སྨྲི་ཏི་མཚན་འབར་གྱི་སྒྲུང་ཐུང་།
རྩོམ་པ་པོ།:སྨྲི་ཏི་མཚན་འབར།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-11-09 10:21:47
ཀློག་གྲངས།:
མེ་འཁོར་ལྗང་ཁུ།
སྨྲི་ཏི་མཚན་འབར།
ང་རང་ནག་ཆུའི་མེ་འཁོར་འབབ་ཚིགས་སུ་འབྱོར་ཏེ་རྡོག་ཁྲེས་ཞིབ་བཤེར་བྱེད་དུ་བཅུག འགག་སྒོ་ནས་ཐོབ་དཔང་གཏུགས་ཀྱང་སྒོ་མ་ཕྱེ། ངས་ནི་ཐོབ་དཔང་རྙིང་ནས་ནུས་མེད་གྱུར་པ་རེད་སྙམ་མོད། འགག་སྒོའི་ཉེན་རྟོག་པས“ཐོབ་དཔང་ཐོག་ཏུ་པ་སེ་མི་འདུག”ཟེར། ངས“ཁ་སང་དྲ་ཐོག་ནས་ཉོས་པ་ཡིན”ཞེས་བཤད་ནས་ཁ་པར་ནང་གི་ཆ་འཕྲིན་ལ་བལྟས་པ་ན། གཞི་ནས་ང་རང་གིས་ཉོས་པ་ནི་ནག་ཆུ་ནས་ལྷ་སའི་བར་མིན་པར་ལྷ་ས་ནས་ནག་ཆུའི་བར་ཏེ། པ་སེ་ཉོ་ནོར་ཐེབས་པ་ཤེས་བྱུང་།
ལམ་སང་པ་སེ་གསར་པ་ཉོས་ནས་འགག་སྒོ་ནས་འཛུལ་ཏེ་མེ་འཁོར་དུ་ཞུགས། ནག་ཆུ་ནས་ལྷ་སར་བསྐྱོད་པའི་མེ་འཁོརW656འགྲོ་མགོ་རྩོམ་སྐབས། ངའི་ཁ་པར་ཐོག་ཏུ་ལྷ་ས་ནས་ནག་ཆུར་ཡོང་བའི་མེ་འཁོརM959འགྲོ་མགོ་བརྩམས་སོང་ཞེས་འཕྲིན་ཐུང་འབྱོར། ང་རང་པ་སེ་གསར་པ་ཉོ་བར་བྲེལ་འཚུབ་ཀྱིས་ལྷ་ས་ནས་ནག་ཆུའི་བར་གྱི་མེ་འཁོར་པ་སེ་དེ་ཕྱིར་འཐེན་བྱེད་རྒྱུ་བརྗེད་འདུག ང་རང་ལྷ་ས་རུ་འགྲོ་དོན་ནི་ཁང་པ་ཉོ་རུ་འགྲོ་བ་ཡིན། ཨ་ཕས་ལྷ་ས་རུ་ཁང་པ་ཉོ་རྒྱུར་ཐག་བཅད་ནས་ང་དང་སྒོར་མོ་བསླེབ་རྒྱུར་བསྒུགས་ཡོད། འོན་ཀྱང་། ངས་ནག་ཆུ་ནས་ལྷ་སའི་བར་དུ་པ་སེ་ཞིག་ཉོས་པ་དང་དུས་མཚུངས། ལྷ་ས་ནས་ནག་ཆུའི་བར་གྱི་པ་སེ་ཞིག་ཀྱང་ཉོས། དེ་ནི་ང་རང་ཉིད་ཁ་གཉིས་སུ་བགོས་པ་དང་འདྲ། ཡང་ན་ང་ལས་གཞན་པའི་ང་རང་ཉིད་གཞན་ཞིག་ཡོད་པ་འདྲ།དཔེར་ན།མེ་འཁོརW656ནང་གི་ང་དང་། མེ་འཁོརM959ནང་གི་ང་ལྟ་བུ་རེད།
