ལྷུག་རྩོམ། རི་བོ་གངས་ཅན་གྱི་བསིལ་རླུང་།
རྩོམ་པ་པོ།:སྨར་ཁམས་རིན་ཆེན་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-18 14:46:45
ཀློག་གྲངས།:
རི་བོ་གངས་ཅན་གྱི་བསིལ་རླུང་།
སྨར་ཁམས་རིན་ཆེན་བཀྲ་ཤིས།(གཞིས་ཀ་རྩེ)
ཞི་བསིལ་གྱི་རླུང་བུ་ཞིག་ལྡང་བྱུང་། ཞོགས་པར་ལྷིང་འཇགས་ཀྱི་སྐྱེད་མོས་ཚལ་ཉུལ་ནས་འགྲོ་དུས། ལྕང་མའི་གསེབ་བམ། ཆུ་བོའི་འགྲམ་མམ། ལམ་གྱི་ཕྱོགས་དང་ཟུར་གང་ཞིག་ནས་བསིལ་འཇམ་གྱི་རླུང་བུ་ཞིག་དལ་གྱིས་ལྡང་བྱུང་། དེ་ནི་ནམ་རྒྱུན་གྱི་རླུང་བུ་དང་མི་འདྲ་བར། ཤིན་ཏུ་བསིལ་བ་ཞིག་རེད། སེམས་པའི་ག་ཤེད་ཅིག་ཏུ། བསིལ་རླུང་འདི་ཉིད་ཧ་ཅང་རྒྱུས་ཡོད་རྒྱུས་ཡོད་ཅིག་ཏུ་སྣང་ནའང་། བསིལ་རླུང་འདི་ཉིད་གནས་གང་ཞིག་བརྒྱུད་ནས་ལྡང་བར་ཚོད་བགམ་བྱེད་དཀའ། རེད་ཡ། བསིལ་རླུང་འདི་ཉིད་མ་ལྡང་བར་ག་ཚོད་ཕྱིན་སོང་ངམ། འཛིན་རེག་བྲལ་བའི་དྲན་འཛིན་གྱི་ཁུད་དུ་གཏིང་འདྲི་ཡང་ཡང་བྱེད་དུས། གཞི་ནས་དྲན་སོས་བྱུང་། འདི་ནི་རི་བོ་གངས་ཅན་གྱི་འགྲམ་རྒྱུད་དུ་ལྡང་གིན་པའི་བསིལ་རླུང་དེ་ཉིད་མ་ཡིན་ནམ། ཏག་ཏག་རི་བོ་གངས་ཅན་གྱི་འགྲམ་རྒྱུད་ཕྱིན་ནས་འགྲོ་དུས། བསིལ་རླུང་གི་དྲི་བསུང་འདི་ཉིད་མྱོང་ཐུབ་ཀྱིན་ཡོད། ང་རང་འབྲོང་གཡག་གི་རྨིག་པས་བརྫིས་པའི་གངས་འདབས་སམ། རི་བོ་གངས་ཅན་ནམ། ཧི་མ་ལ་ཡའི་འདབས་རོལ་དུ་གོམ་པའི་སྟངས་སྟབས་བསྒྱུར་དུས། བསིལ་ཞིང་འཇམ་པའི་རླུང་བུ་འདི་ཉིད་རྔུབ་པ་མིན་ནམ། མཐོན་མཐིང་གངས་ཀྱི་རྒྱལ་མོའི་མཁའ་དབྱིངས་ལ་ཞལ་མཇལ་གནང་བ་ཇི་བཞིན། འཛམ་གླིང་ཡང་རྩེའི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས། དལ་བྲེལ་ཅི་ཡང་མེད་པར་གངས་འདབས་སུ་ལྷོད་ཤིག་གེར་རྐང་ཐང་ལ་འགྲོ་བ་དང་། ཡང་ན། ཁུ་སིམ་པོའི་ངང་ནམ་མཁའ་ཁོ་ནར་