ཁྱོད་ཀྱི་དབུས་ལམ་ཡག་པར་ཤོག

རྩོམ་པ་པོ།:ཀླུ་འབུམ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-10-12 16:50:08 ཀློག་གྲངས།:
       སྐད་འཕྲིན་གྱི་གྲོགས་ཚོམས་ནས་ཆོས་སྐྱོང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་འབུམ་རམས་པར་རྒྱུགས་འཕྲོད་པ་མཐོང་བ་དང་། བདག་ནི་རང་གི་ནང་མི་ཞིག་གིས་དོན་ཆེན་འགྲུབ་ལྟའི་དགའ་བ་བྱུང་བས་འཕྲལ་མར་ཁོ་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུས་པ་ཡིན། ཁོ་ཡང་སྤྲོ་བས་བརྟས་ཏེ། བཀའ་དྲིན་ཆེ། མི་ལོ་ཉི་ཤུའི་སྔོན་གྱི་མཐོ་རྒྱུགས་མ་གཏོགས་འདི་ལྟའི་ཡིག་ཚད་བློར་འབབ་ཅིག་བཏང་མ་མྱོང་ཞེས་ཀུ་རེའི་དགོད་སྒྲ་དང་བཅས་སྨྲས་བྱུང་། ཁོར་ཁག་མེད་དེ། གཅིག་ནས་ལོ་ཚོད་ཀྱི་དབང་གིས་དང་གཉིས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་རྒྱུགས་ཚད་ལོན་རྒྱུ་ནི་སློབ་ཆེན་གཞན་ལས་དཀའ་རབས་བརྗོད་པ་ངས་ཀྱང་གོ་མྱོང་། ཡིན་ཡང་དེ་སྔོན་ཁོས་འབུམ་རམས་པར་རྒྱུགས་སྤྲད་འདོད་ཅེས་ང་ལ་ཟུར་ཙམ་གླེང་བ་ལས། ཕྱིས་སུ་དེའི་ཚོད་ཀྱིས་སྟ་གོན་བྱེད་ཀྱིན་པ་ངས་མཐོང་མ་མྱོང་ལ་གོ་ཡང་མ་མྱོང་། འདི་ལྟར་འབྲས་བུ་གཟེངས་སུ་ཐོན་པ་ཞིག་བླངས་པ་ལ། ང་རང་སྨོན་པ་དང་མཚར་སྣང་ཅིག་ཅར་དུ་སྐྱེ་དགོས་བྱུང་། ཡང་འདང་ཞིག་བརྒྱབ་ན་མཚར་དོན་མེད་དེ། ཁོ་ནི་གདོད་ནས་རང་གི་ཡིད་ལ་བཅགས་པ་གང་ཞིག དོན་དུ་མ་སྨིན་པའི་བར་དུ་ཁ་ནས་སྤུར་རྒྱུར་མི་མོས་པ་དང་། སྦས་པའི་བརྟུལ་ཞུགས་ཀྱིས་འབད་འབུངས་བསྐྱེད་པ་ནི་བར་ཆད་མི་འོང་བའི་ཐབས་དམ་པ་ཞིག་ཡིན་པ་ཁོས་རྟོགས་ཤིང་། བརྟུལ་ཞུགས་དེ་ག་རང་བསྟེན་པས་གཞི་ནས་རང་གི་བསམ་དོན་གྱི་རི་མོ་ལེགས་འགྲུབ་བྱུང་བ་སྨོས་ཅི་དགོས།
       