མེ་འཁོརW656ནང་གི་ང་ཡིས་རྒྱགས་བྲོ་ལ་ཕོར་ཐུག་དང་བཏུང་ཆ་ཉོས་པ་བཞིན། མེ་འཁོརM959ནང་གི་ང་ཡིས་ཕོར་ཐུག་དང་བཏུང་ཆ་འདང་ངེས་ཉོས་ཡོད་ངེས། དེ་བཞིན་སྒེའུ་ཁུང་ཕྱི་རོལ་ཏུ་ལྗོངས་ལྟ་བྱེད་པ་དང་། ཆུ་ཁོལ་འཐུང་བ། སྐྱག་རྫིང་གཏོང་བ་སོགས་ལུས་ངག་གི་བྱ་བྱེད་གཅིག་པ་ཡིན་སྲིད། དེ་ལས་ཡ་མཚན་པ་ནི་མེ་འཁོར་གྱི་རྐུབ་བཀྱག་ཨང་གྲངས་ལྔ་པ་ཡིན་པ་གཅིག་མཚུངས་རེད། དེ་ལྟར་མེ་འཁོར་ནང་གི་དུས་ཚོད་གཅིག་དང་རྐུབ་བཀྱག་གཅིག་པའི་གྲུབ་བདེ་རྫས་གཅིག་གི་ང་དང་ང་གཉིས་དབྱེ་མཚམས་མི་ཆོད་པར་སེམས་ལ་འཁྲུལ་སྣང་མང་པོ་སྐྱེས། སྐབས་དེར་ཨ་ཕ་ལགས་ཀྱིས་ཁ་པར་སླེབས་འདུག
ཨ་ཕས“མེ་འཁོར་ནང་དུ་འཛུལ་ཚར་བ་ཡིན་ནམ”ཞེས་དྲིས་བྱུང་།
ངས“གཞི་ནས་འཛུལ་པ་ཡིན། སྔོན་གྱི་པ་སེ་དེ་ཉོ་ནོར་བྱས་འདུག ལྷ་ས་ནས་ནག་ཆུའི་བར་ཉོས་ཤག པ་སེ་ཕྱིར་འཐེན་བྱེད་ཐུབ་མ་བྱུང”ཞེས་བཤད།
ཨ་ཕས“ཨ་ཁ་ཁ། སྒོར་མོ་འཕྲོ་བརླག་རེད”ཟེར། ངོ་མ་འཕྲོ་བརླག་ལོས་ཡིན། ད་ཐེངས་ལྷ་སར་ཁང་པ་ཉོ་བྱེད་ཀྱི་སྒོར་མོ་རེ་རེར་མཚོན་ན། ངེད་ཁྱིམ་ཚང་གིས་ལུས་འདོམ་གང་ཐང་ལ་བཏིངས་ཤིང་།སོ་སེན་མོ་རྡོ་ལ་བརྡར་ནས་ཚེ་གང་དུ་བསགས་པ་ཡིན། ང་རང་སྤྱིར་སེར་སྣ་ཆེན་པོ་ཡོད་ནའང་། ད་ཐེངས་བསམ་བློའི་ནང་དུ་འཁོར་གྱིན་པ་ནི་ཕངས་སེམས་མིན་པར་ལྷ་ས་ནས་ཡོང་བཞིན་པའི་མེ་འཁོརM959ནང་གི་རྐུབ་བཀྱག་ལྔ་པའི་ཐོག་གི་ང་དེ་རེད། དུས་ཚོད་གང་མཚམས་ཤིག་ནས་མེ་འཁོརW656དང་མེ་འཁོརM959གཉིས་ལྕགས་ལམ་དུ་འཕྲད་སྲིད་ཅིང་མེ་འཁོར་སོ་སོ་ནས་བསྡད་པའི་ང་དང་ང་གཉིས་པོའང་ངོ་འཕྲད་སྲིད་སྙམ་ནས་མཚར་སྣང་སྐྱེས་བྱུང་། བར་སྐབས་ཤིག་ནས་མེ་འཁོརW656དལ་ནས་དལ་དུ་སོང་ཞིང་། སྐབས་དེ་ཤེད་ན་མེ་འཁོརM959ནི་ལྗང་ཁྱུག་ཁྱུག་གིས་གློ་གཞོགས་ནས་བསྐྱོད་སོང་། ངས་མིག་ཟུང་ཏན་ཏིག་གིས་མེ་འཁོརM959ནང་གི་ང་ལ་བལྟས་པས། ཁོས་ཀྱང་མེ་འཁོརW656ནང་གི་ང་ལ་བལྟས་འདུག