དགེ་རྒན་འདྲ་ལ་གྲོགས་པོ་འདྲ། གྲོགས་པོ་འདྲ་ལ་དགེ་རྒན་འདྲ།

རྩོམ་པ་པོ།:ཆུ་སྤགས་ཚེ་རིང་ཆོས་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-07-04 08:47:38 ཀློག་གྲངས།:
       བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྒན་འགྱན་སངས་རྒྱས་དོན་གྲུབ་མཆོག་གིས་གྲོགས་པོ་ཇི་ལྟ་བུར་བསྟེན་དགོས་པའི་སྐོར་ལ་སྨྲས་པའི་ལྗགས་རྩོམ«གྲོགས་པོ»ཞེས་པ་རུ། འཁོར་བའི་སྐྱེ་བོ་ཞིག་ལ་མཚོན་ན། ཚེ་གང་པོར་གྲོགས་མེད་ཁེར་རྐྱང་དུ་བསྡད་དགོས་བྱུང་ཚེ། ཇི་ལྟར་ཕོ་རྒོད་ཡ་མེད་དང་རིག་རྒོད་འགྲན་མེད་ཅིག་ཡིན་དུ་ཆུག་ཀྱང་། ལྟག་ཆུ་ཆད་པའི་རྫིང་བུ་དང་གཤོག་སྣེ་ཆད་པའི་རྒོད་པོ། དཔུང་ཡ་མེད་པའི་དཔའ་རྟུལ་དུ་འགྱུར་ངེས་པར་མ་ཟད། མི་ཚེའི་སྤྲོ་དགའ་སྐྱིད་གསུམ་གྱི་སྣང་བ་གསལ་མ་གསལ་བ་དེའང་ཡུལ་པོ་ཆིག་རྐྱང་གི་སྡུག་བསྔལ་གྱིས་བཅོམ་ནས་འཇིག་རྟེན་གྱི་དོན་རབ་གྲུབ་ལ་གནོད་བྱེད་པས་ན། སྐྱེ་བ་འདིར་བློས་ཐུབ་ཀྱི་གྲོགས་ཤིག་ལ་འཕྲད་རྒྱུ་དེ་རྒྱུས་མེད་ཡུལ་དུ་བགྲོད་པའི་འགྲོན་པོ་ལམ་སྟོན་ས་མཁན་ལ་འཕྲད་པ་ལྟ་བུ། རྒྱ་མཚོའི་ཕ་མཐའ་འགྲིམ་པའི་ཚོང་དཔོན་མཉན་པའི་རམ་ཟླར་འཕྲད་པ་ལྟ་བུ། འབྱུང་གཞིའི་ལུས་སྟོབས་རྒུད་པའི་ནད་པ་སྨན་པ་མཁས་པར་འཕྲད་པ་ལྟ་བུ། ཟས་གོས་འབྱོར་བས་ཕོངས་པའི་མེད་པོ་དགོས་འདོད་ཀྱི་ནོར་ལ་འཕྲད་པ་ལྟར་ཤིན་ཏུ་ནས་གལ་ཆེ་སྟེ། གྲོགས་བཟང་པོའི་དྲིན་ལ་བརྟེན་ནས་སྐྱེ་བའི་དོན་གྲུབ། མཛད་པའི་མཐའ་བསྐྱངས། གྲགས་པའི་དུང་བུས་པའི་སྐྱེས་བུ་ཆེ་འབྲིང་གི་བྱུང་རབས་ལོ་རྒྱུས་ཀྱི་གདགས་སྲིབ་ན་མིག་གིས་མཐོང་ཞིང་རྣ་བས་ཐོས་སུ་ཡོད་པ་ལྟར་རོ། །ཞེས་གསུངས་པ་བཞིན་མི་ཞིག་གི་མི་ཚེའི་ནང་གྲོགས་པོ་མི་ཉུང་བ་ཞིག་དང་འཕྲད་སྲིད་ལ། བློས་ཐུབ་ཀྱི་གྲོགས་པོ་ནི་མེད་དུ་མི་རུང་བ་ཞིག་ཡིན།