ཅེར་ནས། ཁེར་རྐྱང་དུ་ལྷག་པའི་གངས་འདབས་ཀྱི་གནའ་བོའི་རྡོ་བརྩིགས་སམ། རྡེའུ་འབུམ་དག་ལ་རེག་པ་ནི། ཇི་འདྲའི་བརྗོད་མི་ཤེས་པའི་ཚོར་བ་ཞིག་རེད་ཨང་། ངལ་དུབ་སངས་པའི་སྐྱིད་སྣང་འདི་ཉིད་རི་བོ་གངས་ཅན་གྱི་འགྲམ་རྒྱུད་ནས་མ་གཏོགས་ཚོར་མི་ཐུབ་པ་འདྲ། ཞི་བསིལ་གྱི་རླུང་བུ་འདི་ཉིད། ད་དུང་ཡུན་རིང་རྔུབ་ཐུབ་ན་ཅི་མ་རུང་ངམ་སྙམ་བྱུང་།
འཇིག་རྟེན་འདིའི་རྙོག་འཛིང་དང་སུན་སྣང་གི་མནར་གཅོད། ཆོ་མེད་པའི་དུས་ཚོད་སོགས་ཀྱིས་ཡང་ཡང་གཙེས་དུས། ངས་བསིལ་རླུང་གི་གྲིབ་བསིལ་དྲན་བྱུང། བསིལ་རླུང་གིས་ང་ལ་ཁ་ཕྱོགས་ཤིག་སྟོན་གྱིན་འདུག དཀར་ནག་ལྡོག་པའི་ལམ་གྱི་མཐར། མུན་ནག་ནང་ལག་སྙོབ་བྱེད་སྐབས། ང་ལ་དཀར་མེའི་འོད་སྣང་སྩོལ་གྱིན་འདུག འོད་སྣང་དེ་ནི་ཞི་བ་དང་སྙིང་རྗེ། ཏིང་འཛིན། དཀྱེལ་ཡངས་ཀྱིས་ཕྱུག་པའི་འཛུམ་མདངས་ཤིག་རེད། ངའི་སེམས་ཤིག་ལ། འཛུམ་མདངས་དེ་ནི་ནམ་ཡང་ནུབ་པ་མེད་པར། འོད་ཀྱི་ཟེར་མ་ནམ་ཡང་གོ་ལ་ཟླུམ་པོའི་ཐ་གྲུ་ཀུན་ཏུ་འཕྲོས་ཀྱིན་འདུག་སྙམ། བསིལ་རླུང་ལ་གཞན་ཕན་གྱི་ལྷག་བསམ་མམ། གཞན་ལ་འཚེ་བ་མེད་པའི་སེམས་དང་ལྡན་གཤིས། བྱམས་དང་སྙིང་རྗེ་ལྡན་པ་ནི་བསིལ་རླུང་གི་ཁྱད་ཆོས་རེད་ལ། ཡལ་དུ་མེད་པའི་དན་རྟགས་ཀྱང་རེད། དེ་བས། བསིལ་རླུང་ནི་སེམས་ཀྱི་དད་མོས་ཤིག་རེད་ལ། འཇིན་རྟེན་འདིར་འཚོ་བའི་བདེན་པའི་རྟགས་མཚན་ཡང་ངོ་། །
ངས་ནམ་ཡང་རི་བོ་གངས་ཅན་ནམ། ཧི་མ་བནྡ། ཧི་མ་ལ་ཡའི་གངས་ཐང་ནས་རྒྱང་གཟིགས་མཛད་བཞིན། རི་བོ་གངས་ཅན་གྱི་བསིལ་རླུང་ལ་ཞིབ་ཏུ་མྱང་འདོད། བསིལ་རླུང་དལ་གྱིས་ལྡང་བའི་ཚུལ་ནི། རྒྱང་འབྲོག་གམ། གནའ་བོའི་འབྲོག་དགོན་པའི་གནས་ག་ལ་བ་ཞིག་ཏུ། དགེ་འདུན་པ་ཞིག་གིས་ཡོན་ཆབ་འབུལ་བ་དང་། མར་མེ་གསོལ་བའམ། དྲིལ་བུ་དཀྲོལ་བ་ནང་བཞིན། ཇི་འདྲའི