མེ་འཁོར་སོ་སོ་ནས་བསྡད་པའི་ང་དང་ང་གཉིས་ནི་གཟུགས་བྱད་དང་གོས་ལུགས་ཞྭ་སྟབས། སྒོ་གསུམ་སྤྱོད་པ་ཚང་མ་གཅིག་པ་ཡིན་པར་མ་ཟད། ངས་ཁོ་ལ་དགོད་འཛུམ་དང་བཅས་ལག་བརྡ་བྱས་པ་ལ་ཁོས་ཀྱང་ང་ལ་དེ་བཞིན་དགོད་འཛུམ་དང་ལག་བརྡ་བྱས་བྱུང་། དེ་ནི་མེ་ལོང་ནང་དུ་གཟུགས་བརྙན་ཤར་བའམ་གྲིབ་མའི་གྲིབ་མ་དང་། སྣང་བ་དང་སྣང་བ། ཡང་ན་མུན་པ་དང་མུན་པ། ཨང་ཀི6དང9ནང་བཞིན་མཐོང་སྣེ་མི་འདྲ་བ་ལས་ཁྱད་པར་ཅི་ཡང་མི་འདུག མེ་འཁོར་སོ་སོའི་ནང་དུ་ཡོད་པའི་ང་དང་ང་གཉིས་འདམ་ཤོད་སྙིང་དྲུང་ནས་ཁ་ཁར་གྱེས།
དེ་རྗེས་ཨ་ཕས་སྐད་འཕྲིན་ནང་དུ་གཟུགས་མཐོང་ཁ་པར་བཏང་འདུག ཨ་ཕས་རྒྱུན་དུ་ཁ་པར་གཏོང་བ་ལས་གཟུགས་མཐོང་ཁ་པར་མི་གཏོང་། འོན་ཀྱང་། གཟུགས་མཐོང་ཁ་པར་ནང་དུ་ཨ་ཕའི་གཟུགས་བྱད་དངོས་སུ་མཐོང་བྱུང་། ཨ་ཕ་ཁོ་རང་པོ་ཏ་ལའི་མདུན་དུ་འདུག་ཅིང་འཛར་ལོ་དམར་པོ་དང་སྨ་ར་རྒྱ་སེར་དེའི་ཁ་དོག་ཇེ་མཛེས་སུ་སོང་འདུག
ཨ་ཕས་ང་ལ“དངུལ་བྱང་ཞིག་བསྐུར་ཡོང་། སྒོར་མོ་ཚང་མ་དེའི་ནང་དུ་སྐུར་ཤོག”ཟེར།
ངས“ད་ནི་ལམ་ཕྱེད་འབྱོར་ཟིན་པས། བྲེལ་བ་དེ་ཙམ་འདུག་གམ”ཞེས་དྲིས།
ཨ་ཕས“ལམ་སང་། ད་མ་བསྐུར་ན་དོན་དག་འགྲུབ་ས་མ་རེད”ཟེར།
ངས“ཇི་ལྟར་བསྐུར་དགོས། འོ་ན་ང་ཡོང་བ་དོན་མེད་མིན་ནམ”ཞེས་དྲིས།
ཨ་ཕས“གང་ལྟར། ཐབས་ཤེས་གང་ཡོད་བྱས་ནས་སྐུར་ཤོག”ཟེར།
ངས“ཁ་པར་ལས་བསྐུར་ཤེས་ཀྱི་མ་རེད”ཅེས་བཤད།
ཨ་ཕས“གློ་ཡི་མི་དག་ལ་དྲིས་དང་ཤེས་ཀྱི་རེད”ཟེར་ནས་གཟུགས་མཐོང་ཁ་པར་བཞག་སོང་།
ངའི་སེམས་ལ་སྔངས་འཚབ་ཆེན་པོ་ལངས། གལ་ཏེ། ཁང་པ་ཉོ་མ་ཐུབ་པ་ཡིན་ན་ཁྱིམ་གྱི་སྒོ་ཕྱུགས་ཚང་མ་བཙོངས་པ་དོན་མེད་མིན་ནམ་སྙམ། མེ་འཁོར་གྱི་ལས་མི་ཞིག་རོགས་སུ་བསྐུལ་ནས་ཁ་པར་ནང་ནས་སྒོར་མོ་ཚང་མ་ཨ་ཕས་བསྐུར་བའི་དངུལ་བྱང་ནང་དུ་བསྐུར། གང་མཚམས་ནས་ཤིང་སྤ་མ་སྐྱེ་ཡོད་སའི་ས་ཆ་ཞིག་ལ་འབྱོར་རྗེས་རོང་འགག་འགའ་ལ་འཛུལ་ཅིང་། “ཡངས་པ་ཅན་དུ་སླེབས་འདུག”ཅེས་རྒྱ་དཀར་ནག་ནས་ཡོང་བའི་ཡུལ་སྐོར་པ་ཚོས་སྐད་རྒྱག་བཞིན་འདུག
