ས་ལེ་བར་དྲུག་སྟོང་གི་འགྲུལ་བཞུད། ལེའུ་གཉིས་པ།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-18 08:27:00
ཀློག་གྲངས།:
དབུས་ཀྱི་ལམ་སྣེ་ཟིན་པ།
༢༠༢༣ལོའི་ཟླ༧པའི་ཚེས༢༢ཉིན། རྒ་སྐྱེ་དགུ་ནས་ཆབ་མདོ། ལམ་ཐག་སྤྱི་ལེ469
བགྲོད་ལམ་གཙོ་བོ། G214 G318
དམིགས་ཡུལ། རི་བོ་ཆེ་དགོན། ཆབ་མདོ་ཁ་རུབ་གནའ་ཤུལ།
རྒ་སྐྱེ་དགུའི་འབུས་ཁོག་ནས་མར་ལྷོ་ཕྱོགས་སུ་སོང་ན་དཔལ་ཐང་གནམ་གྲུ་ཐང་རེད། དཔལ་ཐང་གི་སྤང་ཡངས་ཤིང་རྒྱ་ཆེ་བར་མ་ཟད། ཡུལ་སྐོར་སྤྲོ་གསེང་བྱེད་སའི་སྦྲ་ནག་ཀ་བརྒྱ་མ་ཞིག་ཀྱང་ཕུབ་འདུག་ལ། ལམ་གྱི་གཡས་གཡོན་དུ་དབྱར་གྱི་མཛེས་སྡུག་ཉམས་སུ་མྱོང་བའི་འབྲོག་པ་ཚོ་ཚོམ་བུ་དང་ཚོམ་བུ་བྱས་ཏེ་གླུ་གར་གཞས་གསུམ་བཏང་སྟེ་ལྷོད་ཡངས་བག་མེད་ཀྱིས་སྤྲོ་གསེང་གཏོང་བ་ནི་དུས་ཀྱི་འཚོ་བ་གླུ་རུ་ལེན་པའི་བརྡ་ཁྱབ་རོལ་ཚོགས་ཤིག་དང་ཨ་ན་མ་ན་རེད།
ང་ཚོས་ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ། ལ་རིང་བོ་གྲུ་གུ་སྒྲིལ་སྒྲིལ། ཁིས་ཉག་ཁ་སྒྲོག་གུ་རྟོལ་རྟོལ་བྱས་ནས་ཉིན་གུང་ཡོལ་ཙམ་ལ་རི་བོ་ཆེ་དགོན་དུ་སླེབས་ཤིང་། བཀྲ་ཤིས་ཆར་བ་ཟམ་ཟིམ་ཞིག་གིས་མདུན་བསུས་ཏེ་རི་བོ་ཆེ་དགོན་དུ་འཛུལ་བ་ཡིན། ངས་དཀོར་གཉེར་གྲྭ་བ་ཞིག་ལ་འདི་ནི་ཆོས་རྒྱུན་གང་ཞིག་ཡིན་པ་དང་ནང་རྟེན་ཕྱོགས་ཀྱི་སྐད་ཆ་དྲིས་ཙ་ན། དཀོར་གཉེར་གྱིས་ཁམས་སྐད་བཤད་ཀྱང་ཡིག་སྐད་དུ་གཞོལ་ཆེ་བས་ཚིག་སྟེགས་ཅུང་ཙམ་མ་གཏོགས་གོ་ཐུབ། ཁོས་རི་བོ་ཆེ་དགོན་པའི་རྟེན་བཤད་དང་འདས་མ་ད་གསུམ་གྱི་ལོ་རྒྱུས་རགས་ཙམ་ངོ་སྤྲོད་བྱས་སོང་།