་ལྷམ་མེར་ལྷང་ངེར་ལྷན་ནེར་ཞེ་ལ་སིམ་པ་ཞིག་རེད་ཨང་། ང་རང་ནམ་ཡང་སེམས་ངལ་ཅི་ཡང་མེད་པར་གངས་འདབས་སུ་རྐང་ཐང་ལ་འགྲོ་བ་དང་། དྲན་སྣང་དགུང་སྔོན་དབྱིངས་སུ་ཕྱོགས་ནས། རང་ཉིད་ཀྱི་སེམས་གཏམ་མང་དུ་བརྗོད་པའམ། ཡིད་སེམས་ལྷོད་ལ་བབས་ནས་བསམ་གཞིག་རེ་གཏོང་ཐུབ་ཚེ་ཇི་འདྲའི་སྐྱིད་པ་ལ་ཨང་།
རི་བོ་གངས་ཅན་གྱི་བསིལ་རླུང་ནི་ཇི་འདྲའི་རླབས་ཆེ་ཞིང་། བྱིན་རླབས་ཀྱི་ནུས་མཐུས་སྐྱེ་འགྲོ་ཀུན་ལ་བསིལ་རླུང་གི་རམ་འདེགས་གནང་བཞིན་ཡོད་ནའང་། མི་ལ་ལ་བསིལ་རླུང་གི་རང་གཤིས་ལ་ནག་ནོག་གི་དྲི་མས་བསྒོ་བར་མོས་ཏེ། བསིལ་རླུང་གི་ཞི་བའི་གྲིབ་བསིལ་དང་། སྙིང་རྗེའི་དྲི་བསུང་མཐོང་བའི་བློ་མིག་ལྡོངས་ནས། བསིལ་རླུང་ལ་ཉེས་འགེལ་བྱེད་པ་དང་། ཚོགས་མང་དབུས་སུ་བསིལ་རླུང་ལ་དམོད་པ། བསིལ་རླུང་ནི་དྲག་པོའི་རླུང་གི་གཏེ་བོ་དང་། སད་དང་སེར་བའི་གཞི་མ་རེད་ཅེས་མ་ཉེས་ཁ་གཡོག་བྱེད་པ་མ་ཟད། དུས་རྟག་ཏུ་བསིལ་རླུང་ལ་གཤེ་གཤེ་གཏོང་བ་དང་། བསམ་གཟས་ནས་བསིལ་རླུང་ཉིད་མ་རབས་ཐ་ཤལ་དུ་བརྩི་བ་ནི་ཁོ་ཚོའི་རང་གཤིས་རེད།
དེ་ལྟ་ནའང་། དེ་ཙམ་གྱིས་བསིལ་རླུང་གི་རང་གཤིས་ལ་གནོད་པ་ཅི་ཡང་བྱ་མི་ཐུབ་སྟེ། ཐ་ན་བསིལ་རླུང་གི་བ་སྤུ་ཙམ་ཡང་སྒུལ་མི་ཐུབ། བསིལ་རླུང་ནི་སྡུག་གི་སྤྲིན་ནག་འཁྲིགས་ཀྱང་རུང་། དགའ་བའི་ཆར་ཆུ་འཇོ་ཡང་བླ། ནམ་ཡང་ཞལ་གྱི་དཀྱིལ་འཁོར་འཛུམ་དམུལ་ལེར། འོད་ཟེར་གྱི་ཁུག་པ་རིང་མོ་ས་ཆེན་པོའི་ཐོང་གར་འཁྱིལ་བའི་ཉི་མ་སེར་པོ་དེའོ། །ཉི་མ་སེར་པོའི་འོད་ཟེར་དེ་ཉིད་རི་བོ་གངས་ཅན་གྱི་བསིལ་རླུང་ལ་བརྒྱུས་ནས། སཱ་ལའི་སྨན་ལྗོངས་ཀྱི་སྒང་གཤོངས་ཀུན་ཏུ་ཁྱབ་ཡོད། བསིལ་རླུང་ལ་གྲིབ་བསིལ་མངའ་བ་མ་ཟད། ཤིན་ཏུ་འཇམ་པའི་རླུང་བསིལ་མོ་དེས། སྐྱེ་འགྲོ་ཀུན་ལ་ངལ་གསོའི་དབུགས་དབྱུང་གནང་གིན་ཡོད། ད་དུང་། བསིལ་རླུང་ལ་ཞི་བའི་ཆ་མངའ་ཞིང་། སྙིང་རྗེའི་དྲི་བསུང་དང་། དཀྱེལ་ཡངས་ཀྱི་འཛུམ་མདངས་སོགས་ཀྱིས་རབ་ཏུ་ཞུགས་ཡོད། གཞན་གྱིས་བསྟོད་སྨད་ཇི་ལྟར་བྱས་ཀྱང་། འགྱུར་བ་ཅི་ཡང་མེད་པ་ནི་བསིལ་རླུང་གི་རང་གཤིས་རེད། བསིལ་རླུང་ནི་ནམ་ཡང་གཟིམ་པ་མེད་པའི་མར་མེ་སྟེ། དེའི་ཞི་དུལ་གྱི་གཤིས་ཀར་ནམ་ཡང་འཛུམ་མདངས་ཤིག་གིས་ཟིན་ནས་ཡོད།
གཞན་གྱིས་བསིལ་རླུང་ལ་ཇི་ལྟར་སྡིགས་མཛུབ་སྟོན་པ་དང་། གང་གི་འོད་སྣང་དཀར་པོའི་གཟི་བྱིན་གྱི་ཆ་ལ་མི་འདོད་ཆར་སྤྲིན་ནག་པོས་བསྒྲིབས་པར་བྱས་ཀྱང་། བསིལ་རླུང་ནི་རྒྱུ་སྐར་དབུས་ཀྱི་ཟླ་བ་བཞིན་ནམ་ཡང་འོད་དུ་འཚེར། འདུ་འཛིའི་ལས་ཀར་འཐོམ་པ་དང་། དཀར་ནག་གི་ལམ་མདོར་རྨོངས་པའི་སྐབས། ངས་ལྷག་ཏུ་བསིལ་རླུང་དྲན་བྱུང་། བསིལ་རླུང་གི་ཡལ་དུ་མེད་པའི་རང་གཤིས་དྲན་བྱུང་།
བསིལ་རླུང་ནི་དད་པའི་གྲུ་ལ་འཇུག་པའི་དེད་དཔོན་དང་། རྨོངས་པའི་འདམ་ལས་སྐྱོབ་པའི་ལམ་མཁན་ཏེ། བསིལ་རླུང་དལ་གྱིས་ལྡང་བས་ང་ལ་དཀྱེལ་ཡངས་ཀྱི་ལམ་བུ་ཞིག་གནང་བྱུང་། སུན་སྣང་གི་མནར་གཅོད་ཤིན་ཏུ་འཁྲིགས་པའི་སྐབས་འདིར། རླུང་བུ་འཇམ་པོ་ཞིག་གིས་གཡབ་མོ་བྱེད་ཀྱིན་ཡོད་པ་དང་འདྲ། བསིལ་ཞིང་འཇམ་པའི་རླུང་བུ་དེ་ཉིད་འཚོ་བའི་གྲུ་ཟུར་གྱི་གནས་གང་ཞིག་བརྒྱུད་ནས་ལྡང་བྱུང་། དེ་ནི་རི་བོ་གངས་ཅན་གྱི་འགྲམ་རྒྱུད་ནས་ལྡང་གིན་པའི་བསིལ་རླུང་དེ་ཉིད་ཡིན་པ་འདྲ། ཡིད་སེམས་མོག་པོར་གྱུར་བའམ། འུ་ཐུག་པའི་སྐབས་དག་ཏུ་བསིལ་རླུང་སྙིང་ནས་དྲན་བྱུང་ལ། སུན་སྣང་གིས་ཡུན་རིང་གཟིར་བའི་སྐབས་སུ་བསིལ་རླུང་ལྷག་པར་དྲན་པ་ཞིག་རེད།