སྐབས་དེར་མེ་འཁོར་ཉེན་རྟོག་པ་ཕོན་ཆེན་ཞིག་ངའི་གློ་རུ་ཡོང་ནས“ཁམས་བཟང་། ཁྱེད་རང་ལ་ཁ་བསླུས་ཁ་པར་ཞིག་སླེབས་ཨེ་བྱུང་། གཞན་གྱིས་ཁྱེད་རང་ཁ་བསླུས་བྱེད་ཀྱི་འདུག”ཟེར།
ངས་དེའི་དོན་ཧ་མ་གོ་བར“ང...... ང......”ཞེས་པ་ལས་ངག་ཅི་ཡང་མ་ཐོན།
ཉེན་རྟོག་པ་དེ་དག་གིས“ཁྱེད་ཀྱིས་གཞན་ལ་དངུལ་ཕོན་ཆེན་བསྐུར་པ་ཨེ་ཡིན”ཟེར།
ངས“ཨ་ཕ་ལ་བསྐུར་པ་ཡིན”ཞེས་བཤད།
ཉེན་རྟོག་པ་དག་གིས“དེ་ཁྱོད་ཀྱི་ཨ་ཕ་མ་རེད། ཁ་བསླུས་རེད”ཟེར།
ངས“ཨ་ཕ་རེད་འདུག ངས་ཨ་ཕ་དངོས་སུ་པོ་ཏ་ལ་རུ་ཡོད་པ་མཐོང་བྱུང”ཞེས་བཤད།
ཉེན་རྟོག་པ་དག་གིས“མ་རེད། དེ་ཚོ་ཚང་མ་ཁོ་ཚོས་རྫུན་བཟོ་བྱས་པ་རེད། ཁྱོད་ཀྱི་ཨ་ཕའི་གཟུགས་བྱད་དང་པོ་ཏ་ལ་ཚང་མ་ཁོ་ཚོས་རྫུན་བཟོ་བྱས་པ་རེད”ཟེར། ང་རང་མགོ་བོ་འཐོམས་བྱུང་། ཨ་ཕ་ལ་ཁ་པར་རྒྱག་སྙམ་པ་ལ་འཕྲིན་བརྡ་མི་འདུག ངས་ཁོང་ཅག་གི་སྐད་ཆའི་གོ་དོན་མ་རྟོགས་པར་ཅི་བྱ་གཏོལ་མེད་དུ་ལུས།
ཉེན་རྟོག་པ་དག་གིས“ཁྱེད་རང་ལ་ཁ་བསླུས་ཐེབས་འདུག ཁྱེད་ཀྱི་ཐོབ་དཔང་སྤྲོད་རོགས། ཁ་བསླུས་སྔོན་འགོག་ལྟེ་བར་འབྲེལ་གཏུགས་བྱས་ན་ཁྱེད་ཀྱི་རྒྱུ་ནོར་སྲུང་སྐྱོབ་བྱ་ངེས”ཟེར། ངས་ད་རུང་སྐད་ཆ་དེ་དག་གི་དོན་ཧ་མ་གོ བྱང་སྟེང་གི་མི་ཞིག་རོང་ས་རུ་སླེབས་དུས་མགོ་འཐོམས་པ་ནི་རྒྱུན་ལྡན་ཞིག་ཡིན་སྲིད་སྙམ་ནས་རང་ཉིད་ལ་སེམས་གསོ་བྱས། དེ་ལྟར་སྐད་ཅིག་ཉིད་ལ་མེ་འཁོར་ལྗང་ཁུ་དེ་ལྷ་སར་འབྱོར་ཞིང་ལྷ་སའི་གཙུག་ན་བཅིངས་པའི་ནོར་བུ་ལྟར་མཛེས་པའི་པོ་ཏ་ལའང་ཁྲ་ཆེམ་མེར་གཟི་བརྗིད་ཀྱི་མདངས་དང་བཅས་མངོན་བྱུང་། ང་རང་མེ་འཁོར་ལས་བབས་ནས་ཨ་ཕ་ཡོད་སའི་པོ་ཏ་ལའི་མདུན་དུ་ཤར་སེ་བསྐྱོད། ཨ་ཕའི་ཁ་པར་སླེབས་བྱུང་། ཨ་ཕ་ནི་པོ་ཏ་ལ་རུ་མེད་པར་ར་མོ་ཆེ་སྡེ་སྡོད་ཁུལ་དུ་བསྡད་ཡོད་ཟེར། ངས“མགྱོགས་པོ་པོ་ཏ་ལའི་མདུན་དུ་ཤོག་དང་། ང་རང་འདིར་སླེབས་ཡོད”ཅེས་སྨྲས། ཇ་ཡུན་ཙམ་གྱི་རྗེས་སུ་ཨ་ཕ་སླེབས་བྱུང་།
ཨ་ཕས“ད་ནི་ཁང་རིན་སྤྲོད་དུ་འགྲོ”ཟེར།
