བོད་ཀྱི་གསོ་རིག་མཁས་དབང་ཚེ་གྲུབ་རྡོ་རྗེ་ལགས།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-29 10:39:09
ཀློག་གྲངས།:
སྔོན་དུས་ཤིག་ལ་ཁོ་བོས་བོད་ལུགས་ཐུར་དཔྱད་ཀྱི་བྱུང་འཕེལ་ཉམས་གསུམ་དང་དེ་སླར་གསོ་བྱེད་ཐབས་ལ་དཔྱད་པ།(སྤྱི་ལོ༢༠༡༡ལོར་བྲིས།)ཞེས་པའི་རྩོམ་ཐུང་མགོ་མ་ཚོས་པ་ཞིག་འབྲི་ཁུལ་བྱེད་མྱོང་ཞིང་། དེ་དུས་ཐུར་མའི་དཔྱད་ཀྱི་ལག་ལེན་མཆིས་མིན་སྨན་པ་དང་དགེ་རྒན་མཐོང་མཐོང་འཕྲད་འཕྲད་ལ་དྲི་བ་རེ་བཏོན་པ་དང་། དེ་ལས་བོད་ཁུལ་དུ་སྔོན་དུས་རྨ་ལྷོ་སོག་རྫོང་གི་སྨན་པ་མཁས་པ་དཀོན་མཆོག་ཉི་མ་བསྟན་འཛིན་ཚང་ཟེར་བས་ཐུར་མ་ལག་ལེན་བྱེད་པ་རེད་ཟེར་བ་དང་། སྨན་པ་མཁས་ཅན་རྗེ་བསྟན་འཛིན་དོན་གྲུབ་ཚང་གིས་མིག་ཐུར་ལག་ལེན་བྱེད་པ་མཐོང་མྱོང་ཟེར་བ། བྱང་ནག་ཆུའི་སྨན་པ་མཁས་ཅན་རྒན་བསྟན་སྲུང་གྲགས་པ་ཚང་ལ་ཐུར་མའི་ལག་ལེན་འདུག་ཟེར་བ། སྔོན་དུས་ཤིག་ལ་མགོ་ལོག་རྨ་སྟོད་ཀྱི་སྨན་པ་རྒན་པ་ཞིག་གིས་ཐུར་མས་གསུས་ཆུ་འདྲེན་པ་མཐོང་མྱོང་ཟེར་བ། མགོ་ལོག་དབང་ཆེན་འབུམ་གྱི་སྨན་པ་ཏིང་འཛིན་ལགས་ཀྱིས་དེང་དུས་དམུ་ཆུ་འདྲེན་གྱིན་འདུག་ཟེར་བ། གཞན་དུ་འབུམ་རམས་པ་རྒན་ལྷ་མོ་སྐྱབས་ལགས་ཀྱིས་ཆ་བྱད་ཐུར་མའི་ལག་ལེན་དང་དེའི་ཁྱད་ཆོས་སྐོར་གླེང་བ་ཞེས་པའི་ཆེད་རྩོམ་ཞིག་སྒྲོག་འདོན་སྐབས་སུ། ཁོང་གིས་ཐུར་མ་གཟོང་ཁ་སོགས་ལག་ལེན་བྱེད་ཀྱིན་ཡོད་ཚུལ་སྨྲས་བྱུང་། གཞན་ད་སྐབས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སུར་དཀར་ཉི་མ་ཚེ་རིང་ལགས་ཀྱིས་ཀྱང་ཁོས་གསར་བཟོ་བྱས་པའི་ནས་འདྲའི་ཐུར་མ་ཟེར་བ་ཞིག་དངོས་སུ་ལག་ལེན་བྱེད་བཞིན་པ་བརྙན་དང་པར་བརྒྱུད་ནས་མཐོང་རྒྱུ་འདུག། ཡིན་ན་ཡང་། ཁོ་བོས་རྒན་རྣམ་པས་ཐུར་མ་ནད་ཐོག་ནས་དངོས་སུ་ལག་ལེན་མཛད་ཀྱིན་པར་སློབ་སྦྱོང་བྱ་མྱོང་མེད། དེ་དུས་སྨན་པ་ཞིག་གིས་སི་ཁྲོན་དུ་ཐུར་མའི་ལག་ལེན་ཅན་ཞིག་ཡོད་ཚོད་འདུག་ཟེར་བ་ཙམ་ལས། སྡེ་དགེ་རུ་རྒན་ཚེ་གྲུབ་རྡོ་རྗེ་ཚང་གིས་ཐུར་མ་ལག་ལེན་མཛད་ཀྱིན་པ་དེ་དུས་གཏན་ནས་རྟོགས་ཐུབ་མེད། དེ་རྗེས་རིམ་དང་ཡུན་གྱིས་ང་ཚོའི་སྨན་ཁང་གི་ཡོན་ཀྲང་འབྲུག་ལྷས་ཚོགས་འདུ་ཞིག་ཏུ་རྒན་ཚེ་གྲུབ་རྡོ་རྗེ་ཚང་ངོ་ཤེས་པར་གྱུར་པ་དང་། དེ་རྗེས་ངེད་གཉིས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་རྒན་ཁོང་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྨན་ཡིག་གི་ལུང་དང་། རྒྱུད་ཀྱི་ཚ་ཐུར་གྱི་ལུང་ཁྲིད་ལག་ལེན་ཞུ་རྒྱུ་གཏན་འཁེལ་བྱས་ཏེ། རྒན་ཚེ་གྲུབ་རྡོ་རྗེ་ལགས་ངེད་དར་མཚོ་རྫོང་བོད་སྨན་ཁང་དུ་གདན་འདྲེན་མཛད།

རྒན་དམ་པ་ཁོང་གིས་སྤྱི་ལོ༢༠༢༠ལོའི་ཟླ༡༠པའི་ཚེས༡༤ཡི་སྔ་དྲོའི་ཆུ་ཚོད༨དང་སྐར་མ༣༠ནས། རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྨན་ཡིག(ཁྲོ་རུ་ཀླུ་སྒྲུབ་རྒྱ་མཚོས་སྤྱི་ལོ༢༠༠༣ལོའི་ཟླ༡༡པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པ།)གི་ལུང་གནང་འགོ་བརྩམས་ཏེ། ཕྱི་ཉིན་ཏེ་ཟླ༡༠པའི་ཚེས༡༥ཡི་ཕྱི་དྲོའི་ཆུ་ཚོད༣དང་སྐར་མ༥༠ཡི་སྟེང་ལུང་ཡོངས་སུ་ལེགས་གྲུབ་བྱུང་། དེ་རྗེས་ཁོང་གིས་དཔྱད་ལྔའི་ལོག་གནོན་ཏེ། གསོ་དཔྱད་གཞན་བརྡུགས་ཕལ་ཆེར་ཐུར་མས་གསོ། །ཞེས་པའི་ཕྱི་མ་རྒྱུད་ཀྱི་ཐུར་མའི་ལུང་ཆ་ཚང་གསུངས་པ་དང་། དེ་ནས་ནད་པ་མང་པོ་བསྡུས་ཡོད་པ་ལས། རྒྱུད་ལས། ཐུར་མའི་དབྱེ་བ་ཚ་ཐུར་གྲང་ཐུར་གཉིས། །ཚ་ཐུར་གསུམ་སྟེ་ཚ་ཐུར་རྐྱང་བ་དང་། །་་་་་་དང་པོ་ཐུར་མ་བསྲེགས་ནས་བརྡེགས་པ་སྟེ། །ཞེས་པའི་ཚ་ཐུར་རྐྱང་བའི་ལག་ལེན་དམར་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་མཛད་པ་རེད། ཁོང་གིས་མགར་བར་བཀོད་འདོམས་མཛད་ནས་བརྡུངས་པའི་ཐུར་མའི་ཆ་བྱད་ཀྱི་མ་དཔེ་ལེན་ས་ཡང་། རྒྱུད་ལས། ཀུན་ཀྱང་མགོ་འོག་ལུས་ཤོང་ཐུར་ཞབས་ལྡིག །ཕྲ་ལ་མཁྲང་བ་སྲིད་སོར་དྲུག་པ་བྱ། །ཞེས་པ་ལྟར་ཡིན་ཚུལ་གསུངས་བྱུང་། རྒྱུད་ལས་ཚ་ཐུར་ཞེས་པ་ལས་རྒྱུ་ཆའི་དབྱེ་བ་གསལ་པོར་གསུངས་མེད་ཀྱང་། རྒན་ཚེ་གྲུབ་རྡོ་རྗེ་ལགས་ཀྱི་ཚ་ཐུར་ལ་གསེར་ཐུར། དངུལ་ཐུར། ཟངས་ཐུར་གསུམ་ཀ་འདུག། དེ་ལྟར་རྒན་ཁོང་གི་བཀའ་དྲིན་ལ་བརྟེན་ནས་ངེད་སྨན་ཁང་དུའང་ཚ་ཐུར་ལག་ལེན་བྱེད་མཁན་མང་པོ་ཡོད་ལ། རང་ཉིད་ལ་མཚོན་ན་ཡང་། སྤྱི་ལོ༢༠༢༠ལོའི་ཟླ༡༠ནས་ད་ལྟའི་བར་དུ་ཕལ་ཆེར་ནད་པ་སྟོང་ཕྲག་གཅིག་ཙམ་ལ་ཚ་ཐུར་འཕངས་པ་ཡིན། སྨན་པ་མཁས་ཅན་རྒན་ཚེ་གྲུབ་རྡོ་རྗེ་ཚང་གིས་ཐུར་མའི་ལག་ལེན་ཉམས་ཆུང་ཞིང་ཉག་ཕྲ་བའི་དུས་སྐབས་འདི་འདྲ་ཞིག་ལ། བོད་ཁུལ་དུ་ཚ་ཐུར་གྱི་བསྟན་པ་སྤེལ་བ་ལ་བཀའ་དྲིན་སྙིང་ནས་ཞུ་བ་དང་ཆབས་ཅིག། སྟབས་མ་ལེགས་པར་རྒན་ཁོང་ཉིད་རྐྱེན་གློ་བུར་བ་ཞིག་གིས་བོད་ལུགས་གསོ་རིག་གི་འཕྲིན་ལས་དང་གཞན་དོན་དུ་སྐུ་གཤེགས།
དགེ་རྒན་ལགས། ཐུར་མའི་ལག་ལེན་ཉག་ཕྲ་བའི་དེ་རིང་། ལུང་དང་གདམས་ངག་ཉམས་ཆུང་བའི་དེ་རིང་། མཆོག་ཉིད་སྐུ་ལུས་བདེ་ཐང་ངང་། རྐྱེན་གློ་བུར་བས་གཤེགས་པར་ཅི་འདྲའི་ཕངས་པ་ལ་ཨང་།དགེ་རྒན་ལགས། ང་ཚོ་སློབ་མ་རྣམས་ཀྱིས་ཁྱེད་ཀྱི་བསླབ་བྱ་སེམས་ལ་ཉར་བཞིན། ཁྱེད་ཀྱི་གདམས་ངག་ཉམས་སུ་བླངས་ནས། འགྲོ་བ་ནད་པའི་ཟུག་རྔུའི་དུ་ཁ་སེལ་བར་ཧུར་ཐག་བྱ་ངེས། ཁྱེད་ཀྱི་གདམས་པ་ཡིས་ནད་པ་གཅིག་ལ་ཕན་སྐྱེད་བྱུང་ན་ཡང་། དེ་ནི་ཁྱེད་ཀྱི་ཚོགས་བསགས་ཀྱི་ཟིལ་ཤུགས་དང་ལྷག་བསམ་གྱི་བཞུར་རྒྱུན་མ་ཡིན་ནམ། དེ་ནི་ཁྱེད་ཀྱི་བྱམས་བརྩེ་ལས་བཞད་པའི་གཞན་དོན་གྱི་རང་གཟུགས་མ་ཡིན་ནམ། དེ་ནི་ཁྱེད་ཀྱི་སྙིང་རྗེ་ལས་བརྡོལ་བའི་སྦྲང་ཆར་གྱི་ཟིལ་མངར་མ་ཡིན་ནམ། དེ་ནི་བོད་སྨན་གྱི་བསྟན་པ་མ་ཡིན་ནམ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།