གདོན་མིག་གི་སྒྲུང་ཐུང་།
རྩོམ་པ་པོ།:གདོན་མིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-25 08:13:23
ཀློག་གྲངས།:
ཁྲོན་པའི་ནང་གི་གཞུང་ལས་ཁང་།
གདོན་མིག
མུ་མཐའ་མེད་པའི་ཁ་བའི་ལྗོངས་ཆེན་པོ་དེའི་ལྷོ་ཕྱོགས་སུ་ལུང་བ་ཁ་བྱང་ལྟ་ཞིག་ཡོད། ལུང་བའི་ཕུགས་སུ་ཆུ་མེད་པའི་ཁྲོན་པ་ཧ་ཅང་ཆེན་པོ་ཞིག་འདུག་ཅིང་། ནང་དུ་གྲོང་ཚོ་གཅིག་དང་སློབ་གྲྭ་གཅིག དགེ་རྒན་བཞི། སློབ་མ་སུམ་ཅུ་བཅས་ཡོད། ཁྲོན་པ་དེའི་ནུབ་ཕྱོགས་སུ་སྒེའུ་ཁུང་ཆུང་ཆུང་ཞིག་ཡོད་ལ། སྒེའུ་ཁུང་དེ་ལས་བལྟས་ཚེ་ཁ་བའི་ལྗོངས་དེའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཆེན་པོ་ཡོངས་སུ་མཐོང་ཐུབ་པ་ཞིག་ཡིན། ཡང་ན། སྒེའུ་ཁུང་དེ་ལས་ཐག་མི་རིང་བའི་ས་ན་སྡོད་བོ་ཞིག་ཡོད། སྡོང་བོ་དེའི་ཁ་དོག་ནི་དུས་བཞི་ལ་སེར་པོ་ཡིན།
སྤྱི་ལོ༡༢༠༢ལོའི་ཕྱི་དྲོ་ཞིག་ལ་ལྷ་མོ་ནག་པོས་སྒེའུ་ཁུང་གི་ཕྱི་རོལ་ལ་ལྟ་སྐབས། ཕྱི་རོལ་གྱི་སྡོང་བོ་དེའི་ཡལ་གར་ཁྭ་ཏ་ཞིག་བབས་ཏེ་གཟབ་ནན་གྱིས་ཚུར་ཁྲོན་པའི་སྒེའུ་ཁུང་ནང་ལ་བལྟས་འདུག དེ་ནི་འོ་མ་དཀར་པོའི་ནང་ལ་རིལ་མ་ནག་རིལ་ཞིག་ལྷུང་བ་དང་ཀུན་ནས་མཚུངས། ལྷ་མོ་ནག་པོས་གློག་འོད་སྣ་ཚོགས་འཕྲོ་བའི་མིག་ཤེལ་ལས་བྱ་དེ་ལ་ལྟ་བཞིན“ངའི་བླ་བྱ་ཐོན་འདུག”ཟེར་བ་ན། བྱང་མཐའི་ནགས་ཚལ་ཆེན་པོ་ཞིག་ནས་བསྡུས་འོང་བའི་སློབ་མ་ཚོ་དུས་གཅིག་ལ་ཁྲོམ་པའི་སྒེའུ་ཁུང་ཁར་རུབ་བྱུང་།
ལྷ་མོ་ནག་པོ་ནི་ཨ་ཧྥེ་རི་ཀ་ནས་ཡོང་བའི་ཕོ་རྒྱུད་ཀྱི་ལྷ་ཞིག་ཡིན་ལ། ལྷ་མོ་ནི་བྲང་གི་ནུ་འབུར་གཉིས་ལ་རྐྱེན་བྱས་ཏེ་བཏགས་པ་ཡིན་ཞིང་། ནག་པོ་ནི་སྔོན་རྒྱ་གར་གྱི་བྲམ་ཟེའི་ལྷ་ཚོགས་དང་ཨ་ཧྥེ་རི་ཀའི་ལྷ་རྣམས་འཁྲུག་ནས། བྲམ་ཟེའི་ལྷ་ཚོགས་ཀྱི་དམག་དཔོན་པཉྩཱ་ནན་ཟེར་བ་དེས་ཁོ་རང་བཟུང་སྟེ་དམྱལ་ཁམས་ཚ་གྲངས་ཅོ་བརྒྱད་ཀྱི་ཁྲིམས་ལ་བཅུག་སྟེ་ལུས་ཧྲིལ་བོ་ཚིགས་ནས་ནག་པོ་གྱུར་བས་ནག་པོ་ཞེས་པར་བྱ། དེ་མིན། ཁོའི་རྐང་བ་ཆེ་ཞིང་བྲང་གི་ནུ་འབུར་ཆེ་བ་དེའང་དྲང་མོར་བཤད་ན་དམྱལ་ཁམས་ཀྱི་ཚ་གྲངས་ཉུལ་བའི་རྣམ་སྨིན་གྱིས་སྦལ་བ་སྐྱེས་པ་ལས་ཅི་ཡང་མིན། གང་ལྟར། སློབ་མ་ཚོས་ཁོ་ལ་ལྷ་མོ་ནག་པོའམ་ཡང་ན་ཨ་མ་ནག་རེས་མའང་ཟེར་གྱིན་ཡོད།
ལྷ་མོ་ནག་པོས་ནངས་མོ་རེ་རེར་རང་ཉིད་ཀྱི་བྱད་གཟུགས་ལ་ལྟ་བཞིན་ཡིད་ཚིམས་ཤིང་། སྟེང་ཕྱོགས་ལྷ་ཡུལ་དང་འོག་ཕྱོགས་དམྱལ་ཁམས་བརྒྱུད་དེ་ཁྲོན་པའི་འཇིག་རྟེན་འདིར་བྱོན་པ་ནི་ཁོ་ལ་མཚོན་ན་གཟི་བརྗིད་ལྡན་པའི་དོན་དག་ཅིག་ཡིན་སྙམ་གྱིན་ཡོད། དོན་དངོས་ཀྱིས་ཀྱང་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། ལྷ་མོ་ནག་པོ་ཁྲོན་པ་འདིར་སླེབས་པ་ནས་བཟུང་། ལྷ་ཡུལ་དང་ཀླུ་ཡུལ། དམྱལ་ཁམས་དང་ཧྥེ་གླིང་། ཡ་གླིང་། བྱང་སྣེ་སོགས་ཀྱི་གསར་འགྱུར་རབ་དང་རིམ་པ་བགྲང་ལས་འདས་པ་ཞིག་སློབ་མ་ཚོས་ཐོས་ཐུབ་པར་མ་ཟད་དུས་དང་དུས་སུ་གྱང་ལྡེབས་སུ་བྲིས་པའི་ཚགས་ཤོག་སྣ་ཚོགས་སུའང་མཐོང་ཐུབ་ཀྱིན་ཡོད། དེ་ནི་ལྷ་མོ་ནག་པོའི་བྱས་རྗེས་དང་གཟི་བརྗིད་ཅི་ལ་མིན་ཨང་།