       རྒྱུན་དུ་གྲོགས་པོར་རིགས་གསུམ་ཙམ་དབྱེ་ཆོག་སྟེ། བརྩེ་བ་ལྷད་མེད་ཀྱི་གྲོགས་པོ་དང་ཁེ་ཕན་ལ་བསམ་པའི་གྲོགས་པོ། ཇ་ཆང་གི་གྲོགས་པོ་བཅས་ཡིན། གྲོགས་པོ་འདི་རིགས་གསུམ་པོ་ནི་མི་ཚང་མར་འཕྲད་སྲིད་པས་ང་ཚོས་རང་གི་རྣམ་དཔྱོད་ལ་བརྟེན་ནས་གྲོགས་པོའི་བཟང་ངན་དབྱེ་འབྱེད་བྱ་རྒྱུ་ཤིན་ཏུ་གལ།
       དེ་རིང་སྐབས་སུ་བབ་པ་ཕོ་ལོ་སུམ་ཅུར་སོན་པའི་ཁོ་བོར་བརྩེ་བ་ལྷད་མེད་ཀྱི་གྲོགས་པོ་རེ་གཉིས་ཙམ་ཡོད་པའི་ནང་ནས“དགེ་རྒན་འདྲ་ལ་གྲོགས་པོ་འདྲ། གྲོགས་པོ་འདྲ་ལ་དགེ་རྒན་འདྲ”བའི་གྲོགས་པོ་ཉ་ག་འཚོལ་མཁན་དང་ཁོ་བོའི་དབར་གྱི་ལས་འབྲེལ་ཅུང་ཟད་གླེང་བར་འདོད།
       གྲོགས་ངེད་གཉིས་ཐོག་མར་ངོ་ཤེས་སྐབས་ནི་སློབ་ཆེན་སྐབས་ཡིན་ཞིང་ཁོང་ང་ལས་ལོ་རིམ་གཅིག་གིས་མཐོ་བ་ཡོད་ལ་ཚན་ཁག་དང་ཆེད་ལས་ཀྱང་ཁ་ཁ་ཡིན། འོ་ན་ཚན་ཁག་དང་ཆེད་ལས་མི་འདྲ་ལ་ཕ་ཡུལ་ཡང་གཅིག་བྱང་ནག་ཆུ་འབྲི་རུ་ནས་ཡིན་པ་དང་གཅིག་དབུས་སྟོད་སྟག་རྩེ་ནས་ཡིན་པའི་མི་གཉིས་ཇི་ལྟར་ལས་འབྲེལ་བྱུང་བ་རེད་དམ་ཞེ་ན། དེའང་ང་ཚོའི་སློབ་གྲྭའི་ནང་བོད་སྐད་ཡིག་སྦྱོང་བའི་ཁོར་ཡུག་ཅིག་མེད་པས་གྲོགས་ཉ་ཁ་འཚོལ་མཁན་དང་གྲོགས་ཚེ་རིང་བསྟན་གསར་གཉིས་ཀྱིས་རེ་ཞུ་གྲངས་མེད་ཕུལ་ནས་ཡིད་མཐུན་བོད་སྐད་ཡིག་རྨང་གཞིའི་སྦྱོང་བརྡར་ཚོགས་པ་ཞིག་བཙུགས་པ་ལ་ཚོགས་མི་བསྡུ་བར་ཡོང་སྐབས་སློབ་འབྲིང་ཐོན་པ་ནས་བཟུང་བོད་སྐད་ཡིག་སྦྱོང་བའི་བསྐལ་བ་བྲལ་བའི་ཁོ་བོར་སྐོམ་པ་ཆུ་འདོད་ལྟར་བྱུང་བས་ངོ་རྒྱུགས་ལ་ཐོ་འགོད་བྱས།
       ལས་དང་རྟེན་འབྲེལ་འཛོམས་ནས་ངོ་རྒྱུགས་འཕྲོད་ཅིང་ཚོགས་པ་འདིའི་ཚོགས་མིར་གྱུར་ཅིང་ཉིན་ལྟར་དགོང་མོའི་ཆུ་ཚོད་གཅིག་གི་རིང་བོད་ཡིག་གི་རྨང་གཞིར་འགྱུར་བའི་བརྡ་སྤྲོད་སློབ་ཚན་ཉན་པར་འགྲོ་དགོས་ཤིང་སློབ་ཁྲིད་གནང་མཁན་ནི་གྲོགས་ཁོང་གཉིས་ཡིན་སྟབས་ངེད་གཉིས་དབར་ཐོག་མར་དགེ་སློབ་ཀྱི་འབྲེལ་བ་ཞིག་ཆགས།