ངས“ཁང་རིན་ད་ནངས་ནས་ཁ་པར་ནང་དུ་བསྐུར་བ་ཡིན་པ”ཞེས་བཤད།
ཨ་ཕས“སུ་ལ་བསྐུར་བ་ཡིན”ཟེར།
ངས“ཨ་ཕ་རང་གིས་མངགས་བཅོལ་ལྟར་ཁྱོད་ལ་བསྐུར་བ་ཡིན”ཞེས་ལན་བཏབ།
ཨ་ཕས“ངས་ག་དུས་ཁྱོད་ལ་དངུལ་བསྐུར་བར་བཅོལ་བྱུང”ཟེར།
ངས“ཨ་ཕ་ཁྱོད་ཀྱིས་གཟུགས་མཐོང་ཁ་པར་བརྒྱབ་ནས་བཤད་པ་རེད་བ”ཞེས་བཤད།
ཨ་ཕས“ངས་ཁྱོད་ལ་གཟུགས་མཐོང་ཁ་པར་བཏང་མེད”ཟེར།
ངས“ངས་ནི་ཁྱོད་ལ་བསྐུར་བ་ཡིན”ཞེས་བཤད།
ཨ་ཕས“འདྲེ་ལ་བསྐུར་བ་ཡིན་ན་མ་གཏོགས་ང་ལ་བསྐུར་མ་བྱུང”ཟེར།
ངས་ཨ་ཕ་ལ་ཁ་པར་ནང་གི་དངུལ་བསྐུར་བའི་ཆ་འཕྲིན་བསྟན་ནས་གསལ་བཤད་བྱས་རུང་ཨ་ཕས་མཐའ་གཅིག་ཏུ་ཁོ་ལ་བསྐུར་མ་བྱུང་ཞེས་སྨྲ། ད་ནི་ང་རང་ཡི་ཐང་རྦད་དེ་ཆད་སོང་། མེ་འཁོར་ནང་གི་ཉེན་རྟོག་པས“ད་རུང་། གྲོང་ཁྱེར་དུ་གཟབ་གཟབ་མ་བྱས་ཚེ་ཁ་བསླུས་འཕྲད་ཡོང”ཞེས་པ་དེ་འདི་འདྲ་ཞིག་ཡིན་ཨང་སྙམ་པ་བྱུང་། མ་མཐའ་ད་ལྟ་ང་ལ་འཕྲད་པ་ནི་ཨ་ཕ་མིན་པར་ཁ་བསླུས་ཡིན་པ་འདྲ། ད་ནི་མི་འདི་ངའི་ཨ་ཕ་མིན་པ་འདྲ། ཁ་བསླུས་ཟེར་བའི་ཐ་སྙད་གསར་པ་དེའི་གོ་དོན་གཞི་ནས་རྟོགས་སོང་།
ཁ་པར་སླེབས་བྱུང་། ཁ་བསླུས་ཉེན་འགོག་ཅུས་ཡིན་ཟེར། ཁོང་ཅག་གིས་ང་རང་ཁ་བསླུས་བྱུང་ལུགས་སྐོར་ནས་མང་དག་ཅིག་བཤད། ངས་ཁོང་ཅག་ལ“འོ་ཡ། ད་ཁ་བསླུས་ཞེས་པའི་གོ་དོན་རྟོགས་སོང་། ཡང་ཏིག་འདྲེ་ཕ་རྫུ་མ་རྫུ་ལ་ཟེར་བ་འདྲ”ཞེས་བཤད་ནས་ཁ་པར་བཞག་པ་ཡིན། དེའི་རྗེས་ང་ལ་ཁ་པར་ཅི་ཡང་སླེབས་མ་བྱུང་། ངས་དངོས་གནས་ཁ་བསླུས་ཀྱི་གོ་དོན་རྟོགས་སོང་བ་འདྲ། ང་རང་མི་ཚོགས་ཀྱི་རྗེས་སུ་འབྲངས་ནས་པོ་ཏ་ལར་བསྐོར་བ་བྱས། ཨ་ཕ་ཡིན་ཡིན་འདྲ་ལ་མིན་མིན་འདྲ་བའི་མི་དེ་ངའི་རྗེས་སུ་འབྲང་གི་འདུག