ཨེ་ཉི་མ་ཚེ་རིང་ལགས་ཀྱི་བརྩམས་སྒྲུང་།
རྩོམ་པ་པོ།:ཨེ་ཉི་མ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-10 08:43:19
ཀློག་གྲངས།:
བར་དོའི་འཕྲིན་ཡིག
ཨེ་ཉི་མ་ཚེ་རིང་།
དྲུང་ཆེ་དབང་གྲགས་གློ་བུར་དུ་འདས་པ་དེས་ཁོའི་ཨ་ཕ་ཆོས་འཕེལ་དང་ལེན་བྱེད་ཐབས་བྲལ་བའི་སྡུག་བསྔལ་གྱི་མུན་ཁུང་དུ་བཙུད་སོང་། མ་གཞི་ཁོང་ལ་ཁག་ཅི་ཡོད། དབང་གྲགས་ཀྱི་ཨ་མ་ནི་དབང་གྲགས་བཙས་ནས་ལོ་ངོ་གསུམ་ཙམ་ལས་མ་སོང་གོང་ཆམ་ནད་ཅིག་གིས་རྐྱེན་བྱས། འགྲུལ་ལམ་སྟབས་བདེ་མེད་པའི་རི་ཁུག་འདི་ནས་མཐར་འཇིག་རྟེན་ཕྱི་མར་གཤེགས། དེ་ནས་བཟུང་དབང་གྲགས་ནི་ཕ་རྒན་ཆོས་འཕེལ་གྱི་ཁོང་གི་སྙིང་དང་། དཔྲལ་བའི་མིག་ལྟར་གྱུར་པས་འདི་ལྟ་བུའི་ཕ་བུའི་གསོན་བྲལ་ལ་དང་ལེན་བྱེད་ཐབས་ཤིག་ག་ནས་ཡོང་། མ་ཟད་དུད་ཁྱིམ་དགུ་ཙམ་ལས་མེད་པའི་མཁར་སྟོད་གྲོང་ཚོའི་ངོས་ནས་བཤད་ན། ད་བར་ཡུལ་འདི་ནས་སློབ་གྲྭ་ཆེན་མོ་ཐོན་ཏེ་རྫོང་ཐོག་ཏུ་ལས་བགོས་བརྒྱབ་པ་ནི་དབང་གྲགས་གཅིག་པུ་ལས་མེད་ཅིང་། ཁྱི་ལྟོ་ཝ་མོས་ལྡག་ས་དང་། བྱ་ལྟོ་སྲེག་པས་འཕྲོག་སའི་ལུང་ཁུག་འདིར་སྔ་ཙམ་འཕྲུལ་འཁོར་གྱི་འགྲོ་ལམ་ཞིག་བཏོད་ནས་ཡོད་ཚད་མི་རྟ་གཉིས་ལ་བརྟེན་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུའི་རེ་བ་ཉག་ཅིག་ནི་དབང་གྲགས་ཁོ་ནའི་ཕྲག་ཐོག་ཏུ་བཅོལ་ཡོད་པས།དབང་གྲགས་ཀྱི་འདས་རྐྱེན་དེས་མཁར་སྟོད་གྲོང་འདབ་ཀྱི་མི་ཚང་མའི་རེ་བའི་སྒྲོན་མེ་གཅིག་པུ་དེར་ཕུ་བཏབ་པ་དང་ཀུན་ནས་མཚུངས།
མ་གཞི་དབང་གྲགས་ཀྱི་ངོས་ནས་བཤད་ན། གསེར་སྤུས་དག་བྱེ་མའི་ཁྲོད་ནས་ཐོན་ཞེས་པ་ལྟར། ལུང་ཁུག་འདི་ནས་འཚར་ལོངས་བྱུང་བའི་མི་བུ་བསམ་ཤེས་ཅན་ཞིག་ཡིན་ལ། སློབ་ཆུང་འགྲིམ་པའི་དུས་ཡུན་ལོ་དྲུག་རིང་ཁོས་ལམ་རྒྱགས་སྒལ་པར་འཁུར་བཞིན་ལུང་ཁུག་འདི་ནས་ལབ་ཕྱི་ཤང་བར་དུས་ཡུན་ཆུ་ཚོད་གསུམ་ཙམ་གྱི་བགྲོད་ལམ་གོམ་པ་རེ་རེས་ཡང་ཡང་གཞལ་ཡོད་པས། ཆུང་དུས་ནས་གཞན་ལ་གཉའ་མི་སྒུར་བའི་ཡར་ཐོན་གྱི་སྙིང་སྟོབས་ལ་མེ་ལྕེ་སྦར་བ་ལྟར་བྱུང་།
གནའ་བོའི་གཏམ་དཔེར། ནོར་དང་དངོས་གྲུབ་བརྩོན་པ་ཅན་ལ་ཐོབ་ཅེས་པ་ལྟར་དབང་གྲགས་ཀྱིས་གཞན་དྲིང་མི་འཇོག་པའི་བརྩོན་འགྲུས་དང་། རྩེར་སོན་གྱི་རྒྱུགས་འབྲས་ཐོག་ནས་རྫོང་ཐོག་གི་བོད་ཡིག་དགེ་རྒན་དུ་གྱུར། མི་རིང་བར་གཞན་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་འདིས་རྒྱ་བོད་ཡིག་རིགས་གཉིས་ལ་བྱང་ཆ་ལྡན་པས། རྩ་འཛུགས་ནས་ཁོ་པ་རྫོང་སློབ་གསོ་ཅུད་དུ་འཐེན་གནང་བ་དང་། དེའི་རྗེས་གུང་རི་རྫོང་གི་ནོར་སྲིད་ལས་ཁུངས་དང་རིམ་བཞིན་ད་ལྟའི་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་དང་དྲུང་ཆེ་གཅིག་ལྕོགས་ཀྱི་ལས་འགན་བཞེས་གནང་བ་ཞིག་རེད།
དྲུང་ཆེ་དབང་གྲགས་ཀྱི་ལས་ཀའི་འགན་སེམས་དང་འཇོན་ནུས་ལ་རྫོང་ཨུད་ཀྱི་དབུ་ཁྲིད་ཚང་མས་གདེང་འཇོག་མཐོན་པོ་གནང་ཞིང་། དེ་བས་རྫོང་ཨུད་གཞུང་དོན་ཁང་གི་ཀྲུའུ་རེན་དང་དྲུང་ཆེ་གཅིག་ལྕོགས་གནང་བ་ནས་བཟུང་། རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་རྡོར་ལགས་དང་ཉིན་མོའི་མི་དང་མཚན་མོའི་ཁྱི་བཞིན་འབྲལ་མེད་དུ་གྱུར་པས། ཁོང་གཉིས་དབར་སྤྱི་སྒེར་གྱི་ལས་ཀ་གང་ས་ཅི་ཐད་ནས་འབྲེལ་འདྲིས་ཧ་ཅང་ཆེ། ད་དུང་རྫོང་གྲོང་གི་ཇ་ཁང་དང་ཨར་ཁང་ནང་དུ་རླུང་ཡན་གྱིས་འཁུར་བའི་ལྕང་ལོ་ལྟ་བུའི་འཁྱར་གཏམ་ཞིག་བསྒྲགས་ཡོང་བ་ནི་ཧྲུའུ་ཅི་དོན་རྡོར་ལོ་གསུམ་ནས་གྲོང་ཁྱེར་དུ་གནས་སྤར་བྱེད་རྒྱུ་དང་། དྲུང་ཆེ་དབང་གྲགས་ཀྱང་རྫོང་དཔོན་གཞོན་པར་བསྐོ་བཞག་བྱེད་རྒྱུ་ཡིན་པའི་སྐོར་དེ་རེད།
བསམ་ཐོག་ཏུ་རྟ་མ་བརྒྱུག་པ་ཞིག་ལ་ད་ཆ་དྲུང་ཆེ་དབང་གྲགས་འདས་ནས་ཏག་ཏག་ཞག་མ་ཉིས་བརྒྱ་བདུན་ཅུ་ལྷག་འགྲོ་གི་ཡོད་ཅིང་། དེ་བས་ཁོའི་ཨ་ཕ་ཆོས་འཕེལ་གྱིས་ཧ་ལམ་ཆུ་ཚོད་ཀྱི་གྲངས་ཀྱང་ངེས་ཡོད་ཤས་ཆེ།
དེ་ཡང་ལོ་དེའི་ལོ་སྟོད་དུ་དྲུང་ཆེ་དབང་གྲགས་ལབ་ཕྱི་ཤང་ལ་དུས་ཡུན་ཟླ་བ་གཅིག་གི་རིང་བཅའ་སྡོད་ལྟ་སྐུལ་ལས་དོན་སྤེལ་ནས་བསྡད་པ་དང་། རྫོང་དུ་ལོག་ཁར་ཨ་ཕར་ཐེངས་གཅིག་ལྟ་བར་འགྲོ་རྒྱུ་བྱས། ཉིན་གཉིས་པའི་ཞོགས་པར་དྲུང་ཆེ་དབང་གྲགས་རྟ་བཞོན་ཏེ་ལོག་ཡོང་བའི་ལམ་བར་དུ་སྟབས་མ་ལེགས་པ་ཞིག་ལ་ཆིབས་རྟ་འདྲོགས་ཤིང་གྲོག་རོང་དུ་ལྷུངས་ནས་གྲོངས་པ་རེད།
