ཕུན་ཚོགས་རྒྱལ་ལགས་ཀྱི་སྒྲུང་ཐུང་།

རྩོམ་པ་པོ།:མི་ལ་ཙི་ཙི། ཡོང་ཁུངས།:༢༠༢༣ལོའི«མི་རིགས་ཀྱི་རྩོམ་རིག»དེབ་ལྔ་པ། དུས་ཚོད།:2023-10-08 14:42:30 ཀློག་གྲངས།:
ཤན་པ་རྨེ་རུ་རྩེ།
མི་ལ་ཙི་ཙི།

       “དམར་རྒྱ……བཙན་ཡ་ཤ་དམར་པོ་ཡིན་པ་བདེན་ན……མགྱོགས་ཙམ་སྒོར་ཐོན་ཤོག……”
       འདན་མའི་དགྲ་འབོད་རེད། ཕུག་པའི་ལྡེབས་ནས་ས་ཟེགས་ཕྲུལ་ཕྲུལ་འཐོར་ཡོང་། དེ་ལ་ཤན་པར་རྣམ་འགྱུར་གང་ཡང་མེད། ཁ་ལོ་འཁོར་ཙམ་བྱས་ཙ་ན། ཁྲུས་ཆུའི་ཡེར་མོ་ཞིག་ཤིང་ཟོམ་ཁ་ནས་འབོ་སྟེ་གཤམ་གྱི་རྡོ་སྟེགས་སྒང་། དེ་ནས་རྦབ་ཆུའི་ཚུལ་གྱིས་ཕུག་པའི་གཅལ། དེ་ནས་ཆུ་ཕྲན་གྱ་མ་གྱུ་རུ་བཞུར་ཏེ། མཐར་སྣ་ཐོད་ཡར་འཁྱིལ་ཅན་གྱི་མཆིལ་ལྷམ་ཁྲ་བོ་དེའི་ཞབས་ལ་འཛུལ། དེ་ནས་གྱེན་ལ་བལྟས་ན། ནམ་མཁར་ལངས་པའི་མི་ཕོ་སྨུག་པོ་དེ་རེད། གེ་སར་རེད། ཉིན་དེར་དུང་གི་སོ་སྒོ་མི་མཐོང་། གནག་སྟེ་བཞེངས་སྟབས་སུ་སྟེགས་བུའི་སྒང་གི་ཁྲུས་ཟོམ་ཆེན་པོ་དེར་ཅེར་ནས་ཡོད། དེ་གར། ཟངས་མའི་ཀ་ལི་དེའི་སྟེང་རླངས་པ་སྐྱ་ཆིལ་ཆིལ་གཡོ། ཕུ་དུང་ཡར་བརྫེས་པའི་ནེའུ་ཆུང་མས་གཡག་རྭའི་སོ་མང་ཞིག་ཐོགས་ཏེ་དེའི་ལྟག་རྒྱབ་ཀྱི་རལ་པ་སྐྱ་ཕྱེད་སྔོ་ཕྱེད་དེ་ཤད་ཅིང་ཤད། དེ་ལྟའི་འཇིག་རྟེན་སྣང་བའི་མཉེས་གཤིན་ཁྲོད། ལོ་དགུར་ཁྱི་ཆས་འཁུར་མཁན་དེའི་ཁོག་སྡུག་སངས་ཡོད་དམ། ལོ་དགུར་དུད་འགྲོར་སྡོད་མཁན་དེའི་ངལ་དུབ་སེལ་ཡོད་དམ། ལྷག་པར། རྒྱལ་པོ་དགྲ་ལག་ཚུད་རུང་ལག་པས་རྣ་ཁ་འགེབ་མཁན་བློན་པོ་དེའི་འགྱོད་གདུང་དེངས་ཡོད་དམ། ལར་འགྱོད་གདུང་དེ་མེད་ན། དུར་ས་གླིང་ལ་འདེབས་དགོས་རུང་། ཤན་པ་ཁྱི་གྲལ་དུ་སྡོད་སྙིང་མེད། དེ་ལ་ད་ཕན་ཀུན་པོ་གོ་བ་ལོག གོ་བ་ལོག་སྟེ་སྙིང་རྗེ་བ་ཞིག་ཏུ་ཡོད།
