སོག་ཆུའི་རྒྱུད་ཀྱི་རྟ་མཆོག་གླེང་བ།
རྩོམ་པ་པོ།:ཏཱ་དབེན་ཤེར་དབང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-05 09:46:42
ཀློག་གྲངས།:
འབྲོག་ཕྱི་སྟོང་སུམ་རྟ་ཡི་ཡུལ། བྱང་ཀ་སྣ་བརྒྱད་འབྲོང་གཡག་ས།
____སོག་ཆུའི་རྒྱུད་ཀྱི་རྟ་མཆོག་གླེང་བ།
ཏཱ་དབེན་ཤེར་དབང་།
-༡-
སོག་ཆུ། སོག་ཆུ་ནི་བོད་ཀྱི་ཆུ་ཆེན་བཞི་ཡི་ཡ་གྱལ། ལྷོ་རྒྱལ་མོ་རྔུལ་ཆུའམ་རྒྱལ་མོ་རྔུལ་ཆུའི་ཆུ་ཕུགས་གཙོ་གྲས་ཤིག་གོ །སོག་ཆུ་ཞེས་ཇི་ལྟར་ཐོགས་མིན་གསལ་པོ་མ་ངེས་ཀྱང་ཆུ་བོའི་མགོ་ཁུངས་སོག་གི་བརྟན་མ་བཅུ་གཉིས་ཀྱི་རི་སུལ་ཁག་ལ་བསྔས་པས་མིན་ནམ། གང་ལྟར་བོད་ཀྱི་ཡིག་ཚང་རྙིང་པ་ཁག་ཅིག་ཏུ་ཐ་སྙད་འདི་གསལ་པོར་འཁོད་པས་ཅུང་སྔ་བ་འདྲ། སྔོ་ཞིང་དྭངས་བའི་ནམ་མཁའ་དང་ཕལ་ཆེར་ཅོ་འདྲི་བྱེད་ལ་ཉེ་བའི་དབྱར་གྱི་སྒེག་མོའི་ལང་ཚོ་རེ་ཞིག་ཡོལ་ནས། བཙོ་མ་གསེར་གྱི་རང་མདངས་འཕྲོ་ལ་ཁད་བྱེད་པའི་སྟོན་དུས་ཤིག་ལ། ཕྲན་གུས་པ་དང་ཡུལ་གྲོགས་ཁ་ཅིག་སོག་ཆུའི་མགོ་བོ་གང་ལ་བསྔས་པའི་བར་དུ་ངོ་མཚར་བའི་རི་ཆུ་མཚོ་གསུམ་གྱི་བཀོད་པ་དང་གཏམ་རྒྱུད་འཚོལ་སྙེག་ཏུ་སོང་བས། ཆུ་འདིའི་སྟོད་རྒྱུད་ལ་རྔུལ་ཆུ་ཞེས་འབོད་པ་ད་ལྟའང་དེ་བཞིན་གྲགས་པ་ཚོར། དེ་ཡང་ད་ལྟའི་གཉན་རོང་རྫོང་ཁོངས་སུ་གནས་པའི་སོག་སྡེ་བོན་དགོན་གྱི་མདུན་ཐད་འགག་རོང་རྒྱུད་དེ་འབབ་སྐབས། ཆུ་འདིའི་མིང་ལ་རྔུལ་ཆུ་ཞེས་དང་དགོན་གྱི་མཚན་ལ་ཏིང་རྔུལ་དགོན། འགག་རོང་ལ་ཏིང་རྔུལ་འགག་ཅེས་བརྗོད་ཀྱིན་འདུག །སོག་གི་བརྟན་མ་བཅུ་གཉིས་ཀྱི་རི་སུལ་ནས་བབས་པའི་ཆུ་ཕྲན་ཀུན་འདུས་ཏེ། སོག་སྡེའི་གཞུང་རྒྱུད་ནས་སྦྲ་ཆེན་རྫོང་ཁོངས་སུ་སྦྲ་ཆེན་ཤང་དང་ཨར་ཤོག་ཤང་། རྫ་སྲིབ་གྲོང་བརྡལ་བཅས་དང་། སོག་རྫོང་གི་སོག་ལ་སྐྱ་བོའི་འདབས་རོལ་ནས་གཡུ་འབྲུག་ཚང་ལས་ལྡང་འདྲའི་དལ་བུར་སྐྱོད་ཀྱིན་ཡོད། མིག་སྔར་སོག་ཆུ་ཞེས་ཐ་སྙད་ཆེས་ཆེར་གདགས་གཞི་རུ་གྱུར་པ་ཡང་དེ་ཙམ་སྟེ། ནག་སོག་སུམ་མདོར་ནག་ཆུ་དང་འདྲེས་རྗེས་འདྲེས་མཚམས་དེའི་མན་ཆད་ལ་རྒྱལ་མོ་རྔུལ་ཆུ་ཞེས་འབོད་པ་ལས་སོག་ཆུ་ཞེས་པའི་ཐ་སྙད་མེད། དེས་ན་འདིར་སོག་ཆུའི་རྒྱུད་ཀྱི་རྟ་མཆོག་ཅེས་གང་གླེང་བར་བྱ་བའི་ཅང་ཤེས་རྟ་ཡང་། སོག་ཆུ་ཞེས་གང་ལ་གདགས་པའི་བར་གྱི་ཡུལ་ལུང་དེ་དག་ལ་གོ་དགོས།
-༢-
དམ་པ་དགེ་ཆོས་ཀྱིས་བཅོས་བསྒྱུར་མཁན་པོའི་པིར་རྩེ་མ་རེག་པའི་བྱེ་མའི་གསེབ་ཀྱི་ཡིག་རྒན་ཞེས་བསྔགས་པ་གནང་བའི་ཏུན་ཧོང་གཏེར་ཡིག་ལས། “གནམ་གྱྀ་ནི་དབུས། ས་ཡི་ནྀ་དཀྱིལ། གླྀང་གི་ནྀ་སྙིང་པོ། གངས་ཀྱྀ་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རྀ་མཐོ་ས་གཙང་། ཡུལ་བཟང་། མྱི་མཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའྀ་གནས”ཞེས་རི་མཐོ་ལ་ས་གཙང་བ་དང་ཆུ་བོ་ཀུན་གྱི་འབྱུང་ཁུངས་སུ་གྲགས་པའི་མདོ་དབུས་མཐོ་སྒང་ནི། མི་མཛངས་ཤིང་རྟ་མགྱོགས་སུ་འཕེལ་བའི་ཡུལ་གྲུ་རུ་བཤད་ཅིང་། རྒྱའི་ཡིག་ཚང་རྙིང་པ་ཁག་ཅིག་ཏུའང་གདོང་དམར་བོད་པ་རྣམས་ནི། འབངས་མི་མཐའ་དག་ཁྱད་མེད་