫོང་ཐོག་ལ་བུད་སོང་ཟེར། དེ་དུས། རྫོང་ཐོག་ལ་སོང་བ་ནི་རྩྭ་ཐང་དང་ཁ་བྲལ་བར་གོ་ལ་རྫོང་ཐོག་ནས་གཏན་དུ་བསྡད་པར་ཡང་གོ །
ཡུན་གྱིས་རི་བོའི་ལྟེབ་གཉེར་དུ་ལུས་པའི་རྐང་རྗེས་ལམ་གྱིས་བསུས་ཤིང་ཆུ་བོའི་འགག་འཕྲང་གིས་བཅད་པའི་གོམ་པ་ཟམ་གྱིས་དྲངས་རྗེས། རྫོང་ནི་ས་ཆ་འདིའི་རྫ་ལུང་རི་ལུང་དང་སྟོད་སྨད་བར་གསུམ་དུ་ཁྱབ་པའི་ཁྲག་རྒྱུན་དྲོན་མོ་ལྟར། མི་དག་གི་བསམ་པའི་ཡུལ་དང་འཚོ་བའི་གཞི་རུ་གྱུར། ཡུལ་མི་ཚོས་རང་བྱུང་དང་ས་གཞི་ལ་བཅངས་པའི་གུས་བཀུར་ཟབ་མོའང་རྫོང་ལ་ཕུལ་བ་ནས། རང་གི་ལུས་སྟེང་ནས་མེད་མུག་དང་དབུལ་ཕོངས་ཞེས་པ་རྙེད་ཅིང་། རྫོང་གི་བཀོད་པ་དང་ལྷན་དུ་དུས་ཚོད་ཀྱིས་བསྐྱུར་བའི་སྙིགས་རོ་དེ་དག་རྒྱང་དུ་འདོར་མགོ་བརྩམས། དེ་དུས། ཡུལ་མི་ཚོས་རྩྭ་སའི་ཆེ་ཆུང་དང་ཕྱུགས་ཀྱི་མང་ཉུང་གླེང་། བཟའ་མིའི་ཁ་གྲངས་དང་ཁྱིམ་ཐོའི་ཁྱད་པར་གླེང་། དེ་དུས། སྲིད་ཇུས་ཞེས་པའི་འགྲོ་ཕྱོགས་ཤིག་ཡོད་པ་རྟོགས་ལ། དབུལ་ཐར་ཞེས་པའི་རེ་བ་ཞིག་ཡོད་པའང་ཤེས།
མཐའ་ཡས་པའི་རྩྭ་ཐང་ནི་རྫོང་གི་ཕྲ་རྒྱན་གྱིས་སྤུད་དེ། འོད་ལམ་ལམ་རྒྱང་ལ་སྣང་བ་ནི། བར་སྣང་གི་སྐར་ཚོགས་གཅིག་ཏུ་འདུས་པ་དང་འདྲ། དུས་ཡུན་རིང་མོ་ཞིག་འགོར་རྗེས། གློ་བུར་དུ་འཚར་བའི་བྱིས་པ་དག་བརྙན་འཕྲིན་གྱི་ནང་ལ་འདྲེས་ནས་རྒྱ་སྐད་ཐར་ཐོར་ཐོགས་མེད་དུ་བཤད་ཅིང་། རྒྱང་རིང་གི་གྲོང་ཁྱེར་འགྲིམས་པའི་སློབ་མ་རེ་རེའང་སློབ་མཐར་ཕྱིན་སོང་ཟེར་ནས་ཕྱིར་ལ་ལོག ཡུལ་མི་ཚོས་རིག་གནས་ཤེས་བྱ་སྦྱོང་མཁན་དག་གི་ལུས་ནས་ནོར་ལུག་འཚོ་སྐྱོང་དང་འཚོ་ཚིས་མཁོ་གཉེར་ཙམ་ཡང་མི་ནུས་པའི་གླེན་ཞད་ཅིག་མཐོང་ལ། རྒྱང་དུ་བུད་འགྲོ་སྙམ་པའི་བུ་ཕྲུག་དག་ཀྱང་འགྲོ་ས་ཅི་ཡང་མེད་པར་ཕྱིར་ལོག་སྟེ་ཡོང་སྒོ་ཞན་པའི་གཡོག་ལས་ལ་འབད་པ་དེས་རེ་སྨོན་གྱི་མིག་ཁ་ཐལ་བས་བཅད།
གློག་སྐུད་ཀྱི་དྲ་ཚགས་སུ་རླུང་དམར་གྱི་འུར་སྒྲ་འཚག་པ་ལྟར། རླུང་ཆེན་སྨྱོ་བའི་དགུན་གཞུང་འདི་ལ། ཁོ་ཚོ་རྫོང་ཐོག་ལ་ཡོང་ནས་ལོ་བཅུ་ལྷག་འགོར་ཡོད། ཁོ་ཚོས་ཐག་རིང་བའི་རི་ལུང་ལ་རྒྱང་ལྟ་བྱེད་ཞོར་ཕྱིར་རུ་ནང་ལ་ལོག་ན་སྙམ། ཁོ་ཚོས་རང་གི་བུ་ཕྲུག་ལ་ཅེར་ཏེ། འདི་ཚོས་ཕྱུགས་ཟོག་འཚོ་ཤེས་སམ་སྙམ།
རླུང་ནི་མི་རབས་ནས་མི་རབས་བར་དྲན་རྒྱུ་ཅི་ཡང་མེད་པ་ལྟར། ཕར་ལ་འུར་འུར་གཡུགས། ཚུར་ལ་འུར་འུར་གཡུགས། སྤྲིན་དཀར་གྱི་འགྱུ་བ་རྒོད་པའི་ནམ་མཁའ་ཡང་སྔར་བཞིན་སྔོ་ཐིང་ངེར་ཡོད་ཚད་རུམ་ལ་ལྷུང་ཡོད་པ་ལྟར་ཡུལ་མི་དག་ལ་བལྟས་ཡོད། ཡུལ་མི་དག་རྫོང་ཐོག་ལ་སོང་ནས་ཕྱིར་ཡོང་བར་བལྟས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།