       གཅིག་མཐུན་གྱི་དགའ་ཕྱོགས་ཤིག་ཡོད་པའི་ཐོག་སྒམ་ཞིང་བརླིང་བའི་གྲོགས་ཁོང་ལ་བློ་གཅིག་སེམས་གཅིག་གིས་བོད་སྐད་ཡིག་ལ་མུ་མཐུད་ནས་སྦྱང་པ་བྱ་འདོད་པའི་སློབ་མ་ང་ལྟ་བུ་འཕྲད་པ་ནི་རྟེན་འབྲེལ་རང་འགྲིག་ཅིག་ཡིན་གཤིས། ཉིན་ཞག་ཟླ་ལ་མཐུད། ཟླ་བ་ལོ་ལ་མཐུད་པའི་ལོ་ཟླའི་ནང་ཨ་གསར་རྟ་ལས་མགྱོགས་པ་དང་མཇུག་མ་ལུག་ལས་ཐུང་བའི་དཔེར་མི་འགྲོ་བར་ཕན་ཚུན་སེམས་ཇེ་མཐུན་དང་ཤ་ཇེ་ཚར་གྱུར།
       རིམ་བཞིན་གྲོགས་ཁོང་ནི་ཁོ་བོའི་མ་ཤེས་ཤེས་བྱ་བློ་འདྲི་སའི་དགེ་རྒན་ཞིག་དང་མ་གསང་སྙིང་གཏམ་ཤོད་སའི་གྲོགས་པོ་བློས་ཐུབ་ཅིག་ལ་གྱུར་ནས་ཁོ་བོ་བོད་ཀྱི་རིག་གནས་ལ་ཐོས་བསམ་བྱེད་པའི་ལམ་བུའི་ཐོག་དགེ་རྒན་ངོ་སྤྲོད་བྱེད་པ་སོགས་མཐུན་རྐྱེན་མི་ཉུང་བ་ཞིག་བསྐྲུན།
       རིམ་བཞིན་གྲོགས་ངེད་གཉིས་ལ་མ་གྲོས་གཅིག་མཐུན་དུ་སློབ་ཆེན་མཐར་ཕྱིན་རྗེས་བོད་སྐད་ཡིག་སློབ་འཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་བྱ་རྒྱུའི་འདུན་པ་ཞིག་སྐྱེས། གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་ཞེས་པ་ལྟར་ངེད་གཉིས་ཀྱི་བསམ་ཐོག་ལ་རྟ་རྒྱུག་པ་ལྟར་སློབ་ཆེན་མཐར་ཕྱིན་རྗེས་དགེ་རྒན་གྱི་ལས་གནས་ལ་རྒྱུགས་སྤྲོད་པའི་བསྐལ་བ་ལྡན།
       ཕྱིས་སུ་ཁོ་བོ་ཆབ་མདོའི་སྨར་ཁམས་རྗོང་དུ་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་གཞོལ་བ་དང་གྲོགས་ཁོང་ཆབ་མདོའི་སྟེང་ཆེན་རྫོང་དུ་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་གཞོལ་བཞིན་མཆིས། ༢༠༢༡ལོར་གྲོགས་ཁོང་བྱང་ནག་ཆུ་ཁ་རུ་ལས་བསྒྱུར་གནང་། ལས་ཞུགས་ཐུབ་ནས་ལས་གནས་སུ་བསླེབས་རྗེས་ཡུལ་དུས་གཉིས་ཀྱི་བསྐལ་བས་ཆོད་པས་སྔོན་མ་ལྟར་རྟག་ཏུ་གཤིབ་པའི་དུས་ཚོད་ནི་ཤིན་ཏུ་དཀོན།
       ང་ཚོའི་མི་ཚེའི་ཁྲོད་དེ་སྔ་ཧ་ཅང་བློས་ཐུབ་ཀྱི་གྲོགས་པོ་མི་ཉུང་བ་ཞིག་རང་རང་གི་དགའ་ཕྱོགས་མི་གཅིག་པ་དང་ཡུལ་དུས་ཀྱི་བསྐལ་བས་ཆོད་རྗེས་རིམ་བཞིན་རིམ་བཞིན་འབྲེལ་འདྲིས་མེད་པར་གྱུར་དང་འགྱུར་བཞིན་པ་ནི་ཧ་ཅང་མང་ལ། ཁོ་བོའི་དེ་སྔའི་གྲོགས་པོ་མི་ཉུང་བ་ཞིག་ཀྱང་ཡུལ་དུས་ཀྱི་བསྐལ་བས་ཆོད་པས་འགའ་ཤས་འབྲེལ་བ་ཆད་ཟིན་པའམ་འགའ་ཤས་བར་ཐག་ཇེ་རིང་དུ་འགྲོ་བཞིན་པ་རང་སེམས་ཀྱིས་ཚོར་ཐུབ།