སྦྲ་གུར་དུ་འདུག་ལ་ནོར་ལུག་འཚོ་སྐྱོང་བྱེད། ཞོ་འོ་མ་དང་མར་ཕྱུར་སོགས་ཁ་ཟས་གཙང་མར་བརྩི་ཞིང་། ནོར་གནག་དང་ར་ལུག་གི་ཤ་ཟ་ཡང་། རྟ་ཡི་ཤ་མི་མཆོད་པ་དང་རྟ་ཤི་བའི་མགོ་རུས་བདག་ཉར་བགྱིས་ནས། བང་སོའི་སྟེང་དུ་དུར་རྫས་བཀོལ་བ་སོགས་རྟ་ལ་གཙིགས་སུ་འཛིན་ཚུལ་དང་། ཡང་རྒྱ་བོད་གཉིས་གཡུལ་འགྱེད་ལ་བརྩོན་སྐབས། བོད་ཀྱི་རྟ་རྣམས་ཆུ་བོ་དང་ཆུ་ཕྲན། འཁྱགས་རོམ་ཅི་ཞིག་ལ་འཕྲད་ན་འཇིགས་པ་མེད་པར་མདུན་སྐྱོད་ལ་ཐོགས་རྡུག་མེད་ཀྱང་། རྒྱའི་རྟ་རྣམས་སར་འགྱེལ་ཏེ་སྐྱོད་མི་ཐུབ་པར་གྱུར་པས། ཕྱོགས་གཉིས་ཀྱི་དམག་གི་རྒྱལ་ཕམ་ཡང་ཅང་ཤེས་རྟ་ཡིས་འབྱེད་པ་ལྟར། རྒྱ་རྣམས་དམག་ལན་གྲངས་ཕམ་ཚུལ་སོགས། བོད་ཀྱི་རྟ་ཡི་སྙིང་སྟོབས་དང་རྩལ་ལ་བསྟོད་པའི་ཡིག་ཚོགས་ཇི་སྙེད་ཅིག་མཆིས། བོད་མི་རྣམས་ཀྱིས་ཀྱང་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་གང་ཞིག་སྒྲུབ་ཚེ། ནོར་བུ་ཆ་བདུན་ཁུར་པའི་རྟ་མཆོག་ཅིག་དཀྱིལ་སྙིང་བྱས་ཏེ། ཉི་ཟླ་གཟའ་སྐར་དང་ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་གིས་སྲུང་བའི་རླུང་རྟ་དགུང་དུ་སྤུར་ནས། ལས་རླུང་དང་ཁ་རྗེ་དབང་ཐང་མཐོ་བར་བསམ་བཞིན་ཡོད་ལ་ཀི་འབོད་བྱེད་ཀྱིན་ཡོད།
-༣-
ཆུ་བུར་མིག་དང་དར་ལུང་རྣ་སོགས་དབང་པོ་སྒོ་ལྔའི་སྤྱོད་ཡུལ་དུ་མ་གྱུར་ཚེ། རྗེས་དཔག་རིག་པའི་ལམ་ནས་གཞལ་དགོས་པའི་ལྐོག་གྱུར་གྱི་རིགས་དང་། ལྷག་དོན་དུ་ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ཡེ་ནས་སྒྲོགས་ས་མེད་པའི་དེང་དུས་ཚན་རིག་སྨྲ་བ་རྣམས་ཀྱི་བརྟགས་དོན་ལྟར་ན། རྟ་ཡི་རིགས་ནི་འགྲོ་བ་མིའི་རིགས་དང་འདྲ་བར་རྒྱ་མཚོའི་གླིང་གི་ཕྲ་ཕུང་ལས་ག་ལེར་འཕེལ་འགྱུར་བྱུང་བ་དང་། དེ་ཡང་ཐོག་མར་སྒལ་ཚིགས་ཅན་གྱི་ཉ་རིགས་ལས་རིམ་གྱིས་འཕེལ་བར་བཤད་ཅིང་། སྲིད་པ་རྒན་པོའི་སྔར་གཏམ་ལའང་རྟ་ནི་ནམ་མཁའི་དབྱིངས་སུ་ཅི་གར་ལོངས་སྤྱོད་པའི་ཐང་དཀར་རྒོད་དང་། རླན་གཤེར་ཆུ་ལ་འཚོ་ཞིང་གནས་པའི་གསེར་མིག་ཉ་མོ་གཉིས་འཚོས་ཏེ་སྡེབས་པ་ལས་བྱུང་བར་བརྗོད། འདིའི་སྐོར་གཏམ་རྒྱུད་ཉོག་ལ་རིང་བ་དང་མཚར་ལ་འཛིང་བ་མང་པོ་ཞིག་གུས་པའི་ཨ་མྱེ་དང་ཨ་ཕ་སོགས་ཀྱི་ངག་ལས་ཡང་ཡང་ཐོས་ཤིང་། ཉི་ཟླ་ཚེ་དབང་དང་བཀྲ་ཤིས་འོད་ཟེར་རྣམ་པ་གཉིས་ཀྱིས་རྩོམ་སྒྲིག་གནང་བའི«བྱང་ཐང་ནག་ཆུའི་རྟ་རྒྱུག»ཅེས། བླ་དྭགས་སུ་གསོལ་བའི་རྟ་ཡི་གཏམ་རྒྱུད་དང་འདུལ་སྦྱོང་བྱེད་ཐབས་ནི་དམངས་ཁྲོད་ངག་རྒྱུན་གཞིར་བཞག་གིས་བསྒྲིགས་གནང་ཡོད། རང་རེ་སྒང་པ་བོད་པའི་དམངས་ཁྲོད་ངག་རྒྱུན་ཡན་ཆོད་རྟ་ཡི་སྐོར། བསམ་ཡུལ་ལས་འདས་པའི་གཏམ་རྒྱུད་དང་། དངོས་དོན་དང་ཉེ་བའི་ལོ་རྒྱུས། ཡང་ན་བཙའ་སྐྱོང་དང་འདུལ་སྦྱོང་བྱེད་ཐབས་སོགས་རྟ་རྣམས་ལེགས་ཉེས་འབྱེད་སྟངས་ཚུན་ཆད། ངག་ཐོག་ནས་རྒྱུད་འཛིན་བྱས་པའི་བསྟན་བཅོས་རིང་པོ་ཞིག་བདོག་པ་མ་ཟད། «ཅོག་རོ་བུ་མོའི་རྟ་བཤད»སོགས་རླུང་ལྟར་གྲགས་པའི་ཡིག་ཐོག་བསྟན་བཅོས་ཀྱང་རེ་འགའ་ཙམ་མ་ཡིན་ཏེ། དགའ་ཐང་འབུམ་པའི་གནའ་དཔེ་ལས«གནག་རབས»ཐོན་པ་ཇི་བཞིན། ཏུན་ཧོང་གཏེར་ཡིག་ཏུ་རྟ་ཡི་བྱུང་བ་བརྗོད་པ«རྟ་རྐྱང་དབྱེ་བའི་རབས»དང་། རྟ་ཡི་སྤུ་ཁ་དང་ཡག་ཉེས་བརྟག་ཐབས་གཙོ་བོར་བསྟན་པ«རྟ་དཔྱད»སོགས་ཤིན་ཏུ་མང་ཞིང་། «རྟ་རྐྱང་དབྱེ་བའི་རབས»ནི«ཅོག་རོ་བུ་མོའི་རྟ་བཤད»དང་དམངས་ཁྲོད་ངག་རྒྱུན་གྱི་རྟ་བཤད་དག་ལས་ཀྱང་འཐུས་སྒོ་ཚང་བ་དང་ཡིད་རྟོན་ཕེར་ངེས་ཡོད།
