ལྷུག་རྩོམ། ཟླ་དགུ་པ།

རྩོམ་པ་པོ།:སྨར་ཁམས་རིན་ཆེན་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-02 12:19:59 ཀློག་གྲངས།:
ཟླ་དགུ་པ།
སྨར་ཁམས་རིན་ཆེན་བཀྲ་ཤིས།
 
       སྟོན་མཇུག་ཏུ། ཁྲུང་ཁྲུང་གི་ཚོགས་ལྷོ་རུ་འཕུར། སྡོང་ལོ་རེ་གཉིས་རླུང་བུས་རྡེག་ཅིང་ས་ལ་འཐོར། ཁུ་སིམ་སིམ་གྱི་ལམ་འགྲམ་དུ། ལྷམ་ཆུང་ཟད་པའི་སྒྲ་ལས་ཅི་ཡང་མ་ཐོས། ཟླ་དགུ་པ་ནི། སྨྲེང་སེམས་མོད་པའི་ལོ་ཟླ་ཞིག ཟླ་དགུ་པ་ནི། ཕ་ཡུལ་དྲན་པའི་དུས་ཚིགས་ཤིག
       སྙིང་དུ་སྡུག་པའི་ཡིད་འོང་གི་དུས་ཚོད་རེ་རེ་སེམས་པའི་ཁུད་དུ་གཅུད་ནས་རྒྱང་རིང་དུ་སླེབས་རྗེས། ངས་རྨི་ལམ་གྱི་མཆོད་པ་རེ་རེ་ཕྱིར་མིག་གི་ཡུལ་དུ་ཕུལ། ཡུལ་གྱར་བའི་ལས་དབང་ནི་ཇི་འདྲ་ཞིག་ཡིན་ནམ། ངས་དེ་ལ་ཁ་ཡ་བྱེད་མི་སྲིད། ང་ནི་སྐྱོ་སྒྲུང་གི་མཛེས་པར་ཆགས་པའི་སྐྱེ་བོ་ཕལ་བ་དེའོ། །སྟོན་རླུང་དལ་གྱིས་ལྡང་ཚེ། ངས་འབྲོག་ཐང་གི་རྫི་བོ་ཚོའི་འཇུམ་ཞལ་དྲན་སྲིད་ལ། ལྷས་རའི་འབྲི་མོའི་བཞོ་དབྱངས་དང་། ཐབ་ཁུང་ལས་མཆེད་པའི་མེ་ལྕེའི་ཚགས་སྒྲ་ལྷག་ཏུ་དྲན་སྲིད།
        ང་ལ་སྐྱོ་སྣང་གང་ཡང་ཡོད་མི་སྲིད། ངས་སྐྱོ་ངལ་མཐའ་དག་སེམས་ཁོང་དུ་སྦས་ནས་དུར་དུ་བཅུག་ཟིན། སྣང་ལ་མ་ངེས་པའི་འཇིག་རྟེན་འདིས་ང་ལ་སྡང་སྡིག་ཅི་རིགས་བསྟན་རྗེས། ང་ནི་སེམས་ཀྱི་རང་དབང་འཚོལ་མཁན་གྱི་མི་ཞིག་ཏུ་གྱུར། ངས་དགའ་བ་མཐའ་དག་སྐྱོ་བ་རུ་སྒོམ་ཞིང་། སྐྱོ་བ་མཐའ་དག་དགའ་བ་རུ་སྒོམ་ནས་ཡུན་རིང་ཕྱིན། དེའི་ཕྱིར། ང་ལ་དགའ་སྐྱོ་ཅི་བྱུང་མ་འདྲི་རོགས།
