༄༅། །གླུ་དང་མགུར།

རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས། ཡོང་ཁུངས།:སྔོ་དེའུ་འཕྲིན་སྟེགས། དུས་ཚོད།:2023-07-20 19:48:51 ཀློག་གྲངས།:
       ས་པཎ་གྱི«རོལ་མོའི་བསྟན་བཅོས»ལས། རྐང་བ་ལ་སོགས་རྗེས་བསྟུན་ལ། །དེ་ལྟར་རྗེས་མཐུན་དབྱངས་ཉིད་དོ། །ཞེས་ལག་པའི་ཕྱག་རྒྱ་དང་རྐང་བའི་སྟངས་སྟབས་ངག་གི་རྗོད་ཚིག་གི་རྗེས་སུ་བསྟུན་པ་དང། དེ་བཞིན་དུ་དེ་དང་རྗེས་སུ་མཐུན་པའམ་ཆ་མཚུངས་པའི་ལྷན་སྐྱེས་ངག་གི་རོལ་མོ་དབྱངས་སུ་གྱེར་བར་གསུངས་པ་ལྟར། གླུ་གར་རོལ་མོ་གསུམ་པོ་ནི་གནའ་སྔ་མོའི་དུས་སུ་དང་ཐོག་གཞི་གཅིག་ཏུ་འདྲེས་ཡོད་པ་ཞིག་ཡིན་ཞིང་། དུས་ཡུན་རིང་བོའི་ལོ་ཟླའི་འཁོར་འགྲོས་ཀྱི་ཁྲོད་དུ། གླུ་ལེན་པའི་སྐབས་ཀྱི་ལུས་ཀྱི་ཕྱག་རྒྱ་དང་སྟངས་སྟབས་བྲོ་དང་གར་དང་། གླུ་ཡི་གདངས་དབྱངས་རོལ་མོ། གླུ་ཚིག་སྙན་ངག་ཏུ་འཕེལ་འགྱུར་བྱུང་བ་རིམ་གྱིས་སོ་སོའི་འཕེལ་རྒྱས་ཀྱི་ལམ་བུར་ཕྱིན་ཏེ་ད་ལྟའི་གླུ་གར་རོལ་མོ་སྙན་ངག་དང་བཅས་པའི་སྒྱུ་རྩལ་གྱི་རྣམ་པ་འདི་དག་བྱུང་། དེ་ཕྱིར་གནའ་སྔ་མོ་བསྐལ་པ་ཡ་ཐོག་གི་དུས་ཀྱི་གླུ་ནི་ད་ལྟའི་སྒྱུ་རྩལ་གྱི་རྣམ་པ་མང་བོ་ཞིག་གི་འགོ་ཁུངས་ལྟ་བུ་ཡིན་ནོ། །
       གནའ་བོའི་གླུ་ལ་ལོ་རྒྱུས་ཐོག་ཏུ་མགུར་དང་མཆིད་ཅེས་ཀྱང་བྱ་བ་ནི། ཏུན་ཧོང་ཡིག་རྙིང་དུ། འུང་གི་ཚེ་ཁྱིམ་པོ་སྤུང་སད་ཀྱི་གླུ་བླངས་པའི་ཚིག་ལ།ཞེས་དང་། བཙན་པོ་ཞ་སྔ་ནས། །མགུར་བླངས་པའ། ཞེས་དང་། དེ་ནས་དབའས་དབྱི་ཚབ་ཀྱིས་མཆིད་བླངས་པ། ཞེས་འཁོད་པ་ལྟར་ཏེ། དེང་གི་བོད་ཡིག་ཚིག་མཛོད་རྣམས་སུ་མཆིད་ཅེས་པ་གཏམ་མམ་གཏམ་གླེང་བྱེད་པ་ཁོ་ནའི་དོན་དུ་འགྲེལ་བརྗོད་བྱས་འདུག་ཀྱང་། བོད་སྐད་རྙིང་མའི་ཁྲོད་དུ་ཐ་སྙད་དེར་གླུ་ཡི་གོ་དོན་ལྡན་པ་ཏུན་ཧོང་ཡིག་རྙིང་དུ་གླུ་མགུར་མཆིད་གསུམ་གང་བདེར་བྲིས་ཡོད་པ་ལས་ལྷག་པའི་སྒྲུབ་བྱེད་ག་ལ་དགོས། དེར་མ་ཟད་མཆིད་ཅེས་པའི་ཐ་སྙད་ལ་གཏམ་དང་གླུ་གཉིས་ཀའི་གོ་དོན་ཡོད་པ་འདིས་གླུ་ཚིག་ལ་གཏམ་གྱི་རང་བཞིན་ལྡན་པ་དང་། གླུ་ནི་གནའ་མི་རྣམས་ཀྱིས་ནང་ཡིད་ཀྱི་ཚོར་རྟོག་ཉམས་སྣང་ཕན་ཚུན་འཕྲོས་མོལ་གཏམ་གླེང་བགྱི་བྱེད་དུ་བེད་སྤྱོད་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་པའང་ཤུགས་ནས་གོ་ཐུབ།