“ང་ལ་སྲིད་གཞུང་མེད། གལ་ཏེ། ང་རང་ལམ་ལུགས་ཤིག་ཏུ་བཙན་གྱིས་ཞུགས་དགོས་ན་དེ་ནི་རླུང་ནང་གི་ཆབ་སྲིད་ཅིག་ཡིན”ཟེར། སྐད་ཆ་དེ་སློབ་བུ་སུམ་ཅུ་ཡིས་ཐོས་པ་ན་སློབ་མ་ཚོ་ཁོ་ལ་དད་པ་དབང་མེད་དུ་སྐྱེས་ཤིང་། “བསྟོད་པ་སུམ་ཅུ་བ”ཟེར་བའི་བསྟོད་གླུ་ཞིག་ཀྱང་སློབ་ཁྲིད་མ་འཚོགས་སྔོན་ལ་མཉམ་དུ་དབྱངས་ལ་འགུག་གིན་ཡོད།
སྐབས་ལན་རེར། ལྷ་མོ་ནག་པོས་སེམས་སྡུག་ཆེན་པོའི་ངང“ལྷ་ཡུལ་གྱི་མི་ཞིག་མི་ཡུལ་དུ་ཡོང་ནས་དགེ་རྒན་བྱེད་པ་འདི་ནི། མི་ཡུལ་གྱི་ཆག་འཇིག་སྣ་ཚོགས་སེམས་ཀྱིས་མ་བཟོད་པ་མ་གཏོགས་ཉི་མ་མ་ཆོད་པ་ག་ལ་ཡིན”ཞེས་ལེ་བདའ་ཡི་ཚིག་ཀྱང་སྤྱོ་བར་བྱེད། ཡིན་ནའང་། དོན་དངོས་ཀྱིས་ཁོ་རང་མི་ཡུལ་གྱི་ཁྲོན་པ་འདི་ལ་སྙིང་ནས་དགའ་ཞིང་། ཁྲོན་པའི་ནང་གི་རུལ་སུངས་མཐའ་དག་ལའང་སེམས་ནང་ནས་སྤྲོ་བ་ཚད་མེད་སྐྱེ་བཞིན་ཡོད།
ལྷ་མི་ཞིག་གིས་བལྟས་ན་མི་ཡུལ་འདི་ཧ་ཅང་ཆུང་དྲགས་པའི་དབང་གིས་ཁྲོན་པ་ཞིག་དང་མཚུངས་ཤིང་། ལྷག་པར་དུ། ཁ་བའི་ལྗོངས་ཀྱི་ཁྲོན་པ་འདིར་མཚོན་ནའང་མི་ཡུལ་དུ་འདི་ལས་ལྷག་པའི་ཁྲོན་པ་ཆེན་པོ་ཞིག་མེད་ལ། ཁྲོན་པ་འདིའི་ནང་གི་གྲོང་ཚོ་དེའི་གྲོང་གཙོ་ནི་སྐྱེ་བ་སྔ་མ་ནས་སླེབས་པའི་གྲྭ་བ་ཞིག་ཡིན། ཁོའི་སྐྲ་ལོ་རིང་བ་ནི་སྐྱེ་བ་སྔ་མའི་སྡིག་སྒྲིབ་མ་དག་པས་ཡིན་ཟེར། སྐྲ་ལོ་རིང་བོ་དེའི་ཡོག་གི་ན་བཟའ་དམར་པོ་དེ་ནི་ཁྲོན་པའི་ནང་ལ་ཉི་མ་ལྷུང་བ་དང་མཚུངས།
མི་དེ་ནི་གྲོང་གཙོ་ཨ་དགའ་སྨྱོན་པ་རེད།
མཚན་མོ་ཞིག་ལ་ལྷ་མོ་ནག་པོས་ཨ་དགའ་སྨྱོན་པར་ཁ་པར་བཏང་སྟེ། “ང་རང་བུད་མེད་ཅིག་ལ་གཟུགས་བསྒྱུར་གཤག་བཅོས་བྱ་རྒྱུ་ཡིན། ང་ལ་ཆོག་མཆན་གྱི་ཡི་གེ་ཞིག་སྟེར་རོགས་ཞུ”ཟེར།
ཨ་དགའ་སྨྱོན་པས“ཁྱོད་སུ་ཡིན”ཞེས་འདྲི་ཞོར། wusuཝུ་ཆང་དམ་བུ་ཞིག་དབུགས་ཐེངས་གཅིག་གིས་ཞབས་བཏེགས་བརྒྱབ་བྱུང་།