གནས་ཚུལ་དེ་ཤང་ལ་འབྱོར་མ་ཐག ལབ་ཕྱི་ཤང་ནས་སྨན་པ་གཉིས་ཆེད་དུ་མྱུར་སྐྱོབ་བྱེད་པར་མངགས་ཤིང་། སྨན་པས་ས་ཡུལ་དངོས་ལ་བརྟག་དཔྱད་བྱས་པ་བརྒྱུད། དྲུང་ཆེ་དབང་གྲགས་ཀྱི་ལྟག་ཁུང་ངོས་སྲོག་རྩར་འཁེལ་བའི་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་དེ་ནི་ཁོང་གི་འདས་རྐྱེན་གཙོ་བོ་ཡིན་པ་དང་། རྨ་ཁ་དེ་གཅིག་བྱས་ན་རི་འདབས་ནས་རྦབ་རྡོ་འགྲིལ་ཏེ་མགོ་ལ་ཕོག་པ་ཞིག་དང་། ཡང་མིན་ན་རྒྱབ་ངོས་ནས་བྱེད་གཏེ་ཞུགས་ཏེ་འཇབ་རྡོ་ཕོག་པའི་ངོས་འཛིན་བྱས།
དོན་རྐྱེན་དེས་ཨ་ཕ་ཆོས་འཕེལ་རང་ཉིད་ཀྱི་མིག་འབྲས་ལྟར་གཅེས་པའི་བུའི་འདས་རྐྱེན་ལ་ཁས་ལེན་བྱེད་ཐབས་མེད་པའི་གནས་སུ་ལྷུངས་ཤིང་བསམ་བློ་ཇི་ལྟར་བཏང་ཡང་ཁ་ཉིན་ཤང་གི་སྨན་པས་གསུངས་པའི་བཀའ་མོལ་དེ་དག་ལ་ཏན་ཏན་རྒྱུ་མཚན་ཞིག་ཡོད་ངེས་སྙམ་སྟེ། རང་ཉིད་ཀྱི་བུ་ནི་སྟེས་དབང་གིས་འདས་པ་ཞིག་ཡེ་ནས་མ་ཡིན་པར་རྒྱབ་ཕྱོགས་སུ་མི་མ་འདྲེའི་བྱེད་གཏེ་སུ་ཞིག་ཞུགས་པ་ཁོ་ཐག་རེད། མ་གཞི་ཕོ་རྒོད་པོར་གདེང་མེད་ན། འབྲོང་རྒོད་པོར་མཚོན་མ་འདེབས་ཞེས་པ་གཏམ་དུ་གྲགས་ཀྱང་གཅོང་ནད་ཁོག་ལ་ལུས་ན། ཨ་ར་རྒྱུན་མི་ཆད་ཅེས་པ་ལྟར། སེམས་ནད་ཁོག་ཏུ་བཅུག་པ་ལས་ཕུ་ཐག་ཆོད་པའི་གྱོད་ཁ་ཞིག་གཏུགས་ན་ལོས་ཀྱང་དགའ། བྱེད་གཏེ་ཁོ་ལུས་པོ་གནམ་ལ་འཕུར་ཡང་གྲིབ་གཟུགས་ཐང་ལ་ལུས་ཡོད་སྙམ་པའི་གདེང་ཤིག་ཤུགས་སུ་སྐྱེས།
ཐོག་མར་ཕ་རྒན་ཆོས་འཕེལ་གྱི་བསམ་པར་རང་ཉིད་ཀྱི་འདོད་ཚུལ་དེ་དག་བདེན་པ་བདེན་ཐུབ་ཡིན་པ་ར་སྤྲོད་གཅིག་གཅིག་གཉིས་གཉིས་བྱེད་དགོས་བསམས་ཀྱང་། དོན་དམ་དུ་ཁྲིམས་རའི་ཐོག་སླེབས་སྐབས་ཕ་རྒན་ཆོས་འཕེལ་གྱི་རིགས་འདེད་དང་རྒྱུ་མཚན་དེ་དག་ལ་ཁུངས་ལུང་གང་ཡང་མེད་པ་ལྟར་གྱུར་ལ། རྫོང་གི་ཕྱོགས་གཏོགས་ཁྲིམས་རྩོད་པས་བཤད་པའི་རྒྱུ་མཚན་དེ་དག་ནི་བདེན་དཔང་གི་ཁུངས་སྣེ་ཧ་ཅང་གསལ་ཞིང་། སྲ་ཞིང་མཁྲེགས་པའི་ལྕགས་ལྟ་བུའི་བདེན་པར་གྲུབ་པ་ལྟར་སྣང་བས། ད་གཟོད་ཕ་རྒན་ཆོས་འཕེལ་སོ་སོའི་ཨུ་ཚུགས་ཅན་གྱི་གནས་ལུགས་དེ་དག་ལ་བདེན་པའི་བརྡར་ཤ་གཅོད་རྒྱུ་གང་ཡང་མ་ཪྙེད།
དུས་ཡུན་ཟླ་བ་དགུའི་རིང་དྲུང་ཆེ་དབང་གྲགས་ཀྱི་འདས་རྐྱེན་དོན་དུ་ཁྲིམས་ར་ཐེངས་གསུམ་ཚོགས་མོད། ཁོ་པ་སྟེས་དབང་གིས་འདས་པ་ལས་རྒྱབ་ཕྱོགས་སུ་བྱེད་གཏེ་སུ་ཞིག་ཞུགས་པའི་དཔང་རྟགས་སྣེ་གཅིག་ཀྱང་འདོན་རྒྱུ་མེད་པའི་ཐོག ས་ཡུལ་དངོས་ལ་འགྲོ་མཁན་ལབ་ཕྱི་ཤང་གི་སྨན་པ་དེ་གཉིས་ནི། ལས་བགོས་བྱས་མ་ཐག་ཡིན་པས་ཉམས་མྱོང་གང་ཡང་མེད་པའི་འོལ་ཚོད་ཡིན་པ་དང་། ད་དུང་འདས་པོ་ནི་གཞུང་དྲང་ཡ་རབས་ཅན་གྱི་ལས་བྱེད་ཅིག་ཡིན་བཞིན་དུ། ཁོང་ལ་གཞན་གྱིས་ལྐོག་གསོད་བྱས་པའི་མི་བདེན་ཞྭ་འགེབས་དང་གཟུགས་མེད་གྲིབ་བཟོ་བྱས་པ་ནི། ཁོང་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་ལ་ཉེས་མེད་ཉེས་འགེལ་བྱས་པ་ཡིན་པས། དོན་དེར་ཁོ་གཉིས་པོས་ངེས་པར་དུ་རང་སྐྱོན་ངོས་ལེན་བྱེད་དགོས་པ་མ་ཟད། འདས་པོའི་དོ་བདག་དང་གུང་རི་རྫོང་ཨུད་ལ་དགོངས་སེལ་ཞུ་དགོས་ལུགས་ཀྱི་ཁྱབ་བསྒྲགས་ཀྱང་བཏང་།
བར་སྐབས་གཅིག་རིང་། དྲུང་ཆེ་དབང་གྲགས་ནི་མི་དམངས་ཀྱི་དོན་དུ་གཤམ་སྐྱོད་བྱས་པ་དང་། མཐར་མི་དམངས་ཀྱི་དོན་དུ་ཚེ་སྲོག་ཤོར་བ་ཞིག་ཡིན་པས། དྲུང་ཆེ་དབང་གྲགས་སྐུ་འཚོ་བཞུགས་རིང་གི་མཛད་རྗེས་ལ་སློབ་སྦྱོང་དང་། གཞི་རིམ་དུ་སྐུ་གཤེགས་པའི་གཟི་བརྗིད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་རྫོང་ཡོངས་ཀྱི་སྐུལ་སློང་ཚོགས་ཆེན་ཡང་འཚོགས། དེ་དང་དུས་མཚུངས་སུ་ཁྲིམས་ཁང་ནས་ཕ་རྒན་ཆོས་འཕེལ་གྱི་ཞུ་གཏུག་ཕྱིར་འཐེན་བྱེད་དགོས་པའི་བརྡ་འདེད་ཀྱང་བྱས།