       དོམ་མགོ། གཡུ་རལ་འབར། འབྲུག་སྒྲ་རྔམ་ཆེན། ལར་རེ་རེ་བཞིན་དངུལ་ཆུ་མཁར་གྱི་སྒོ་ཁྱི་རེད་མོད། བཏགས་པའི་མིང་རྣམས་ཇི་འདྲའི་རྫིག་རུང་། ཁྱི་སྐྱག་ལ་གཅིག་མཚུངས་དྲི་ངན་ལས་ཅི་ཡང་མི་ཡོང་བས། ལོ་དགུའི་རིང་ཤན་པ་དེ་ཚོར་གཏིང་ནས་སུན་ཏེ་ཡོང་། དང་ཐོག་ལྟོ་བརྩད་ནས་དེ་ཚོ་དང་འཛིང་ཡང་མྱོང་། འོན་ཀྱང་འཛིང་ཐེངས་དང་པོའི་ཁྲོད། དེ་ཚོས་གླང་དམར་ཞིག་དང་འདྲ་བ་དེར་གླགས་མི་འཁེལ་བ་ཤེས་ཏེ་ཕྱིར་བཀྱེད། དཔའ་ཆེ་དྲགས་ན་སྡུག་བསྔལ་ཡང་ཡོང་། དེ་ནས་བཟུང་། ཁྱི་མོ་སྤྱང་ཁྲ་མས་ནམ་རྒྱུན་རྔ་སྡོག་བཅོས་ཏེ་ཤན་པར་འཕོངས་མགོ་གཙུབ། དེ་ལ་ཕྱིས་སུ་ནེའུ་ཆང་མས་ཀྱང་འཚེར་བག་བཏང་སྟེ་མིག་ཆུ་འཆོར་རག་བར་བགད་མྱོང། སྡུག་གཏམ་ཤོད་འདོད་རེད་མོད། མོའི་བཟོ་ལྟ་དེ་མཐོང་ནས་ཤན་པ་རང་ཉིད་ཀྱང་གདོང་པ་དམར་ལུག་ལུག་བགད་མྱོང་། ལན་རེར་བགད་བགད་པའི་རྒྱབ་ལ་ཤན་པར་མིག་ཆུ་ཙར་གྱིས་ཡོང་དུས་ཀྱང་ཡོད། དེ་འདྲའི་གནས་སྐབས་སུ། འཛུམ་བསྡུས་ཏེ་ནེའུ་ཆུང་མ་རེམ་པོར་ལོགས་སུ་གཡོལ་འགྲོ། ཐབས་མེད་པའི་འཇིག་རྟེན་དེ་ཅི་ལྟར་མཇུག་བསྒྲིལ་དགོས་སྟངས་ཤན་པ་གཅིག་པུར་བཞག་འགྲོ། རིམ་གྱིས་ཤན་པའང་ཅུང་ཙམ་ཅུང་ཙམ་རང་གི་སྔ་མའི་ངོས་སུ་གྲུབ་སྟེ་ཡོང་།
       “སྦྲ་ནག་སྐྱབས……དེ་རིང་ཕྱིན་དགྲ་དམར་རྒྱ་ཁྱོད་གཉིས་ལ་ཁྱད་པར་མེད……འཕར་སྤྱང་གྲ་སྡེབ་གྱིས་ལ་སྒོར་ཐོན་ཤོག……”