“ང་ནི་རྣམ་པར་རྒྱལ་བའི་གླིང་གི་དགེ་རྒན་ལྷ་མོ་ནག་པོ་ཡིན།”ལྷ་མོ་ནག་པོས་བཤད།
“ཁྱོད་དོན་ངོ་མར་ཞི་མོ་ཞིག་ཡིན་ནམ། ཞི་ལི་ཞིག་ཡིན།”ཨ་དགའ་སྨྱོན་པས་བཤད།
“ཞི་མོ་ཞིག་ཡིན་ན་བུད་མེད་ལ་གཟུགས་བསྒྱུར་གཤག་བཅོས་བྱ་དགོས་དོན་ཡོད་དམ།”ལྷ་མོ་ནག་པོས་བཤད།
“གནད་དོན་དེ་ངས་ཐག་གཅོད་བྱ་དགོས་པ་ཞིག་མ་རེད། རང་གིས་གང་འདོད་བྱོས”ཟེར། ལྷ་མོ་ནག་པོས་ཁ་པར་སྒོ་གཏན་ནས་སློབ་ཁང་གི་ཕྱོགས་སུ་སོང་། སློབ་ཁང་ནང་དུ་སླེབས་མ་ཐག་ཏུ་དགེ་རྒན་འཇིགས་མེད་ཀྱིས་སྐད་ཡིག་ཁྲིད་ཀྱིན་འདུག དགེ་རྒན་འཇིགས་མེད་ནི་ཤེས་རབ་ལྡན་པའི་མི་ཞིག་ཡིན་པས། ལྷ་མོ་ནག་པོས་གང་འདོད་དུ་ཁོང་ལ་སྐད་ཆ་བཤད་མི་ཐུབ། ཡིན་ནའང་། ཁོང་ཚོ་གཞུང་ལས་ཁང་གཅིག་ཡིན་པས་སྐབས་ལན་རེར་ངག་འཇམ་པོས་འཚམ་འདྲི་མི་བྱེད་ཅི་ལ་སྲིད།
དྲང་མོར་བཤད་ན། དགེ་རྒན་འཇིགས་མེད་ནི་ཁྲོན་པའི་ནང་གི་གྲོང་ཚོ་འདིའི་ཉེན་རྟོག་པ་ཞིག་ཡིན། ཁོང་ཉིད་རྒྱལ་ཁབ་ཀྱི་མངགས་བཅོལ་ལྟར་སློབ་གྲྭ་འདི་ལ་སྐད་ཡིག་ཁྲིད་དུ་ཡོང་བ་རེད། འོན་ཀྱང་། ལྷ་མོ་ནག་པོའི་སེམས་སུ་འཇིགས་མེད་ནི་ཁོ་ལ་བསམ་བཞིན་འགྲན་འཛུགས་མཁན་གྱི་མི་ཞིག་ཏུ་ངེས་འཛིན་བྱས་ཡོད་ལ། ངེས་འཛིན་དེ་ཡི་དབང་གིས་འཇིགས་མེད་ཀྱིས་ཀྱང་ཕོ་མིན་མོ་མིན་གྱི་དགེ་རྒན་ཞེས་སྡིགས་མོ་བྱེད་བཞིན་ཡོད། ལྷ་མོ་ནག་པོས་ཁྲིད་གཞི་ནི་ལྷ་ཡི་སྐད་དང་གནོད་སྦྱིན་སྐད་ཡིན། སློབ་མ་ཚོས“ང་ཚོ་གསལ་བྱེད་སུམ་ཅུ་ཡིན། ལྷ་ཡི་སྐད་ནི་མི་གོ་ལ། གནོད་སྦྱིན་སྐད་ཀྱིས་ཅི་ཞིག་བྱ”ཞེས་ཐལ་བའི་ཚེ། ལྷ་མོ་ནག་པོས་ཞེ་སྡང་དང་ཁོང་ཁྲོ་ཆེན་པོས་སྡིགས་མོ་བྱེད་ཅིང་། སེམས་ཁམས་མི་སྐྱིད་པ་བྱུང་ནས་ཉིན་གང་བོར་སློབ་ཁྲིད་མཚམས་འཇོག་ངེས་ཡིན།