ཆོས་སྐྱོང་དང་ངེད་གཉིས་ནི་ཁོའི་ལྷུག་རྩོམ«ཀླུ་འབུམ་ཚེ་རིང་ངེད་གཉིས་ལུང་ཁོག་གཅིག་གི་མི་ཡིན»ཞེས་པ་ལས་གླེང་བ་ལྟར། ཕ་གིས་དུང་བུས་ན་ཚུ་ཁས་གོ་བ་དང་། ཚུ་ཁས་ཀི་བཏབ་ན་ཕ་གིས་གོ་བའི་ལུང་ཤུར་གཅིག་གི་ཕར་ཚུར་གྱི་མི་ཡིན། དེའི་ཁར་ཁོའི་མ་དྲིན་མོ་ཆེ་ནི་གྱང་ལག་གཅིག་གིས་ཆོད་པའི་ངེད་ཚང་གི་ཁྱིམ་མཚེས་སུ་སྐྱེས་པ་ཡིན་སྟབས། ངེད་གཉིས་དང་པོ་ནས་ངོ་ཤེས་པར་ལས་ཀྱིས་མཚམས་སྦྱར་ཟིན་ལ། ལྷག་ཏུ་རྩོམ་རིག་ལ་མོས་པ་གཅིག་ཏུ་མཐུན་པ་འདིས་ཕན་ཚུན་ཉེ་བར་བྱས་ཤིང་། གཅིག་གིས་གཅིག་རྒྱུས་ལོན་པར་ཡང་འབྲེལ་འདྲིས་ཀྱི་ཟམ་པ་ཞིག་འཕངས་འདུག
       བདག་ནི་ལོ་ན་ཆོས་སྐྱོང་ལས་ཆེ་བས། སློབ་གྲྭ་ཁོ་ལས་འགྲིམ་སྔ་ཞིང་བྱ་བར་ཡང་ཁོ་ལས་ཞུགས་སྔ། ཡིན་ཡང་ཁོ་བོ་སློབ་གྲྭ་འགྲིམ་པའམ་བྱ་བར་ཞུགས་པ་ག་དུས་ཡིན་ཡང་། ཁོ་དང་འབྲེལ་བའི་སྐད་ཆ་རེ་འགའ་རང་བཞིན་གྱིས་རྣ་ལམ་དུ་རྒྱུ་འོང་།
       ཆོས་སྐྱོང་སློབ་གྲྭ་འགྲིམ་དུས་སློབ་སྦྱོང་ལ་སྡུག་རུས་ཆེ་ཞེས་པ་ཞིག་ངས་གོ་མ་མྱོང་ཡང་། ཁོ་རིག་ཡག་ཅིག་རེད་ཅེས་པ་ངས་གོ་མྱོང་། གོ་ཐོས་ལ་ཁོ་མཐོ་འབྲིང་འགྲིམ་སྐབས་སློབ་གྲོགས་བྱིངས་དང་འདྲ་བར་ནངས་སྔ་ལངས་ཀྱིས་བློར་འཛིན་སྐྱོར་སྦྱོང་དེ་འདྲ་མི་བྱེད་པར་མ་ཟད། དགེ་སློབ་ཚོའི་སྣང་ངོར་རྩེད་འཇོར་གཡེང་བར་དགའ་ཞིང་། སྐབས་རེར་པྲ་ཆལ་བྱས་ཏེ། དགེ་རྒན་ཚོའི་ཐུགས་དཀྲུགས་ནས་རྩལ་སྦྱོང་ར་བ་རུ་བསླངས་པའི་ཆད་པ་ཡང་འཁུར་ཟེར་མོད། ཕྱིས་སུ་ཁོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས། སློབ་གཙོས་སློབ་མ་རྣམས་ལ“ཁྱོད་ཚོར་ཆོས་སྐྱོང་ལྟ་བུའི་འཇོན་ནུས་ཡོད་ན། པྲ་ཚག་བྱས་ཀྱང་ཆོག”ཅེས་ངར་ཤུགས་སློང་ཚུལ་ལ་བརྟགས་ན། དེ་དུས་ཆོས་སྐྱོང་གི་སྦྱངས་འབྲས་ནི་ན་མཉམ་སློབ་གྲོགས་ཀུན་གྱི་སྔོན་ན་ཡོད་པ་དང་། དགེ་རྒན་ཚོས་ཀྱང་ཁོ་ལ་རྩིས་མཐོང་ཆེན་པོ་བྱེད་ཀྱིན་པ་ཤུགས་ཀྱིས་རྟོགས་ཡོང་། ཆོས་སྐྱོང་ནི་ཕྱི་ཚུལ་ནས་དེ་ལྟར་རྣམ་གཡེང་ལ་དགའ་ཞིང་རྒོད་གཤིས་ཅན་ཞིག་ཏུ་སྣང་ན་ཡང་། ལྷན་སྐྱེས་ཀྱི་བློ་དང་རིག་པ་རྣོན་པོ་ཞིག་མངའ་བའི་ཁོས། དགེ་རྒན་དག་གི་སློབ་ཁྲིད་ལ་རྩེ་གཅིག་གིས་མཉན་ཞིང་། བློ་ལ་ངེས་པར་བྱེད་པར་མ་ཟད། ཀུན་གྱིས་མི་མཐོང་བའི་ཕག་ཏུ་བསླབ་ལ་འབད་པ་ནི། ཁོའི་མཐོ་རྒྱུགས་ཀྱི་འབྲས་བུ་དེས་ཡོངས་སུ་བདེན་དཔང་བྱས་སོང་། ཁོ་ནི་ཡ་རྫི་རྫོང་བོད་ཡིག་སློབ་འབྲིང་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པའི་ཐོག་མའི་རྒྱལ་མཚན་སྒྲེང་མཁན་དེ་ཉིད་ཡིན་པས། ཁོའི་མིང་ནི་ཡུན་རིང་ཞིག་ལ་ཡ་རྫི་རྫོང་ཁོངས་སུ་རླུང་བཞིན་གྲགས་ཤིང་། ལྷག་ཏུ་རང་གི་སྐྱེས་ཡུལ་རྡོ་སྦིས་ལུང་བའི་རྒན་དར་གཞོན་གསུམ་ཀུན་གྱིས་ཡུལ་གྱི་རྒྱན་ཞིག་ཏུ་གླེང་གིན་འདུག་ལ། ཁྱིམ་བདག་ཚོས་རང་གི་བྱིས་པ་ལ“ཁྱོད་གཞུག་ནས་ཨ་བུ་ཆོས་སྐྱོང་འདྲ་ཞིག་འཁྱོངས་པར་བྱ་དགོས”ཞེས་མིག་དཔེ་ལྟ་སར་བྱེད་པའང་འུད་བསྟོད་ག་ལ་ཡིན། དེ་དུས་ཁོ་ནི་གཟུགས་བྱད་ལེགས་ཤིང་ལང་ཚོའི་དཔལ་འབར་བའི་སློབ་ཆེན་སློབ་མ་ཞིག་ཡིན་པར་མ་ཟད། ལྒང་ལི་འཕེན་རྩལ་ལུས་ལ་རྫོགས་པའི་སྟག་ཤར་ཞིག་ཀྱང་ཡིན་པས། ལོ་རེའི་རྡོ་སྦིས་ས་ཆའི་ལྒང་ལི་འགྲན་ཚོགས་སུ་ཁོ་ནི་རྒྱུ་སྐར་ཁྲོད་ཀྱི་དུང་ཟླ་བཞིན་ལྷང་ངེར་གསལ་བས་ན། མཐའ་ན་རུབ་པའི་ལྟད་མོ་པ་ཀུན་གྱིས་ཕྱི་ནང་གཉིས་ཀའི་ཡོན་ཏན་འཛོམས་པའི་ཁོ་ལ་བསྔགས་སྨོན་གྱི་ཚིག་ཡང་ཡང་རྗོད་ཀྱིན་ཡོད་ལ། དད་མོས་དང་ཡུལ་སྲོལ་གོམས་འདྲིས་ཁ་ཁ་ཡིན་པའི་ཟ་ལར་རིགས་ཀྱི་ལྟད་མོ་པ་ཚོས་ཀྱང་ཁོ་སྟོན་བཞིན“ཁོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ན་འདོན་གྱིན་འདུག་ཨང”ཞེས་གཅིག་གིས་གཅིག་ལ་ཡིད་སྨོན་དང་བཅས་གཏམ་དུ་གླེང་བ་ངས་དངོས་སུ་ཐོས་མྱོང་།
       ཆོས་སྐྱོང་སློབ་ཆེན་དུ་ཞུགས་པ་ནས་སྦྱངས་འབྲས་མངོན་གསལ་རེ་ལེན་གྱིན་ཡོད་ལ། རྩོམ་རིག་གསར་རྩོམ་གྱི་ཁོ་ལག་རྒྱས་བཞིན་པའི་སྤོབས་གདེང་ཞིག་མངོན་ནས་འོང་། དཔེར་མཚོན་ཙམ་དྲངས་ན། ཁོས་ལྷུག་རྩོམ«རྡོ་སྦིས་རང་བྱོན་མཆོད་རྟེན»(ཕྱིས་སུ་ཁ་བྱང་ལ«མཆོད་རྟེན་རང་བྱོན་དང་དེའི་འཆར་སྣང»ཞེས་བཅོས་འདུག)ཞེས་པ་བྲིས་པ་དེས་ཀློག་པ་པོ་རྒན་དར་གཞོན་གསུམ་ལ་སྔར་མེད་ཀྱི་མཛེས་པ་ཞིག་རོལ་མྱོང་དུ་བསྟབས་པས། ཀུན་གྱིས་གདེང་འཇོག་མཐོན་པོ་གནང་གིན་འདུག