-༤-
སྤྱིར«ཅོག་རོ་བུ་མོའི་རྟ་བཤད»ནི་སྔོན་ཞང་ཞུང་ཡུལ་དུ་ཅོག་རོ་བུ་མོ་ལྷ་བུ་སྨན་གྱིས་བཤད་པར་གྲགས་ཤིང་། ཅོག་རོའི་ཁྱིམ་རྒྱུད་ཀྱིས་ཞང་ཞུང་ཡུལ་དུ་ཞང་ཞུང་གི་རྗེ་བོའི་ཞབས་ཕྱི་སྒྲུབ་པ་དང་། བོད་ཀྱི་ཡུལ་དུ་བོད་རྒྱལ་གྱི་སྐུ་ཡི་གཤེན་པོ་དང་མདུན་ན་འདོན་གྱི་གོ་ས་བཞེས་མྱོང་། ཕྱིས་སུ་གནམ་སྡེ་འོད་སྲུང་དང་མངའ་བདག་དཔལ་འཁོར་བཙན་གཙོས་པའི། བཙན་པོའི་མི་རྒྱུད་ཀྱིས་སྟོད་མངའ་རིས་ཞང་ཞུང་ཡུལ་ནས་ཅོག་བཟའ་མང་པོ་བསྟུད་མར་ཁབ་ཏུ་བཞེས་པའི་ལོ་རྒྱུས་མཐོང་བ་མ་ཟད། དཔལ་མི་འགྱུར་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས། གྱང་སྡེབས་ཀྱི་རྗེ་བཙུན་སྒྲོལ་མ་ཡང་ཅོག་རོ་བཟའ་ཞིག་ལ་དཔེ་བྱས་སྐད། དེ་ཡང་བོད་ཁམས་སུ་འཇོ་སྒེག་ལང་ཚོ་རྫོགས་པའི་མཛེས་མ་ཡོད་དོ་ཅོག་བསྡུས་པ་ལས། མཛེས་མའི་ཡང་རྩེ་ཅོག་རོ་བུ་མོ་བྱུང་བས་དེ་ལ་དཔེ་བྱས་ཤིང་། རྒྱལ་བློན་བཙུན་གསུམ་གྱི་ཆིབས་རྟ་དང་དམག་གི་དམག་རྟ། དམག་དཔོན་གྱི་རྔམ་རྟ་སོགས་ཀྱང་ཅོག་རོ་བུ་མོས་བདམ་གསེས་བྱས་པར་གྲགས་པས། འཇིག་རྟེན་གྲགས་ཚོད་ལྟར་དུ«ཅོག་རོ་བུ་མོའི་རྟ་བཤད»ལ་ཡིད་དབང་འཕྲོག་པའི་འགུག་ཤུགས་ལྡན་པ་གདོན་མི་ཟའོ། །རྟ་བཤད་འདི་ཡི་དབང་དུ་བྱས་ན་རྟ་ཡི་ཕ་ནི་རྒོད་དང་མ་ནི་སྤྲེལ་ཡིན། རང་རེའི་མགོ་ནག་མི་རྣམས་ཀྱང་སྤྲེལ་རྒྱུད་དུ་བཤད་པ་བན་བོན་རིག་གཞུང་གང་དུའང་ཁས་ལེན་མེད་པའི་ནལ་བུ་ཞིག་གི་ངང་ཚུལ་དུ་ལྷག་འདུག་མོད། བོད་པ་རང་དུ་གནའ་དུས་ནས་བྱུང་བའི་མེས་པོ་འཚོལ་ཞིབ་ཀྱི་གཏམ་རྒྱུད་དུ་སྣང་བས། རང་ཅག་རང་མགོ་གཉོག་པ་ལ་བག་མི་ཚ་ནའང་གཏམ་རྒྱུད་འདི་དག་གཏམ་རྒྱུད་ཙམ་དུ་སེམས་པར་མི་བྱ་སྟེ། སྐྱེ་དངོས་ཚན་རིག་གི་ཡབ་ཆེན་དུ་གྲགས་པའི་མཁས་པ་ཏཱར་ཝུན་སོགས་ཀྱིས་ཀྱང་སྤྲ་སྤྲེལ་ནི་འུ་ཅག་གི་ཡབ་མེས་སུ་བསྙད་པ་ཀུན་གྱིས་མཁྱེན་གསལ་ལོ། །
-༥-
དེ་བཞིན། རང་རེ་ནི་ཡེ་གདོད་མ་ནས་བྱ་བ་གང་ལའང་བསམ་གཞིག་བྱེད་རྒྱུ་དགའ་བའི་མི་རིགས་ཤིག་ཡིན་པ། དམ་པ་དགེ་ཆོས་ཀྱིས་རྒྱལ་ཁམས་རིག་པས་བསྐོར་བའི«གཏམ་རྒྱུད་གསེར་གྱི་ཐང་མ»རུ་གསུང་འདུག་པ་ལྟར། སྔོན་གྱི་མེས་པོས་སྐྲུན་པའི་རིག་པའི་གནས་གང་ཐད་ནས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་ཙམ་ཡོད་འདུག་ཅིང་། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི«རྟ་རྐྱང་དབྱེ་བའི་རབས»ནི་གང་གི་རྟ་རབས་དག་ལས་ཀྱང་ངོ་མཚར་བར་མཐོང་། རྟ་རབས་འདིར་འཁོད་པའི་གཏམ་རྒྱུད་དག་ནི་སྤྱིར་བཏང་གི་གཏམ་རྒྱུད་ཙམ་མ་ཡིན་པར། འདྲ་འདྲ་འགྲིག་འགྲིག་གི་རྣམ་པ་མང་དུ་མཆིས་པས། ལོ་རྒྱུས་དངོས་འདི་ལྟ་བུ་ཡིན་ཨང་སྙམ་པ་བྱེད་པའི་ཆོ་འཕྲུལ་ཡང་མང་དུ་བསྟན་བཞིན་འདུག །གནམ་ལ་བླ་ལྷག་ཏུ་དད་པའམ་མོས་པའི་གདོད་མའི་བོན་གྱི་མེས་པོས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་གནམ་དང་མ་སྦྱར་བ་མེད་པས། འགྲོ་བ་མིའི་རིགས་ཡོད་དོ་ཅོག་དང་སྒོས་སུ་བོད་རྒྱལ་གཉའ་ཁྲི་བཙན་པོ་སོགས་རྗེ་བློན་གཤེན་གསུམ་གྱི་བྱུང་རབས་བརྗོད་སྐབས། གནམ་ལྷ་བབ་ཏུ་སྨྲ་བ་མ་བརྗེད་མ་བོར་པར་ཡོད་པ་བཞིན། དགུང་མ་དགུང་གི་ཡང་སྟེང་དུ་ཡབ་ཁར་རྟ་ཡལ་བ་དང་ཡུམ་གསང་རྟ་ཕྱོད་པ་གཉིས་ལས་སྲས་རྟ་ཟ་ལུང་བྲང་བལྟམས་པ་དང་། “ཁ་ཡངས་ཀྱི་རན་མ་མཆིས། མགྲིན་ཡངས་ཀྱི་ཆབ་མ་མཆིས་ཏེ། རྟ་བབས་ནི་གནམ་ནས་བབ། རྨང་བབ་ནི་དགུང་ནས་བབ་ཏེ། བབ་གང་དུ་བབ་ན་ཡུལ་ལྷ་གུང་དང་གྱི་ནང་དུ་བབ་ཏེ། དཀོལ་སུའི་དཀོལ་ན་ལྷ་ཟ་གུང་ཚུན་གྱི་དཀོལ”ཞེས། རྟ་ཟ་ལུང་བྲང་དེ་ཉིད་ཀྱང་གནམ་གྱི་དམུ་སྐས་ལ་རྒྱུས་ཏེ་ལྷ་ཡུལ་གུང་ཐང་དུ་ལྷ་ཟ་གུང་བཙུན་གྱི་བཀོལ་དུ་བབ་ཚུལ་བཤད་ཡོད། འདི་ནི་རྟ་རིགས་ཀུན་གྱི་མེས་པོ་ཡིན།
-༦-
“རྟ་ལ་ལོག་པ་ཆེ། རྨང་ལ་མཁྲིས་པ་ཆེ”ཞེས་པ་ལྟར། རྟ་ཟ་ལུང་བྲང་ལྷ་ཡུལ་གུང་ཐང་དུ་ལྷ་ཟ་གུང་བཙུན་གྱིས་བདག་ཏུ་མ་ཟིན་པས། ཡུལ་གཞན་ཞིག་ཏུ་གཤེགས་ཤིང་ཡུལ་དེར་རྟེའུ་གསུམ་འགྲོས་པ་ནི། ཆེ་བ་ཡིད་ཀྱི་གདང་ཕྱམ་དང་དེ་འོག་རྐྱང་རོང་རྔོག་བཀྲ། ཐ་ཆུང་ཁུག་རོན་རྨང་དར་གསུམ་ཡིན། ཆེ་བ་ཡིད་ཀྱི་གདང་ཕྱམ་བྱང་ཁ་སྣ་བརྒྱད་ཡུལ་དུ་སོང་བ་དང་འབྲིང་བ་རྐྱང་རོང་རྔོག་བཀྲ་ཡུལ་ཕྱི་འབྲོག་བརྒྱད་གོང་དུ་སོང་ཞིང་། ཆུང་བ་ཁུག་རོན་རྨང་དར་འབྲོག་ཕྱི་སྟོང་སུམ་དུ་གནས་བཅས། ཡུལ་ལུང་འདི་དག་རེ་རེ་ནས་ངོས་ཟིན་པར་དཀའ་ཡང་བྱང་ཁ་སྣ་བརྒྱད་ཅེས་པ་ཕལ་ཆེར་དེང་དུས་ནག་ཆུའི་བྱང་རྒྱུད་ལ་གོ་དགོས་འདུག་ཅིང་། འབྲོག་ཕྱི་སྟོང་སུམ་ནི་བོད་ཀྱི་རུས་ཆེན་སྡེ་བཞིའི་ཡ་གྱལ། ཨ་ལྕགས་འགྲུ་ཡི་ཡུལ་གྲུ་ལ་འཇུག་སྟེ། བོད་ཀྱི་ཡིག་ཆ་རྙིང་པ་ཁག་ཏུ་ཨ་ལྕགས་འགྲུ་ཡི་རུས་རྒྱུད་ལ་སྐབས་རེར་སྟོང་ཞེས་བྲིས་ཡོད་ལ། འགྲུ་རིགས་སམ་སྟོང་གིས་བཟུང་བའི་རྒྱལ་ཁམས་ལ་སྟོང་སུམ་པ་ཞེས་འབོད་པ་ཡིན། དེར་བརྟེན། གོང་གི་རྟ་རིགས་གསུམ་ལས་ཆུང་ཤོས་ཁུག་རོན་རྨང་དར་གནས་སའི་ཡུལ་ནི་སུམ་པའི་ས་ཆ་ཡིན་པ་གསལ་པོར་རྟོགས་ཐུབ་ཅིང་། དབུ་ནག་མི་དང་འདོ་རིགས་རྟ་གཉིས་ཆེས་ཐོག་མར་འབྲེལ་བ་ཡང་ཁུག་རོན་རྨང་དར་འདི་ཀོ་སྟེ། «རྟ་རྐྱང་དབྱེ་བའི་རབས»ལས། “འབྲོག་ཕྱི་སྟོང་སུམ་རྟ་ཡི་ཡུལ། བྱང་ཀ་སྣ་བརྒྱད་འབྲོང་གཡག་ས”ཞེས། བྱང་ཀ་སྣ་བརྒྱད་ནི་འབྲོང་གཡག་གི་ཕ་ས་ཡིན་པས་འདོ་རིགས་རྟ་ཡི་གཅེན་པོ། ཡིད་ཀྱི་གདང་ཕྱམ་ཡུལ་བྱང་ཀ་སྣ་བརྒྱད་དུ་ཆས་ཀྱང་། ས་མཐོའི་ཁེར་རྐྱང་གི་དཔའ་བོ་འབྲོང་གཡག་རྒོད་པོས་འདུག་སོས་བདེ་པོ་རུ་མ་བཞག་པས། མཐར་གྱོད་ཀྱི་གཞི་བྱུང་སྟེ་འཐབ་མོ་བཀྱེས་པར་རྨིག་པ་ཅན་གྱི་གཅེན་པོའི་ཚེ་སྲོག་ཀྱང་ཤོར་བར་བརྟེན། ཁུག་རོན་རྨང་དར་མི་ཡུལ་སྐྱིད་མཐིང་དུ་མི་ཡི་རྗེ་བོ་རྨ་བུ་ལྡམ་ཤན་གམ་དུ་མཆིས་ཏེ། གཅེན་པོའི་དགྲ་ཤ་ལེན་པའི་རེ་བའི་འདུན་པ་ཆེ་ཚུལ་ཞུས་ཤིང་། བརྒྱ་ལ་དེ་ལྟར་བྱུང་ཚེ་འདོ་རིགས་རྟ་རྣམས་འགྲོ་བ་མིའི་རིགས་ཀྱི་ཞོན་པ་བྱེད་ནས། ཚེ་ཚེ་རབས་རབས་ཞབས་ཞུ་བསྒྲུབ་རྒྱུའི་དམ་བཅའ་བཞག་ཚུལ་སོགས་གཏམ་རྒྱུད་ངོ་མཚར་མང་དུ་བདོག །