མཐར་གནས་ཚུལ་དེ་ནི་བྱང་རླུང་ལྡང་བའི་ཐལ་རླུང་དཀར་པོ་ལྷོ་སྤྲིན་སྨུག་པོས་སྐད་ཅིག་ཉིད་དུ་བཅོམ་པ་ལྟར་ལབ་རྒྱུ་གླེང་རྒྱུ་མེད་པར་འཇམ་ཐིང་ངེར་གྱུར་སོང་། དྲུང་ཆེ་དབང་གྲགས་འདས་ནས་ལོ་གཅིག་འཁོར་བའི་འདས་མཆོད་ཉིན་ཧྲུའུ་ཅི་དོན་རྡོར་ལགས་སྐུ་ངོ་མ་ཕེབས་པ་དང་། ཁོང་གི་ངོ་གདོང་ལས་སྐྱོ་སྣང་དང་སེམས་སྡུག་གི་རྣམ་པས་ཁེངས་པ་མ་ཟད། འདས་པོའི་འཁྲུངས་རྟགས་ལ་དཀར་གཙང་གི་མཇལ་དར་ཞིག་སྒྲོན་ཞོར་ཡིད་ཚིམས་པ་ཞིག་ངུས་བྱུང་བས། མི་རྒྱུས་མེད་དག་གིས་བལྟས་ན་ཁོང་དང་འདས་པོའི་འབྲེལ་བ་ནི་ཤ་གཅིག་ལས་བཏུབས་པའི་སྟི་གའམ་ཀོ་བ་གཅིག་ལས་དྲས་པའི་རྒྱུན་བུ་ཞིག་ཡིན་ངེས་པའི་འདུ་ཤེས་སྐྱེ་རྒྱུར་ཐེ་ཚོམ་ཅི། ཧྲུའུ་ཅི་དོན་རྡོར་གུང་རི་རྫོང་དུ་ལོག་ཁར་ཕ་རྒན་ཆོས་འཕེལ་གྱི་ལག་པ་ནས་འཇུས་ཏེ་སྐུ་གཟུགས་ལ་ཐུགས་ཅག་གནང་དགོས་ཚུལ་དང་། མ་འོངས་པར་དཀའ་ངལ་ག་རེ་འཕྲད་ན་ཡང་རང་ཉིད་འཚོལ་བར་ཡོང་དགོས་པའི་མངགས་བཅོལ་ཡང་བྱས།
འདས་མཆོད་ཟིན་པའི་ཕྱི་ཉིན་ཧྲུའུ་ཅིའི་ཁ་ལོ་བས། ཧྲུའུ་ཅི་སེམས་སྡུག་ཆེན་པོས་ངུ་བ་དེ་འདྲ་དེ་སྔ་ཁོང་གི་སྐུ་ཟླ་གཤེགས་དུས་མ་གཏོགས་མཐོང་མ་མྱོང་། ཧྲུའུ་ཅི་དོན་རྡོར་ནི་ངོ་མ་ཡ་ང་དགོས་པའི་མི་བསོད་ཟད་ཅིག་ཡིན་ལུགས་དང་། ཁོང་ལ་དགའ་འོས་པའི་གཏམ་བཟང་རེ་དང་ལྷན་དུ་ཟློག་ཐབས་མེད་པའི་གེགས་བར་རེ་འཕྲད་ཀྱི་འདུག དེ་ནི“རྩམ་པ་ཐང་ཁུག་གང་ལ་གེགས་བར་ཐང་ཁུག་གང”ཟེར་བ་རང་རེད་ཅེས་ཡ་ང་བའི་ཚུགས་ཀ་དང་བཅས་སྨྲས།
ངོ་མ་ཧྲུའུ་ཅིའི་ཁ་ལོ་བས་བཤད་པའི་སྐད་ཆར་ཁུངས་ལུང་མེད་པ་ནི་མ་ཡིན་ཏེ། དེ་སྔ་ཧྲུའུ་ཅི་དོན་རྡོར་བྲག་དཀར་རྫོང་གི་རྫོང་དཔོན་གནང་ནས་ལོ་ལྔ་སོང་རྗེས་གུང་རི་རྫོང་གི་ཧྲུའུ་ཅིར་གནས་སྤར་བྱུང་བ་དང་། ལོ་དེར་བཟའ་ཟླ་སྐྱིད་འཛོམས་ཀྱི་སེམས་ལ་གདོན་ཞུགས་པ་ལྟར་ཏག་ཏག་གཤིན་གདོང་ཟམ་པ་ནས་ཆུར་མཆོངས་ཏེ་ཚེ་ལས་འདས་པ་རེད། དེ་དུས་དྲུང་ཆེ་དབང་གྲགས་ཀྱང་མཉམ་དུ་ཡོད་མོད། ཁོ་པས་མགྱོགས་མྱུར་ཆུ་ཁ་ནས་སྐྱོབ་ཐབས་བྱས་ཀྱང་དྲག་ཏུ་རྒྱུག་པའི་གཙང་པོའི་རྦ་ཀློང་གི་སྡེར་མོས་མོའི་ཚེ་སྲོག་སྐད་ཅིག་ཉིད་དུ་བཀུམ་རྐྱེན་ཁོ་ཚོར་བྱ་ཐབས་གང་ཡང་མ་བྱུང་།
བཟའ་ཟླའི་འདས་མཆོད་སྐབས་ཧྲུའུ་ཅིས་ཀྱང་། མོར་སྔ་མོ་ནས་ནད་ཕོག་ཡོད་པ་དང་། དེ་ཉིན་ཁོང་ཚོས་གཤིན་གདོང་ཟམ་པར་མོ་ཊ་བཀག་ནས་ངལ་གསོ་སྐབས་མོའི་གློ་བུར་གྱི་བྱ་སྤྱོད་དེ་ནི་ཁོང་གི་བསམ་ཡུལ་ལས་འདས་ཚུལ། མོ་ནི་རང་གི་མིག་མདུན་ནས་མཆོང་བཞིན་དུ་རང་ཉིད་ཀྱིས་སྐྱོབ་མ་ཐུབ་པ་ནི་ཚེ་གང་གི་གནོང་འགྱོད་ཆེ་ཤོས་དེ་ཡིན་ལུགས་དགའ་ཉེ་རྣམས་ལ་ཡང་ཡང་བཤད་མྱོང་།
དུས་ཚོད་ཀྱིས་དེད་པའི་དྲན་པ་ནི་རྒད་པོ་ཞིག་གི་ཁ་སྤུ་དང་མཚུངས་པར་བཞར་གྱིན་དང་སྐྱེས་ཀྱིན་དབང་དུ་འདས་སོང་བས་ད་ནི་རིམ་བཞིན་དྲན་སྣང་གི་ཀློང་ནས་ཡལ་ཟིན། ད་ལྟ་གུང་རི་རྫོང་གི་གནས་ཚུལ་གསར་ཤོས་ནི་ཧྲུའུ་ཅི་དོན་རྡོར་ཕྱི་ཉིན་གྲོང་སྤྱི་གནང་བར་ཕེབས་རྒྱུའི་སྐོར་དེ་རེད།
ཞོགས་པ་དེར་ཉི་མ་རི་རྩེར་མ་ཤར་གོང་ནས་གུང་རི་རྫོང་གི་ལས་བྱེད་རྒན་དར་གཞོན་གསུམ་ཚང་མ་མཉམ་དུ་འདུས་ཤིང་གཞུང་ལམ་གཡས་གཡོན་གྱི་རུ་སྟར་ནི་རྫོང་གྲོང་གི་སྣུམ་ནག་གཞུང་ལམ་རྫོགས་མཚམས་བར་བསྒྲིགས་ཡོད། གྲལ་བསྒྲིགས་པའི་ལས་བྱེད་པ་ཚང་མའི་ལག་ཏུ་སེམས་མཚོན་ཁ་བཏགས་རེ་དང་ངོ་སོའི་སྨོན་ཚིག་རེ། ད་དུང་མ་འོངས་པའི་རེ་བ་རེ་འཁྱེར་ནས་སླེབས་ཡོད་པ་གོར་མ་ཆག ཧྲུའུ་ཅི་ལས་ཤག་ཏུ་སླེབས་སྐབས་གསར་དུ་བསྐོ་བཞག་གནང་བའི་ཀྲུའུ་རེན་པདྨ་སྔ་ས་ནས་རང་ཉིད་ཀྱི་ལས་ཤག་ཏུ་འབྱོར་ཡོད་པ་དང་། རྣམ་ཀུན་གཙིགས་ཆེ་བའི་ཅ་དངོས་ཁག་བསྡུ་གསོག་རྒྱག་སྒང་རེད་འདུག ཧྲུའུ་ཅི་ལས་ཤག་ཏུ་འབྱོར་བ་དང་མོས་ཆུ་འཁོལ་གང་བླུགས་རྗེས། ཧྲུའུ་ཅིའི་ཕྱག་གི་ཀོ་ཕད་ནག་པོ་དེ་ཚུར་བླངས། དེ་ནི་བུ་ལ་ཧ་ཅང་བྱམས་པའི་ཨ་མ་ཞིག་གི་བརྩེ་བ་དང་མཚུངས། “ཁྱེད་རང་གི་བསྡོག་ཆས་ཚང་མ་བརྒྱབ་ཟིན། ད་ནི་ང་མ་གཏོགས་གང་ཡང་ལུས་མ་སོང་། ཧི་ཧི…”ཀྲུའུ་རེན་པདྨས་ཧྲུའུ་ཅིའི་ངོ་གདོང་ལ་ཅེར་ནས་དེ་ལྟར་སྨྲས། “ཟླ་བ་གཅིག་གི་རིང་ངང་སྒུག་བྱོས་ཨ། ངས་གྲོང་ཁྱེར་དུ་མངགས་བཅོལ་བྱས་ཟིན”ཧྲུའུ་ཅིས་ཚིག་ཐག་ཆོད་པོས་ལན་དེ་ལྟར་བཏབ་པར། མོ་ནི་ཉི་འོད་འོག་གི་མེ་ཏོག་པདྨ་ཞིག་ལྟར་ཡིད་དགའ་བའི་འཛུམ་མདངས་ལྷུག་པོར་བཞད།
ཧྲུའུ་ཅི་འདུག་སྟེགས་ཐོག་འཁོད་རྗེས། སྒྲོག་ཙེའི་མདུན་ཐད་དུ་གྲལ་འགྲིག་པོར་བརྩིགས་པའི་དུས་དེབ་དང་ཚགས་པར་སོགས་ཡིག་སྐོགས་ཆེ་ཆུང་གྲངས་མེད་ཅིག་ཡོད་པ་དེ་དག་ལས། གཙིགས་ཆེ་བ་འདྲ་མཁོ་རྒྱུ་ཡོད་མེད་བཤེར་སྐབས། དེའི་ཁྲོད་དུ་ཁ་ཡིག་བོད་ཡིག་སྔོན་པོ་བྲིས་པའི་ཡིག་སྐོགས་དམིགས་བསལ་བ་ཞིག་ཧྲུའུ་ཅིའི་མིག་ངོར་ལྷགས།
“རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་རྡོར་ལགས་ལ་སྤྲོད་གནང་ཡོད་པ་མཁྱེན། དྲུང་ཆེ་དབང་གྲགས་ནས”ཞེས་བཀོད་ཡོད་པས་ཧྲུའུ་ཅིས་པདྨའི་ཕྱོགས་སུ་ལྟ་གིན་དགོད་བྲོ་བའི་བཞད་གད་དང་འབྲེལ། “ཧ་ཧ…འདས་པོ་ཕ་རོལ་དུ་ཕེབས་ནས་ལོ་འཁོར་ཡང་ཡི་གེ་ད་དུང་ལྟ་འཕྲོར་ལུས་འདུག”ཅེས་སྨྲས་པར་པདྨས་ཀྱང་ཡིག་སྐོགས་ལ་ལྟ་ཙམ་བྱས་རྗེས“ཕལ་ཆེར་དྲུང་ཆེ་དབང་གྲགས་མ་འདས་གོང་ལབ་ཕྱི་ཤང་ལ་བཅའ་སྡོད་ཟླ་བ་གཅིག་བཞུགས་རིང་བསྐུར་བ་ཡིན་ངེས། ཁྱེད་རང་མཛད་བྲེལ་ཆེ་རྐྱེན་ཡི་གེ་དེ་འདྲར་ལྟ་ཁོམ་ག་ལ་ཡོད། གལ་ཏེ་དེ་རིང་ཐོན་རྒྱུ་མིན་ན་ཁྱེད་རང་གིས་སྣང་འཇོག་དེ་བས་ཡོང་མི་སྲིད”ཅེས་ལན་སློག་པར་ཧྲུའུ་ཅི་ཡང་ཡོངས་སུ་མོས་མཐུན་བྱུང་བ་ལྟར། མགོ་བོ་ལྕོག་ལྕོག་བྱེད་ཀྱིན“འོ། རེད་རེད། ངས་ཀྱང་ད་ག་རང་བསམས་བྱུང”ཞེས་སྨྲ་ཞོར་དུ་ཡི་གེ་དེ་སྒྲོག་ཙེའི་ཟུར་དུ་བཞག
ཀྲུའུ་རེན་པདྨ་སྒོ་ཁ་དང་བྲལ་ཏེ་རང་གི་ལས་ཤག་ཏུ་སོང་ཞིང་ལྷམ་གྱི་རྡོག་སྒྲ་རིམ་བཞིན་བར་ཁྱམས་ནས་ཡལ་རྗེས་ཧྲུའུ་ཅི་དོན་རྡོར་གྱི་ཡིད་ངོར་དོགས་མི་བདེ་བའི་སྣང་བ་ཞིག་བྱུང་། དེ་འཕྲལ་ཡིག་སྐོགས་དབྲལ་ནས་ཡི་གེར་མིག་བཤེར་ཞིག་བྱས། སྐབས་དེར་ཧྲུའུ་ཅིའི་ངོ་གདོང་གློ་བུར་དུ་ཐལ་མདོག་ཏུ་གྱུར་ཅིང་། རྒྱབ་ངོས་དང་གཡས་གཡོན་ལ་ལྟ་ཙམ་བྱས་རྗེས་དལ་གྱིས་ཡར་ལངས་ནས་ལས་ཤག་གི་སྒོ་དམ་པོར་མནན། སླར་ཡང་འདུག་སྟེགས་ཐོག་འཁོད་རྗེས་དུ་བ་རྐང་གཅིག་ལ་མེ་སྒྲོན་ཞོར་ཡི་གེ་དེ་ནན་ཏན་ངང་ཐེངས་ཤིག་བཀླགས།
༄༅། །གུས་བརྩེ་ལྡན་པའི་ཧྲུའུ་ཅི་དོན་རྡོར་མཆོག་ལ།
སྟབས་གསོལ།
མཇུག་ཏུ་ཁྱེད་ཀྱིས་ཁ་ཉིན་ཞལ་བཞེས་གནང་བའི་ལབ་ཕྱི་ཤང་ནས་མཁར་སྟོད་གྲོང་ཚོའི་བར་གྱི་གཞུང་ལམ་བཟོ་རྒྱུའི་རྣམ་གྲངས་དེ་གང་མགྱོགས་དོན་འཁྱོལ་གནང་རོགས་ཞུ་རྒྱུ་དང་། ད་དུང་ཁྱེད་ཀྱིས་མངགས་བཅོལ་བྱས་པ་ལྟར་གྲོང་ཁྱེར་དུ་ཡོད་པའི་བུ་མོ་ཞའོ་རླིད་ལ་སྤྲད་པའི་ཁྱེད་ཀྱི་བུའི་གསོ་རྟེན་སྒོར་ཁྲི་ལྔའི་བྱུང་འཛིན་ཡི་གེ་དེ་ལས་ཤག་གི་དཔེ་སྒྲོམ་ཐོག«དུས་རབས་ཀྱི་མིག་དཔེ»ཞེས་པའི་དེབ་དེའི་བར་དུ་བཅུག་ནས་བཞག་ཡོད། ཁྱེད་རང་མཁར་སྟོད་གྲོང་ཚོར་ཕེབས་ཁོམ་བྱུང་ན་ན་ནིང་ཧྲུའུ་ཅི་ང་གཉིས་ཀྱིས་བགོ་བཤའ་བརྒྱབ་པའི་གཡག་ཤ་བུབ་གཉིས་པོ་དེ་ངའི་ཨ་ཕར་ཡིན་ཅིག་སྤྲོད་གནང་ཡོད་པ་མཁྱེན།
མཚམས་ཞུ།
སླད་མ་འོངས་པའི་ལོ་ཟླའི་ནང་ཁྱེད་ཀྱི་བྱ་གཞག་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་ཞུ།
ཁྱེད་ཀྱི་དྲུང་ཡིག་དབང་གྲགས་ནས།
སྤྱི་ལོ20×ལོའི་ཟླ×པའི་ཚེས×ཉིན།
ཡི་གེ་དེར་བལྟས་ཟིན་རྗེས་ཧྲུའུ་ཅིའི་སེམས་ཁམས་ནི་རླུང་ཆེན་གྱིས་དེད་པའི་རྒྱ་མཚོའི་རླབས་ལྟར་སྐད་ཅིག་ཙམ་ལའང་འཇགས་ཐབས་བྲལ་བར་གྱུར་ཅིང་། ཡི་གེའི་མཇུག་གི་ཚེས་གྲངས་ནི་དེ་སྔ་དྲུང་ཆེ་དབང་གྲགས་འདས་པའི་ཉིན་མོ་དེ་ཏག་ཏག་ཡིན་འདུག ཧྲུའུ་ཅིའི་ངོ་གདོང་ནི་ཐལ་མདོག་ནས་དམར་སྨུག་ཏུ་གྱུར་པ་དང་། སྙིང་ཁའི་འཕར་ལྡིང་གི་སྒྲ་ནི་ཁྲིམས་རའི་རྔ་བོ་ཆེ་བརྡུངས་པ་ལྟར་རྡིག་རྡིག་ཏུ་གྲགས། ཁོའི་ཡིད་ངོར་ལོ་གསུམ་གོང་གི་གཤིན་གདོང་ཟམ་པའི་འདས་རྐྱེན་དེ་སླར་ཡང་གློག་བཪྙན་བསྟན་པ་ལྟར་ཐེངས་ཤིག་ཤར་ཡོང་། མོས་རང་ཉིད་ཀྱི་ལག་པ་ནས་དམ་པོར་བཟུང་ཞིང་། ངོ་གདོང་ལས་ཡ་ང་བའི་རྣམ་འགྱུར་དང་བཅས། “ང་མ་གློད་རོགས། དོན་རྡོར། ང……ང”གཙང་ཆུའི་རྦ་ཀློང་ཁྲོད་བཟའ་ཟླ་སྐྱིད་འཛོམས་ཀྱི་ཆེས་མཇུག་མཐའི་འཕག་ཚག་དེ་དང་། འཁོན་སེམས་ཀྱི་མིག་ཟུང་དེ་ནི་བྲག་ལ་རི་མོ་བརྐོས་པ་ལྟར་ནམ་ཡང་བརྗེད་དཀའ་བ་ཞིག་རེད། ཡང་ཧྲུའུ་ཅིའི་སེམས་ངོར་གལ་ཏེ་དབང་གྲགས་ཀྱིས་གཤིན་གདོང་ཟམ་པའི་གནས་ཚུལ་དེ་དག་རྒྱབ་ངོས་ནས་མ་མཐོང་ན། ད་ལྟ་དྲུང་ཆེ་དབང་གྲགས་སྔར་བཞིན་གསོན་པོར་གནས་ཡོད་ངེས་ཨང་སྙམ། ཨོ……ང་ལ་ཡང་ལན་ཁག་ཅི་ཡོད། ཁོ་གཉིས་པོའི་ཁོག་ཏུ་ངའི་གསང་བ་མང་དག་ཅིག་སྦས་ཡོད་བཞིན་དུ་ཁོ་གཉིས་གསོན་པོར་གནས་པ་ནི་རང་གི་ཁ་འོག་ཏུ་སྦས་པའི་དུས་བཀག་འབར་མདེལ་ཞིག་མ་ཡིན་ནམ། མི་སུ་འདྲ་ཞིག་ཡིན་ན་ཡང་རང་གི་ཁ་རྗེ་དབང་ཐང་དེའི་ཆེད་དུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་འདོན་སྲིད་པ་བཤད་ག་ལ་དགོས། ཧྲུའུ་ཅིས་རང་གིས་རང་ལ་གུ་ཡངས་ཀྱི་བསམ་གཞིག་ཁྲོད་དུ་ལག་པར་ཚ་ཤུར་ཤུར་གྱི་སྣང་བ་ཞིག་བྱུང་བས་ད་གཟོད་དུ་བ་ཁམ་གང་རྔུབ་རྒྱུ་མ་བྱུང་ཡང་དུ་བའི་མེ་སྟག་གིས་ལག་གཡོན་མའི་མཛུབ་བར་ལ་རྨ་ཁ་ཞིག་བཟོས་ཡོད་པ་ཚོར། གང་འཚམས་ནས་ཧྲུའུ་ཅིས་འཚབ་འཚུབ་ངང་རང་གི་རྒྱབ་ངོས་ཀྱི་དཔེ་སྒྲོམ་ཐོག་མིག་མྱུལ་ཞིག་བྱེད་སྐབས། གྲལ་སྟར་འགྲིག་པའི་དཔེ་དེབ་ཁྲོད་དུ«དུས་རབས་ཀྱི་མིག་དཔེ»ཞེས་པའི་དཔེ་ཆ་དེ་མིག་ངོར་ལྷགས་པ་དང་འབྲེལ་སྙིང་གི་འཕར་སྒྲ་སྔར་བས་ཇེ་ཆེར་སོང་། དེབ་དེ་ཨ་སློག་འགའ་བརྒྱབ་པས་དེའི་གསེང་ནས་ངོ་མ་ཤོག་བུ་ཉིས་ལྟེབ་བརྒྱབ་པ་ཞིག་འདུག་པ་ཕྱིར་འཕྲལ་སྐབས་བྱུང་འཛིན་ཞིག་དང་། ཤོག་ངོས་ཀྱི་མཇུག་མཐར་ཞའོ་རླིད་ནས་ཞེས་མཛུབ་ཐེལ་དང་བཅས་པ་ཁྲ་ལྷེམ་མེར་གསལ།སྤྱི་ལོ20×ལོའི་ཟླ×པའི་ཚེས×ཉིན།
འཇིགས་སྣང་དང་སྔངས་སྐྲག་ཁྲོད་ཧྲུའུ་ཅིས་ཨམ་ཕྲག་ཏུ་སྦར་མྱུལ་བྱེད་ཀྱིན་མེ་ལྕགས་བཙལ། ཤོག་སྙིགས་ཀྱི་དཔང་རྟགས་འདི་ཚོ་ཡང་བཟའ་ཟླ་སྐྱིད་འཛོམས་དང་དྲུང་ཆེ་དབང་གྲགས་ལྟར་འཇིག་རྟེན་འདི་ནས་རྨེག་མེད་དུ་གཏོང་དགོས་པ་ནི་ཨ་ཅང་ཅང་། མེ་ལྕགས་ཇི་ཙམ་སྦར་ཡང་འགག་རྩའི་དུས་སུ་ཁོས་ཀྱང་རང་གི་སྨྲ་བར་མི་ཉན་པ་ལྟར་འབར་རོགས་ཤིག་མི་བྱེད། མཇུག་མཐར་མེ་ལྕེ་དམར་ཀེམ་ཀེམ་ཞིག་དང་དུ་བ་སྔོ་ཕྱུར་ཕྱུར་ཞིག་གིས་ཧྲུའུ་ཅིའི་དྲན་པ་ཡོད་ཚད་མེ་ལ་བསྲེགས་པ་ལྟར། ཀླད་པའི་གཏིང་རིང་དུ་སྙུང་བུ་བཙུགས་པ་ལྟར་གྱི་ན་ཟུག་ཅིག་ལྡང་བས་ཧྲུའུ་ཅི་ཡང་སྟབས་གཅིག་ཏུ་འགྱེལ།
ཞོགས་པ་དེར་སྐྱེལ་བསུའི་སྟ་གོན་ལ་རེམས་པའི་མི་ཁྱུའི་གྲལ་སྟར་ཁྲོད་དུ་བྱ་ལྟར་མགྱོགས་པའི་མྱུར་སྐྱོབ་རླངས་འཁོར་ཞིག་དུང་བརྡ་བར་མེད་དུ་གྲག་གིན་གྲོང་ཁྱེར་སྨན་ཁང་གི་ཕྱོགས་སུ་བསྐྱོད།
མྱུར་སྐྱོབ་རླངས་འཁོར་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་རྡུལ་འཕྱུར་རེར་མཐོང་ལམ་ནས་ཡལ་ལ་ཉེ་ཡང་གུང་རི་རྫོང་གི་ལས་བྱེད་རྣམས་ད་དུང་ལག་ཏུ་ཁ་བཏགས་བཟུང་ནས་ཀེ་རེར་ལངས་འདུག
ཐུགས་གྲ་འགྲིག་པའི་སྐྱེལ་བསུའི་དགའ་སྟོན་དེ་གྱེས་བྲལ་གྱི་སྐྱོ་གར་ཞིག་ཏུ་གྱུར་བས་གུང་རི་རྫོང་གི་མི་རྣམས་ལ་དཔག་དཀའ་བའི་གདམ་ག་ཆེན་པོ་ཞིག་སྤྲད་པ་དང་མཚུངས། དེ་ཡང་ཁོ་ཚོ་ཚང་མའི་རྣམ་ཤེས་ཧྲུའུ་ཅི་དང་འགྲོགས་ཡོད་ལ། གལ་ཏེ་ཧྲུའུ་ཅི་དྲག་སྐྱེས་བྱུང་ན་ཁོང་ནི་སྔར་བཞིན་གུང་རི་རྫོང་གི་མི་བུ་རེ་རེའི་སེམས་ནང་གི་མགོན་སྐྱབས་དེ་ཡིན་ཞིང་། ཧྲུའུ་ཅིའི་འོད་སྣང་དེར་བརྟེན་ནས་རང་ཉིད་ཀྱི་དཔོན་སའི་ལམ་བུར་མུ་མཐུད་མདུན་སྐྱོད་བྱེད་ཆོག་སྙམ་ཡོད།
གྲལ་སྟར་བསྒྲིགས་པའི་མི་བུ་ཚང་མའི་ངོ་གདོང་ལས་སྐྱོ་སྣང་གི་རྣམ་པས་ཁེངས་ཡོད་ཅིང་། ཚང་མས་ཧྲུའུ་ཅི་དོན་རྡོར་གྱིས་གུང་རི་རྫོང་ལ་བཅངས་པའི་ལྷག་བསམ་དང་བརྩེ་དུང་། དེ་བཞིན་ཁོང་གུང་རི་རྫོང་ནས་འབྲལ་འདོད་མེད་ཚུལ་དང་། ཕྱག་ལས་གནོན་ཤུགས་ཆེ་དྲགས་པའི་དབང་གིས་དྲན་མེད་དུ་འགྱེལ་ཚུལ་སོགས་ཚ་ཚ་འུར་འུར་དུ་གླེང་གིན་ཡོད། ཚང་མའི་གླེང་ཕྱོགས་བར་ནས་ཧྲུའུ་ཅི་དོན་རྡོར་ནི་མི་མ་ཡིན་པར་ཧ་ལམ་སྐྱོན་གྱི་དྲི་ཙམ་ཡང་འགོས་མེད་པའི་ལྷ་ཆེན་ཞིག་ཏུ་གྱུར་ཅིང་། ཚང་མའི་སེམས་ནང་མི་རིང་བར་ཧྲུའུ་ཅི་དོན་རྡོར་གྱི་ཐུགས་རྗེའི་འོད་ཟེར་དེ་གྲོང་ཁྱེར་ནས་རྫོང་མཐར་འཕྲོས་ཏེ་རང་ཉིད་ལ་མགོན་སྐྱབས་གནང་ངེས་པའི་ཡིད་ཆེས་བརྟན་པོ་ཞིག་བཅངས་ཡོད།
ཧྲུའུ་ཅི་སྨན་ཁང་དུ་ཕེབས་ནས་གཟའ་འཁོར་གཅིག་ཙམ་སོང་བའི་རྗེས། ལབ་ཕྱི་ཤང་གི་ཤང་ཀྲང་དཔལ་ལྡན་ལ་ད་གཟོད་འཚབ་ཤ་ཅུང་ཟད་ལངས་སོང་། གུང་རི་རྫོང་གི་ལས་བྱེད་ཁྲོད་དུ་ཤང་ཀྲང་དཔལ་ལྡན་ནི་ཧྲུའུ་ཅིའི་ཉེ་འཁོར་གྱི་གཅན་གཟན་རྣམ་གསུམ་གྲས་ཤིག་ཏུ་བརྩིས་ཤིང་། ཐོག་མར་རྫོང་གི་ལས་བྱ་དཀྱུས་མ་ཞིག་ནས་ལབ་ཕྱི་ཤང་གི་ཤང་ཀྲང་ལ་གནས་སྤར་བྱས་པས་མ་ཚད། འདི་ལོ་གུང་རི་གྲོང་རྡལ་གྱི་ཧྲུའུ་ཅིར་གནས་སྤར་བྱ་རྩིས་ཀྱི་སྐད་ཆ་ཡང་སྲང་མདོ་ན་གླེང་བཞིན་ཡོད། ལྷག་པར་དུ་དྲུང་ཆེ་དབང་གྲགས་འདས་སྐབས་ཁོས་རྫོང་གི་ཕྱོགས་གཏོགས་སུ་ལངས་ནས་སྨན་པ་གཉིས་ཀྱི་ཐོག་མའི་འོལ་ཚོད་ལ་ཆད་པ་བཅད་པ་སོགས་བྱས་ནས་ལྐོག་གསོད་ཀྱི་དོགས་གཞིར་དག་ཐེར་བྱས་པས། ཁོ་ལ་ཧྲུའུ་ཅིའི་ངོ་སོ་ཆེན་པོ་ཐོབ་ཡོད།