རི་བོ་ཆེ་དགོན་པ་ནི་འགྲོ་མགོན་སངས་རྒྱས་དབང་གིས་སྤྱི་ལོ1277ལོར་ཕྱག་བཏབ་ཅིང་། ཁོང་ནི་རི་བོ་ཆེ་དགོན་པའི་སྟག་ལུང་འ་ཐང་གི་ཁྲི་རབས་གདན་ས་བཞི་བ་ཡིན། བཟོ་སྐྲུན་གྱི་ཆ་ནས་བོད་རྒྱ་བལ་ལུགས་གསུམ་གྱི་ཁྱད་ཆོས་ལྡན་ལ། རི་བོ་ཆེ་དགོན་པར་ལོ་ངོ700ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། གཙུག་ལག་ཁྲ་འཁྱིལ་མ་ནི་རི་བོ་ཆེ་དགོན་པའི་འཛུགས་སྐྲུན་གཙོ་བོ་ཡིན་ལ། ཁ་ཤར་ཕྱོགས་སུ་འཁོར་ཡོད། འཛུགས་སྐྲུན་གཙོ་བོའི་དབྱིབས་ནི་གྲུ་བཞི་ཡིན་ལ། མཐོ་ཚད་ལ་སྨི48ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ལྷག་ཙམ་ཡོད། བཟོ་དབྱིབས་ཁྱད་དུ་འཕགས་ལ་བརྗིད་ཉམས་ལྡན། འཛུགས་སྐྲུན་གྱི་ཕྱི་ནང་གང་ཡིན་རུང་ཀྲུང་གོའི་བོད་ལུགས་ཀྱི་བཟོ་རྩལ་དང་རྒྱ་ལུགས་ཀྱི་བཟོ་རྩལ། དེ་མིན་བལ་ལུགས་བཟོ་རྩལ་ཀྱི་ཁྱད་ཆོས་འདྲེས་ཡོད། འདུ་ཁང་གི་ཐོག་བརྩེགས་གསུམ་པོ་འོག་ནས་གོང་དུ་རིམ་པ་ལྟར་ཇེ་ཆུང་དུ་མངོན་ལ། གཅིག་ཐོག་ནི་མཐུག་ཚད་ཕལ་ཆེར་སྨི2ཡོད་པའི་གྱང་ཡིན་པ་དང་། གྱང་གི་ཕྱི་ངོས་སུ་ཁ་དོག་དཀར་དམར་ནག་གསུམ་གྱི་ཁྲ་རིས་བྱུགས་ཡོད་སྟབས། ལྷ་ཁང་ཁྲ་བོ་ཡང་ཟེར། ཆབ་མདོ་ས་ཁུལ་གྱི་ནང་བསྟན་དགོན་པ་སྔ་ཤོས་དང་ཆེས་ཆེ་བ་སྟེ། སྟག་ལུང་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན། ནང་རྟེན་གཙོ་བོ་ལ་མིང་དུ་གྲགས་པའི་རིན་ཆེན་རྣམ་གསུམ་སྟེ། གཅིག་ནི་རྗེ་བཙུན་མི་ལ་རས་པའི་མི་ཚེའི་རྣམ་ཐར་མཚོན་པའི་རིན་ཐང་ཅན་གྱི་ཐང་ག་རིང་ཚད་ལ་རྨི14ཡོད་པ་དེ་ཡིན། གཉིས་ནི་འོད་ཟེར་རྣམ་པར་འཚེར་བའི་གླིང་རྗེ་གེ་སར་རྒྱལ་པོའི་གསེར་སྒ་ཉི་མ་རང་ཤར་ཡིན། གསུམ་ནི་སྤྱི་ལོ1728ལོར་བོད་སྡོད་བློན་ཆེན་གྱི་ལས་རོགས་པ་ཀྲུག་ཡུན་གྱི་ཕྱག་བྲིས་སྒོ་བྱང་དེ་ཡིན་ཟེར། རྗེ་བཙུན་སངས་རྒྱས་དབང་ནི་བྱང་རྟ་རྣ་དགོན་དང་ལྷོ་ཡེལ་ཕུག ནང་ཆེན་ཇ་པ་དགོན་སོགས་མང་པོར་བྱོན་མྱོང་། གླིང་རྗེ་གེ་སར་གྱི་རིག་རྫས་དེ་དག་ནི་བྱང་རྟ་སྣ་དགོན་དང་འབྲེལ་བར་བཤད། དེ་སྔ་རྒ་སྐྱེ་དགུ་རྟ་རྣ་དགོན་དུ་གླིང་གི་དཔའ་རྟུལ་སུམ་ཅུའི་ཁྲབ་རྨོག་འཁོར་གསུམ་ཆ་ཚང་བཞུགས་པ་ཐོས་མྱོང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རྗེ་བཙུན་སངས་རྒྱས་དབང་ནི་གླིང་གི་དཔའ་རྟུལ་རྣམས་ཀྱི་བླ་མ་ཡིན་པར་གསུངས།

དེ་མིན་བདག་གིས་བཀའ་བསྟན་གྱི་ཆོས་རྩིག་རྙིང་བ་གཏོས་ཆེ་བ་འདི་འདྲ་མདོ་ཁམས་ནས་མཐོང་བ་ཐེངས་དང་པོ་ཡིན་ལ། སྐོར་ལམ་དུ་ཀོ་ཐུམ་ཅན་གྱི་མ་ཎི་འཁོར་ལོ་མང་པོ་མཐོང་པས་བྱིས་པ་ཚོ་མཚར་སྣང་ཤིན་ཏུ་ཆེ།

དུས་ཚོད་བགྲོད་པ་མྱུར་བས་དུས་ཚོད་གཉིས་ཅི་ལྟར་འདས་པ་ཡང་མ་ཤེས། ང་ཚོ་ད་དུང་ལམ་ཐག་རིང་བོར་འགྲོ་དགོས་བསམས་ཏེ། རྟབ་རྟབ་པོར་ཆབ་མདོའི་ལམ་ལ་ཞུགས་ཤིང་རྒྱལ་མོ་རྔུལ་ཆུ་ཤུགས་ཀྱིས་ལྟུང་བའི་ཀྱག་ཀྱོག་གི་འཕྲང་ལམ་རིང་མོ་བརྒྱུད་ནས་ས་རུབ་ཅིག་ལ་ཆབ་མདོ་གྲོང་ཁྱེར་དུ་འབྱོར། ནུབ་མོར་མགྲོན་ཁང་ཞིག་ཏུ་ངལ་གསོ་ཞོར་ཁ་རུབ་གནའ་ཤུལ་གར་ཡོད་དྲིས་ཤིང་། དཔའ་ཤོད་ཀྱི་འགྲོ་ལམ་བརྩད་བཅད་པ་ན། རྔ་མཇུག་ལ་རིང་དང་དཀྱོགས་བདུན་ཅུ་དོན་གཉིས་བརྒྱུད་དགོས་པར་མ་ཟད། གནམ་གཤིས་ཀྱི་འགྱུར་ལྡོག་ཆེ་བས་ལམ་དུ་རླངས་འཁོར་ཁེགས་པ་ཚབ་ཆེ་ཚུལ་ཐོས་པས་སེམས་ཁྲལ་ལ་གཏད།
ཕྱི་ཉིན་ཞོགས་པར་སྔ་མོ་ནས་ཆས་ཏེ་ཁ་རུབ་གནའ་ཤུལ་གྱི་སྤྱི་གླིང་དུ་སོང་བ་ཡིན།

མཚམས་སྦྱོར་རྡོ་རིང་ལས་ཤེས་གསལ་ལྟར་ན། ཆབ་མདོ་གྲོང་ཁྱེར་ནས་སྤྱི་ལེ་བཅུ་གཉིས་ཙམ་གྱི་ཤར་ལྷོའི་ཁ་རུབ་གྲོང་ཚོའི་ཉེ་འགྲམ་དུ་གནས་པའི་ཁ་རུབ་གནའ་ཤུལ་ནི་བོད་དུ་ཐོག་མར་རྙེད་སོན་བྱུང་བའི་རྡོ་ཆས་དུས་རབས་ཀྱི་གནའ་ཤུལ་གཞི་རྒྱ་ཅུང་ཆེ་བ་ཞིག་ཡིན་ཞིང་། ས་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ1ཙམ་ཡོད་ཅིང་། ཁ་རུབ་ས་འོག་གི་ཁང་པའི་རྗེས་ཤུལ་ནི་རྩ་བསྲེས་འདམ་པས་རྩིག་པ་དང་རྡོ་རྩིག་གི་ཁང་པ་བཅས་རིགས་གཉིས་ཡོད།

ཁང་པའི་དཀྱིལ་དུ་ཐབ་རྡོ་གསུམ་མམ་ཡང་ན་རྡོ་གཡམ་གྱིས་ཐབ་སྟེགས་བྱས་ནས་མཐའ་རུ་འདམ་པས་བསྐོར་བ། གཏིང་ཐུང་ལ་སྡེར་མའི་དབྱིབས་འདྲ་བ། ཁང་པའི་མཐའ་འཁོར་དུ་ཀ་ཤུལ་ཁུང་བུ་སོགས་ཡོད་ལ། ཁང་པ་དེ་དག་གི་གྲས་སུ་ས་འོག་ནས་ཕྱེད་ཙམ་དྲུས་ཏེ་བརྒྱབ་པའི་ཁང་པ་དང་། ས་སྟེང་དུ་བརྩེགས་པའི་ཁང་པ་ཕལ་ཆེ་བ་གྲུ་བཞིའི་དབྱིབས་ཅན་ཡིན། ཁ་རུབ་གནའ་ཤུལ་གྱི་སའི་བང་རིམ་ཆགས་ཚུལ་ནི་ཉེ་འགྲམ་གྱི་ལྕགས་ཁ་གཤོངས་སའི་བང་རིམ་ཆགས་ཚུལ་དང་གཅིག་མཚུངས་ཡིན་པ་དང་ས་རྒྱུ་ནི་དེའི་རྒྱུད་ཀྱི་ཚོས་གཞི་འདྲེས་མའི་བྲག་རྡོའི་རིགས་ཡིན་པ་རེད།