-༧-
ཉེ་ལམ་ཟླུམ་གཟུགས་གོ་ལའི་ཁྱོན་ཡོངས་སུ་འགྲོ་བ་མིའི་རིགས་དུང་ཕྱུར་བརྒྱད་ཅུ་ཟིན་པའི་གསར་འགྱུར་ཞིག་སྤེལ་འདུག་ཅིང་། དེ་འདྲའི་གྲངས་འབོར་མང་བའི་མིའི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་ནི་རིགས་གསུམ་དུ་ངེས་ཏེ། འབྲོག་དང་སོ་ནམ། གྲོང་ཁྱེར་གསུམ་མོ། །དེ་ལས་ཀྱང་ཆེས་གདོད་མའི་དུས་སུ་སྔ་མ་གཉིས་རང་སྟེ། རི་མགོའི་རྐྱང་འབྲོང་ཤ་རྒོ་ཚུན་ཆོད་རི་ནས་བདའ་བ་དང་གཡུང་དུ་ཕབས་པ་སོགས་ཀྱིས་འཚོ་བའི་འབྲོག་པ་དང་། ནམ་ཟླ་དུས་བཞིའི་འགྱུར་འགྲོས་དང་བསྟུན་ཏེ་སོ་ནམ་ལ་འཇུག་པའི་ཞིང་པ་གཉིས་སུ་མ་འདུས་པ་ཕལ་ཆེར་མེད། དེ་གཉིས་ལས་ཀྱང་འབྲོག་གི་འཚོ་བ་སྐྱེལ་སྟངས་ནི་ཆེས་སྔ་ཤོས་སུ་གྱུར་ཡོད། འབྲུ་རིགས་སྣ་ལྔ་ལ་བརྟེན་པའི་སོ་ནམ་པ་རྣམས་ནི་མིའི་རིགས་ཀྱི་དཔལ་ཡོན་ཅུང་དར་བའི་སྐབས་སུ་གཞི་ནས་བྱུང་བར་སེམས། སྤྱིར་འབྲོག་པ་རྣམས་ཀྱིས་རི་ཀླུང་གང་སར་ཡན་གར་དུ་གནས་པའི་རི་དྭགས་དང་གཅན་གཟན། ཆུ་གནས་སོགས་ཀྱི་ཤ་དང་ཁྲག་ལ་ཅི་གར་རོལ་ནས་འོང་བ་ཡིན་མོད། གཡུང་ལ་ཕབས་པའི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ལས་ནོར་གནག་རྣམས་ནི་སྒོ་བཤས་སུ་ཕབས་ཏེ། ཁ་ཟས་སུ་བགྱིས་ན་ཉེས་པ་ཆུང་ཞིང་ལུགས་མཐུན་དུ་བརྩི་བ་དང་། འདོ་རིགས་རྟ་ཡི་ཤ་ཁྲག་མཆོད་མི་རུང་བར་འདོད་པ་མ་ཟད། གློ་རྟ་ཞེས་གཙིགས་མཐོང་ཆེས་ཆེར་སྤྲད་པའི་རྒྱབ་ལྗོངས་ལོ་རྒྱུས་ཡིད་དུ་འོང་བ་ཞིག་ཡོད་པ་གོང་གི«རྟ་རྐྱང་དབྱེ་བའི་རབས»སུ་འཁོད་ཡོད།
-༨-
གང་ལྟར་འདིར་གང་གླེང་བར་བྱ་བའི་སོག་ཆུའི་རྒྱུད་ཀྱི་རྟ་མཆོག་ནི་འབྲོག་ཕྱི་སྟོང་སུམ་རྟ་ཡི་ཡུལ་དུ་གྲགས་པ་འདི་རང་སྟེ། ད་ལྟའི་སོག་ཆུའི་ཆུ་རྒྱུད་དུ་གནས་པའི་གཉན་རོང་སོག་སྡེ་བ་རྣམས་དང་། སྦྲ་ཆེན། སོག་རྫོང་བཅས་ནི་སྔོན་སུམ་པའི་མངའ་རིས་སུ་གཏོགས་པས། ཁོང་ཅག་གི་ལོ་རྒྱུས་སྨྲ་སྐབས། “ཕྱི་ལྟར་ན་ཞང་ཞུང་སྒོ་པའི་ཡུལ། ནང་ལྟར་ན་སུམ་པའི་མངའ་རིས”ཞེས་འཆད་ཅིང་། ཞང་ཞུང་སྟོབས་འབྱོར་མངའ་ཐང་ཆེས་ཆེར་རྒྱས་པའི་དུས་སུ། ཞང་ཞུང་སྒོ་ཕུག་བར་གསུམ་ལས་སྒོ་པ་སུམ་པ་རླངས་ཀྱི་གྱིམ་ཤོད་ཡན་ཆོད་ཅེས། སུམ་པའི་མངའ་རིས་ཀྱང་ཞང་ཞུང་འོག་ཏུ་འདུ་བ་འདྲ་ལ། བོད་རྒྱལ་སྲོང་བཙན་སྒམ་པོས་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་སྲིན་པོ་གདོང་དམར་ཅན་གྱི་དམག་དཔུང་གི་རྟ་ཡི་རྨིག་རྗེས་བཀོད་སྐབས། སུམ་པའི་སྟོང་སྡེ་བཅུ་གཅིག་ལས་རྒོད་ཚང་སྟོད་སྨད་ནི་ད་ལྟའི་སོག་ཆུའི་རྒྱུད་ལྟེ་བ་བྱས་པ་རྣམས་ཡིན། སོག་ཆུ་དང་མི་རིང་བའི་སྦྲ་སོག་གི་ས་ཡུལ་མང་པོ་ཞིག་ཀྱང་སུམ་པའི་སྟོང་སྡེ་གཞན་རྣམས་ཀྱི་ཁོངས་སུ་འདུས་ཡོད་པ་མ་ཟད། སུམ་པའི་བློན་ཆེན་གྱི་གོ་ས་མཐོན་པོར་བསྙེགས་པའི་རུས་རིགས་རླངས་དང་སྐམ་གཉིས་ཀྱང་། ད་ལྟའི་སྦྲ་ཆེན་དང་སོག་རྫོང་སྟེ། སོག་ཆུའི་ཆུ་རྒྱུད་དུ་མི་རབས་རྒྱུན་མ་ཆད་པར་ཁྱིམ་གཞིས་སྐྱོང་ནས་བཞུགས་བཞིན་འདུག །