ཁོའི་སེམས་ནང་ད་ཐེངས་ནི་དཀོན་མཆོག་གིས་རང་ཉིད་ལ་ཆེད་དུ་གནང་བའི་གོ་སྐབས་ཤིག་རེད་སྙམ་ཞིང་། ཤང་གི་དཀོར་མཛོད་ནས་ཤ་མར་ཐུད་གསུམ་གྱི་རྒྱབ་ཆ་འདང་ངེས་ཤིག་བླུགས་ཐོག་ཁ་ལོ་བ་ཁྲིད་དེ་གྲོང་ཁྱེར་སྨན་ཁང་གི་ཕྱོགས་སུ་རྡུལ་འཚུབ་བེར་བརྒྱུགས་སོང་། ལམ་བར་དུ་ཁོའི་སེམས་ནང་རང་ཉིད་ནི་ཧྲུའུ་ཅི་དོན་རྡོར་གྱི་སྔས་མགོར་ལྷགས་པའི་གུང་རི་རྫོང་ཁོངས་ཀྱི་ལས་བྱེད་ཐོག་མ་དེ་ཡིན་པའི་རེ་བ་བྱེད་ཀྱི་ཡོད། ཁོའི་སེམས་ནང་ད་རེས་ཉིན་ཤས་གྲོང་ཁྱེར་དུ་འདུག་དགོས་བྱུང་ན་ཡང་གོ་སྐབས་འདི་ཅི་ནས་ཤོར་མི་རུང་ཨང་། ཧྲུའུ་ཅི་དོན་རྡོར་གྱི་ལྟག་པ་ནས་སྐྱོར་ཏེ་སྨན་ཁམ་གང་རེ་ཐུར་མ་རེ་རེ་བྱས་ནས་བླུགས་ཆོག་ལ། ཁོང་ལ་ཆབ་གསང་བབས་ན་ངས་ཆབ་ཏོག་བཤོ་ཆོག་པ་དང་། ཁོང་ལ་ཆབ་ཆེན་བབས་ན་ངས་དེ་བས་ཀྱང་འཛེམ་ཟོན་བྱེད་ག་ལ་རུང་སྙམ།
དེ་བས་ཐེངས་འདིར་རང་ཉིད་འདི་ལྟར་འཚབ་འཚུབ་ཏུ་ཐོན་དགོས་པའི་རྒྱུ་མཚན་ཧྲུའུ་ཅིས་མཁྱེན་ཚེ། ཁོང་གི་སྤྱན་ངོར་རང་ཉིད་ནི་སྔར་ལས་ལྷག་པའི་ཕྱུགས་སྤུ་རྟགས་ཅན་ཞིག་ལྟར་མི་འགྱུར་བ་ག་ལ་སྲིད། “ཨ་ཙི། བློ་མཐུན་དཔལ་ལྡན། རང་འདི་ལྟར་འཚབ་འཚུབ་ཏུ་ཐོན་ནས་ཅི་བྱེད། བདེ་འཇགས་གལ་མི་ཆེའམ། ལྟོས་དང་། ཅ་ལག་རྩ་ཆེན་འདི་ཚོར་མི་དམངས་ཀྱི་རྔུལ་ཁྲག་ག་ཚོད་སིམ་ཡོད། ད་རེས་ཐེངས་མཇུག་ཤོས་ཡིན་དགོས”ཁོའི་སྣང་ཡུལ་དུ་ཧྲུའུ་ཅི་དོན་རྡོར་གྱི་རྒྱུན་གཏན་ཅན་གྱི་བཀའ་མོལ་དེ་དག་བྲག་ཅ་བཞིན་སླར་ཡང་འཁོར་ཡོང་། བསམ་བཞིན་བསམ་བཞིན་ཤང་ཀྲང་དཔལ་ལྡན་གྱི་ཡིད་ཀྱི་གཏིང་རུམ་ནས་སྤྲོ་སྣང་གི་མེ་རི་ཞིག་འཕྱུར་བས། ངག་ནས་སྣང་མེད་དུ་མགྲིན་གླུ་ལྷང་ལྷང་ཐོན།
གྲོང་ཁྱེར་སྨན་ཁང་དུ་སླེབས་པ་དང་ཧྲུའུ་ཅིའི་ནད་ཁང་གི་སྒོ་འཛུལ་རྩིས་བྱེད་སྐབས། རྫོང་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་བསམ་གྲུབ་སྒོ་ཕྱིར་ཐོན་ཡོང་བ་དང་སྐབས་འཁེལ།
“ཁོ་ཚོ་སྦུག་ཏུ་འདུག ཁྱེད་རང་ཡར་སོང་དང”ཅུས་ཀྲང་བསམ་གྲུབ་ཀྱིས་དེ་ལྟར་བཤད་ཀྱིན་ལག་གཉིས་ཀྱིས་ཆབ་ཏོག་བཏེགས་ནས་གསང་སྤྱོད་ངོས་སུ་སོང་།
“ཧིན……རང་གི་ཕ་རྒན་གྲིབ་སྐྱོན་ཕོག་ནས་མལ་སར་ལུས་ཀྱང་བསྙེན་བཀུར་ཞོགས་གཅིག་བྱེད་མཁན་མེད་པར་འདས་པ་ཕུ་གྲགས་མདའ་གྲགས་རེད། འོན་ཀྱང་ད་ལྟ་ཧྲུའུ་ཅིའི་གཅིན་པ་ཡང་ཡོན་ཆབ་འབུལ་བ་ལྟར་འཁྱེར་འགྲོ་བ་འདི་འདྲ་ལྟས་ངན་རང་རེད”བློ་ཡུལ་ལས་འདས་པའི་སྣང་ཚུལ་དེས་དཔལ་ལྡན་གྱི་གློ་སྙིང་དབྱུག་པས་དཀྲུག་པ་ལྟར་ང་རྒྱལ་གྱི་ཁོག་ལབ་ཅིག་ཤོར།
སྒོ་ཡར་འཛུལ་བ་དང་ཁོའི་མིག་ངོར་འཆར་བའི་སྣང་བཪྙན་ནི་ཁོའི་བློ་ཡུལ་ལས་འགོངས་པ་ཞིག་རེད། ངོ་ཤེས་པ་དང་མི་ཤེས་པ། མཐོང་མྱོང་བ་དང་མ་མྱོང་བའི་མི་ཁྱུ་གཅིག་ཧྲུའུ་ཅི་དོན་རྡོར་གྱི་མཐའ་ནས་བསྐོར་ཡོད་པས། ཤང་ཀྲང་དཔལ་ལྡན་གྱིས་རྟིང་པ་ཅི་ཙམ་བཀྱགས་ནས་རྒྱབ་ངོས་སུ་ལངས་ཀྱང་ཧྲུའུ་ཅིས་རང་ཉིད་ཕྱུགས་སྤུ་རྟགས་ཅན་ཞིག་ཏུ་མཐོང་རྒྱུའི་བསྐལ་བ་ཡེ་ནས་མི་འདུག ཁོས་སྒུག་ཙམ་བྱས་ནས་མི་ཁྱུའི་གསེང་ནས་ཧྲུའུ་ཅིའི་མལ་ཁྲིའི་ངོས་སུ་ལྟ་སྐབས། ཀྲུའུ་རེན་པདྨས་ཧྲུའུ་ཅིའི་ལྟག་ཁུང་ནས་སྐྱོར་ཏེ་སྨན་ཐུར་མ་རེ་རེ་བཞིན་ཁ་ནང་དུ་བླུག་བཞིན་ཡོད་པ་དང་། ཧྲུའུ་ཅི་ནི་བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་ཞིག་ལྟར་ད་རུང་གོ་རྒྱུ་ཚོར་རྒྱུ་མེད་པར་པདྨའི་པང་ཁར་གཉིད་དུ་ཡུར་ནས་བསྡད་ཡོད། ཁོའི་ལམ་བར་གྱི་འཆར་གཞི་ཡོད་ཚད་སྟོང་བསམ་དུ་གྱུར་བ་དང་། སྟོང་བསམ་དེ་ནི་ཉིང་རྡུལ་གྱི་རིལ་བུ་ཆུང་ངུ་ཞིག་གས་པ་ལྟར་ཁོག་སྟོད་ཁོག་སྨད་ཡོངས་སུ་འབར།
“ཨུམ། མོས་རང་གི་ཤ་ལས་མཆེད་པའི་ཕྲུ་གུ་ཡང་ཁྱོ་བོར་སྤྲད་ནས་ཁ་ཡ་མི་བྱེད་པར་ད་ལྟ་རང་གི་གོ་གནས་ཆེད་དུ་ངོ་ཚ་ཞེ་ཁྲེལ་མེད་པའི་ལས་འདི་འདྲ་བྱེད་པ་ནི་རང་གི་བུ་ཕར་བཞག མིའི་བུ་མོ་པང་དུ་བཏབ་ཅེས་པའི་དཔེ་ལྟར་མ་རེད་དམ། འདི་འདྲ་ཕ་ཡུལ་གཅིག་པའི་རྐང་འདྲེན་རང་རེད”ཁོའི་སེམས་ནང་ང་རྒྱལ་གནོན་ཐབས་མེད་པས་མོ་ལ་སྡུག་དགུ་ངན་བཅུའི་སྡང་སེམས་ཤིག་ཤར།