        ཟླ་དགུ་པ་ནི་མཚན་ནམ་རིང་མོ་ཞིག་ཡིན་ནམ། ཡིད་ཀྱི་རྫིང་བུ་སྣ་ཚོགས་ཀྱི་འཆར་ཀ་རེས་མོས་སུ་འཁྲིགས་རྗེས། མཚན་ཐུན་གྱི་རྨི་ལམ་ཞིམ་པོ་ཙམ་ཡང་རོལ་མ་ཐུབ། སྟོན་རླུང་དལ་གྱིས་ལྡང་བའི་ཚེ། ང་ནི་གྱེས་བྲལ་གྱི་གྲིབ་མར་ཟུག་པའི་འཁྱམ་ཉུལ་བ་ཞིག་ཡིན་པ་རྟོགས། ཁྲུང་ཁྲུང་གི་ཚོགས་ལྷོ་རུ་བཞུད་པ་ཡང་གྱེས་བྲལ་ཞིག་ཡིན་ནམ། ཡང་ན་ལས་དབང་ཞིག་ཡིན་ནམ། གང་ལྟར། ཟླ་དགུ་པར། ངས་གྱེས་བྲལ་གྱི་སྨྲེང་སྐྱོ་རུམ་ནས། ཁྲུང་ཁྲུང་གི་ཚོགས་ཕྱིར་ལྡོག་པར་རེ་སྒུག་བྱ་ངེས།
        སྟོན་དུས་ཀྱི་ཟླ་འོད་ནི་ཤིན་ཏུ་བསིལ་ནའང་། དྲན་གདུང་གི་རླབས་ཀྱིས་སྐྱོམ་པའི་འཕྲིན་པ་རེ་རེ་ད་དུང་རྒྱང་རིང་ལ་བསྐུར་ཐུབ་མ་བྱུང་། སེམས་པའི་གཙང་འགྲམ་དུ། ང་རང་བསམ་གཞིག་གི་ཐག་སྣེར་འཇུས་ནས། གྱེས་གདུང་གི་གླིང་བུ་ཡང་ཡང་བུས། མཐའ་ཡས་པའི་འཇིག་རྟེན་འདི་རུ། སེམས་ཀྱི་རོལ་དབྱངས་ལ་རྣམ་དག་གིས་གསན་མཁན་ག་ཚོད་ཡོད་དམ། སུན་སྣང་དང་སྨྲེང་སྐྱོ་སོགས་རེ་ཞིག་མཚམས་བཞག་ནས། ལྷིང་འཇགས་ཀྱི་མཚན་མོ་ཞིག་ལོངས་སུ་སྤྱོད་ཐུབ་ན་ཡང་བདེ་སྐྱིད་ཅིག་ཅི་ལ་མིན།
       ཉི་ཟླ་རི་བོའི་སྙན་ཚིག་གི་དྲན་གདུང་ཀློང་དུ། ང་རང་བྱིས་བློའི་མཛེས་སྡུག་ལ་རབ་ཏུ་ཆགས་ཤིང་། ནང་སེམས་ཀྱི་ཉག་གར་རྟ་ཁ་གློད་ནས་ཉི་ནུབ་ཀྱི་ཕྱོགས་ལ་ཡང་ཡང་ཅེར། གདོད་མའི་རི་ར་བ་ཁང་ཁྱིམ་དང་། ལྷུང་ལྷུང་དུ་བཞུར་བའི་ཆུ་བོ་ཡིས། ཟླ་དགུ་པའི་དྲན་གདུང་ལ་དྭངས་གཙང་གི་ཁ་དོག་བྱུགས། ཕ་ཡུལ་ནི་སེམས་པའི་མཐིལ་དུ་ལྷུང་བའི་སྤྲིན་པ་ཞིག་ཡིན་ནམ། དྲན་གདུང་གི་ས་མཚམས་ཇི་ལྟར་འགྱུར་ཡང་། ངས་ཀྱང་ཉི་ཟླ་རི་བོའི་མཚམས་སྤྲིན་དེ་བརྗེད་ག་ལ་ནུས།
       ཞི་འཇམ་གྱི་སྟོན་རླུང་གིས་ཟླ་དགུ་པའི་དྲན་གདུང་ལ་སེམས་པ་གླན་ཏུ་བཅུག་ཅིང་། ས་སྲོད་ཀྱི་དུས་སུ། ཁོ་བོ་གནམ་སའི་མཚམས་སུ་འགྲེང་ནས། ཐག་རིང་གི་ཡུལ་གྲུ་ཀུན་ལ་རྒྱང་ལྟ་བྱས། གནའ་བོའི་ལམ་རྙིང་གི་མཐིལ་ན། ལོ་ཟླའི་ཆར་ཆུ་ཡིས་འཇིག་མི་ནུས་པའི་གཏམ་རྒྱུད་ཅིག་ཤར་འདུག་ཅིང་། གཏམ་རྒྱུད་དེ་ནི་ཟླ་དགུ་པའི་ལས་སྐལ་དང་འབྲེལ་བ་ཡོད་འདུག ཟླ་དགུ་པ་ནི་ཁྲུང་ཁྲུང་གི་ཚོགས་ལྷོ་རུ་བཞུད་ཚུལ་ཞིག་ཡིན་ནམ། ཟླ་དགུ་པ་ནི་གྱེས་གདུང་གི་གླིང་ཕྲན་ཞིག་ཡིན་ནམ།