       འདན་མའི་སྐད་འགྲགས་ཇེ་ཆེ་རེད། ཕུག་པའི་ནང་ནག་ཐིབ་ཐིབ་ཅིག་ཡོང་། ཤན་པར་སྔར་བཞིན་རྣམ་འགྱུར་མེད། ནེའུ་ཆུང་མས་སྔར་བཞིན་མགོ་བོ་སྒུར་རེར་ཤན་པའི་རལ་པ་ཤད་ཀྱིན་སྡོད། རྒྱལ་པོའང་སྔར་མལ་ན་བཞེངས་སྟབས་སུ་ཡོད། ལོ་དགུའི་ཁྱི་བཙོན་ལོངས་རྗེས་ཤན་པ་བློན་གྲལ་དུ་འཁོད་རྩིས་བྱས་པར། རྒྱ་ཚ་དཔོན་རབས་བཅོ་བརྒྱད་ལ་འདམ་མ་བློན་རབས་བཅོ་བརྒྱད་ཅེས་པའི་བག་ཆགས་ཀྱིས་དེད་དེ་འདན་མར་ཁོང་ཁྲོ་གཏིང་ནས་འཁྲུགས། མ་ཟད་རྒྱལ་པོར་ཚིག་ངན་གྱ་ཚོམ་དུ་སྨྲས། དེ་དག་ལས་ཆེས་རྣར་གཟན་པ་ནི། “ཁྱོད་མགོ་བདེ་གཅིག་ལ་ཆུང་མ་དགུ། སྨན་རེ་རེ་རིག་ན་རེ་རེ་བརྗེད”ཅེས་པ་དེ་ལས་མེད། དེ་ནི་དཔའ་རྟུལ་ཚོམས་གང་པོའི་སྔུན་ནས་གཅེར་བུར་ཕུད་དང་ཁྱད་པར་ཅུང་ཟད་ཙམ་ཡང་མེད། རྒྱལ་པོས་མུ་མཐུད་དུ་ཁོག་མནོ་བཏང་། རང་གིས་ཅིའི་ཕྱིར་ཆུང་མ་དགུ་ལེན་དགོས་ལ་ཐུག་སོང་བ་ཡིན་ནམ། ཅིའི་ཕྱིར་རེ་རེ་རིག་ན་རེ་རེ་བརྗེད་དགོས་པ་ཡིན་ནམ……ཡོད་ཚད་ནེ་ནེའི་བཟློག་ཏུ་མེད་པའི་བཀས་མིན་ནམ། རང་ཉིད་ཚེ་འདིར་བརྩེ་ཞིང་གདུང་བ་འབའ་ཞིག་ལ་མགར་བཟའ་ཆོས་སྒྲོན་ལས་ལྷག་པ་མེད། དེ་འབྲུག་མོས་བརླགས། ཁོག་པའི་ནང་གི་རང་གི་བུ་དང་ལྷན་ཅིག ཡང་དེའི་སྐྱིན་ཚབ་དང་འདྲ་བར། རང་གིས་འབྲུག་མོའི་བུ་ཨ་རྒོད་བརླགས……འདི་དག་ཡོད་ཚད་མགོ་ནག་མིའི་བྱ་བ་ཞིག་ཡིན་ནམ། མི་རབས་ཕྱི་མའི་རྣ་བར་ཞུགས་ན་ངོ་ཚ་ཞིག་མིན་ནམ། མཐར་གཏུགས་ན། འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཁམས་གསུམ་དབང་གི་རྒྱལ་པོ་སྐད་པ། ཏན་ཏན་ནེ་ནེའི་འགྱིག་གཞོང་ནང་གི་དཀར་ནག་ཅི་ཆ་མེད་པའི་རྡེའུ་ཙམ་ལས་ཅང་མ་རེད……
       “སང་ལོ་ནས་འཇང་ཕྲུག་ལ་ལྕགས་སྲོག་ཐེབས་ཏེ་བཏུལ་དུ་མེད། དེའི་སྟེང་ད་ལོར་ཁྱོད་སོང་།”