ལྷུག་རྩོམ་དེ་ད་ལྟ་བཀླགས་ན་ཡང་སྨིན་ལེགས་ཀྱི་སིལ་ཏོག་ཅིག་བཞིན་མཛེས་པ་ཟད་མི་ཤེས་པ་ཞིག་གཞིབ་རྒྱུ་འདུག་ལ། ཟོར་ཡང་བའི་ཚིག་ཕྲེང་གི་བར་གསེང་དུ་འཁྱིལ་བའི་ཟོལ་མེད་ཀྱི་བརྩེ་བ་དང་། ཡུལ་ཞེན། དྲན་གསོ་སོགས་ཀྱིས་བདག་ལ་སྙིང་ཉེ་བའི་སྣང་བ་ཞིག་བར་མེད་དུ་སྟེར་འོང་། ལྷུག་རྩོམ་དེ་ལས་ཁོ་ནི་སྔ་མོ་ཞིག་ནས་རྩོམ་ལ་དབང་འབྱོར་བའི་འཇོན་ཐང་ཀུན་ནས་མངོན་ཞིང་། བརྗོད་བྱའི་དོན་གྱིས་ཕྱུག་པ་ལ་ཁོར་ཤེས་བྱའི་རྨང་མཐུག་པོ་ལྡན་པའང་ཞར་དུ་རྟོགས་ཐུབ། ཁོས་དེ་ལྟར་བསླབ་འབྲས་ཕུལ་དུ་ཕྱིན་པ་བླངས་ཏེ་མཐར་ཕྱིན་པ་དང་། རང་གིས་རིང་ནས་སྨོན་ཞིང་རེ་བའི«སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པའི་དཔུང་གྲལ་དུ་ཞུགས་རྒྱུ་ཡང་མངོན་འགྱུར་བྱུང་སོང་། ཕྱིས་སུ་ཁོས་ང་ལ་སྐབས་དེར་གཙོ་སྒྲིག་གཞོན་པའི་འགན་བཞེས་པའི་དགེ་རྒན་བསོད་བློ་ལགས་ཀྱིས千里之行,始于足下ཞེས་པའི་རྒྱ་ཡིག་གི་རྩོམ་ཡིག་ཅིག་ཀྱང་འབྲིར་བཅུག་པའི་ལོ་རྒྱུས་གླེང་མྱོང་། «སྦྲང་ཆར»རྩོམ་སྒྲིག་ཁང་གི་ལས་གྲོགས་ཚང་མ་གཅིག་ལས་གཅིག་འཇོན་ཐང་ཆེ་ལ། ལྷག་ཏུ་དགེ་རྒན་སངས་རྒྱས་ཚང་དང་རྗེས་སུ་ཕེབས་པའི་གཉའ་བློ་གྲོས་རྒྱལ་མཚན་མཆོག་གཉིས་ནི་རྒྱ་བོད་རིག་གཞུང་ཀུན་ལ་མཁྱེན་རྒྱ་ཡངས་པའི་ལོ་ཙཱ་བ་ཆེན་པོ་དང་མཁས་པ་ཆེན་པོ་རང་ཡིན་པས། སྐྱེས་ཆེན་འདི་དག་དང་འཕྲད་པ་ནི། ཆོས་སྐྱོང་ལ་མཚོན་ན་རང་གི་སྔོན་བསགས་ཀྱི་བསོད་ནམས་ལས་སྨིན་པའི་སྐལ་བ་བཟང་པོ་ཞིག་ཡིན་ཞིང་། གནས་དུས་ཕུན་སུམ་ཚོགས་པ་འདིས་ཁོར་ཤེས་བྱའི་ནོམ་པ་མཛོད་དུ་སྤུང་རྒྱུ་ཞིག་དང་། ཟོང་གིས་མི་ཁུགས་པའི་ཉམས་མྱོང་མི་ཉུང་བ་ཞིག་བསགས་པས། བྱ་རྒོད་པོ་ལ་འཕུར་ཤེས་ཀྱི་གཤོག་རྩལ་འབྱོར་བ་བཞིན་རང་གི་མཁའ་དབྱིངས་སུ་ཅི་དགར་རྩེན། རྩོམ་སྒྲིག་གི་ཞོར་དུ་ཁོས་གསར་རྩོམ་ལའང་བཏང་ལྷོད་མ་བྱས་ལ། སྔ་གཞུག་ཏུ་ལྷུག་རྩོམ«སྨྱུ་གུའི་གཏམ་རྒྱུད» «ཁ་བཏགས་དཀར་པོ»དང་སྒྲུང་གཏམ«ཉི་ནུབ་ཀྱི་སྔ་རོལ»སོགས་ཀྱིས་མཚོན་པའི་བརྩམས་ཆོས་མི་ཉུང་བ་ཞིག་འབྲི་བཞེངས་བྱས་ཏེ། རྩོམ་སྒྲིག་དང་རྩོམ་འབྲི་གཉིས་ཀ་བྱ་ཡི་གཤོག་ཟུང་བཞིན་དུ་བསྟེན། ཡིན་ཡང་སྐབས་ཤིག་ནས་བཟུང་། ཁོས་ལྷུག