ངས་ནི་ཁོ་རང་ངའི་ཨ་ཕར་བརྫུས་པའི་འདྲེ་ཞིག་རེད་སྙམ་སོང་། མི་ལོ་མང་པོའི་སྔ་རོལ་ན་ཨ་མྱེས་ཀྱིས། ཕ་དང་མ། ཡང་ན་ཕུ་ནུ་མིང་སྲིང་ལ་རྫུ་བའི་འདྲེ་ཞིག་ཡོད་པར་བཤད་མྱོང་། ཨ་མྱེས་ཀྱི་ཡབ་སྟེ་ང་ཚོའི་ཡང་མྱེས་ཀྱང་འདྲེ་ཕ་རྫུ་མ་རྫུ་ཡིས་འཁྲིད་ནས་གཏན་བོར་དུ་སོང་བར་བཤད། ཨ་མྱེས་ཀྱི་ཞལ་རྒྱུན་དེ་ཡིད་ལ་འཁོར་དུས་ཁ་བསླུས་ཞེས་པ་ནི་འདྲེ་ཕ་རྫུ་མ་རྫུ་ལ་ཟེར་བ་ཤེས་བྱུང་། ད་ལྟ་ངའི་རྗེས་སུ་འབྲང་བཞིན་པའི་མི་འདིའང་ངའི་ཕ་ལ་རྫུས་པའི་འདྲེ་ཞིག་ཡིན་འདུག ང་རང་པོ་ཏ་ལར་བསྐོར་བ་འགྲོ་བའི་ལམ་ཁྲོམ་ནས་པོ་ཏ་ལའི་རས་ཐང་ཞིག་ཉོས།
ངའི་ཕ་རུ་བརྫུས་པའི་མི་དེ་ད་རུང་ངའི་རྗེས་འདེད་ཀྱིན་འདུག ང་རང་སྤྱི་སྤྱོད་རླངས་འཁོར་ནང་དུ་བསྡད་དེ་ལྷ་སའི་མེ་འཁོར་འབབ་ཚུགས་སུ་བསྐྱོད་ནས་པ་སེ་ཉོས། ངའི་རྗེས་སུ་འབྲངས་པའི་མི་དེས་ཀྱང་པ་སེ་ཉོས་སོང་། ང་རང་མེ་འཁོར་ནང་དུ་བསྡད། ངའི་ཕ་རུ་བརྫུས་པའི་མི་དེ་ངའི་འཁྲིས་ཀྱི་རྐུབ་བཀྱག་ཏུ་བསྡད་འདུག ཁོས་ང་ལ་རྒྱགས་བྲོ་སྤྲོད་པ་དང་ཆུ་ཁོལ་ལྡུག་པ་སོགས་བྱེད་ཀྱི་འདུག་ཀྱང་ངས་གཏན་ནས་དང་ལེན་མ་བྱས། ང་རང་ནག་ཆུ་ཁར་འབྱོར་རྗེས་གླ་འཁོར་གླས་ནས་ཕ་ཡུལ་དུ་ལོག ངའི་ཕ་རུ་བརྫུས་པའི་འདྲེ་དེས་ཀྱང་གླ་འཁོར་ཞིག་གླས་ནས་ངའི་ཕ་ཡུལ་ཏུ་སླེབས་བྱུང་། ང་རང་ཕ་ཡུལ་དུ་འབྱོར་ནས་རྡོག་ཁྲེས་ཁྱེར་ཏེ་ཁྱིམ་དུ་ལོག་སྐབས། ངའི་ཕ་རུ་བརྫུས་པའི་འདྲེ་དེའང་རྡོག་ཁྲེས་རྒྱབ་ལ་ཁུར་ནས་ངའི་རྗེས་སུ་དེད་བྱུང་། ང་རང་ཁྱིམ་ལ་འབྱོར་ཁ་མ་དེར་ཕྱིར་བལྟས་བྱེད་དུས། ངའི་ཕ་རུ་བརྫུས་པའི་འདྲེ་དེ་གོམ་ཁ་མགྱོགས་པོས་ངའི་རྗེས་སུ་འདེད་ཀྱིན་འདུག ངས་སྐད་ཤུགས་ཆེན་པོས“ཨོའེ། ཨོའེ། འདྲེ་འདུག”ཅེས་བོས་པ་ན་ཁྱིམ་མི་དང་ཁྱིམ་མཚེས་ཀྱི་མི་དག་སྒོ་རུ་བུད་བྱུང། དེ་དང་དུས་མཚུངས་ངའི་ཕ་རུ་བརྫུས་པའི་མི་དེ་བརྒྱུགས་ཡོང་ནས་ང་རང་འཛིན་གྲབས་བྱས། ང་རང་ཤུགས་ཀྱིས་བྲོས་ནའང་ཁོས་ང་བཟུང་སྟེ“ཕ་རོ་བཟའ་རྒྱུ། འདྲེ་ཁྱོད་རང་ཡིན་འགྲོ། ང་ནི་ཁྱོད་ཀྱི་ཕ་རི་ལོ་ཡིན”ཟེར་ནས་ཁུ་ཚུར་དང་རྡོག་ཐོ་ལན་མང་གཞུས། ངས་ཆོ་ངེ་དང་བཅས“ཁོ་ནི་འདྲེ་རེད”ཅེས་སྐད་ཤུགས་ཆེན་པོས་བོས། སྐབས་དེར། ཁྱིམ་མི་དང་ཁྱིམ་མཚེས་དག་གིས་ང་འཛིན་པ་ལས་ཕ་རུ་བརྫུས་པའི་འདྲེ་དེར་ཇུས་གཏོགས་བྱེད་ཀྱིན་མི་འདུག