       རྒྱལ་པོས་ཕྱིར་དྲན་ངོས་ཀྱི་ཚེར་མ་དག་ཆིག་སྒྲིལ་བརྒྱབ་ཐོག་མདུང་ཐུང་ཞིག་ཏུ་བཟོས་ནས་ཤན་པའི་སྟེང་ལ་གསོར་སོང་།
       ཁྲུའི་ཆུའི་ཁར་གཡེང་བའི་སྨྲ་ར་མེ་ལྕེ་འདྲ་བ་དེར་ཕུ་ཞིག་བཏང་སྟེ་ཤན་པ་ན་རེ། “དེ་ང་དང་འབྲེལ་བ་མེད།”
       “ཁྱོད་མ་གཏོགས་དེ་ཐུབ་རབས་མེད།”
       “ག་ལ། ཕྱི་ལོགས་ཀྱི་ཀན་དཔའ་ལ་ལྟོས་དང་། ཁྱོད་ལ་ཀན་འདྲ་རྔམ་རྔམ་རྫིག་རྫིག་མང་པོ་འདྲེན་རྒྱུ་ཡོད་པ་མིན་ནམ། ད་རུང་དགྲ་དེ་བྱིས་པ་ཞིག་ཡིན་པ་མ་བརྗེད་པ་གྱིས།”
       “ཁྱོད……”
       མི་ལོ་དགུའི་རིང་། དེ་ཚོ་དང་ཅུང་ཞིག་མི་འདྲ་བ་ནི། ཤན་པས་ནམ་རྒྱུན་ལྟོ་བཟས་རྗེས། རང་གི་ཁྱི་གཞོང་། དེ་ཚོས་བརླ་བཀྱགས་རུང་མི་བསླེབ་སའི་ལྡེབས་ཤིག་ལ་འགེལ། དེའི་ཕྱིར་དངུལ་ཆུ་མཁར་གྱི་བདག་པོའི་རྡོག་བརྫིས་ཐེབས་པ་བརྩི་ཚོད་མེད། གསད་རྒྱུ་མིན་ན་བཅོས་སུ་མེད་པ་ཤེས་ནས་དེས་ཀྱང་ཁོའི་འདོད་དུ་བཞག མཐར་ཤན་པ་རྒྱལ། དོན་ལ་ཁྱི་རྫིང་འཐུང་ན་ལྕོག་ལྷ་མཚལ་རྩེའི་འཁུ་འཕྲིག་འོང། ལྷག་པར་མི་ལུས་ལན་ཅིག་བླངས་སར་བཤད་རྒྱུ་རྫོགས་མེད་བཞག་འགྲོ།
       ལག་པ་གཉིས་ཀ་ཁྲུས་གཞོང་ཁར་ཁེན་ཏེ་རྒྱལ་པོས་སྨྲས་པར། “ངས་གནང་བ་ཡོད་ན། ཁྱོད་སྔ་མོ་ནས་ཚེ་ཕྱི་མར་བསྐྱལ་ཚར།”
       “ཁྱོད་བདུད་ནས་གླིང་ལ་ལོག་ཅིང་དེ་ནས་ཧོར་ལ་མ་བསླེབ་པའི་བར། ངས་འཁྲེང་ཞིང་བསྒུགས་ཡོད་པ་ཏག་ཏག་དེ་ཡིན། དེ་ལྟར་བྱུང་ཚེ། ཁྱོད་ཀྱིས་ངའི་ཕྱིར་གསེར་ཡུམ་དོང་ཕྱུར་བཞེངས་ལས་ལྷག འོན་ཀྱང་ཁྱོད་ཀྱིས་ང་ལ་བརྔན་ཆེན་ཕབ་ཕྱིར། གསོད་ཁྲིམས་བཞག་སྟེ་བརྙས་ཁྲིམས་བཅད། ལོ་དགུར་ཁྱི་ཆས་སྤྲས།”
       “དེ་ལྟར་མ་བྱུང་ན། ངའི་ཕུ་བོ་བསད་པའི་ཤ་འཁོན་སངས་ཐབས་མེད།”