་རྩོམ་དང་སྒྲུང་གཏམ་རྩོམ་རྒྱུ་མཚམས་བཞག་སྟེ། སྨྱུག་ཁ་གཙོ་བོ་རྩོམ་རིག་དཔྱད་བརྗོད་དུ་སྐོར་བ་ལ། ངེད་ཅག་རེ་ཞིག་ཕངས་ཤིང་། བློ་རུ་ཅུང་འཁོར་དཀའ་བར་གྱུར་མོད། ཞིབ་ཏུ་བསམས་ན་མི་སུ་ཡིན་ཡང་རང་ཉིད་གང་ལ་འཇོན་ན་དེ་ལ་འཇུག་པར་བྱ་རྒྱུ་ནི་གདམ་ག་ལེགས་པོ་ཞིག་ལོས་ཡིན། ལྷག་ཏུ་འུ་ཅག་གི་རྩོམ་རིག་གི་སྡེ་ལ་མཚོན་ན། གསར་རྩོམ་དང་མཐའ་དཔྱོད་གཉིས་དོ་མི་མཉམ་པའི་ཚུལ་དུ་ལུས་ཏེ། རྩོམ་རིག་ཡར་རྒྱས་སུ་འགྲོ་བར་ཚད་བཀག་ཐེབས་པ་ནི་གཟུར་དུ་མེད་པའི་གནས་བབ་ཅིག་ཡིན་ཙ་ན། ཆོས་སྐྱོང་དེ་ལ་འཇུག་པ་ནི་དཔུང་སྣོན་ཞིག་ཅི་ལ་མིན། ཡང་གཅིག་བཤད་ན་ཁོས་ལྷུག་རྩོམ་སོགས་གསར་རྩོམ་བྱ་རྒྱུ་རྦད་དེ་བསྐྱུར་བ་ཡང་ག་ལ་ཡིན། ཁོས་དཔྱད་རྩོམ་ལ་གཞོལ་བའི་མཚུངས་སུ།ལྷུག་རྩོམ«འདི་ལྟ་བུའི་གངས་རྒྱན་རྟགས་མ»དང«བསང་ཁྲི་བཤིག་པའི་ཉེན་ཁ»སོགས་བརྩམས་ཏེ་ཀློག་པ་པོའི་མིག་ལམ་དུ་བསྟར་བར་མ་ཟད། ལྷུག་རྩོམ་ཁ་ཤས་གནས་ལུགས་བཙན་ཞིང་། རྗོད་བྱེད་ཀྱི་ཚིག་ཀྱང་རྣོ་དབལ་ཡིན་པས་མང་པོ་ཞིག་གི་སེམས་སུ་བརྡབ་གསིག་ཆེན་པོ་ཞིག་བཟོས་ཤིང་། ཀློག་པ་པོའི་ཁྲོད་དུ་མཉམ་འུར་དྲག་པོ་ཞིག་བསླངས་སོང་། ངའི་བསམ་པར་ཆོས་སྐྱོང་གིས་གནས་སྐབས་སུ་དེ་ལྟར་བྱས་ན་ཡང་། ཐོས་པ་དང་མྱོང་བརྒྱུད་མང་དུ་འཕེལ་བ་དང་བསྟུན། སྨྱུག་ཁ་སླར་ཡང་སྒྲུང་གཏམ་སོགས་རྩོམ་པའི་ཕྱོགས་སུ་སྐོར་སྲིད་སྙམ། ཁོས་ཀྱང་འདི་ལྟར་བྱ་འདོད་ཚུལ་ང་ལ་གླེང་ཡང་མྱོང་།ཕྱི་གླིང་ན་དཔེ་འདི་འདྲ་མི་ཉུང་སྟེ། རྩོམ་པ་པོ་འགའ་རེས་ཡུན་རིང་མོ་ཞིག་ལ་སྨྲ་བ་སྐྱུང་བའི་བརྟུལ་ཞུགས་བཟུང་ན་ཡང་། སྐབས་ཤིག་ལ་སླར་ཡང་གསར་རྩོམ་ལ་འཇུས་ཏེ་གྲགས་པ་འབར་བའི་བརྩམས་ཆོས་མི་ཡུལ་དུ་བསྟར་གྱིན་ཡོད་པ་ལྟར་རོ། །དེ་བས་གང་ཟག་གི་ཚོད་གང་ཟག་གིས་མི་ལོན་པས་ན། མི་ཞིག་ལ་སྡོམ་སྔ་མོ་ནས་འགོད་པ་ནི་འོས་མ་ཡིན་སྙམ།
