རྣམ་ཤེས་འཕུར་བ།

རྩོམ་པ་པོ།:གདོན་མིག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-10 08:33:24 ཀློག་གྲངས།:
       ངས་ནམ་རྒྱུན་ཆུ་རྡུལ་གྱི་རྗེས་ཤུལ་མང་པོས་རབ་རིབ་ཏུ་བཏང་བའི་ཤེལ་སྒོ་བརྒྱུད་ནས་ཕྱི་རོལ་ལ་ལྟ་དུས། སྲང་མདོ་རེ་རེའི་མི་ཚོགས་དང་མུན་པ་མཐོང་ཞིང་། གྲོང་ཁྱེར་གྱི་བར་སྣང་དུ་འཁྲིགས་པའི་སྤྲིན་དཀར་དང་མུན་པའི་བར་མཚམས་མཐོང་ཡོང་། སྐབས་དེར། ངས་འདི་ལྟར་བསམ། དེ་ནི་རྣམ་ཤེས་ཀྱིས་ལུས་ཕུང་ཁྲིད་ནས་གང་སར་རྒྱུ་བའི་མི་ཞིག་དང་འདྲ་ཨང་སྙམ།
       རྣམ་ཤེས་ཞེས་པའི་ཐ་སྙད་འདིར། གླགས་བམ་མང་པོ་ཞིག་གི་འཇིག་རྟེན་ནས་ཡང་ཡང་ཕྲད་ཐེངས་རེེར། ང་ལ་གཉེན་ཉེ་གང་ཞིག་ལ་འཕྲད་པའི་སེམས་ཚོར་ཞིག་སྟེར་བར་བྱེད་ཅིང་། མཚམས་མཚམས་སུ། སེམས་སུ་མཐའ་མེད་པའི་སྨྲེང་སྐྱོ་རེའང་བཞག་འོངས། དེ་བས། ང་རང་ཁང་མིག་འདི་རུ་བསྡད་པའི་ཟླ་ངོ་འདི་དག་གི་རིང་ལ། རྣམ་ཤེས་ཁོ་ན་ཕྱི་རོལ་ཏུ་སོང་བ་མ་གཏོགས་གདོས་ཆེ་བའི་ཕུང་པོ་འདི་རྗེས་སུ་ཐེངས་གཅིག་ཀྱང་ཁྲིད་མྱོང་མེད། འདི་ལྟར་བྱས་ཚེ། དངོས་གནས་སྟབས་བདེ་ཞིང་འཇིག་རྟེན་གྱི་ལྕགས་རི་དང་རྩིག་པ་མང་པོ་ཞིག་བརྟོལ་ནས་འགྲོ་ཐུབ། ཡང་ན། དུས་རྒྱུན་མཐོང་བར་དཀོན་པའི་ཚེ་སྲོག་གི་མི་སྡུག་པ་ཅི་རིགས་ཤིག་ཀྱང་། ལུས་པོ་བསྐྱུར་ཏེ་རྣམ་ཤེས་འཕུར་བའི་དུས་སུ་ད་གཟོད་གསལ་ལེར་མཐོང་ཐུབ།
       ཉིན་ཞིག ང་མཁའ་རླུང་འཇམ་པོ་ཞིག་དང་མཉམ་དུ་སྒོ་ཆེན་གྱི་བར་སྣང་དུ་འགྲོ་དུས། ནམ་རྒྱུན་སྒོ་འགྲམ་དུ་འོ་མ་འཚོང་མཁན་གྱི་བུད་མེད་དེར་འཕྲད་བྱུང་། མོས་འོ་མ་ཉོ་མཁན་གྱི་མགྲོན་པོ་རེ་རེ་ལ“དྲུག”ཅེས་པའི་བརྡ་དོན་དུ་ལག་པའི་མཐེབ་ཆེན་དང་མཐེབ་ཆུང་གཉིས་ཕྱིར་བགྲང་ནས་སྟོན་པ་ལས་ཁ་མི་གྲགས་པར་འདུག