-༩-
ས་ཡུལ་འདི་དག་གི་ལོ་རྒྱུས་དཔྱད་གཞི་གཙོ་བོ་གཅིག་ནི«ཁྱུང་རབས»རྣམས་ཡིན་ཏེ། ཞང་ཞུང་ཞེས་པ་ནི་མ་གཞི་ནས་ཁྱུང་ལུང་ཞེས་པའི་བརྡ་དོད་ཡིན་པ་དང་། ཞང་ཞུང་བ་རྣམས་ཀྱི་མེས་པོ་བྱ་རྒྱལ་ཁྱུང་ཆེན་ཞིག་ཞང་ཞུང་ཁ་ཡུག་ཏུ་བབས་པ་ལས་བྱུང་བའམ། བོད་མི་བུ་གདུང་དྲུག་གམ་རུས་ཆེན་སྡེ་བཞིའི་སེ་ཁྱུང་དབྲ་ལས་གྲོལ་བར་བཤད་པས། མདོར་དེད་ན་ཁྱུང་པོའི་མི་རྒྱུད་རང་དུ་ངེས་ཤིང་། སུམ་པའི་བློན་པོ་རླངས་རིགས་ཀྱང་ཞང་ཞུང་པ་སྟེ། ཁྱུང་གི་རུས་རིགས་སུ་གནས་པས་སོག་ཆུའི་རྒྱུད་ཀྱི་ལོ་རྒྱུས་ཀྱང་ཁྱུང་གི་རུས་རིགས་དང་འབྲེལ་བ་ལྡན་པ་མ་ཟད། ཕྱིས་སུ་བོད་རྒྱལ་མཐའ་མ་གླང་དར་མའི་མི་རྒྱུད་སྟོད་མངའ་རིས་སུ་མཆེད་སྐབས། ཞང་ཞུང་མི་རྒྱུད་ཕྱི་མ་རྣམས་དང་གདོང་ཐུག་ནས་སྐབས་དེའི་ཁྱུང་ལུང་དངུལ་མཁར་གྱི་བདག་པོའམ། ཞང་ཞུང་གི་མི་རྒྱུད་ཁྱུང་པོ་སྟོང་རྒྱུང་རིང་མོ་མདོ་ཁམས་ཡུལ་དུ་བྲོས་པའི་མི་རྒྱུད་གང་སར་གྲམ་པའི་ཁྲོད། སྲས་ཆེ་བ་ཁྱུང་སྒོམ་མུ་ལང་རྒྱུད་པ་མདོ་ཁམས་སྟོད་དུ་ཕེབས་ཏེ་སོག་ཆུའི་ཆུ་རྒྱུད་དུ་གནས་གཞི་བཟུང་བས། མཁར་གཞིས་ལྷ་རི་ལྷ་རྩེ་ལྷ་མཁར་གསུམ་བརྩེགས་པ་ད་ལྟ་སོག་ཆུའི་ཆུ་རྒྱུད་དུ་ཡོད་ལ། ཆོས་ཀྱི་བྱ་བ་བྱེད་པའི་འདུ་གནས་སོག་གཡུང་དྲུང་གླིང་ཞེས་པའང་སོག་ཆུའི་རྒྱུད་དུ་གནས་པ་ད་ལྟ་དགོན་ཤུལ་ཆེ་ཙམ་མཆིས། དགོན་འདི་སྔ་ཕྱིར་ཆགས་འཇིག་ཐེངས་གཉིས་བྱུང་བ་ལས་དང་པོ་ཧོར་དོར་རྟ་ནག་པོ་དང་གཉིས་པ་གུ་ཤྲི་ཧན་ཡིན་ཞིང་། བཤད་སྲོལ་ལྟར་ན་སྐབས་དེ་དག་ཏུ“ཡུ་མགོ་གཙོད་རྟ་སྦལ་པའི་མིག །ཤ་མགོ་གཡག་སོག་སེང་གེའི་བྲང་། །ཤ་སྤུ་གླང་གྲོད་ཉ་མོའི་རྒྱབ། །ཝ་རྔ་ཤེའུ་སྒྱིད་དགོ་བའི་གྲུག །རྟ་རབ་རྣམས་ཀྱི་བཤད་པ་ཡིན། །”ཞེས། རྟ་རབ་ཀྱི་དགེ་རྟགས་འཛོམས་པའི་སོག་ཆུའི་རྒྱུད་ཀྱི་རྟ་རིགས་རྣམས་སོག་ཡུལ་དུ་འཁྱལ་བར་གྲགས། དེ་བདེན་ཚེ་ཧོར་ཇིང་གེར་རྒྱལ་པོའི་རིགས་རྒྱུད་ཀྱིས་སོག་པོ་རྩྭ་ཐང་གཅིག་གྱུར་བཟོས་རྗེས། ཡ་གླིང་ཧྲིལ་པོ་རྟ་ཡི་རྨིག་པ་བཀོད་པའི་ཁྲོད་དུ་རང་རེའི་རྟ་རབ་རྣམས་ཡོད་པ་སྨོས་ཅི་དགོས། དེང་དུས་སྦྲ་ཆེན་ས་ཁོངས་སུ་སོག་པོའི་རྟ་རྫོང་ཁ་ཞེས་ས་མིང་དངོས་སུ་ཐོགས་པའང་ཡོད་པས། སྐབས་དེར་བར་ཁམས་རྒྱུད་ཀྱི་རྟ་རྣམས་ས་དེར་མཉམ་དུ་འདུས་ཏེ་སོག་པོར་རྩིས་སྤྲོད་དགོས་པར་གྲགས་ལ། རྟ་ཁྲལ་སོག་ཡུལ་དུ་སྐྱེལ་མཁན་བྲ་བོ་ཚང་ཞེས་པའི་ཁྱིམ་རྒྱུད་ཡིན་ཚུལ་ངག་བགྲོས་སུ་མཆིས་སོ། །
-༡༠-
«ཁྱུང་རབས»རྣམས་སུ། ཧོར་དོར་རྟ་ནག་པོས་སོག་ཆུའི་རྒྱུད་ཀྱི་ཁྱུང་པོའི་རྫོང་གཞིས་ལྷ་རྩེ་དང་བོན་དགོན་གཡུང་དྲུང་གླིང་གཉིས་གཏོར་བཅོམ་གཏོང་སྐབས། ཁྱུང་དབུས་ཤེས་རབ་རྒྱལ་མཚན་ལྷོ་རྒྱལ་མོ་རྔུལ་ཆུའི་བར་དུ་བདས་པར་བཤད་ཅིང་། གཞན་ཁག་ཅིག་དེང་དུས་སྟེང་ཆེན་རྒྱུད་དུ་བྲོས་པ་དང་། ཁྱུང་ཨ་བླ་སོག་ཡུལ་དུ་འཁྱར་བ་ཕྱིས་སུ་སྟེང་ཆེན་དུ་ཕེབས་པར་བརྟེན། དེང་དུས་སྟེང་ཆེན་དུ་ཁྱུང་པོའི་མི་རྒྱུད་རྣམས་སྐབས་དེ་དག་ཏུ་སོག་ཆུའི་རྒྱུད་ནས་མར་མཆེད་པ་ཡིན། ཁྱུང་དབུས་ཤེར་རྒྱམ་ལ་རྟ་རྗེ་ལྡིང་ཁྱུང་ལྡིང་ཟེར་བ་ཞིག་ཡོད་ཚུལ་འཁོད་ཅིང་། རྟ་དེ་ནི་མངོན་ཤེས་བག་ཙམ་རེ་ལྡན་པ་དང་སྐབས་རེར་རྫུ་འཕྲུལ་སྟོན་ནུས་པའི་ཅང་ཤེས་རྟ་ཡི་མཆོག་ཏུ་གྱུར་པ་ཞིག་ལགས་པས། ཁྱུང་དབུས་ལ་མཁོ་དུས་མ་བོས་རང་སྟབས་སུ་ཡོང་བ་དང་དེ་མིན་གཅན་གཟན་སོགས་དགྲ་ཕྱོགས་ཀྱིས་མཐོང་བ་མེད་པར་རི་ཀླུང་འགྲིམ་པ། དགྲ་མགོ་ལ་སླེབས་དུས་ཐོག་མ་ཉིད་ནས་ལམ་སེང་ཚོར་ཐུབ་པ། རྒྱུགས་འགྲོས་ཀྱི་གོམ་རྩལ་མྱུར་མགྱོགས་གློག་དང་ཅོ་འདྲི་བྱེད་པའམ་བྱ་རྒྱལ་ཁྱུང་ཆེན་ནམ་འཕང་བཅད་འདྲ་ཡོད་པས། ཧོར་དམག་གིས་ཁྱུང་དབུས་ཤེར་རྒྱམ་དབུས་ཀྱི་བྱེའུ་ལུང་མདའམ་སོག་གཡུང་དྲུང་གླིང་ནས་ལྷོ་རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་ཤ་རོང་སྟེ། ཆབ་མདོ་གྲོང་ཁྱེར་མངའ་ཁོངས་ཀྱི་ལྷོ་རོང་བར་དུ་དེད་ཀྱང་རྗེས་མ་ཆོད་སྐད། རྟ་མཆོག་རྗེ་ལྡིང་ཁྱུང་ལྡིང་བ་ལའི་སྐབས་སུ་མ་བུ་གཉིས་མཉམ་དུ་དགུན་དུས་ཤིག་ལ་བོར་ནས། དཔྱིད་ཀ་མ་ཤར་བར་དུ་མ་རྙེད་ཅིང་དཔྱིད་དུས་སུ་འཁྱགས་རོམ་མམ་དར་འོག་ནས་རྙེད་ཀྱང་མ་ཤི་བར་འདུག་ཚུལ་སོགས་གཏམ་རྒྱུད་མང་། ཁྱུང་དབུས་ཤེར་རྒྱམ་ཁོང་སྐུ་གཤེགས་ཁར་ངའི་ཕུང་པོ་རྟ་རྗེ་ལྡིང་ལ་བཀལ་ནས་གང་དུ་ཉལ་ན་དེར་གདུང་བཞུས་གསུང་ཞིང་། ཕྱིས་སུ་རྟ་འདི་འབྲི་གུང་གཅུང་རིན་པོ་ཆེ་ལ་ཕུལ་བས། རྟའི་སྤྱི་གཙུག་འབུལ་བའི་རུས་པ་ལས་ཤ་རི་རམ་སྲན་ཆེན་ཙམ་བྱུང་བ་འབྲི་གུང་དུ་ཡོད་པར་གྲགས་ལ། ཚེམས་ཡ་མཚན་ཅན་མང་དུ་བྱུང་བ་གང་སར་འཐོར་ནས་སྟོན་པ་ཤཱཀྱའི་ཆིབས་རྟ་ངང་པ་རྔོག་ལྡན་གྱི་ཚེམ་ཡིན་ཟེར་ནས། ཤཱཀྱའི་རྗེས་འཇུག་པ་རྣམས་ཀྱིས་མཇལ་ཁ་སྤྲོད་སྐད་དོ། །
-༡༡-
ཡང་ཧོར་དོར་རྟ་ནག་པོའི་དམག་དཔུང་སོག་ཆུའི་ཆུ་རྒྱུད་དུ་སླེབས་ཏེ་ལྷ་རྩེ་རྫོང་དང་གཡུང་དྲུང་གླིང་གཏོར་བཅོམ་ཚབས་ཆེན་བྱས་པའི་ཉིན་མོར། གཡོག་མོ་ཨ་མཚོ་ལ་ཁྱུང་པོ་སྟོན་འབུམ་གྱི་སྲས་ནང་ཆེན་གྲགས་པ་འཁྲུངས་ཤིང་། ཁྱུང་ཨ་བླ་དང་ནང་ཆེན་གྲགས་པ་སོགས་ཀྱིས་ཕྱིས་སུ་ཡང་བསྐྱར་སྔར་གྱི་ཕ་མེས་རྫོང་གཞིས་སླར་གསོ་གནང་སྟེ་བཞུགས་པར། ནང་ཆེན་གྲགས་པ་ལའང་སྐད་གྲགས་ཆོད་པའི་ཆིབས་པ་རྟ་མཆོག་བརྒྱད་པ་དང་ཁྱུང་མདངས། ཤིས་ཁྲ་གསུམ་ཡོད། «ཁྱུང་པོའི་གདུང་རབས་དཀར་ཆབ་ཆེན་མོ»ལས། “བུ་རྟ་ཁྱི་གསུམ་ལ་རྩིས་ཐང་ཆེ་བར་གྲགས་པའི་ལེའུ”ཞེས་རྟ་ཡི་སྐོར་ལེའུ་ཟུར་པ་ཞིག་ཡོད་པ་མ་ཟད། ལེའུ་འདིར་སོག་ཆུའི་རྒྱུད་ཀྱི་ཁྱུང་པོའི་མི་རྒྱུད་ལ་རྟ་རིགས་ཁྱད་དུ་འཕགས་པ་ཡོད་ཚུལ་མང་དུ་གླེང་འདུག་ལ། དེའི་ཁྲོད་ཀྱི་ནང་ཆེན་གྲགས་པའི་རྟ་མཆོག་བརྒྱད་པ་ནི“ཤ་བ་བརྒྱད་པ་ལ་ཁར་ཕྱིན་འདྲ་ཡིན་པས་བརྒྱད་པ་བཏགས”ཞེས་གསལ་བ་ལྟར། གྱམ་ཤིང་མེ་ཁམས་ལས་གྲུབ་པའི་རྟ་རིགས་གཉིས་ལས། “གྱམ་རིང་ཤ་རྒན་སྤང་ཐོན་འདྲ། །རྒྱུག་དུས་རྔ་མ་རང་ལྕག་རྒྱག །”ཅེས་པའི་རྟ་མཆོག་གྱམ་རིང་ཤ་རྒན་སྤང་ཐོན་གྱི་རིགས་སུ་གཏོགས་པར་བཤད། འོན་ཀྱང་། ཡིད་ཕངས་པ་ཞིག་ལ་ནང་ཆེན་གྲགས་པའི་སྐུ་ཚེའི་སྨད་ལ་རྟ་རིགས་འདིའི་རྒྱུད་པ་ཧ་ཅང་ཉམས་དམས་སུ་སྣང་སྟེ། རྒོད་མ་སུམ་བརྒྱ་ཡོད་པའི་ཁྲོད་དུ་གཅིག་གིས་ཀྱང་རྟེའུ་མ་བཟུང་བས། ནང་ཆེན་གྲགས་པ་སྐུ་གཤེགས་ཁར་ངས་མ་ཤེས་པའམ་འགྱོད་པ་དགོས་པའི་བྱ་བ་གསུམ་སྒྲུབ་འདུག་ཚུལ་གསུང་ཞིང་། དེ་དག་ལས་གཅིག་ནི་ཁོང་གི་རྟ་མཆོག་བརྒྱད་པ་བཅོས་པས་རྟ་རིགས་བཟང་པོ་ཆད་ཅིང་། རྟ་གཡང་ཉམས་པ་རྟོགས་ཞེས་གསུང་མཛད་འདུག །དེ་ལྟར་ན་ཡང་རྟ་རྒྱུད་དཀོན་པོར་ཆགས་པ་ཙམ་ལས་ཡོངས་སུ་ཉམས་པ་ནི་མ་ཡིན་པར་འདྲ་སྟེ། རྟ་མཆོག་ཁྱུང་མདངས་ཞེས་པའང་བརྒྱད་པའི་བུ་ཡིན་ཟེར།
-༡༢-
“རྟ་ས་ཡར་ཐང་འབུམ་རྗེའི་ཕོ་ཆེན་འདྲེས་ས་ཡིན། མར་ཐང་རྒོད་མ་འདྲེས་ས་ཡིན”ཞེས། དེང་དུས་སྦྲ་ཆེན་ས་ཁོངས་སུ་གནས་པའི་རྟ་ས་ཡར་ཐང་མར་ཐང་གཉིས་ནི། སོག་ཆུའི་ཆུ་རྒྱུད་ཏག་ཏག་ཏུ་གནས་ཤིང་ད་དུང་རྟ་ངུ་ཐང་། རྟ་རྫ་ནང་ཟེར་བ་སོགས་སོག་ཆུའི་རྒྱུད་དུ་རྟ་དང་འབྲེལ་བའི་ས་མིང་ཡུལ་མིང་ཇི་སྙེད་ཅིག་ཡོད་པ་མ་ཟད། རྟ་ཡི་རྨིག་རྗེས་གཏིང་རིང་ལ་གསལ་ཞིང་དོད་པའང་སྦྲ་སོག་ལ་ལུང་གང་སར་མཐོང་དུ་ཡོད། ཆེས་གདོད་མའི་སྲོག་ཆགས་ཀྱི་རྗེས་ཤུལ་དེ་དག་གིས་འདོ་རིགས་རྟ་ཡི་མེས་པོ་གནམ་ནས་ལྷ་ཡུལ་གུང་ཐང་དུ་བབས་ཏེ། ལྷ་ཡུལ་གུང་ཐང་ནས་འབྲོག་ཕྱི་སྟོང་སུམ་མམ་སྟོང་སུམ་པའི་ཡུལ་དུ་སླེབས་པའི་གཏམ་རྒྱུད་ལ་བདེན་པ་ཅུང་ཟད་སྤྲད་ཡོད་ངེས། འོན་ཀྱང་། མ་དག་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་དེ་དག་གླིང་གེ་སར་རྒྱལ་པོའི་རྟ་མཆོག་རྐྱང་རྒོད་ཀྱི་རྨིག་རྗེས་དང་། ཡང་ན་སྟོན་པ་གཤེན་རབ་ཀྱི་ཆིབ་པ་འབྲུག་རྟ་སྔོན་པོ་དང་། གཞན་ཡང་སྟོན་པ་ཤཱཀྱའི་རྟ་མཆོག་རྔོག་ལྡན་སོགས་དད་འདུན་གྱི་མོས་ཁམས་དང་བསྟུན་ནས་ཅི་རིགས་སྨྲ་བར་བྱེད། དེང་དུས་སྦྲ་སོག་རྒྱུད་དུ་རྟ་ཕོ་ཀུན་གྱི་གཡང་དུ་གཙི་བའི་སྦྲ་ཆེན་གསེར་འཛོམས་དང་བོད་ལྗོངས་རྟ་མཆོག་སོགས་ཀྱང་། རྟ་བཤད་མཁན་པོས་བྱས་པའི་རྟ་རིགས་ཀྱི་བཟང་དགེ་དང་མགྱོགས་པའི་ཁྱད་ཆོས་ཕལ་ཆེ་བ་ལྷན་ཅིག་ཏུ་འཛོམས་པ་མིན་ནམ་སྙམ་པར་བྱེད་ལ། ལྷག་དོན་དུ་བོད་རང་སྐྱོང་ལྗོངས་རྟ་རྒྱུགས་སྒྱུ་རྩལ་དུས་ཆེན་ར་བ་ནས་ཨང་གཉིས་པ་དང་དང་པོ། བོད་བྱང་ཐང་ནག་ཆུའི་འཆར་ཅན་གེ་སར་རྟ་རྒྱུགས་ཁྲོད་ནས་གཉིས་པ་དང་དང་པོ་བསྟུད་མར་བླངས་ཤིང་། མཚོ་བོད་གཉིས་ཀྱི་མཉམ་འབྲེལ་རྟ་རྒྱུགས་ཁྲོད་ནས་ཀྱང་ཨང་དང་པོ་དང་གཉིས་པ་ལེན་མཁན། བོད་ལྗོངས་རྟ་མཆོག་ཅེས་མཚན་གྱི་སྙན་པ་གསོལ་བའི་རྟ་ཕོ་དེ་དང་། བྱང་ཐང་ནག་ཆུའི་འཆར་ཅན་གེ་སར་རྟ་རྒྱུགས་ཁྲོད་ནས་ལོ་གསུམ་ལ་བསྟུད་མར་ཨང་རིམ་དང་པོ་བླངས་མྱོང་བའི་བྱང་ཐང་རྟ་མཆོག་གི་ཆོ་ལོ་གསོལ་བའི། ལྷ་རིའི་ལྷ་རྐྱང་ཆེ་བ་སོགས་འབྲོག་ཕྱི་སྟོང་སུམ་ཡུལ་གྱི་རྟ་ཕོ་རྐྱང་རྐྱང་ཡིན་པས། རྨོངས་ཤད་ཅུང་ཟད་ཀྱིས་བཤད་ན་རྟ་ཕོ་དེ་དག་ནི་སྔོན་གྱི་ཕུལ་དུ་བྱུང་བའི་རྟ་རིགས་ཀྱི་གཡང་མ་ཉམས་པའམ། ཡང་ན་དེ་དག་གི་ཤ་ཁྲག་རུས་རྒྱུད་ལས་མཆེད་པ་ཡིན་ཡང་སྲིད་སྙམ་པར་བྱེད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།