བལྟས་ཚོད་ལ་སྡུག་སྣང་གི་མུན་པ་རུབ་པ་ལྟ་བུའི་མི་ཚོགས་དེ་དག་གི་འདྲེན་བྱེད་ཟུང་གཡོལ་བ་མེད་པར་ཧྲུའུ་ཅི་དོན་རྡོར་གྱི་ཕྱོགས་སུ་བལྟས་ཡོད་ཅིང་། ཧྲུའུ་ཅིའི་ཞི་རྒྱས་དབང་དྲག་གི་ལེགས་ཚོགས་མ་ལུས་འདུས་པའི་སྤྱན་ཟུང་དེ་དལ་གྱིས་ཕྱེ་རྒྱུར་བསྒུགས་ཡོད། ངོ་རིས་མི་གཅིག་པ་དང་མཐོ་དམན་མི་གཅིག་པའི་མི་ཁྱུ་དེ་དག་གི་ཐུན་མོང་གི་བསམ་འདུན་ནི་ཧ་ལམ་ཐིག་གཅིག་གི་སྣེ་མོར་བསྒྲིལ་ཡོད་དེ། རེ་བའི་མིག་ཟུང་དེ་མགྱོགས་ཙམ་ཕྱེ་ནས་ངོ་སོའི་འོད་ཟེར་རང་ལུས་སུ་འཕྲོ་རྒྱུ་དེ་རེད།
རྣམ་ཀུན་མི་ཆུང་ཁ་བདེར་འབོད་པའི་ཤང་ཀྲང་དཔལ་ལྡན་ནི་ངོ་མ་མིང་དོན་མཚུངས་པ་ཞིག་རེད། ཁོས་མགོ་ཐར་དཔུང་འཛུལ་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་པའི་མཐར་རོང་རོང་དུ་ལངས་པའི་མི་ཁྱུའི་ཁྲོད་ནས་ཁོ་པ་མདུན་གྲལ་དུ་དོན་ཐུབ་པ་བྱུང་བ་མ་ཟད། ཁོ་དང་ཧྲུའུ་ཅི་ནི་ཧ་ལམ་ཁ་སྤྲོད་ལྟར་གྱུར། གལ་ཏེ་རེ་བའི་མིག་ཟུང་དེ་ཕྱེ་ན་ཁོ་པ་སྔོན་དང་པོར་མཐོང་རྒྱུ་ཡིན་པ་བཤད་ག་ལ་དགོས། ཁོས་མལ་གཞུག་ནས་ཐོན་པའི་ཧྲུའུ་ཅིའི་རྐང་མཛུབ་ཀྱི་ཁྲག་རྩར་འཕུར་འཕུར་བྱེད་ཀྱིན་ང་རྒྱལ་ཡོད་ཚད་མིད་ཅིང་ཁ་ངོ་ཡོངས་སུ་བསྡུས་ནས་ཧ་ལམ་རང་གི་ཕ་ཤི་བ་ལྟ་བུའི་སྡུག་བསྔལ་ཞིག་ཡིད་ལ་སྒོམ་པའི་སྐྱོ་ཚུགས་བསྟན་ནས་བསྡད།
སྐབས་དེར་རྒྱབ་ངོས་ནས་འུར་ཞིག་ལངས་པ་དང་འབྲེལ་ཁ་བཏུམས་ངོ་བཏུམས་བྱས་པའི་སྨན་པ་ཁ་ཤས་སླེབས། དེའི་ཁྲོད་ཅུང་ཟད་བགྲེས་ཉམས་ལྡན་པའི་སྨན་པ་དེས་ཁོ་ཚོའི་མདུན་ཐད་དུ་ཡོང་ནས“ཧྲུའུ་ཅི་ལགས་ཀྱི་ཀླད་པའི་སྐྲན་ནད་དེ་ཀླད་གཞུང་ཡོངས་སུ་མཆེད་ཟིན་པས་ད་ལྟའི་མིའི་རིགས་ཀྱི་སྨན་དོན་ཆུ་ཚད་ལ་གཞིགས་ན་དྲན་ཤེས་སླར་གསོ་ཡོང་བའི་རེ་བ་བརྒྱ་ཆ་བཅུ་ཡང་མེད། གལ་ཏེ་དྲན་པ་སོས་པའི་དབང་དུ་བཏང་ན་ཡང་ས་ངོ་གནམ་ངོ་མི་ཆོད་པའི་བེམ་གཟུགས་ཤིག་ལས་དྲག་སྐྱེས་ཡོང་རྒྱུ་རྩ་བའི་ཆ་ནས་ཁག་པོ་རེད”ཅེས་སྨྲས།
སྨན་པའི་སྐད་ཆ་དེ་ནི་མི་ཁྱུ་དེ་དག་གི་ཁྲོད་དུ་གཡུགས་པའི་འབར་མདེལ་ཞིག་ལྟར་ཚང་མའི་ཡིད་ཀྱི་གཏིང་སར་ཆེ་ཆུང་མི་ལྟོས་པའི་རྨས་སྐྱོན་རེ་བཟོས་ཡོད་པ་བརྗོད་ག་ལ་དགོས། ཐོག་མར་སྒོ་ཁར་འཛུལ་ལ་ཁད་དུ་གྱུར་བའི་ནོར་སྲིད་ཅུད་ཀྲང་གིས་སྨན་པའི་སྐད་ཆ་དེ་གོ་བ་དང་ལག་གི་ཆབ་ཏོག་དེ་ཡང་ཐང་སྒྲ་དང་བཅས་ས་ལ་ལྷུངས་སོང་བར་ཧྲུའུ་ཅིའི་སྔར་མགོར་ལྟ་རུབ་ཀྱིས་བསྐོར་བའི་མི་ཚང་མས་ཁོའི་ཕྱོགས་སུ་བལྟས། ཁོའི་ངོ་གདོང་དང་རྣ་བ་བཅས་པ་ཀུ་ཤུའི་མདོག་ལྟར་དམར་པོར་གྱུར་བས་ཁོས་སླར་ཡང་ཆབ་ཏོག་ཡར་སྒྲུག་མི་ནུས་པར་རྐང་པས་གཞོག་གཅིག་ཏུ་འབུད་ཙམ་བྱས། ཚང་མའི་སྣང་བ་སྒོ་ཁའི་ཕྱོགས་སུ་བསྒྱུར་བ་དང་བསྟུན་ནས་ཀྲུའུ་རེན་པདྨས་ཧྲུའུ་ཅི་ག་ལེར་པང་ནས་གློད་དེ་མགོ་བོ་སྔས་མགོའི་སྟེང་མར་བཞག སྨན་པའི་སྐད་ཆ་དེས་ཤང་ཀྲང་དཔལ་ལྡན་གྱི་སྙིང་ལ་གྲི་བཙུགས་པ་ལྟར་གྱི་ན་ཟུག་ཅིག་ལྡང་ཞིང་། རང་ཉིད་ཀྱི་མ་འོངས་པའི་ཁ་ཕྱོགས་གསལ་པོ་ཞིག་གང་དུ་ཡོད་མེད་ཚོད་དཔག་བྱེད་མི་ཐུབ་པའི་ཚད་དུ་སླེབས། ཁོས་ཧྲུའུ་ཅིའི་རྐང་པར་མལ་ཆས་དེ་ག་ལེར་འཐེན་ཙམ་བྱས་ཐོག ལག་གཉིས་མངོན་གསལ་དོད་པོ་དེ་ཙམ་མེད་པའི་སྒོ་ནས་དོར་མའི་ནང་དུ་བླུགས་ནས་བསྡད། ཧྲུའུ་ཅིའི་མཐའ་འཁོར་ནས་བསྐོར་བའི་མི་བུ་དེ་དག་གི་རྣམ་འགྱུར་ནི་ལ་ལ་ངུ་འདོད་ཅིང་ལ་ལ་དགོད་འདོད་པ་དང་། ལ་ལ་ནི་ངུ་མ་དགོད་ཀྱི་རྣམ་འགྱུར་ཅི་ཡང་མངོན།
ཉིན་ཤས་སོང་རྗེས་ཧྲུའུ་ཅི་དོན་རྡོར་ཀླད་པའི་སྐྲན་ནད་དབང་གིས་བཅོས་ཐབས་མེད་པའི་བེམ་གཟུགས་སུ་གྱུར་ཚུལ་དེ་གུང་རི་རྫོང་གི་ཕུ་མདའ་གང་སར་དཔྱིད་གསུམ་གྱི་ཁ་བ་ལྟར་ཁྱབ་པས། མི་ཁའི་གླེང་ཕྱོགས་མང་པོ་ཞིག་ཁ་ཤུལ་གྱི་མྱུ་གུ་བཞིན་བརྡོལ་ཡོང་། འགའ་རེས་ཧྲུའུ་ཅི་དེ་ལྟ་བུའི་གནས་བབ་ལ་གྱར་དོན་ནི་ལས་འབྲས་འཁོར་བ་རེད་ཅེས་དང་ཡང་འགའ་རེས་ཧྲུའུ་ཅི་མཆོག་གནས་སྤར་བྱུང་བར་བར་ཆད་ཀྱིས་གེགས་བརྩམས་པ་ཡང་རེད་ཟེར། ཡིན་ན་ཡང་གུང་རི་རྫོང་གྲོང་གི་གླེང་བྱ་གཙོ་བོ་ནི་ཧྲུའུ་ཅི་མ་ཐོན་གོང་ལྷག་པའི་གནས་ཚུལ་དེ་རེད།
ཧྲུའུ་ཅི་གྲོང་ཁྱེར་དུ་ཕེབས་པའི་ཞོགས་པ་དེར་འཚིག་རོར་གྱུར་བའི་ཤོག་བུ་ཞིག་ཡོད་ཚུལ་གླེང་ཞིང་། འཚིག་རོར་གྱུར་བའི་ཤོག་བུ་དེ་ནི་ཧྲུའུ་ཅི་རྟབ་རྟབ་པོར་འགྱེལ་བའི་རྐྱེན་གཙོ་བོ་དེ་ཡིན་ལ། དེའི་ནང་ཧྲུའུ་ཅིའི་གསང་བ་ཚང་མ་འཁོད་ཡོད་ཚུལ་གླེང་།