       “དེ་འདྲ་ཡིན་མིན་ཁྱོད་ཀྱི་ཁོག་ན་གསལ། ངའི་ཁོག་ན་གསལ། གཅིག་མཚུངས་རྒྱ་ཚའི་ཁོག་ནའང་གསལ།”
       དེ་བདེན། ཤན་པ་རང་དགར་བཞག་ན་འདན་མ་ཐོག་མར་ངོ་ལོག་འགྲོ། ཐ་ན་རང་གི་ཚ་བོ་དགྲ་ལྷ་རྩེ་རྒྱལ་དང་ཡང་འགྲས་སྲིད། ཁོར་བརྔན་ཆེན་ཕབ་པ་ཡིན་ན། འཇང་ཕྲུག་གསོན་བཟུང་བྱེད་པའི་བར་སྲོག་མགོ་ཐོན་ཙམ་ཡོང་། དེ་མ་གཏོགས། ཕུ་བོ་ཞལ་དཀར་སྙིང་རྗེ། ཏག་ཏག་ཕུ་ནུའི་གཞིས་ལས་བགོས་ཁྲོད་དམག་གི་བྱ་བ་མ་ཕེར་པར་བསམས་ཏེ་རང་དམེ་བརྒྱབ། དོན་དུ་དེ་འདྲ་མིན་རུང་། ལ་རྒྱའི་རྫི་སྐྱེན་དྲགས་པས་ལན། ཤན་པར་ངན་ཁག་འགེལ་རྒྱུ་ལར་ནས་མེད། ཡང་འཇང་ཕྲུག་གི་ཕྱིར་མིན་ན། ཤན་པ་དེ་རིང་བར་འཇོག་དོན་མེད། ཕུ་བོ་གསོད་མཁན་ལག་དམར་ཚེ་ཐར་དུ་བཏང་ཞེས་པའི་མིང་ངན་དེ་འཁུར་དོན་མེད། འོན་ཀྱང་བསྒུགས་བསྒུགས་པའི་རྒྱབ་འདིར། ཁོ་འཇང་ཕྲུག་གཟུང་དུ་མ་ཕྱིན་ན། ཡོད་ཚད་པོར་དོན་སྙིང་ཅི་ཡོད། དེ་ལྟར་དྲན་གྱིན་རྒྱལ་པོས་གཏམ་སྒོ་འཇམ་ལ་བྲེས།
       “བརྙས་ཁྲིམས་དེ་ཙམ་ལ་འཁང་ར་མ་གནང……”
       “འཁང་ར་བཤད་ན……བརྙས་ཁྲིམས་དེ་འཁུར་བདེ་སྟེ་ངོ་གནོང་བ་འབའ་ཞིག་ཡོང……”
       “ཁྱོད་ང་ལ་གློ་བ་ཉེ……དེས་མི་འདག་པ་ཅང་མེད……”
       “ཧ་ཧ་ཧ……”
       “དགོད་རྒྱུ་ཅི་ཡོད……”
       “གོ་ནོར་མ་ཐེབས། ལོ་དགུའི་ཁྱི་བཙོན་གཉའ་བར་བླངས་པ། ངས་ཁྱོད་ཀྱི་བཀའ་བརྩིས་པ་མིན། ང་ཁྱོད་ཀྱི་དཔའ་རྟུལ་ཚོར་སྐྲག་པ་ནི་དེ་བས་ཀྱང་མིན། ཏན་ཏན……ཏན་ཏན……”