       མི་ཡུལ་གྱི་འདུ་འཛི་དང་སེམས་གཅོང་ལ་མཐའ་མེད་ཀྱང་། ཡུལ་གྱར་བའི་གཞས་ཚིག་ཏུ་རེ་བ་དང་འོད་སྣང་གི་ཡིག་འབྲུ་མང་དུ་སྣང་། ངས་ཕ་ཡུལ་དྲན་མཁན་གྱི་མི་དག་ལ་རང་ཉིད་ཀྱི་སེམས་གཏམ་མང་དུ་བརྗོད་འདོད། སྟོན་མཇུག་གིས་སྒུལ་བའི་དྲན་པ་ནང་བཞིན། ཁྱེད་ཅག་ལ་བྱིས་དུས་ཀྱི་ཕ་ཡུལ་རྙེད་པར་བྱེད་པའི་ལྡེ་མིག་རེ་བསྐུར་ཡོད།
       ཟླ་དགུ་པའི་ཞེན་ཆགས་བརྒྱུད་ནས། དྲན་འཛིན་གྱི་ཆུ་བོ་ཐག་རིང་ཐག་རིང་ཞིག་ཏུ་བཞུར་སོང་། ནུབ་པ་མེད་པ་ནི་དྲན་ཤིང་ཁོ་ན་མ་ཡིན། དྲན་ཤིང་གི་མཐིལ་ཏུ་བཏབ་པའི་སྨོན་འདུན་ཡིན། ད་ནི་ངས་དྲན་གདུང་འདི་ཉིད་མི་ཡོད་ཚད་ལ་བཤད་རན། རྒྱུས་མེད་ཀྱི་མི་དག་ལ་ཡང་ཚོར་དུ་འཇུག་རན།
༡༠
       ཟླ་དགུ་པ་ནི། གྱེས་གདུང་གིས་ཟིན་པའི་ཞིང་ཁམས་ཤིག ཟླ་དགུ་པ་ནི། འཆར་ཡན་གྱིས་བསླུས་པའི་ཕ་ཡུལ་ཞིག ཟླ་དགུ་པར། སྟོན་གྱི་འཁྲེང་སེམས་ཀྱིས་མི་ཡུལ་ལ་མཐའ་མེད་པའི་དྲན་གདུང་བཞག་ནས། ཡུལ་གྱར་བའི་མིག་ཀོང་དུ་སྙིང་ཉེ་བའི་ཕྱིར་མིག་ལུས་སོང་། ཁེར་རྐྱང་གི་གཞུང་ལམ་རེ་རེ་ནི། སྐྱེ་བོ་རེ་རེ་རྒྱང་དུ་བཞུད་ཚུལ་ཡིན་ལ། བློས་མི་ཐོངས་པའི་བར་ཐག་གི་མཛེས་པ་རེ་རེས། དྲན་པ་ཁོ་ན་མཚོན་བྱེད་ཀྱི་བླ་སྲོག་སྨིན་པར་བྱས། བསིལ་རླུང་དལ་གྱིས་ལྡང་དུས། ང་རང་ཟླ་དགུ་པ་ལ་དུངས་ཀ་ལྷག་མ་ཞིག་སྐྱེས་བྱུང་། འཇིག་རྟེན་གྱི་འདུ་འབྲལ་དང་བརྩེ་བ་སེམས་སུ་སྒོམ་དུས། བག་ཕེབས་ཀྱི་དྲན་ཤེས་དང་ཞི་དུལ་གྱིས་ང་ལ་རྒྱང་རིང་གི་དྲན་པ་གནང་བྱུང་། ངས་ད་དུང་ཟླ་དགུ་པ་དྲན་ངེས། ཟླ་དགུ་པའི་གྱེས་གདུང་ལྷག་ཏུ་དྲན་ངེས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།