       ཆོས་སྐྱོང་ནི་འགྲོག་བདེ་གཤིབ་བདེ་ཞི་འཇམ་གྱི་མི་ཞིག་ཡིན་པས། ཁོ་བཙལ་ནས་འོང་མཁན་གྱི་ནང་ན་རྩོམ་པ་པོ་མ་ཟད། ཡུལ་ཕྱོགས་གཅིག་གི་ཁ་ཡ་ན་ཟླའང་ཟམ་མི་ཆད། ཁོས་རང་གི་ངོ་ཤེས་དང་གྲོགས་པོ་དེ་དག་ལ་ཆེ་ཆུང་དང་མཐོ་དམའི་རྣམ་དབྱེ་མེད་པར་བསྟུན་གྱིན་འདུག་ལ། བཅོལ་བའི་བྱ་བ་ཅི་ནུས་ཀྱིས་སྒྲུབ་བཞིན་མཆིས། སྐབས་རེར་ཁོས་ཁོ་རང་ཕྱི་རོལ་ཏུ་འབོད་མཁན་དག་གི་ངོ་བཟློག་མ་ཐུབ་པར། དེ་དག་དང་བསྟུན་ཤེས་ཀྱིས་དུས་ཚོད་མང་པོ་ཞིག་གྲོན་པ་གོ་ན། ཁོའི་སྐྱེས་ཐོབ་ཀྱི་ཤེས་རབ་ཀྱང་དོན་མེད་དུ་ཟད་ཀྱིན་པ་མིན་ནམ་ཞེས་བདག་སོགས་ལ་ཕངས་སེམས་ཤིག་སྐྱེས་མོད། ཁོས་ནི་ཕྱི་ཚུལ་ནས་མཐོ་འབྲིང་འགྲིམ་སྐབས་ལྟར་བག་ཡངས་རྒྱ་ཡན་དུ་དུས་འདའ་བར་བྱས་ན་ཡང་། དོན་ལ་རང་ཉིད་རང་གིས་གཅུན་པར་མ་ཟད། རང་བློར་བཀོད་པའི་འཆར་གཞི་གང་ཟང་ཟིང་དང་འདུ་འཛིས་མི་ཚུགས་པར། ཁང་བའི་ནང་འཛུལ་ཏེ་ཉིན་དུ་མར་སྒོ་རུ་མི་འབུད་པའི་སྐབས་ཀྱང་མང་ལ། ཁུ་སིམ་མེར་རང་གི་དོན་སྒོ་མུ་མཐུད་དུ་འཁྱོང་པར་བྱེད་ཀྱིན་ཡོད། སྔ་གཞུག་ཏུ«རང་གྲོལ་ཞིབ་འཇུག»དང«ཟིང་ལོང་རྡེའུ་འགྲེམས»བརྩམས་པ་དེས་གྲི་རྣོན་པོ་ཤུབས་སུ་མ་ལུས་པའི་རྟགས་སུ་ཤར་བར་མ་ཟད། འདྲ་འདྲ་ནང་གི་མི་འདྲ་བའི་བུ་རྟགས་ཤིག་ཀྱང་ཡིན་སོང་། དེ་མ་ཟད། ཁོ་ནི་རྒྱ་བོད་ཡིག་རིགས་གཉིས་ལ་སྦྱངས་པ་མི་དམན་པས། རྒྱ་རྩོམ་བོད་འགྱུར་དང་བོད་རྩོམ་རྒྱ་འགྱུར་གྱི་ལས་ལའང་དུས་བསྟུན་གྱིས་འཇུག་གིན་ཡོད། «རྡུལ་འཚུབ་ལང་ལོང»(བོད་འགྱུར) «འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ»(བོད་འགྱུར)དང«གྱང་ཆག»(རྒྱ་འགྱུར) «དོག་མོ་ས»(རྒྱ་འགྱུར) «ཅ་ཅོ་དང་ཁོང་ཁྲོ»(བོད་འགྱུར)སོགས་ཀྱི་ལོ་ཙཱ་དོན་དུ་གཉེར་ཞིང་། དེ་ལས་ཀྱང་ཨ་རིའི་རྩོམ་པ་པོ་སྤོ་ཁུ་ནཱ་མཆོག་གི་འཐུས་ཚབ་བརྩམས་ཆོས«ཅ་ཅོ་དང་ཁོང་ཁྲོ»ནི་རྟོག་པ་རང་ཡན་པའི་སྒྲུང་གཏམ་ཞིག་སྟེ། ཚིག་གི་གཅོད་མཚམས་མི་གསལ་ནར་མར་བྲིས་པ་ཡིན་གཤིས། བཀླགས་ན་དཀའ་ཞིང་བསྒྱུར་ན་དེ་བས་ཀྱང་དཀའ། ཆོས་སྐྱོང་གིས་ཆེད་དུ་དེ་བདམས་ཏེ་བསྒྱུར་བ་ནི། ཁོས་རང་གིས་རང་ལ་ཚོད་བགམ་དང་ཉམས་སད་བྱས་པ་ཡིན་ལ། རང་གིས་རང་ལ་བླང་བྱ་མཐོན་པོ་ཞིག་བཏོན་པའང་ལོས་ཡིན།