མི་ཁའི་ལབ་གླེང་དེ་དག་ཁྲོད་ཀྱི་དོགས་སློང་གཙོ་བོ་ནི་ཧྲུའུ་ཅི་གུང་རི་རྫོང་ནས་ཁ་མ་བྲལ་གོང་དུ་ཁོང་གི་དེ་སྔའི་དྲུང་ཆེ་དབང་གྲགས་ཀྱིས་བསྐུར་བའི་ཡི་གེ་དེ་རེད། འདས་པོའི་འཕྲིན་ཡིག་དེའི་ཡོང་རྐྱེན་ལ་ལབ་གླེང་སྣ་ཚོགས་བྱེད། འགའ་རེས་དྲུང་ཆེ་དབང་གྲགས་གློ་བུར་དུ་འདས་པ་དེས་ཁ་ཆེམས་འཇོག་ཁོམ་མ་བྱུང་བས་ཕྱིས་སུ་བར་དོ་ནས་ཁ་ཆེམས་ཡི་གེ་བྲིས་ནས་ཧྲུའུ་ཅིར་བསྐུར་བ་དེ་ནི་ཧ་ཅང་བཀྲ་མི་ཤིས་པའི་དོན་ཞིག་ཡིན་པ་དང་ཧྲུའུ་ཅིར་གེགས་བྱུང་བའི་རྐྱེན་ཡང་དེ་ག་རང་ཡིན་པར་བཤད། ཡང་འགའ་རེས་ཡི་གེ་དེ་ནི་ཕ་རྒན་ཆོས་འཕེལ་གྱིས་བྲིས་ཚུལ་གླེང་ཞིང་། དྲུང་ཆེ་དབང་གྲགས་ཁྱིམ་དུ་ལོག་པའི་ནུབ་མོར་ཁོང་གཉིས་ཕ་བུའི་དབར་གཏམ་གླེང་ཞིབ་ཞིབ་མོལ་མོལ་བྱུང་བར་མ་ཟད་ཧྲུའུ་ཅིའི་གསང་བ་མང་པོ་ཞིག་དྲུང་ཆེའི་ལག་ཏུ་ཡོད་པས། ཁོའི་འཆི་གསོན་ལ་སེམས་ཁྲལ་ཡོད་ལུགས་གླེང་མྱོང་བར་བཤད། བུ་གློ་བུར་དུ་འདས་རྗེས་ཕ་རྒན་ཆོས་འཕེལ་གྱིས་དེའི་དོན་དུ་ཞུ་གཏུག་ཐེངས་གསུམ་བརྒྱབ་ཀྱང་མ་ཐོབ་སྟབས་ཁོང་གཉིས་ཕ་བུའི་གསང་བ་མཐའ་དག་འདས་པོའི་མིང་ཐོག་ནས་བྲིས་ཏེ་ཧྲུའུ་ཅིར་བསྐུར་བར་བཤད། ཡིན་ན་ཡང་ཁ་ཤས་ཀྱིས་ཕ་རྒན་ཆོས་འཕེལ་སློབ་གྲྭར་ཡེ་ནས་འགྲོ་མྱོང་མེད་པས་ཡི་གེ་དེ་འདྲ་བསྐུར་མི་སྲིད་པ་མ་ཟད། ཡིག་སྐོགས་ཀྱི་ཁ་ཡིག་ཐོག་བྲིས་པའི་ཡིག་གཟུགས་ནི་དྲུང་ཆེ་དབང་གྲགས་ཀྱི་ཡིག་གཟུགས་འཁྲུལ་མེད་ཡིན་པའི་ངོས་འཛིན་ཡང་བྱེད།
ངོ་མ་ཙི་གུའི་ཁ་ཡིས་རྒྱལ་པོའི་བང་མཛོད་བྲུས། མི་ཁའི་ཁ་ཡིས་རྒྱལ་ཁམས་གསང་བ་བྲུས་ཞེས་པ་ལྟར་ད་ཆ་དོན་དེའི་སྐོར་གྱི་ལབ་གླེང་སྣ་ཚོགས་བྱེད་ཅིང་། མི་ལ་ལས་དྲུང་ཆེ་དབང་གྲགས་འདས་རྗེས་གཤིན་རྩིས་ཀྱི་བརྟག་འབྲས་ལྟར་ན། འདས་པོའི་འཆི་རྐྱེན་དམིགས་བསལ་གྱི་རྐྱེན་པས་ངེས་པར་དུ་གཤིན་པོའི་ཞལ་ཆེམས་བརྟག་འབྲས་བཤར་ན་མ་གཏོགས་འདས་པོའི་རྣམ་ཤེས་འཕྲེང་སེམས་ཀྱིས་བར་དོར་ལུས་ནས། སྐྱེ་བ་ཡར་འདྲེན་མེད་ལུགས་གསལ་བ་དང་། གཤིན་པོའི་ཞལ་ཆེམས་བརྟག་འབྲས་ནང་འཁོད་པ་བཞིན་རྩིས་དཔོན་གྱིས་ཡི་གེའི་ལམ་ནས་འབྲི་རོགས་བྱས་པ་དུས་ཕྱིས་ཧྲུའུ་ཅིར་བསྐུར་བ་རེད་ཟེར།
ཧྲུའུ་ཅིའི་འགལ་རྐྱེན་དང་འདས་པོའི་འཕྲིན་ཡིག་གི་གསང་བ་དེ་དུས་ཕྱིས་གུང་རི་རྫོང་གི་ཡ་མཚན་ཆེ་བའི་གསང་བའི་གཏམ་རྒྱུད་ཅིག་ཏུ་གྱུར། ད་དུང་གུང་རི་རྫོང་སྐྱིད་ཕུག་དགོན་གྱི་ཨ་མཆོད་སྨྱོན་པ་ཞིག་ཡོད་པ་དེས་ཧྲུའུ་ཅི་དོན་རྡོར་གྱི་བེམ་པོ་སྨན་ཁང་དུ་ཡོད་ཀྱང་རྣམ་ཤེས་གཤིན་གདོང་ཟམ་པར་གཤིན་པོ་ཕོ་མོ་གཉིས་ཀྱིས་སྡུག་གཅོད་སྣ་དགུ་གཏོང་གིན་བསྡད་འདུག་ཅེས་པའི་སྨྱོ་ལབ་ཅིག་གང་སར་གླེང་བས། མི་རྣམས་ཀྱིས་གཤིན་པོ་ཕོ་མོ་དེ་གཉིས་ནི་དྲུང་ཆེ་དབང་གྲགས་དང་འདས་མོ་སྐྱིད་འཛོམས་ཡིན་པའི་ཁ་ཚོན་མཐའ་གཅིག་ཏུ་བཅད་དོ། །
རྩོམ་པ་པོའི་ངོ་སྤྲོད།
ཨེ་ཉི་མ་ཚེ་རིང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས། གཞས་མ་གཏམ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།
བརྩམས་སྒྲུང«གཟི་མིག་གིས་འཆོར་བའི་མཆི་མ»དང་། «རྡོ་དང་ཚེ་སྲོག» «སྒྱུ་མའི་གྲོང་གི་གསང་བ» «ལོ་བརྒྱའི་ལུང་བསྟན»སོགས་གསར་རྩོམ་གནང་ཞིང་། དེ་མིན«བོད་ཀྱི་གནམ་དཔྱད་མེས་པོའི་ཞལ་རྒྱུན»དང«ཆུ་གསུམ་རྫོང་གི་ལོ་རྒྱུས་རིག་གནས»སོགས་དེབ་དྲུག་ལྷག་བསྡུ་སྒྲིག་དང་རྩོམ་སྒྲིག་གནང་། བརྩམས་ཆོས་ཁག་ལ་སྔ་རྗེས་སུ“བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ”དང“སྦྲང་ཆར་རྩོམ་རིག་གི་སྨྱུག་གསར་བྱ་དགའ”“རྒྱལ་ཡོངས་གངས་ཅན་བུམ་པའི་རྩོམ་རིག་བྱ་དགའ”“མི་རིགས་རྩོམ་རིག་གི་ལོ་མཇུག་བརྩམས་སྒྲུང་བྱ་དགའ”“ཡར་ཀླུང་རྩོམ་རིག་བྱ་དགའ”སོགས་ལྗོངས་ཕྱི་ནང་གི་བྱ་དགའ་མི་ཉུང་བ་ཞིག་ཐོབ། ད་ལྟ་ལྷོ་ཁ་ཨེ་པ་ཚང་མི་རིགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་འགན་འཛིན་གནང་མུས་ཡིན།
རྩོམ་ཁུངས། སྤྱི་ལོ༢༠༢༣ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་དང་པོ་ལས་བདམས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།