ཁ་མི་གྲགས་པའི་ཉམས་སྣང་དེ་ནི་ལྗིད་ཏིག་ཏིག་གི་ཁེར་གདུང་ཞིག་གིས་ནོན་པ་དང་འདྲ་ལ། དེའི་མུར། ང་རང་མོའི་ཁེར་གདུང་གི་རྒྱབ་རོལ་ཏུ་བསྐུངས་པའི་འཇིག་རྟེན་དེར་འགྲིམ་ཐུབ་ན་སྙམ། དེ་ནི་གདོས་ཆེ་བའི་ཕུང་པོ་གང་ཞིག་ཏུ་གཡུག་པའི་རྣམ་ཤེས་ཀྱིས་མ་གཏོགས། སྡིག་ཉེས་གང་མང་གིས་མནན་པའི་ཕུང་པོ་རྗེས་སུ་ཁྲིད་ནས་འགྲོ་མཁན་ཚོས་ནི་འགྲིམ་མི་ཐུབ་པར་འདུག
       ཡུད་ཙམ་གྱི་རྗེས་སུ། ཁོ་མོས་ལྕགས་རྟ་རྐང་གསུམ་དེ་དེད་ནས་ལམ་ལ་ཆས། འོ་མ་རྡུག་སྤྱད་ཀྱི་འགྱིག་སྣོད་དེ་གཉིས་ལྕགས་རྟའི་གཞུག་སྒམ་དུ་བཞག་འདུག ང་རང་ཐོགས་རེག་བྲལ་བའི་བར་སྣང་དུ་ཁོ་མོའི་རྗེས་སྙེག་ནས་སོང་། དེ་ལྟར། གྲོང་ཁྱེར་ཤར་ཁུལ་གྱི་གྲོང་དཀྱིལ་ནས་བྱང་ཤར་མཚམས་ཀྱི་གྲོང་མཐའ་གཟས་ཏེ་བཞི་ལམ་མང་པོ་གཏུབ་ནས་བྱིན། ལམ་བར་དུ། མཐོ་དམའ་མི་སྙོམ་པའི་ཁང་བརྩེགས་བརྗིད་པོ་དག་བྲག་རི་ལྟར་དགུང་ལ་ཟིག་ཅིང་། ཤིང་རིགས་དང་ལྕགས་རིགས་སྣ་ཚོགས་པས་ལེགས་པོར་བརྒྱན་པའི་སྒོ་དང་སྒེའུ་ཁུང་དག་ཀྱང་མིག་ལ་ཤིན་ཏུ་མཛེས། སྟོན་གྱི་འབྲས་བུའི་དུད་པའི་ལམ་འགྲམ་གྱི་ལྗོན་ཤིང་དག་གི་སེམས་ཅན་གང་མང་ལ་བསིལ་གྲིབ་ཀྱི་བདེ་བ་སྟེར་ཞིང་། ཤར་མར་རྒྱུག་པའི་རླངས་འཁོར་དག་ཀྱང་གཅིག་ལས་གཅིག་ལ་བརྗིད་ཉམས་ཀྱི་ཚན་ཁ་འབར། ཐ་ན། མི་རྣམས་ཀྱིས་རྡོག་རོལ་ཏུ་བཏང་དང་གཏོང་གིན་པའི་རྡོ་གཅལ་གྱི་རི་མོ་དེ་དག་ཀྱང་གཅིག་ལས་གཅིག་འབུར་དུ་མངོན་འདུག
       དེ་མིན། གཅིག་འཕྲོར་གཅིག་ལ་འཕྲད་འོངས་པའི་རང་རློམ་གྱིས་སྙེམས་པའི་མཛེས་མ། མཁྲིག་མའི་དུས་ཚོད་དང་མགུལ་འཆིང་སོགས་ཀྱིས་ཀུན་ནས་བརྒྱན་པའི་ཕོ་གསར། སྐད་ཅིག་ལ་ཡིད་དབང་འཕྲོག་པར་འགྱུར་བའི་བརྩེ་དུང་གི་རོལ་མོ་སྣ་ཚོགས། ཨ་ཧོ། གཟུགས་མེད་ཀྱི་ཁམས་འདི་ལས་ཕྱིའི་འཇིག་རྟེན་ལ་ལྟ་བའི་ཚེ་ན། འཇིག་རྟེན་འདི་འདྲའི་མཛེས་སྡུག་ལྡན་པ་ལ་ཨང་། ངས་དེ་ལྟར་བསམ་བཞིན་མུ་མཐུད་དུ་འོ་མ་འཚོང་བའི་བུད་མེད་དེའི་རྗེས་སྙེག་ནས་བྱིན།