ཁ་རུབ་གནའ་ཤུལ་ནི1977ལོར་ཨར་འདམ་བཟོ་གྲྭའི་བཟོ་པ་ཚོས་ཐོག་མར་རྙེད་པ་དང1996ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་ཀྱི་སྲུང་སྐྱོབ་སྡེ་ཚན་དུ་ཚུད་པའི་གནའ་ཤུལ་དེར་ཁང་ཤུལ29དང་། རྡོ་རྩིག་ཁག་གསུམ། རྡོ་རྩིག་གི་སྡེངས་ཆ་སྒོར་དབྱིབས་ཅན་ཁག་གཉིས། རྡོ་ཡི་ར་སྐོར་ཁག་གསུམ། མེ་ཐལ་གྱི་ཕུང་དོང་ཁག་བཞི། རྡོ་ཆས་ཀྱི་རིགས་གྲངས7978 རུས་ཆས་ཁག368 རྫ་ཆས་ཆག་རོ200ལྷག་ཙམ་བཅས་ཡོད་པའི་ཁྲོད་ལྷུ་སྒྲིག་ཐུབ་པ་ཁག46 རྒྱན་ཆའི་རིགས50སྐོར་བཅས་ཡོད་པའི་ནང་སྟ་རེ་དང་། སྦྱག་མ། མདའ་རྩེ་མདུང་རྩེ་སོགས་དང་། ད་དུང་མཛེས་རིས་བཀོད་པའི་རྫ་ཆས་དང་། རུས་པ་ལས་བཟོས་པའི་སྙུང་བུ་དང་ཁབ། དེ་མིན་རྡོ་དང་། གཡང་ཊི། རུས་པ་བཅས་ལས་གྲུབ་པའི་རྣ་ལོང་དང་། ཕྲེང་བ། ལག་གདུབ་སོགས་ཡོད་པ་རེད།
1977ལོར་ཆབ་མདོ་ཨར་འདམ་བཟོ་གྲྭའི་བཟོ་པས་བཟོ་ཁང་བསྐྲུན་སྐབས་ཁ་རུབ་གནའ་ཤུལ་རྙེད།
1977ལོར་ཆབ་མདོ་ཨར་འདམ་བཟོ་གྲྭའི་བཟོ་པས་བཟོ་ཁང་བསྐྲུན་སྐབས་ཁ་རུབ་གནའ་ཤུལ་རྙེད།

ད་བར་ལོ་ངོ4000ནས5000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རྙིང་པ་ནས་ཐོན་སྐྱེད་ཀྱི་ཡོ་བྱད་དང་རྡོ་ཆས་མང་པོ་ཞིག་རྙེད་པ་ཕུད། ད་དུང་རྫ་ཆས་ཚོན་རིས་མ་དང་། རུས་པ་སྙུང་མགོ་གཟུགས། རུས་ཁབ། དེ་བཞིན་གཡང་ཊི་དང་། རུས་པའི་རྣ་ལོང་དང་ལག་གདུབ་སོགས་ཀྱི་རྒྱན་ཆ་ཡང་རྙེད་ཡོད།

དེའི་ནང་བཟོ་སྐྲུན་སྤུས་ལེགས་དང་། བཟོ་དབྱིབས་དམིགས་བསལ་ཅན། སྒྱུ་རྩལ་དང་དངོས་སྤྱོད་རང་བཞིན་ལྡན་པ་བཅས་ཀྱི་མཚལ་བཟོས་སྣག་ཚའི་རི་མོ་བྲིས་པའི་རྫ་བུམ་གཟུགས་གཉིས་མ་དེར་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། བོད་ཀྱི་ས་གནས་རིག་གནས་ཀྱི་སྔ་དུས་ཀྱི་མཚོན་བྱེད་ཡིན་པའི་ངོས་ནས་འདི་ཉིད་བོད་ལྗོངས་རྟེན་མཛོད་ཁང་གི་ནོར་བུར་གྱུར། ལར་ཆབ་མདོ་རྟེན་མཛོད་ཁང་དུ་འགྲོ་ཐུབ་ན་བསམས་མོད། དུས་ཚོད་སྟབས་མ་འགྲིག་པ་དང་ངོ་ཤེས་མེད་གཤིས་འགྲོ་མ་ཐུབ་པར་ཅུང་འགྱོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།