       མགྲིན་པ་རྣོང་སྟེ་ཤན་པས་ངག་མ་འཁྲོལ། གདོང་པ་ཁྲུའི་ཆུའི་ནང་གབ་སྟེ་ཡུན་རིང་སྡོད། ཡར་དགྱེ་དུས་མིག་རྩ་དམར་པོར་ཆགས་ཡོད། ནེའུ་ཆུང་ལངས་ཏེ་འཇམ་ཅག་གེར་སྦུག་ཁང་ནང་གཡོལ་སོང། དེ་ནི་གཉིས་ཀའི་བར་ལ་རང་འགྲིག་ཏུ་ཡོད་པའི་ཁ་ཏན་ཞིག་ཡིན།
       སྟོད་རླུང་ཁོག་པའི་ནང་འཇགས་རྗེས་ཤན་པས་སླར་སྐད་མགོ་ཆེ་ཙམ་ནས་སྨྲས་པར། “ལོ་དགུའི་ཁྱི་བཙོན་གཉའ་བར་བླངས་པ། ངས་ཁྱོད་ཀྱི་བཀའ་བརྩིས་པ་མིན། ང་ཁྱོད་ཀྱི་དཔའ་རྟུལ་ཚོར་སྐྲག་པ་ནི་དེ་བས་ཀྱང་མིན། ཏན་ཏན། དྭ་ཕྲུག་ང་ཁྱི་གུ་ལག་མགོ་ནས་འོ་མས་གསོས་པ་བཞིན་སྙོར་མཁན་རྗེ་དྲིན་ཆེན་ལ་རྒྱབ་བསྟན་པས། ངས་རང་ཉིད་ལ་མནར་གཅོད་བྱས་པ་ཡིན། རང་ཉིད་ལ་དམའ་འབེབས་བྱས་པ་ཡིན།”
       “……” རྒྱལ་པོ་ཕལ་བའི་མི་ཞིག་ལྟར་ཧ་ལས་ཏེ་སྐད་ཆ་མ་ཐོན།
       “དེ་མ་གཏོགས། འདོད་ན། ལྕགས་ཐག་དགུ་སྒྲིལ་འདི་ཙམ། ང་ཤན་པས་གསིག་འཐེན་གཅིག་གི་སྣར། དུམ་བུ་དུམ་བུར་གཏོར་ཏེ། མཛོ་མོ་མཁར་ལ་སྐད་ཅིག་སྐད་ཅིག་བར་ནས་ལོག་ཆོག……ལར་ངའི་མཁར་དེ་ཁྱོད་ཚོས་བྱེ་མའི་རྡུལ་དུ་བརླགས་ཚར་སོང་རུང……”
       དམྱལ་ཟངས་ཁར་རེག་པ་ལྟར། རྒྱལ་པོས་རང་གི་ལག་པ་གཉིས་ཀ་ཤན་པའི་ཁྲུས་ཟོམ་ཁ་ནས་རྦད་ཀྱིས་ཕྱིར་བསྐུམས། མ་ཟད་རལ་གྲི་ཕྱེད་ཅིག་བཤངས་ཏེ་སོ་སྒྲ་སྒྲོག་གིན་སྨྲས་པར། “རོ་མགོ་མེད་ཁྲུས་ཟོམ་ནང་མི་བསྐྱུར་རི། མགོ་ལུས་མེད་ཕུག་པའི་སྒོར་མི་གཟར་རི།”
       དབུགས་རིང་ནར་ནར་ཞིག་འབྱིན་ཏེ་མིག་ཟུང་ཕྱིར་བཙུམས་ནས་ཤན་པ་ན་རེ། “དེ་ཙམ་གྱིས་ག་ལ་ཆོག ཐུགས་རྗེའི་སྤྱན་གྱིས་གཟིགས་ལ། རྗེ་དྲིན་ཅན་དེ་ནང་བཞིན། ང་ཤན་པའི་ཤ་ཁྲག་གི་ལུས་པོའང་ག་ལེ་ག་ལེར་གཙོབས་ཤིག རྒྱུས་པ་གཤོངས་ཤིག ལྷུ་རུས་ཕྲོལ་ཅིག དེ་མུས་སུ་ངན་གསོད་གནོངས་ཤིག དེ་ལྟར་བྱུང་ན་གཟོད། ང་ལ་བསྐལ་པའི་རྒྱབ་འགལ་དེ་ལས་དབུགས་དབྱུང་བག་ཙམ་ཡོང་ཐུབ།”