       མི་ཚོགས་ཀྱི་འཚང་ཁ་དང་རླངས་འཁོར་གྱི་རླབས་རྒྱུན་རྒོད་པའི་སྲང་ལམ་ཀྱག་ཀྱོག་འགའ་ཞིག་བརྒལ་མཐར། ཁོ་མོ་གྲོང་ཁྱེར་གྱི་ནུབ་ནས་ཤར་དུ་འབབ་པའི་གཙང་བོ་དེའི་འགྲམ་ངོགས་སུ་འབྱོར་བྱུང་། མོ་ཆུ་རགས་ཀྱི་མཐའ་བསྐྱོར་ལ་བསྙེས་ནས་མར་བལྟས་ཚེ། ཆུ་བོ་སྐད་ཅིག་ཙམ་ལའང་མི་སྡོད་པར་གྲོང་ཁྱེར་གྱི་བྱང་མཐའ་བསྐོར་ནས་བཞུར་གྱིན་ཡོད་ལ། འབག་བཙོག་གང་ཞིག་གི་ཁ་དོག་བསྣམས་ནས་བཞུར་གྱིན་པ་དེས། མོས་རང་གི་རྣམ་ཤེས་ཀྱི་གདོས་སུ་ཁྲིད་པའི་ཕུང་པོའི་ངལ་དུབ་ཡོད་ཚད་ཁྱེར་ན་བསམ་ཞིང་། གདངས་དམའ་བའི་ཤང་སྒྲ་སྙན་མོ་དེ་ཡིས་མོའི་བླ་སྲོག་གི་ཁེར་རྐྱང་ལ་སྐད་ཅིག་མའི་འདུག་རོགས་ཙམ་ཡང་མ་བྱས། དེ་ལྟར། གཙང་བོས་མངོན་དང་མ་མངོན་པའི་འཇིག་རྟེན་གྱི་དགེ་སྡིག་མཐའ་དག་ཁྱེར་ཏེ་རྒྱང་དུ་འབབ།
       ཡིན་ནའང་། མོ་རེ་ཞིག་ཆུ་བོའི་རྒྱུན་ལ་ཅེར་ནས་བསྡད། ངོ་མཚར་བའི་ཅ་དངོས་གང་ཞིག་མཐོང་འདོད་པའི་ཚུལ་གྱིས་མིག་ཟུང་གིས་ཕུར་ཚུགས་སུ་ཅེར་ནས་འདུག འཕྱོ་ཤུགས་དེ་ཙམ་ཆུང་བའི་རླངས་ཕྲེང་རེ་རེས། ཟོར་ཡང་བའི་གད་སྙིགས་རེ་རེ་བར་མེད་དུ་ཁུར་འགྲོ་བ་ལས། མོས་མཐོང་འདོད་ཀྱི་རེ་སྨོན་ལས་དཔྱིད་དུས་ཀྱི་མེ་ཏོག་ཅིག་ཀྱང་མཐོང་བར་མ་གྱུར།
       མོ་རང་ཁ་ཕྱིར་འཁོར་ནས་ལམ་འགྲོ་བ་དག་ལ་སྐད་གསེང་མཐོན་པོས་ཅི་ཞིག་བཤད་འདོད་མོད། མི་རྣམས་ཁོ་མོའི་འཁྲིས་ནས་ཤར་མར་སྐྱོད་དུས་ལྷག་ཏུ་སྐྱོ་གདུང་གིས་ནོན་པར་གྱུར་ཏེ། ཤར་རྒྱག་གིས་ལྕགས་རྟ་དེད་ནས་ལམ་དུ་བསྐྱོད། མོའི་མཁུར་མགོ་ཀོང་བོར་གྱུར་ཅིང་། ལུས་པོའི་ཡང་ཟོར་ཡང་ཉམས་ནས་རེངས་པོར་གྱུར་འདུག་པའི་ངང་ཚུལ་དེ་མཐོང་བ་ན། ངའང་མོ་དང་ཐག་མི་རིང་བའི་བར་སྣང་དུ་གདུང་བའི་མཆི་མ་འཁྲིགས་བཞིན། མྱུར་བར་མོའི་རྗེས་སྙེག་ནས་བྱིན་པ་ན་ལུང་བ་སྐྱ་བོ་ཞིག་གི་མདོ་རུ་སླེབས། དེ་རུ་ས་ཕག་གིས་ལས་པའི་ཁང་བ་སྐྱ་ལེབ་གཡུལ་ཁ་ལྡན་པ་ཞིག་འདུག དེ་ནི་ཁོ་མོའི་ཁྱིམ་གཞིས་རེད།