       ཉེ་དུས་ཀྱི་མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་མགུར་དང་། མགུལ། གླུ་བཅས་ནི། རིམ་པ་བཞིན་དུ་སྔ་མའི་སྒྲ་གཟུགས་འགྱུར་ནས་ཕྱི་མ་བྱུང་བ་སྟེ། མགུར་གྱི་སྒྲ་གཟུགས་ལ་འགྱུར་བ་བྱུང་སྟེ་མགུལ་དུ་གྱུར་ཅིང་། མགུལ་གྱི་སྒྲ་གཟུགས་འགྱུར་ནས་གླུ་བྱུང་བ་ཡིན་པར་ཚོད་དཔོག་གནང་འདུག་ལ། རིགས་པ་དེས་རྒྱས་བཀབ་སྟེ་ཚོད་དཔོག་བྱས་ན། གླུ་དང་མགུལ། མགུར་བཅས་སྔ་མའི་སྒྲ་གཟུགས་འགྱུར་ཏེ་ཕྱི་མ་བྱུང་བ་ཡིན་ཡང་སྲིད་དེ། གླུ་འཕྲལ་ཀློག་གི་དབང་གིས་གུ་ལུ་དང་། དེ་མགྱོགས་པོར་བཀླགས་ཏེ་མགུལ། མགུལ་གྱི་མཐའ་རྟེན་ལ་དང་ར་གཉིས་སྒྲའི་སྐྱེ་གནས་མཚུངས་པའི་རྐྱེན་གྱིས་རིམ་གྱིས་མགུར་ཞེས་བརྗོད་སྲོལ་བྱུང་བ་ཡིན་ཡང་མི་སྲིད་པ་མིན་ནོ། །
       གང་ལྟར་གླུ་དང་མགུར་གཉིས་དང་ཐོག་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་ངེས་ཀྱང་། ཕྱིས་སུ་རིམ་གྱིས་གོ་དོན་ཐ་དད་དུ་གྱུར་ཏེ། མགུར་ལ་གླུའི་གོ་དོན་སྔར་བཞིན་ལྡན་པའི་ཁར། གླུ་ལེན་པའི་བྱ་བ་ལའང་འཇུག་པ་ནི། «ཤ་རུ་ཤུལ་སྟོན་གྱི་རབས»ཞེས་པའི་དཔེ་རྙིང་ལས། ཕ་དགྱེས་མའ་དགྱེས། །གྱིས་སའ་བདག་བཙུན་མོ་དགྱེས། །འགུར་ནའ། །གསུང་སྙན། །(འགུར་དང་མགུར་གཉིས་དོན་གཅིག)ཞེས་འཁོད་པ་ལས་ཤེས་ཐུབ་པ་ཡིན། ཕྱིས་སུ་ནང་བའི་ཆོས་པ་རྣམས་ཀྱིས་ཆོས་གླུ་དབྱངས་སུ་གྱེར་བ་ལ་མགུར་དུ་བཞེས་ཞེས་མགུར་ཞེས་པའི་ཐ་སྙད་གླུའི་ཞེ་སའི་ཚིག་ཏུ་སྦྱོར་སྲོལ་བྱུང་བ་ནི། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ«བཀའ་གདམས་ཕ་ཆོས»སུ་གྲགས་པ་ལས། དེ་ཕན་ཆད་བོད་ཡུལ་དབུས་ཀྱི་ཆ་ལ་ལོ་བདུན་དང་ཟླ་བ་ལྔ་བཞུགས་ནས་ཆོས་ཙམ་