       འོན་ཀྱང་གྲོགས་ངེད་གཉིས་ཕྱིའི་ལུས་པོ་ཡུལ་དུས་ཀྱི་བསྐལ་བས་ཆོད་ཀྱང་ཕན་ཚུན་གྱི་བརྩེ་བ་རྡོ་རྗེ་བཞིན་གནས་ཐོག འཚོ་བའི་ཁྲོད་དཀའ་ངལ་སེལ་རོགས་དང་དགའ་སྐྱོའི་སྙིང་གཏམ་ཤོད་རོགས་སུ་གྱུར་ཡོད་པས། གསང་བ་ཞེས་པའི་ཡིག་འབྲུ་གཉིས་ངེད་གཉིས་དབར་མེད། དགའ་ཕྱོགས་གཅིག་ཏུ་སོང་བས་དུས་རྒྱུན་ཁ་པར་རྒྱག་པའམ་འཕྲིན་ཕྲན་གྱི་ཐོག་ནས་མཚམས་རེར་སློབ་མ་སྐྱོང་ཚུལ། མཚམས་རེར་ཁྱིམ་ཚང་སྐྱོང་ཚུལ། མཚམས་རེར་རིག་གནས་ཀྱི་སྐོར། མཚམས་རེར་རྩོམ་འབྲི་བྱ་ཚུལ་སོགས་ལ་ཆུ་ཚོད་གཉིས་གསུམ་ཙམ་གླེང་མོལ་བྱེད་ལ། མཚམས་རེར་མཚན་མོའི་ཆུ་ཚོད་གཉིས་པ་གསུམ་པ་ཙམ་ཡང་གླེང་མོལ་བྱས་ནས་འདུག་གི་ཡོད།
གྲོགས་པོ་ཞིག་ལ་བསྟེན་སྐབས་ཐོག་མར་ངས་མི་འདི་གྲོགས་སུ་བསྟེན་ན་ང་ལ་ཁེ་ཕན་གང་ཡོད་མེད་ལ་བསམ་བློ་གཏོང་བའི་དེང་གི་སྙིགས་མའི་དུས་ཚོད་ཐབས་སྐྱོ་པོ་འདིར་ཁོ་བོ་དང་འགྲོགས་ན་ཁེ་ཕན་ཅི་ཡང་ཐོབ་མི་སྲིད་པ་ཤེས་བཞིན་དུ་སྔར་སོང་གི་བརྩེ་བ་ལ་ལྷད་མེད་པར་རང་འགུལ་ཆེན་པོས་ཁོ་བོའི་འཚོ་བ་དང་ལས་དོན་སོགས་ལ་ཐུགས་ཁུར་དང་སེམས་ཁྲལ་གནང་ཐོག ཁ་པར་དང་འཕྲིན་ཕྲན་གྱི་ཐོག་ནས་མ་ཆད་འབྲེལ་བ་གནང་མཁན་གྱི་གྲོགས་ཀྱི་དྭངས་མ་ཁྱེད་འདྲ་བཀོད་པ་ནི་ཚེ་འདིའི་བསོད་ནམས་ཆེན་པོ་ཞིག་ཏུ་ཁོ་བོས་སེམས་བཞིན་ཡོད།
       སླར་སྨྲས་པ། 
ཁོ་བོའི་མ་ལུས་སྐྱོན་ལ་བཟོད་སྒོམ་ནས། །
ཕྱི་ཐག་རིང་པོས་ལྷད་མེད་བརྩེ་བ་བཅངས། །
བཟའ་བཏུང་བཞིན་དུ་བསྟེན་པའི་གྲོགས་ཀྱི་མཆོག །
ཉ་ག་འཚོལ་མཁན་ཞེས་སུ་འབོད་པ་ཁྱེད། །
༢༠༢༣ལོའི་ཟླ༧པའི་ཚེས༡ཉིན་སློབ་གྲྭའི་ལྕགས་ཤོག་ཁང་པའི་ཉལ་ཁང་དུ་རྫོགས་པར་བྲིས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།