ཉིན་ཞིག་གི་ཕྱི་དྲོར། ཡིག་ཆ་ཞིག་འབྱོར་ཏེ་ལྷ་མོ་ནག་པོ་ལ་གཟུགས་བསྒྱུར་གཤག་བཅོས་བྱ་པའི་ཆོག་མཆན་ཐོབ་སོང་། ཉིན་དེའི་ཕྱི་ཉིན་ཁོ་སྨན་ཁང་དུ་སོང་ནས་དངོས་གནས་གཤག་བཅོས་བྱས། ཟླ་གཅིག་གི་རྗེས་སུ་སྨན་ཁང་ལས་བུད་ནས་ཕྱིར་སློབ་གྲྭར་འབྱོར་བར་མ་ཟད། གྲོང་གཙོས་ཚོགས་འདུ་བསྡུས་ཏེ་ལྷ་མོ་ནག་པོ་གྲོང་ཚོ་དེའི་བུད་མེད་ཀྲུའུ་རིན་ལ་བསྐོས་ཤིང་། གསར་དུ་སྐྱ་སར་བབས་པའི་གསར་བུ་ཞིག་ཁོ་མོའི་མ་འོངས་པའི་ཁྱོ་ག་ལ་བཞག
དུས་དེ་ནས་བཟུང་སྟེ། ལྷ་མོ་ནག་པོ་ངོ་མ་བུད་མེད་ཅིག་ཡིན་ཏེ། ཕྱི་རྟིང་མཐོ་བའི་ལྷམ་དང་ཤ་མདོག་ཅན་གྱི་རྐང་སྣམ་ཞིག་གྱོན་ནས། དགེ་རྒན་འཇིགས་མེད་ལ་མིག་མདའ་འཕེན་ཞིང་ཨ་དགའ་སྨྱོན་པ་ལའང་ཁ་པར་ལས་ཆགས་གཏམ་མང་དུ་སྤྱོ། དེ་བས། དགེ་རྒན་འཇིགས་མེད་ཁོ་ལ་རྣམ་རྟོག་སྐྱེས་ནས་ལས་གནས་ལས་བུད་ཅིང་། གཞན་ལེགས་སྦྱར་སྐད་ཀྱི་དགེ་རྒན་ཞིག་ཡོད་པ་དང་སྣུམ་ཚོན་རི་མོ་འབྲི་མཁན་གྱི་དགེ་རྒན་དེ་གཉིས་ཀྱང་ལས་གནས་སྤར། ད་ནི་སློབ་གྲྭ་འདི་ལས་ཁོ་རང་གཅིག་པུ་ལྷག་ཡོད། ཉིན་ཞིག་གི་ཞོསག་པར། ཁོས་སློབ་མ་རྣམས་བསྡུས་ཏེ་རང་ཉིད་སློབ་གྲྭ་དེའི་སློབ་གཙོར་བསྐོས་ཤིང་། ཁོ་དང་ཕ་ཡུལ་གཅིག་པའི་ཨ་ཧྥེ་རི་ཀའི་སློབ་མ་ཞིག་ཡོད་པ་དེ་འཛིན་དཔོན་དུ་བསྐོས། དེ་ལྟར། བག་མེད་དུ་འཚོ་བ་རོལ་ཞིང་སྒྱིད་ལུག་གི་སློབ་གསོ་བསྐྱངས་ནས་ལོ་ངོ་སུམ་བརྒྱ་འགོར།