       ང་སྒེའུ་ཁུང་བརྟོལ་ནས་ནང་དུ་སོང་བ་ན། ས་ཁང་ཆུང་ངུ་དེ་རུ་ཅ་ལག་མང་པོ་ཞིག་མེད་དེ། ཉལ་ཁྲི་གཅིག་དང་འཁྱག་སྒམ་ཆུང་ངུ་ཞིག ལྕགས་ཐབ་ཅིག ད་རུང་རྡོ་སོལ་འཇོག་སའི་སྣོད་ཅིག་དང་། དཀར་ཡོལ་འགའ་དང་སླ་ང་ཞིག ཇ་དེམ་དུད་དྲེག་མ་ཞིག དེ་མིན། སྒེའུ་ཁུང་དྲང་ཐད་ཀྱི་གྱང་ངོས་སུ་སྨྲ་ར་ནག་ལ་ཤིན་ཏུ་རིང་བའི་ལྷ་སྐུའི་ཤོག་ཐང་ཞིག་སྦྱར་འདུག དེའི་གཤམ་གྱི་འབོལ་ཁྲི་རྙིང་བ་དེ་རུ་མིག་གཉིས་ལོང་བར་གྱུར་བའི་སྐྱེས་པ་ཞིག་ཙོག་འདུག མོ་རང་ནང་དུ་སླེབས་མ་ཐག སིལ་ཏོག་འགའ་ཤོག་ཐང་དེའི་མདུན་གྱི་མཆོད་གཤོམ་དུ་བཞག་ཅིང་། གཞུག་ལ་གོམ་པ་གང་སྤོས་ཏེ་ཐོད་པ་ས་ལ་གཏུག་ནས་ཕྱག་གསུམ་མཚལ།
       སྒོའི་ཕྱི་རོལ་གྱི་གཡུལ་ཁ་ཆུང་ངུ་ཞིག་ཡོད་དེའི་ནང་དུ་བ་མོ་མ་བུ་གཉིས་དང་ར་མ་ཁྱུ་ཞིག་འདུག གཡུལ་ཁའི་སྒོ་དྲུང་དུ་ཧཱ་པ་ཞིག་བཏགས་ཡོད་ཅིང་། གཡོན་ཕྱོགས་གྲོང་རོང་གིས་ཆོད་ཡོད། རྒྱང་རིང་ནས་བལྟས་ཚེ། མོ་ཚང་གི་གཡུལ་ཁ་དང་ར་སྐོར། ཁང་བ་སོགས་ཀྱིས་ལུང་བ་སྐྱ་བོ་ཕུ་དུང་འདྲ་བ་དེའི་མདོ་ཡོངས་སུ་ཆོད་འདུག་པའི་སྣང་བ་སྟེར། མོས་ལྕགས་ཐབ་ཏུ་རྡོ་སོལ་རྡོག་པོ་འགའ་བཞག་རྗེས་ཕྱི་རོལ་ཏུ་བུད་སོང་།
       ངས་རྡོ་སོལ་གྱི་དུད་དྲིའི་བར་སྣང་ཁྱབ་པའི་ཁང་ཆུང་འདིའི་ལྷིང་འཇགས་དཀྲོག་སྟེ། “ཁྱེད་བདེ་མོ”ཞེས་ངག་ནས་ཐལ་མ་ཐག སྐྱེས་པ་དེ་གློ་བུར་འདྲོག་པའི་ཟོལ་གྱིས“ཁྱོད་སུ་ཡིན”ཟེར།
       ངས་ཚམ་ཚོམ་མེད་པར“ང་ཁྱེད་ཀྱི་གྲོགས་པོ་ཞིག་ཡིན”ཞེས་བཤད་དགོས་བྱུང་།
       ཁོས“ལོ་འགའི་སྔོན་ནས་གཤེགས་ཟིན་པའི་གྲོགས་པོJལགས་མིན་ནམ”ཟེར།