ད་རུང་ཨ་མ་ཡིས“འདི་ནི་ཁྱོད་ཀྱི་ཨ་ཕ་རེད། ཁྱོད་ལ་གདོན་དང་གནོད་པ་ཅི་ཞིག་བྱུང”ཞེས་འདྲི་དུས། ང་ནི་གཞི་ནས་རང་ཉིད་ལ་དོགས་པ་ཟོས་བྱུང་། ང་རང་སུ་ཡིན་ནམ། མེ་འཁོརM959ནང་གི་ང་དེ་སུ་ཡིན་ནམ། ངས་ཁང་རིན་བསྐུར་སའི་ཨ་ཕ་དེ་སུ་ཡིན་ནམ། མེ་འཁོརM959ནང་གི་ང་དང་ངས་ཁང་རིན་བསྐུར་སའི་ཨ་ཕ་གཉིས་ནི་ཅི་ཞིག་གི་འབྲེལ་བ་ཡིན་ནམ། དྲི་བ་དེ་དག་ཁྲོད་ནས་ང་རང་དྲན་པ་རབ་རིབ་ཏུ་གྱུར་ནས་རྨི་ལམ་གྱི་གླིང་ག་ཞིག་ལ་སླེབས།
རྨི་ལམ་དུ་ང་དང་ཨ་ཕ་ལྷ་ས་རུ་ཁང་པ་ཡིད་དུ་འོང་བ་ཞིག་ཉོས་གྲུབ་ནས་ཕ་ཡུལ་འབྲོག་ས་རུ་ལོག་པ་རྨིས། ཕ་མ་རྒན་རྒོན་དང་ངེད་བཟའ་ཚང་། ཁུ་ཞང་ཉེ་དུ་དག་གིས་ལྷ་སར་ཉོས་པའི་ངེད་ཚང་གི་ཁང་པའི་རས་ཐང་ལ་ལྟད་མོ་ལྟ་བཞིན་འདུག ངེད་ཚང་གི་ཁང་པའི་རས་ཐང་ནི་ངས་ལྷ་ས་ནས་ཉོས་པའི་པོ་ཏ་ལའི་རས་ཐང་དེ་རེད། ཆུང་མ་གཡུ་སྒྲོན་གྱིས་རས་ཐང་དུ་གྲུབ་པའི་པོ་ཏ་ལ་རུ་མཛུབ་མོ་བཙུགས་ནས“འདི་ནི་ཨ་མྱེས་དང་ཨ་ཕས་ཉོས་པའི་འུ་ཚང་གི་ཁང་པ་རེད”ཅེས་བཤད་ནས་ཕྲུ་གུ་ཚོ་ལ་བསྟན་སོང་། ངའང་ཡིད་དབང་རབ་ཏུ་ཕྲོགས་ནས་མིག་ཟུང་བགྲད་དེ་པོ་ཏ་ལར་གཟབ་ནན་གྱིས་བལྟས་པ་ཡིན། སྐབས་དེར་ངེད་ཚང་གི་ཁང་པ་ཡིན་པའི་པོ་ཏ་ལ་ནི་སྒེའུ་ཁུང་མང་པོ་འདུག་ཅིང་སྒེའུ་ཁུང་རེ་རེའི་སྒེའུ་ཤེལ་ནང་ནས་མི་ཚོགས་མང་པོས་ཕྱི་རོལ་ཏུ་ལྗོངས་ལྟ་བྱེད་བཞིན་འདུག མི་ཚོགས་དེ་དག་ནི་ལྷ་ས་རུ་ཡོང་བའི་མི་རིགས་འདྲ་མིན་གྱི་ཡུལ་སྐོར་པ་དག་ཡིན་པ་འདྲ། ངེད་ཚང་གི་ཁང་པ་ཡིན་པའི་པོ་ཏ་ལ་ནི་མེ་འཁོར་དཀར་པོ་ཞིག་དང་མེ་འཁོར་དམར་པོ་གཉིས་སུ་གྱུར་ཅིང་། མེ་འཁོར་དཀར་པོ་དེའི་སྒེའུ་ཁུང་ལས་མི་ཞིག་མངོན་བྱུང་། དེ་ནི་ང་རང་ཉིད་གཞན་ཞིག་ཡིན་པ་འདྲ། ཁོ་ནི་སྟོང་ཕྲག་བརླག་པའི་ངོ་ལྟར་གདོང་ལ་འཛུམ་ཐིགས་མཐོང་རྒྱུ་མེད། ངས་ཁོ་ལ་ལག་བརྡ་བྱས་པས་ཁོས་ཀྱང་ང་ལ་ལག་བརྡ་བྱས་བྱུང་། ངའང་མེ་འཁོར་དམར་པོ་རུ་བསྡད་ནས་ག་ཤེད་དུ་འགྲོ་བཞིན་འདུག