རླུང་བུ་ཧ་ཅང་རྒོད་པའི་མཚན་གུང་ཞིག་ལ། སློབ་མ་འགའ་ཡིས་སློབ་གཙོ་ལྷ་མོ་ནག་པོའི་གཞུང་ལས་ཁང་གི་སྒོ་རྡུང་གིན“པཱོ་ཀོ པཱོ་ཀོ”ཟེར་གྱིན་འདུག
“ཤོག”ཅེས་བཤད་མ་ཐག
སློབ་མ་དེ་ག་ནང་དུ་ཡོང་ནས“དགེ་རྒན་ལགས། ང་ཚོས་གནད་དོན་ཞིག་ལ་དྲིས་ལན་མི་རྙེད་པས་ཁྱེད་སར་ཡོང་བ་ཡིན”ཟེར།
“གནད་དོན་ཅི་ཞིག་རེད། དྲིས་དང་།”
སློབ་མ་དེ་ཚོས“ཁྱེད་རང་བུད་མེད་ལ་གཟུགས་བསྒྱུར་བྱས་ནས་ལོ་ངོ་སུམ་བརྒྱ་འགོར་ནའང་། ད་རུང་བྱིས་པ་མི་སྐྱེ་བ་ཅིའི་ཕྱིར་རེད”ཅེས་པ་ན། ལྷ་མོ་ནག་པོས་སློབ་མ་དེ་དག་ལ་བདའ་ལུང་བདའ་བྱས་ཤིང་། ཕྱིར་ཡོང་ནས་རང་གི་ཁྱོ་བོ་འདྲེ་མགོ་རྡོ་ལ་ཁ་པར་བཏང་སྟེ། “ད་ནས་བཟུང་། ཁྱོད་རང་ངའི་ཁྱོ་ག་མིན་པར་ངའི་གཡོག་པོ་བྱོས”ཟེར། འདྲེ་མགོ་རྡོ་ཡིས་སྐད་ཆ་དེ་གོ་མ་ཐག ཀྲུམ་མདའ་ཞིག་བཟུང་སྟེ་ལྷ་མོ་ནག་པོའི་གཞུང་ལས་ཁང་ལ་བརྒྱུགས། ནམ་ལངས་ལ་ཉེ་བའི་དུས་ཤིག་ལ་ཁོ་ལྷ་མོ་ནག་པོའི་གཞུང་ལས་ཁང་དུ་འཛུལ་བ་ན། ལྷ་མོ་ནག་པོ་དང་ཨ་དགའ་སྨྱོན་པ་གཉིས་ཀྱིས་གཞུང་ལས་ཁང་དུ་གཉེན་སྒྲིག་གི་ཆོ་ག་སྤེལ་གྱིན་འདུག ཚོགས་ཐོག་ཏུ་སློབ་མ་ཚོས་བྲོ་ལྡང་ཞིང་གླུ་ལེན་བཞིན་འདུག
གཞུང་ལས་ཁང་གི་ལྡེབས་ངོས་སུ་བཀལ་བའི་ས་ཁྲ་དེ་ལས་འོད་སྣང་གི་ལམ་ཐིག་ཅིག་སྐར་མདའ་བཞིན་ལྷོ་ནས་བྱང་ལ་འཐེན་ཞིང་། ཁྲོན་པའི་ཕྱི་རོལ་གྱི་ནམ་མཁའ་རུ་བྱ་ཁྱུ་ཞིག་ཤར་ཕྱོགས་སུ་འཕུར་གྱིན་འདུག ཁྭ་ཏ་ནག་པོ་དེའང་སྡོང་ལོ་སེར་པོ་འཐོར་བཞིན་པའི་ཡལ་ག་དེ་ནས་འཕུར་ཏེ་རླུང་གི་རྒྱུ་ཕྱོགས་བསྙེགས།
༢༠༢༡/༤/༢ཉིན་བྲིས།
༢༠༢༣/༡༠བར་བཅོས།
༢༠༢༣/༡༠བར་བཅོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།