       “ཡིན”ངས་ཚོད་ཚོད་མེད་པར་དེ་ལྟར་ལན་བཏབ།
       རྣོ་འོད་ཉམས་ཏེ་བུ་ག་སྐམ་པོ་གཉིས་སུ་གྱུར་བའི་མིག་ཟུང་གཉིས་ལས་ཧ་ཅང་དྭངས་པའི་ཆུ་མིག་རྡོག་འགའ་མཁུར་མགོ་བརྒྱུད་ནས་ས་རུ་འཐོར། དེ་ནས། ཁོས་ང་ལ་རང་གི་གཏམ་རྒྱུད་བརྗོད་པར་བརྩམས་སོང་།
       གཏམ་རྒྱུད་ཧ་ཅང་རིང་མོད། མདོར་དྲིལ་ན་འདི་ལྟ་སྟེ། འོ་མ་འཚོང་མཁན་གྱི་བུད་མེད་དེ་ཁོའི་ཆུང་མ་རེད། མིང་ལ་འོད་བཟའ་ཟེར། ཁོ་གཉིས་ཆུང་དུས་ནས་བཟུང་བརྩེ་དུང་གི་ཟློས་གར་རིང་མོ་ལ་ཞུགས་ཏེ་འོངས་ཤིང་། རྗེས་སུ་གཉེན་སྒྲིག་བྱས་ནས་འཚོ་བ་རོལ། ཁོས་འོད་བཟའ་ཆུང་མར་ལེན་ཆེད་དུ་གྲོང་ཁྱེར་ནང་གི་ཁང་བ་བཙོང་། ཁང་བ་དེ་ནི་ཁོའི་ཕ་མ་གཉིས་ཀྱིས་ཚེ་གང་བོར་ངལ་རྩོད་ཀྱི་རྔུལ་ཁྲག་གིས་ཉོས་པའི་ཤུལ་ནོར་གཅིག་པུ་དེ་ཡིན་ནའང་། ཚེ་འདིའི་སྐྱ་ཡ་འོད་བཟའ་ཆུང་མར་བསུ་ཆེད་དུ་རིན་གོང་མཐོན་པོ་བྱས་ཏེ་བཙོང་རྗེས། གྲོང་མཐའ་འདི་རུ་ཡོང་ནས་འཚོ་བ་རོལ་བ་རེད། འོན་ཏེ། ཆུང་མ་འོད་བཟའ་ལ་མངལ་ཆགས་རྒྱུ་མ་བྱུང་བའི་ཁར། ཕ་མ་གཉིས་འདས་པའི་རྗེས་ལ་མོ་གྲོང་ཁྱེར་ནང་སོང་སྟེ། སྐྱེས་པ་གཞན་ལ་འགྲོག་ནས་འཆལ་མོའི་ལས་སུ་ཞུགས་པས། ཁོས་སྙིང་ཁྲག་གསོན་པོར་དྲངས་པ་ལྟ་བུའི་བརྩེ་དུང་གི་མནར་གཅོད་དེ་དག་མཐོང་བར་མ་འདོད་པར། ཁབ་རྣོན་གྱིས་བཙུགས་ནས་རང་ཉིད་ཀྱི་མིག་ཟུང་ལྡོངས་སུ་བཅུག་སྟེ། ཚེ་གང་བོར་སྐྱུག་མེར་བའི་སྡིག་ཉེས་མང་པོ་ཞིག་མཐོང་བའི་སྐལ་བ་མེད་པར་བྱས་པས། འོད་བཟས་ཁོ་རང་སེམས་ཀྱིས་མ་བཟོད་པར་འཆལ་པོའི་ལས་རྣམས་དོར་ཏེ། ཚེ་གང་བོར་ཁྱོ་ག་གཉོར་ནས་བསྡད་པ་རེད།
       “ཤུ་་་་”ཁོས་དངན་པ་རིང་མོ་ཞིག་འཐེན་སོང་།