       ལར་མི་རུ་སྐྱེས་པ་འདྲ་ན་ཡང་། དབང་བོ་ལ་རྣོ་རྟུལ་གྱི་ཁྱད་ཡོད་པས། འཇུག་བྱ་གང་ལ་ཡང་དེ་བཞིན་དུ་དཀའ་སླའི་ཁྱད་པར་ཡོད། བདག་ནི་དབང་བོ་ཅུང་རྟུལ་བའི་རིགས་སུ་གཏོགས་ཤིང་། སློབ་འབྲིང་ནས་བཟུང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་བསླབ་ལ་འབད་དེ། མི་ཚང་མར་སྡུག་རུས་ཅན་ཞིག་གི་བག་ཆགས་བཞག་མྱོང་། ད་ལྟའང་དེ་བཞིན་ཏེ། རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་མི་ཉུང་བ་ཞིག་བཀླགས་ཏེ་མྱོང་རོལ་བྱས་ན་ཡང་། ལྷག་པའི་འབྲས་བུ་ཞིག་སྟོན་རྒྱུ་མི་འདུག་པས་སྐབས་རེར་ངལ་བ་འབྲས་མེད་ཅེས་ཡི་ཡང་མུག འདི་ཡང་མཐར་ཐུག་ན་རང་ཉིད་ལ་སྐྱེས་ཐོབ་ཀྱི་ཤེས་རབ་ཀྱིས་དབུལ་ཞིང་། དཔྱོད་ཤེས་ཀྱི་བློ་དང་བྲལ་བའི་རྐྱེན་གྱིས་ཡིན་སྲིད། ཆོས་སྐྱོང་ལ་སྐྱེས་ཐོབ་ཀྱི་ཤེས་རབ་ཅིག་མངའ་བས། སྒྲུང་གཏམ་གཅིག་འདྲ་ཞིག་ལ་བདག་ལྟར་ལན་མང་པོ་ལྟ་བའི་ཚེགས་མྱོང་མི་དགོས་པ་མ་ཟད། སྒྲིག་གཞི་དང་སྒྱུ་རྩལ་མཚོན་ཐབས། བློས་བསླངས་སོགས་ཀྱི་ཆ་ནས་མྱོང་ཚོར་མང་དུ་གླེང་རྒྱུ་འདུག་ལ། ད་དུང་རྩོམ་པ་པོ་སུ་དག་ལ་ཕྱི་གླིང་དང་རྒྱལ་ནང་གི་བརྩམས་ཆོས་གང་དང་གང་གིས་ཤན་ཅི་དང་ཇི་ལྟར་ཐེབས་པ་ཡང་སེམས་སུ་ལྷང་ངེར་གསལ།
       ཆོས་སྐྱོང་ལ་དཔྱོད་ཤེས་ཀྱི་བློ་རྣོན་པོ་ཞིག་མཆིས་པར་མ་ཟད། དཔྱད་བརྗོད་འབྲི་སྟངས་ལ་རང་གི་ཁྱད་ཆོས་ཡོངས་སུ་རྫོགས་ཡོད། བཀླགས་ན་བདེ་མོ་འཕྲོད་མོ་ཡིད་ལ་འབབ་སླ་བ་ཞིག་སྟེ། བསྟན་བཅོས་ཀྱི་སྐད་ཀྱིས་ཀྱང་མ་བཅིངས་ལ། གྲོང་སྐད་ཀྱིས་ཀྱང་མ་བསླད་པའི་ཐུན་མིན་སྐད་ཆའི་ཁྱད་ཆོས་དེ་ནི་ཁོའི་ལྷུག་རྩོམ་དང་འབོལ་རྩོམ་སོགས་སུའང་མངོན། ཁོའི་དཔྱད་བརྗོད་རྩོམ་ཡིག་དག་ཆགས་སྡང་གིས་གཡོས་པའི་དྲི་ཙམ་ཡང་མི་བྲོ་ཞེས་བཤད་ན་ཟོལ་བསྟོད་དུ་འགྲོ་ཡང་། ཉེ་སྲིང་གི་ལམ་དུ་བརྒྱུགས་ཏེ། འགེབས་སྲུང་དང་དག་འབུད་ཀྱི་འུད་བསྟོད་དང་། ངོ་སྲུང་གི་ཟོལ་བསྟོད། རྨོངས་ཞེན་གྱི་ལོང་བསྟོད་ཀྱི་རིགས་ནི་དེ་འདྲ་མཐོང་དཀའ། སྒྲུང་གཏམ་གྱི་ཕྱི་ནང་གསང་གསུམ་ཞེས་པའི་སྐད་ཆ་འདི་ཡང་ཐོག་མར་ཁོས་གསར་དུ་བྲིས་པ་ཡིན་ཞིང་། ད་ཆ་དེ་སྤྱོད་མཁན་མི་ཉུང་བར་གཞིགས་ན། ཁོའི་བརྩམས་ཆོས་དག་གིས་བོད་ཀྱི་རྩོམ་རིག་གི་སྡེ་ལ་ཤན་སྟོབས་ཀྱང་མི་ཆུང་བ་ཐེབས་པ་རྟོགས་ཐུབ།