ཡང་མི་གསུངས། རྒྱ་ལམ་གསུངས་ན་ཆོས་གླུ་མགུར་དུ་བཞེས་ནས་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་གླུ་དང་། འཁོར་བ་ལས་ངེས་པར་འབྱུང་བའི་གླུ་དང་། བདེ་བ་དྲུག་གི་གླུ་དང་། བྱང་ཆུབ་ཀྱི་སེམས་ཀྱི་གླུ་ལ་སོགས་པ་མགུར་དུ་བཞེས། མཚན་མོ་ཕལ་ཆེར་མཁའ་འགྲོ་མའི་ཚོགས་སུ་གསང་སྔགས་ཟབ་མོའི་དོན་མགུར་དུ་བཞེས་ཏེ། ལྟ་བ་རྡོ་རྗེའི་གླུ་དང་། སྤྱོད་པ་རྡོ་རྗེའི་གླུ་དང་། སྒོམ་པ་རྡོ་རྗེའི་གླུ་དང་། རྡོ་རྗེ་ཆོས་ཀྱི་གླུ་ལ་སོགས་པ་མགུར་དུ་བཞེས་པ་བླ་མ་ལ་ཞུས་པས་གནང་ནས་ལོ་ཙཱ་བས་བསྒྱུར་རོ། །ཞེས་འཁོད་པ་ལས་ཤེས་སོ། །
       སྤྱི་ཚོགས་དང་རིག་གནས་ཡར་རྒྱས་གོང་འཕེལ་དུ་ཕྱིན་པའི་འགྲོས་དང་བསྟུན་ནས། བོད་ཀྱི་གནའ་བོའི་སྒྱུ་རྩལ་རྩོམ་རིག་ཡར་རྒྱས་ཆེ་རུ་ཕྱིན་ཅིང་། དེ་དང་ཆབས་ཅིག་ཏུ་སྙན་ངག་གི་ཐོག་མའི་རྣམ་པ་གླུ་ལའང་འཕེལ་འགྱུར་ཆེན་པོ་བྱུང་། ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་པ་ཙམ་ནས་གཙང་བོ་གཅིག་ཉིད་ཆུ་རྒྱུན་ཐ་དད་པ་གཉིས་སུ་གྱེས་པ་ལྟར་ཆོས་གླུ་ལ་ཞེ་སའི་ཚུལ་དུ་མགུར་ཞེས་བརྗོད་སྲོལ་ཆགས་ཏེ་གླུ་དང་མགུར་གཉིས་ཀྱི་གོ་དོན་གཅིག་ཀྱང་ཐ་སྙད་སྦྱོར་ཡུལ་རིམ་གྱིས་ཐ་དད་དུ་གྱུར།  དེའི་རྐྱེན་གྱིས་མི་ལ་རས་པའི་གླུ་དང་ཚངས་དབྱངས་རྒྱ་མཚོའི་གླུ་ཞེས་མི་བརྗོད་པར་མི་ལའི་མགུར་དང་ཚངས་མགུར་ཞེས་བརྗོད་པ་བོད་ཐུན་མོང་བའི་སྐད་ཆའི་གོམས་སྲོལ་ཞིག་ཏུ་གྱུར། གླུ་མགུར་གཉིས་ཀྱི་མཐུན་ཆ་དང་ཁྱད་པར་དེ་ལྟ་ལགས་མོད་ཀྱང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བ་ནས། དབུས་གཙང་ཕྱོགས་སུ་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ལ་ཞེ་སའི་ཚིག་མགུལ་སྦྱར་ནས་ཚངས་དབྱངས་རྒྱ་མཚོའི་མགུལ་གླུ་ཞེས་བརྗོད་སྲོལ་ཡོད་པའི་ཚིག་ཟུར་བཅོས་ཏེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འཚོལ་སྡུད་དང་དག་སྒྲིག་བྱས་ཤིང་། སྐུ་ཞབས་ཝང་དབྱི་ནོན་གྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ༡༩༨༠ལོའི་ཟླ༥བར་ཐེངས་དང་བོར་དཔར་དུ་བསྐྲུན་པའི་ཚངས་མགུར་ཕྱོགས་བསྒྲིགས་ཀྱི་མཚན་བྱང་ལ«ཚངས་དབྱངས་རྒྱ་མཚོའི་མགུར་གླུ»ཞེས་བཏགས་པ་ནས། མགུར་གླུ་ཞེས་པའི་ཐ་སྙད་ཅིག་ཀྱང་བོད་སྐད་ནང་ལ་གསར་དུ་བྱུང་སྟེ་ད་ཆ་རྒན་གཞོན་བར་མའི་སྐྱེ་བོ་དུ་མའི་ཁ་ལ་འཇགས་ཡོད་དོ། །
       མཛད་བྱང་དུ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས། དཔོན་བློན་བཅུ་གཉིས་ཀྱི་ཆེ་བ་དང་། གླིང་བཞིའི་ཆགས་ལུགས་དང་། ཕྱི་རབས་ཀྱི་སེམས་ཅན་མ་གོ་བ་རྣམས་ལ་གོ་བར་སྟོན་པའི་ཆེད་དུ། བོད་ཀྱི་དབུ་ནག་མིའུ་འདྲ་ཆགས་སྟོན་པ་རྫོགས་སོ། །ཞེས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་ཡིན་སྐད་དུ་འཁོད་པའི་བོད་ཡིག་གནའ་དཔེ་ཡིག་ཆ«དབུ་ནག་མིའུ་འདྲ་ཆགས»ཞེས་པ་ལས། བོན་དང་ཆོས་དང་གླུ་དང་གསུམ། བཟོ་དང་སྨན་དང་མགར་དང་དྲུག །སྟོང་འཐོར་འུབ་ཀྱིས་བསྡུས་པའི་མོ་དང་བདུན། ཀུན་རྫོབ་བདེན་པའི་ས་དང་བརྒྱད། དེ་བརྒྱད་ཀ་དེ་ན་ཡོད། ཅེས་འཁོད་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་སྐབས་ངེས་ཅན་ཞིག་གི་རིག་གནས་ཀྱི་རྣམ་གྲངས་གཙོ་ཆེ་བ་རྣམས་ལ་དབྱེ་སྡུད་བྱེད་སྟངས་ཤིག་སྟེ། སྐབས་དེའི་རིག་གནས་ཀྱི་རྣམ་གྲངས་གཙོ་བོ་དབྱེ་བ་བརྒྱད་ཙམ་དུ་ཕྱེ་བའི་གྲས་སུ་གླུ་བགྲང་ཡོད་དོ། །
       «བཀའ་ཆེམས་ཀ་ཁོལ་མར»སྲོང་བཙན་སྒམ་པོས་རྒྱ་བཟའ་བཙུན་མོར་བསུ་དུས་སུ་བློན་པོ་རྣམས་ཀྱིས་རྗེའི་བཀའ་སྩལ་དང་། གཉེ་བོ་སྔོ་བགྲང་དང་། ལམ་གླུ་དང་འཕྲང་གླུ། རིག་པ་རྩལ་བསྡུར་དང་། རྒྱལ་མོ་ངོས་འཛིན་དང་། ཡས་བཏགས་ཕྱ་ར་གང་མང་། དགེས་གསུམ་ཚེངས་གསུམ་དང་། དྲོད་ཁའི་གླུ་ཟེར་བ་སོགས་གླུའི་རྣམ་གྲངས་མང་བོ་བླངས་སྐད་བཤད་འདུག་ལ། «བཀའ་ཐང་སྡེ་ལྔ»རུ། རྒྱལ་སྲས་མུ་ཏིག་བཙན་པོས་སྟོང་གླུ་བླངས། །མཁན་པོས་སྒོམ་ཕྲེང་དཀར་པོ་བྱ་བ་བླངས། །ནམ་མཁའི་སྙིང་པོས་བྱམས་པའི་གླུ་ལྔ་བླངས། །པ་ཚབ་ཉི་མས་སྙིང་རྗེའི་གླུ་ལྔ་བླངས། །ཞེས་བསམ་ཡས་ལྷ་ཁང་འགྲུབ་སྟོན་སྐབས་རྗེ་འབངས་རྣམས་ཀྱིས་རྗེའི་དགའ་གླུ་བཅུ་གསུམ་དང་།  