       སྐབས་དེར། ལྕགས་ཐབ་ཏུ་མེ་བསྒོང་ཡོད་ནའང་། དུད་སྨུག་དང་མུན་པ་ཅུང་ཙམ་འདྲེས་པའི་ཁང་བའི་བར་སྣང་ལས། ཧ་ཅང་འཁྱག་ཤུར་ཤུར་གྱི་ཚོར་བ་ཞིག་སྟེར་ལ། ལྷིང་ཞིང་འཇགས་པའི་མཁའ་དབུགས་སྟུག་པོ་དེ་རིམ་བཞིན་ཐེག་པར་དཀའ་བའི་ཉམས་སྣང་ལྗིད་མོ་ཞིག་ཏུ་གྱུར། ངས་ཀྱང་དམན་པ་རིང་བོ་འཐེན་པ་ལས། བརྩེ་སེམས་ཀྱིས་ཀུན་ནས་བྱུགས་པའི་སྐད་ཆ་གཅིག་ཀྱང་ལན་དུ་བརྗོད་མ་ཐུབ། ཉོག་རྫུབས་ཀྱི་དགེ་སྡིག་གིས་རྐྱ་འཐབ་པའི་འཇིག་རྟེན་འདིར། མཐའ་མེད་པའི་ཉོན་མོངས་ཀྱི་གྲིབ་ཆེན་གྱིས་དུས་དང་དུས་སུ་སེམས་པ་སྒྲིབ་འོངས་པས་ན། བདེན་པའི་ཉི་གཞོན་གསལ་བའི་དུས་ནི་ཤིན་ཏུ་ཕྲ། དེ་བཞིན་དུ། ངས་སྔར་བཞིན་ཅི་ཡང་བརྗོད་མ་བཏུབ། དྲང་མོར་བཤད་ན། ངའི་ལན་ལྡོན་པའི་སྤོབས་པ་ཡོངས་སུ་ཤོར་སོང་།
       ཁོས་བར་སྣང་ལ་མགོ་བོ་ཕྱོགས་ཏེ“ཁྱེད་རང་བུད་སོང་ངམ”ཟེར། ངས་ད་དུང་ཡང་སྐད་ཆ་ཚིག་གཅིག་ངག་སྒོར་འཕུད་མ་ཐུབ།
       བར་སྐབས་དེར། འོད་བཟའ་ནང་དུ་སླེབས་ཏེ“ཁྱེད་ཀྱིས་སུ་ཞིག་ལ་ཁ་བརྡ་བཤད་ཀྱིན་ཡོད”ཅེས་བརྗོད་བྱུང་།
       དེ་དུས། ང་རང་སྒོ་དང་སྒེའུ་ཁུང་དཀྱིལ་གྱི་རྩིག་གྱང་དེ་བརྟོལ་ནས་ཕྱི་རུ་ཐོན། ལམ་བར་དུ་ཅི་བྱུང་གང་བྱུང་དུ་ཁང་ཁྱིམ་མང་པོ་བརྟོལ་ནས་བྱིན་པ་ཡིན། ཁང་ཁྱིམ་ལ་ལར་རྒན་པོ་ཁེར་རྐྱང་རེ་འདུག་ཅིང་། ཁང་ཁྱིམ་ལ་ལ་དུས་གཏན་དུ་སྟོང་བར་ལུས་འདུག ཁང་ཁྱིམ་ལ་ལར་ཁྱི་དང་བུད་མེད་མཉམ་དུ་ཉལ་འདུག་ལ། ཁང་ཁྱིམ་ལ་ལར་སྐྱེས་པ་དང་སྐྱེས་པར་གཉེན་རྡེབ་ནས་འདུག ཡང་ན། ཁང་ཁྱིམ་ལ་ལར་ཕ་དང་བུ་མོ་མཉམ་དུ་ཉལ་འདུག
       དེ་ལྟར། ང་ཕྱིར་རང་ཁྱིམ་དུ་ཡོང་སྟེ་སྒེའུ་ཁུང་ལས་རྒྱང་རིང་ལ་ལྟ་དུས། འཇིག་རྟེན་གྱི་མུན་པ་ངའི་ཁང་བའི་སྒེའུ་ཁུང་ངོས་སུ་ལྷུང་སྟེ། རྒྱང་རིང་མཐོང་ཐུབ་པ་མི་འདུག
        
༢༠༢༣ལོའི་ཟླ༣པའི་ཚེས༡༧ལ་ཟི་ལིང་དུ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།