མེ་འཁོར་དམར་པོའི་ནང་དུ་ཕ་མ་ཉེ་དུ། མིང་སྲིང་བུ་ཚ་ཡོད་ཚད་འདུག སྐབས་དེར་མེ་འཁོར་གྱི་སྒེའུ་ཁུང་དུ་དཀར་དམར་སྐྱ་འདྲེས་པའི་འོད་ཟེར་ཆེན་པོ་ཞིག་ཇེ་གསལ་ནས་ཇེ་གསལ་དུ་སོང་ནས་གམ་གྱི་མི་དང་དངོས་པོ་དག་མི་མཐོང་བར་བཟོས། འོད་ཟེར་དེ་ཡི་དཀྱིལ་འཁོར་དུ་སྐྲ་དང་སེན་མོ། སྨ་ར་དང་སྨིན་མ་དཀར་པོ་དུང་ལས་གྲུབ་པའི་རྒད་པོ་ཞིག་མངོན་བྱུང་། ཁོང་གི་མིང་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་ཟེར། ཁོང་གིས“བུ་ཁྱོད། གང་ལ་འགྲོ་བ་ཡིན”ཟེར། ངས“ང་རང་ཕ་ཡུལ་དུ་ལོག་པ་ཡིན། ངའི་དངུལ་ལོ་ཚང་མ་འདྲེ་ཕ་རྫུ་མ་རྫུ་ཡིས་ཁྱེར་སོང”ཞེས་ཞུས་པ་ལ། ཁོང་གིས“བཟོ་ནི་རིག་པའི་རྩལ་བཟོ་ཡིན། མེ་དང་སྤྲིན་པ་ཕ་ཡུལ་མེད”ཅེས་གསུངས་ནས་འཇའ་ཡལ་བ་ལྟར་མི་སྣང་བར་གྱུར། སྐབས་དེར་མེ་འཁོར་ནང་གི་ང་དང་ང་ནི། ཤེལ་ངོས་སུ་ལྡོག་འཕྲོ་བྱས་པའི་ཁ་དོག་དཀར་དམར་གཉིས་སམ། ཡང་ན་རྨི་ལམ་དང་མངོན་སུམ་གྱི་ངོས་གཉིས་ཀྱི་ང་དང་ང་ཡིན་པ་ལས་གཞན་ཅི་ཡང་མིན་པ་འདྲ།
རྣ་བ་རུ་ཆུ་འཛུལ་བའི་སྒྲ་དང་བཅས་ང་རང་དྲན་པ་སོས། ང་རང་ཨ་ཕས་བརྡུངས་ཏེ་བརྒྱལ་ནས་གཞི་ནས་སད་པ་འདྲ།ཨ་ཕ་དང་ཞང་པོ་དག་གིས“ད་སོས་འདུག ད་སོས་འདུག”ཅེས་ཟེར་ནས་མགོ་ལ་ཆུ་བྱོ་བ་དང་བདུག་པ་གདུག་བཞིན་མཆིས། མ་དང་སྲིང་མོ་དག་ཆོ་ངེ་དང་སྨྲེ་ངག་འདོན་གྱིན་འདུག ང་རང་བརྒྱལ་བ་ལས་སོས་པའི་དུས་ནི་དགོང་མོ་ཙམ་སྟེ། ལྟེ་བར་སྤྲིན་རོམ་འཁྱིལ་ཅིང་མུ་ཁྱུད་དུ་མེ་ལྕེ་བྲེས་པའི་དགོང་མོའི་མཚམས་སྤྲིན་དམར་སེར་དེས་ང་རང་ཁམས་ཧ་ཅང་དྭངས་པར་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།