སྒོམ་ཕྲེང་དཀར་བོ། འཁོར་བ་སྤྲོ་སྐྱེད་སོགས་གླུའི་རྣམ་གྲངས་བདུན་ཅུ་ལྷག་བླངས་ཚུལ་ཅུང་ཟད་ཞིབ་མོར་འཁོད་ཡོད་པ་དང་། ཡིག་ཆ་དེར། གླུ་ཡི་ངོ་བོ་ཐབས་ཀྱི་གླུ། །ངེས་ཚིག་སྙིང་བོ་དོན་གྱི་གླུ། །དབྱེ་བ་སྟོང་ལྔ་བརྒྱ། ཞེས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་གླུ་ལ་རྣམ་གྲངས་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད་པར་བཤད་པའི་གྲངས་ཀ་དེ་ལ་ངེས་པ་ཡོད་མེད་མཐའ་གཅིག་ཏུ་བཤད་དཀའ་ན་ཡང་། སྐབས་དེར་གླུ་ལ་རིགས་དང་དབྱེ་བ་མང་བོ་ཡོད་པར་བཤད་པ་ཅིས་ཀྱང་བདེན་ཤས་ཆེ་ཞིང་། གླུའི་རིགས་དང་དབྱེ་བ་མང་བོ་ཡོད་པ་དེ་དག་དུས་སྐབས་གཅིག་གི་ནང་གློ་བུར་དུ་བྱུང་བ་མ་ཡིན་པར་གནའ་སྔ་མོ་ཞིག་ནས་དར་ཏེ་བྱུང་བ་རིགས་པས་རྗེས་སུ་དཔོག་ཐུབ། «བཤད་མཛོད་ཆེན་མོ»འམ«བཤད་མཛོད་ཡིད་བཞིན་ནོར་བུ»ཞེས་བྱ་བར། སྐྱིད་རྟག་མཚོན་པའི་བཀའ་ཆིད་ལས། །སྙན་ངག་གླུ་ཡི་མཛོད་འདི་ནི། །སྣང་བ་རིག་པའི་བསྟན་བཅོས་ཡིན། །ཞེས་གླུའི་འབྱུང་ཁུངས་དང་། དབྱེ་བ། བྱེད་ལས། སྤང་བྱ། དགོས་པ་དང་། ལེན་པའི་གོ་རིམ། ལེན་སྟངས་སོགས་ཚིག་ཉུང་དོན་རྒྱས་སུ་བསྟན་འདུག་པ་ནི་བོད་ཀྱི་གླུའི་རྣམ་གཞག་སྟོན་པའི་བསྟན་བཅོས་ཐོག་མ་ཡིན་པར་ངོས་གཟུང་ཆོག་པར་སེམས་སོ། །
       གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང«ཧོར་གླིང་གཡུལ་འགྱེད»ལས། སྐྱིད་ན་ཇ་ཆང་མཚར་གླུ་ཡིན། །སྡུག་ན་རང་སེམས་གསོ་གླུ་ཡིན། །ཞེས་པ་ལྟར། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཚེའི་འཚོ་བའི་ནམ་རིང་སྐྱེལ་བ་ལ་ངོ་མཚར་དགའ་བ་སྐྱེད་པ་དང་སྐྱོ་བའི་རང་སེམས་གསོ་བའི་གླུ་མགུར་མཁོ། མདོ་དབུས་མཐོ་སྒང་དུ་འཚོ་ཞིང་གཞེས་པའི་སྒང་བ་བོད་པ་རྣམས་ནི་ཞ་བོ་མིན་ཚད་ཀྱིས་བྲོ་འཆམ་ནུས་པ་དང་། ལྐུགས་པ་མིན་ཚད་ཀྱིས་གླུ་ལེན་ཐུབ་པའི་མི་རིགས་ཤིག་ཡིན་ཞིང་། ཁོང་ཚོས་དུས་ཡུན་རིང་བོའི་ཐོན་སྐྱེད་དང་འཚོ་བའི་བརྒྱུད་རིམ་ཁྲོད་དུ། སྲིད་པ་ཆགས་གླུ་དང་། གེ་སར་སྒྲུང་གླུ། དམ་པའི་ཆོས་གླུ། ལས་གྲྭའི་ཨར་གླུ། ན་ཆུང་བྱིས་གླུ། བསྟོད་པའི་བསྟོད་གླུ། དགའ་བའི་དགའ་གླུ། སྐྱོ་བའི་སྐྱོ་གླུ། ལ་གཞས་རི་གླུ། འབྲི་མོ་བཞོ་གླུ། གཡང་དཀར་ལུག་གླུ། བདུད་རྩི་ཆང་གླུ། བུ་ཕོ་ཇག་ལ་འགྲོ་བའི་ཇག་གླུ། བུ་མོ་གནས་ལ་འགྲོ་བའི་བག་གླུ་སོགས་རིག་གནས་ཀྱི་ཁ་དོག་བཀྲ་ཞིང་སྒྱུ་རྩལ་གྱི་བྲོ་བ་སྣུམ་པའི་གླུ་ཡི་རིགས་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བ་ཞིག་གསར་རྩོམ་དང་གསོག་འཇོག་བྱས་པས། བོད་ཡུལ་ལུང་བ་ལ་གླུ་གར་གྱི་རྒྱ་མཚོ་ཞེས་པའི་སྙན་པའི་གྲགས་པ་འཛམ་གླིང་འཛིན་མའི་ཁྱོན་དུ་འབར། ཁ་དཔེར། ཕ་ཨ་ཁུ་དགའ་ས་ཚིག་ཡིན། མ་སྲུ་མོ་དུངས་ས་འགུགས་ཡིན། བུ་ཚ་བོ་མགུ་ས་དབྱངས་ཡིན་ཟེར་སྲོལ་ཡོད་པས། ད་ལྟའི་དུས་ཀྱི་ཆ་དང་དང་མ་འོངས་པར་ཡང་སྔ་མཁོ་བཞིན་དུ། སྲོལ་རྒྱུན་གྱི་ངག་རྟ་ལ་དུས་རབས་དང་འཚམ་པའི་ཚིག་འགུགས་དབྱངས་གསུམ་གྱི་སྒྱུ་རྩལ་ཁོ་ལག་ཡོངས་སུ་རྫོགས་པའི་གླུ་དང་མགུར་གྱི་རླབས་ཕྲེང་གངས་རིའི་སུལ་དང་སྤང་ལྗོངས་དབུས་ནས་ཆད་མེད་གཙང་ཆབ་རིང་མོའི་རྒྱུན་དང་བསྡེབས་ནས་དགུང་སྔོན་དབྱིངས་སུ་ལང་ལོང་དུ་འཕྱོ་བ་རིས་མེད་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་མིག་གི་དཔྱིད་དང་རྣ་བའི་བདུད་རྩི་ཡིད་ཀྱི་གསོས་སུ་འགྱུར་བར་སྨོན་ནོ། །
ཕ་མེས་ངག་གི་འགྱུར་ཁུག་མ་ཉམས་ཤིང་། །
ཕ་ཁུའི་ཡིད་ཀྱི་དུངས་པ་མ་རྙིང་བའི། །
ཕ་ཚ་བུ་རབས་རིམ་བརྒྱུད་སྲིད་པའི་གླུ། །
ཕ་ནོར་བཞིན་དུ་གཅེས་སྲུང་རྒྱུན་འཛིན་གྱིས། །
 
གོང་གི་ཚིགས་བཅད་འདི་དེ་སྔོན་གླུ་བ་ཞིག་གིས་གླུ་ཆེད་སྒྲིག་གིCDཞིག་ཕུད་སྐབས་བྲིས། སྐབས་དོན་དང་འབྲེལ་བས་འདིར་དཀྱུས་གཅིག་ཏུ་བཀོད་པའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།