       རྒྱལ་པོའི་གདོང་པ་ཚ་བེར་བེར་དུ་སོང་། ཤུབ་ཁ་སྤར་ཟིན་པའི་རལ་གྲི་དེ་ཅི་ལྟར་ཕྱིར་གཞུག་དགོས་པའང་མ་ཤེས། བཟོད་གླགས་མ་རྙེད་པའི་ཕྲག་དོག་དེ་མིན་ན། མནན་དུ་མ་བྱུང་བའི་མིག་སེར་དེ་མིན་ན། གུར་དཀར་གསོན་བཞིན་བཤའ་དགོས་ཅི་ཡོད། འབྲུག་མོ་ལ་དེ་འདྲའི་སྙིང་ཚིམ་བརྡར་དགོས་ཅི་ཡོད། ད་རུང་གུར་དཀར་འཆི་ཁར་ཅི་ཟེར། ཨ་འབྲུག་གི་ཕྱིར་དུ། ཕོ་རྟགས་དེ་འཇོག་རོགས་ཟེར། འབྲུག་མོས་ཅི་ཟེར། གླིང་ལ་ལོག་པ་ལས་གུར་ལུའི་དུར་ས་བསྲུངས་ལ་དགའ་ཟེར……ཨ་ཙ་མ། ནེ་ནེའི་བཟློག་ཏུ་མེད་པའི་བཀའ་ལས་མ་ཡོང་བ་གང་རེད……
       “དམར་རྒྱ……སྦྲ་ནག་སྐྱབས……སྒོར་ཐོན་ཤོག……འཕྱི་བ་ཁུང་འཛུལ་དེ་འདྲ་ངོ་རེ་ཚ……”
       འདན་མ་ཇེ་བཙན་ཇེ་ངར་རེད། སིང་སྒྲ་དང་བཅས་རྒྱལ་པོས་རལ་གྲི་སླར་ཤུབ་ཏུ་བཅུག་པ་ཐོས་རྗེས། ཤན་པས་མིག་ཕྱེ་སྟེ་ག་ལེར་ཁྲུས་ཟོམ་ཁ་ནས་ཡར་ལང། མུ་མཐུད་དུ་ཡར་ལང། ད་རུང་ཡང་ཡར་ལང་བཞིན་ཡོད། ཡར་ལང་སྟེ་རྫོགས་རྒྱུ་ཞིག་མི་འདུག མཐར་ཟངས་མའི་ཟླ་བ་དེ་ཕུག་པའི་གནམ་གཅལ་ལ་མ་རེག་ཙམ་གྱིས་སྦུག་ཁང་ནང་ཕྱིན་སོང་། ཤ་སྣག་གིས་བརྟས་པའི་འཕོངས་ཚོས་དམར་ཆེན་དེ་ད་རུང་མིག་ལམ་ན་ཡོར་རོ་རོ་འཆར། ཕུག་པའི་ནང་རོལ་དུ་སྨུག་རླངས་དཀར་པོས་གཅུ་ལྷོག་རྒྱག ག་ཤེད་ནས་ཆུ་ཟིལ་རྡོག་གཅིག་བོལ་གོང་སྟེང་འཁྱིབ་སིབ་བེར་ཟགས། མར་བལྟས་དུས། ཨ་ཁ། རང་གི་སྣེ་མོ་ཡར་འཁྱིལ་ཅན་གྱི་མཆིལ་ལྷམ་དེ་མི་མཐོང་། སྐབས་དེར་རྒྱལ་པོས་ད་གཟོད་རང་ཉིད་སྔོན་མའི་བུ་ཆུང་ཐང་རྙེད་ཀྱི་གཟུགས་སུ་གྱུར་ཡོད་པ་ཚོར། མ་ཟད་དེ་ལྟའི་ངང་ལ་སྡོད་འདོད་ཅིག་སྐྱེས།