       ཆོས་སྐྱོང་དང་འགྲོགས་ཤིང་ཁོ་དང་ལབ་གླེང་བྱེད་པའི་ཁྲོད། བདག་ལ་བློ་སྐྱེད་མི་དམན་པ་ཐོབ་མྱོང་། དེ་སྔོན་བྲིས་པའི་ལྷུག་རྩོམ«བདག་གི་སློབ་གྲོགས»ཀྱང་ཁོས་བློ་སྒོ་ཕྱེ་བ་ལས་སྨིན་པ་ཡིན་ཞེས་བཤད་ཀྱང་ཆོག ཅི་ལ་ཞེ་ན་སྐབས་དེར་མཚོན་ན། འུ་ཅག་གི་ལྷུག་རྩོམ་ནི་ད་དུང་ཡང་ཨེ་མ་ཀྱེ་མ་ཞེས་པའི་ཟོལ་སྦྱོར་གྱི་འབྲི་སྟངས་ལས་འགོངས་མི་འདུག་ལ། དོན་བརྗོད་ལྷུག་རྩོམ་ནི་རེ་འགའ་ལས་མཐོང་དུ་མི་འདུག ཆོས་སྐྱོང་བདག་ཁོ་ནར་མ་ཟད། འབྲས་བུ་མངོན་པར་གསལ་བའི་རྩོམ་པ་པོ་དང་སྙན་ངག་པ། ལྷུག་རྩོམ་མཁན་རེ་འགའ་ལ་ཡང་ཞན་ཆ་སེལ་གྲོགས་དང་། རྨོངས་པ་ཁྲིད་སྟོན་བཅས་ཀྱི་བཀའ་དྲིན་མི་ཆུང་ལ། ཁོས་ད་དུང་རེ་ལྟོས་ཆེ་བའི་མྱུ་གུ་རེ་མཐོང་ན་དེ་ལ་དུས་ཐོག་ཏུ་ཡར་སྐུལ་གྱི་གྲུ་ཆར་འཇུངས་མེད་དུ་འཇོ་སྟེ། རྒྱུན་མཐུད་ཀྱི་སྟོབས་ཤུགས་སྐྱེད་སྲིང་བྱེད་པ་ཡང་རྗེས་སུ་ཡི་རང་བྱ་དགོས་པའི་གནས་སུ་འདོད།
       ཆོས་སྐྱོང་གིས་ད་རེས་འབུམ་རམས་པར་རྒྱུགས་སྤྲད་པ་ནི་ཁོ་ད་ཡོད་ཀྱི་འབྲས་བུ་དང་ཡོན་ཏན་ལ་མ་ཚིམ་མ་ཁེངས་པར། རང་ཉིད་ཡར་ནས་ཡར་ལ་འགྲོ་བའི་འདུན་པ་ཆེ་ཞིང་། ཐོས་པ་འཚོལ་དུ་སྨད་ནས་དབུས་ལ་ཆས་པའི་སྔ་རབས་དོན་གཉེར་ཅན་དེ་ཚོ་བཞིན་དོན་གྱི་ནོར་བུ་ལེན་འདོད་ཀྱི་སྙིང་སྟོབས་ཤིག་ཀྱང་ཡིན་པས། ཁོས་སྔོན་བྱོན་གསེར་རིའི་ཕྲེང་བས་བྱིན་གྱིས་བརླབས་ཤིང་གནའ་བོའི་རྒྱུན་གྱི་དྲི་བསུང་སྟུག་པའི་སྟོད་ཉི་མ་ལྷ་ས་རུ། སྐྱེས་ཐོབ་ཀྱི་ཤེས་རབ་དང་བརྩོན་འགྲུས་ཀྱི་སྟོབས་ལ་བསྟེན་ནས་ལོ་བཞིའི་རིང་ལ་སློབ་གཉེར་བྱས་ཚེ། གོས་རི་མོ་ཅན་ལ་རྒྱང་ལྟ་དང་བུ་རེ་བ་ཅན་ལ་རེ་བཞག་ཅེས་པ་ལྟར། བསླབ་འབྲས་ཁུར་དུ་དུད་པ་ཞིག་བསྣམ་འོང་བར་ཡིད་ཆེས་ཅི་ནས་ཀྱང་བྱ་ཆོག་གོ་སྙམ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།