རི་བོ་གངས་ཅན་གྱི་བསིལ་རླུང་དལ་གྱིས་ལྡང་བས། བྱེ་ཐང་དུ་འགྱུར་བཞིན་པའི་དྲན་པ་འདི་ཉིད་བསྐྱབས་ཤིང་། བསིལ་རླུང་ཁོ་ནས་ནང་སེམས་ལ་བདེ་བ་སྦྱིན་བྱུང་། བསིལ་རླུང་ནི་འགྱུར་བ་མེད་པའི་དད་པ་སྟེ། བསིལ་རླུང་གི་གྲིབ་བསིལ་འཇམ་པོས་དཀྱེལ་ཡངས་ཀྱི་ཁོག་རྒྱ་དང་། ཕུགས་རྒྱང་རིང་བའི་རྨི་ལམ་གནང་བྱུང་ལ། བསིལ་རླུང་གི་ཡལ་བ་མེད་པའི་སྙིང་སྟོབས་ཡོད་པས། དཀའ་སྡུག་གི་མདུན་དུ། སྙིང་རྗེའི་ཤེས་རབ་ཀྱིས་གདོང་གཏོད་དགོས་པའི་སེམས་ཤུགས་བསྩལ་བྱུང་། ད་དུང་། ཁོ་བོས་འདི་ལྟར་བསམས་བྱུང་། ང་རང་ནམ་ཡང་ཞུམ་མི་དགོས་ཏེ། ཧི་མ་ལ་ཡའི་ཤར་ནུབ་ཀུན་ཏུ་ལྡང་བའི་བསིལ་རླུང་འདི་ཉིད་ཁོ་བོའི་ནང་སེམས་ལ་ཡང་ཡང་ལྡང་བཞིན་འདུག་བསམས་བྱུང་།
ང་རང་ནི་ནམ་ཡང་རི་བོ་གངས་ཅན་གྱི་བསིལ་རླུང་ལ་རེ་སྒུག་བྱེད་མཁན་གྱི་མི་ཞིག་སྟེ། ཧ་ཅང་བག་ཕེབས་པའི་ངང་ཞི་དུལ་གྱི་བསིལ་རླུང་ལ་སྒུག་པ་ནི་གོམས་གཤིས་ཤིག་ཏུ་གྱུར་འདུག དཀའ་སྡུག་གི་འཚོ་བའི་རི་བོ་ཇི་ལྟར་བརྟོལ་བར་དཀའ་ནའང་། བསིལ་རླུང་དལ་གྱིས་ལྡང་ཙམ་ལྡང་ཙམ་བྱས་པ་ཡིས། ངའི་སེམས་ལ་སྤྲོ་སྣང་ཞིག་ངང་གིས་བྱུང་སོང་། སྤྲོ་སྣང་དེས་ང་རང་ཡང་ཡང་འཁུར་ནས་བུད་སོང་། བསིལ་རླུང་གི་སྙིང་སྟོབས་ཀྱིས་ང་ལ་དཀྱེལ་ཡངས་ཀྱི་རང་གཤིས་ཤིག་གནང་བྱུང་ལ། སྡུག་བསྔལ་གྱི་ཁྲོད་དུ་ཡར་འགྲེང་བའི་གོམ་སྟབས་ཤིག་བསྩལ་བྱུང་། རི་བོ་གངས་ཅན་གྱི་བསིལ་རླུང་འདི་ཉིད་ཇི་འདྲའི་བསིལ་བ་ལ་ཨང་། ཁོ་བོའི་སེམས་ཀྱིས་ཚོར་བྱུང་། མ་གཞི། རི་བོ་གངས་ཅན་གྱི་བསིལ་རླུང་འདི་ཉིད། ཁོ་བོའི་དྲན་གདུང་གི་ཁུད་དུ་ལྡང་ནས་ཡུན་རིང་ཕྱིན་འདུག བསིལ་རླུང་དལ་གྱིས་ལྡང་བྱུང་། སྐྱེ་འགྲོ་ཀུན་གྱི་ལུས་སེམས་ལ་ལྡང་བྱུང་།
༢༠༢༢ལོའི་་ཟླ༥པའི་ཚེས༡༨ཉིན་གཙང་གི་ཀུན་སྐྱོབ་གླིང་གའི་འགྲམ་དུ་སྦྱར་བ་དགེའོ། །
རྩོམ་ཁུངས། ༢༠༢༣ལོའི«སྦྲང་ཆར»དེབ་གཉིས་པ་ལས་བདམས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།