       དངོས་གྲུབ་ལྡེམ་པའི་སྣ་ཕུ་རྩུབ་པོ་ཕུག་པའི་ཉེ་སར་སྦུད་པ་རྒྱག་ལྟར་སླེབས།
       “སྙིང་ཉེ་མ། ཁྱོད་ཕེབས་ན། ང་རྨེ་རུ་རྩེ་ལ་ལྷག་པར་ལྟད་མོ་སྟོན་རྒྱུ་ཡོད།”
       ཤན་པས་ལོ་དགུར་ལུས་ལ་མ་བླང་བའི་དགྲ་ལྷའི་གོ་མཚོན་རྫོགས་པར་སྤྲས་ཤིང་། གྲུ་མོའི་ཁུགས་ལ་ནེའུ་ཆུང་མ་སྡོད་དུ་བཅུག་སྟེ་སྦུག་ཁང་ལས་སྒོར་ཐོན། ཁྲུས་ཟོམ་ཀྱི་ལོགས་ན་བུ་ཆུང་ཞིག ཨ་ཙི……ཐང་རྙེད་མ་རེད་དམ། ནེའུ་ཆུང་མ་སར་བཞག་ནས་ལག་པ་ཆེན་པོ་གཉིས་ཀ་པུས་མོའི་མགོར་ཁེན་བསྡད་དེ། རག་མེར་རེར། རྒྱ་ཞོམ་མེར། ཤན་པ་བུ་ཆུང་གི་གདོང་ལ་ཅེར་ཏེ་རེ་ཞིག་ལུས། མཐར་ནེའུ་ཆུང་མ་མ་གཏོགས་ལོ་དགུར་གླིང་གི་མི་སུར་ཡང་བསྟན་མྱོང་མེད་པའི་འཛུམ་མདངས་ཤིག་ཕྱུང་ནས།
       “ལྡོང་གི་མ་ཡིག་ནང་བཞིན་ཡིན། འུ་གུ་གཉིས་སྔར་ལྟར་བུ་སྤུན་ཡིན། ཚེ་རབས་ལས་ཀྱི་བུ་སྤུན་ཡིན”ཞེས་སྨྲས་ཏེ་ནེའུ་ཆུང་མ་ལག་མགོར་འཁྲིད་ནས་ས་གཞི་སྒུལ་གྱིན་སྒུལ་གྱིན་སྒོར་ཕྱིན་སོང་།
       ཉིན་མཚན་ག་ཙམ་སོང་བ་མི་ཤེས། ལན་རེར་རྫ་རི་ཉིལ་བའི་སྒྲ་ཡོང་། ལན་རེར་གློག་དམར་འཁྱུག་པའི་འོད་ཡོང་། འོན་ཀྱང་རྒྱལ་པོ་མུ་མཐུད་དུ་ཁྲུས་ཟོམ་རྒྱབ་ལ་ཐང་རྙེད་ཀྱི་གཟུགས་སུ་སྡོད། ཡོད་ཚད་སྟེས་དབང་ལ་བཅོལ་ཏེ་སྡོད། ཡོད་ཚད་ཆོས་ཉིད་ལ་བཅོལ་ཏེ་སྡོད།
       ནེ་ནེས་ཁམས་གསུམ་འཕང་ལོ་བཞིན་སྐོར་གྱིན་གློ་བུར་མཐོང་ལམ་ནས་བོར་སོང་བའི་འགྱིག་གཞོང་ནང་གི་རྡེའུ་དེ་འཚོལ། མུ་མཐུད་དུ་འཚོལ……
༢༠༢༡ལོའི་ཟླ༡༡པའི་ཚེས༣༠ཉིན་འུག་ཚང་ནས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།